མདོ་སྨད་རྐང་ཚའི་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-13 09:42:08     རྩོམ་པ་པོ།   ཁྲ་སྐོར་སྐལ་བཟང་འོད་ཟེར།    ཀློག་ཐེངས།  

 

 

 

རྐང (6).jpg  

         དགོན་པ་འདི་ནི་ད་ལྟའི་མཚོ་བྱང་ཁུལ་རྐང་ཚ་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་ཉེར་བརྒྱད་ཀྱི་གནས་སུ་ཆགས་ཡོད་ཅིང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཐུགས་སྲས་སེ་རའི་མཁན་ཆེན་འཇིགས་མེད་རྒྱ་མཚོས་བླ་མའི་བཀའ་དང་། སྲུང་མའི་ལུང་བསྟན། གདུལ་བྱའི་སྐུལ་མ་གསུམ་ལ་བརྟེན་ནས་ཕྱག་བཏབ་མཛད་པ་ཡིན་ལ། དུས་ཡུན་རིང་བོའི་ལོ་རྒྱུས་ལྡན་ཞིང་ཞྭ་དམར་པཎྚི་ཏ་རྗེ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་སོགས་མཁས་གྲུབ་ཀྱི་སྐྱེས་བུ་མང་བོའི་བཀའ་དྲིན་ཀྱི་མཐུ་ལས། དགེ་འདུན་གྱི་སྡེ་འདིར་བདེ་གསང་འཇིགས་གསུམ་གཙོས་སྨན་བླ་ཀུན་རིག་སོགས་རྒྱུད་སྡེ་མང་བོར་སློབ་གཉེར་གྱིས་ཉམས་ལེན་བྱེད་པ་དང་། དེ་དག་གི་ཐིག་རྡུལ་ཚོན། འདོན་རྟ་དབྱངས། འབུད་རྡུང་དཀྲོལ་གསུམ། མི་ལའི་གར་འཆམ་སོགས་མདོར་ན་རི་མོའི་སྒྱུ་རྩལ་དང་། དབྱངས་ཀྱི་རོལ་མོ། གར་གྱི་ཉམས་འགྱུར་རྣམས་ལའང་སྦྱང་བརྩོན་གྱིས་རྒྱུད་འཛིན་བྱེད་པ་མ་ཟད། མདོ་ཕྱོགས་ཀྱི་བསྡུས་གྲྭ་སྐོར་གསུམ་དང་། རྣམ་འགྲེལ། ཕར་ཕྱིན་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་སྣ་ཚོགས་ལ་ཐོས་བསམ་སློབ་གཉེར་གནང་ཞིང་། མདོ་སྔགས་ཟུང་འབྲེལ་གྱི་དགེ་ལྡན་བསྟན་པའི་རང་ལུགས་ཆེན་པོ་སྐྱོང་བཞིན་མཆིས།

         ད་ལྟ་དགོན་པ་འདིར་དགེ་ཚུལ་སློང་ཉིས་བརྒྱ་ཙམ་བཞུགས་ཤིང་གནས་བརྟན་རྒན་པའི་འཛིན་གྲྭ་དང་བཅས་འཛིན་གྲྭ་དགུ་ཡིས་གྲུབ་ཡོད་པ་དང་། གནའ་ཤུལ་རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་ཡང་གཏོགས། མཚོ་བྱང་ཁུལ་གྱི་མངའ་ཁོངས་སུ་དགེ་ལུགས་པའི་དགོན་སྡེ་ཆེས་ཆེ་བར་གྱུར་ཡོད།
            རྐང (4).jpg

རྐང (5).jpg

 

 

  གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn
        

བརྒྱུད་འགོད།