དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་།

ཡོང་ཁུངས།   དབང་ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2016-03-10 22:12:03     རྩོམ་པ་པོ།   བློ་བཟང་དགེ་འདུན།    ཀློག་ཐེངས།  

                      8.jpg

        དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་ནི། ད་ལྟའི་འཕྲང་དམར་གྲོང་བརྡལ་གྱི་ཁོངས་གཏོགས་དབྱིབས་བཟང་ཐང་ཆེན་གྱི་སའི་ཆར་ཀབ་རོན་ཞེས་པའི་ལུང་བ་དང་ཉེ་བར་ཆགས་ཡོད་པའི་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན་ལ། དགོན་གནས་དངོས་ནི་སྔོན་བགྲོད་ལམ་སྟབས་མི་བདེ་བ་ཕན་ཚུན་བར་ཟམ་པ་དང་བྲག་ཐེམ་ཤ་སྟག་བརྒྱུད་དགོས། དེ་ལྟའི་རི་བྲག་གཟར་བོ་དེའི་མགུལ་ན་སྒྲུབ་སྡེ་འདི་ཉིད་ཀྱི་གཙུག་ལག་ཁང་དང་གྲྭ་བའི་སྒོམ་ཁང་སོགས་ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ་མཐའ་དག་བྲག་གི་ཆགས་དབྱིབས་ལྟར་གཅིག་ཐོག་གཅིག་བརྩེགས་ཀྱི་ཚུལ་དུ་རིམ་པར་ཆགས་པའི་གནས་ཉམས་དགའ་བ་ཞིག་ཡིན་ཞིང་། ༧གྲུབ་དབང་སྐལ་ལྡན་རྒྱ་མཚོས། ཡུལ་བྱང་ཕྱོགས་ཨ་མདོའི་ས་ཆ་འདིར།། གནས་རི་ཁྲོད་ཁྱད་དུ་འཕགས་པ་ནི།། ལྷ་བྲག་དཀར་སྤུན་གསུམ་གངས་ཀྱི་འདབས།། དབྱིབས་རབ་བཟང་ཐང་གི་དངོས་ཀྱི་ཆ།། མིང་དགོན་རོང་ཞེས་བྱའི་དབེན་པའི་གནས།། སྟེང་ནམ་མཁར་སྤྲིན་དཀར་བླ་བྲེ་བྲེས།། ལོགས་ཐམས་ཅད་སྤང་བྲག་ནགས་ཀྱིས་བརྒྱན།། བྱ་སྣ་ཚོགས་སྙན་པའི་གླུ་དབྱངས་ལེན།། ཉམས་དགའ་བ་བྲག་སྐྱ་རྡོ་རྗེ་རྫོང་།། ཞེས་གསུངས་པ་ལྟར་རོ།།
         དགོན་འདི་ཐོག་མར་འདེབས་པ་བོ་ནི་ལུང་རྟོགས་ཡོན་ཏན་གྱི་མངའ་བདག་༧གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ཡིན། ཁོང་ནི་རབ་སོར་ལྕགས་སྦྲུལ་ཕྱི་ལོ་༡༥༨༧ལོར་རེབ་གོང་རྒྱལ་ཐང་དུ་འཁྲུངས། དགུང་ལོ་བཅུ་བཞིའི་སྟེང་རྗེ་རིན་ཆེན་བསམ་འགྲུབ་ལས་རབ་ཏུ་བྱུང་རྗེ་མི་ལའི་མགུར་འབུམ་གཟིགས་པས་ཐུགས་དད་འཁྲུངས་པའི་རྐྱེན་གྱིས་རྗེ་བཙུན་གྱིས་ཞལ་གཟིགས། ཉེར་གསུམ་པ་ཆུ་ཡོས་ཕྱི་ལོ་༡༦༠༣ལོར་༧རྒྱལ་དབང་ཡོན་ཏན་རྒྱ་མཚོའི་ཞབས་ཞུ་མཛད་དེ་དབུས་འགྱུར་ཆོས་ཀྱི་ཞིང་ལ་ཕེབས། རྭ་སྟོད་དང་རྒྱུད་གྲྭར་ཞུགས་ནས་གཞུང་ལ་སྦྱངས་པ་མཐིལ་ཕྱིན་མཛད། ༧པཎ་ཆེན་བློ་བཟང་ཆོས་རྒྱན་གཙོས་མཁས་གྲུབ་དུ་མ་ལས་ཟབ་ཆོས་མང་དུ་ཞུས། སླར་མདོ་སྨད་དུ་ཕེབས་ཏེ་དགུང་ལོ་སོ་ལྔ་བ་ཤིང་ཡོས་ཕྱི་ལོ་༡༦༡༥ལོ་ནས་རོང་བོ་བཀྲ་ཤིས་འཁྱིལ་དང་སྐུ་འབུམ། བྱ་ཁྱུང་། དགོན་ལུང་། ཏན་ཏིག་སོགས་དབེན་གནས་མང་ཆེ་བར་སྒྲུབ་པ་ཉམས་ལེན་མཛད། རབ་དྲག་མེ་ཕོ་ཁྱི་ཕྱི་ཕྱི་ལོ་༡༦༤༦ལོའི་ཟླ་ལྔ་བའི་ཚེས་དགུའི་ཉིན་ཁྲི་ཀའི་ད་ལྟའི་འཕྲང་དམར་གྲོང་བརྡལ་ཁྲེ་ཙེ་གོང་མར་ཕེབས་ཏེ་སྒྲུབ་གནས་འཚོལ་སྐབས་རྔོན་པ་ཀླུ་སྐྱབས་ཀྱིས་ལམ་སྣ་ཁྲིད་ནས་བྱོན། རང་གི་སྡོད་གནས་བྲག་ཁུང་དེ་ཁྲག་རྫབ་ཀྱིས་སྦགས་པས་སྟོན་མ་ནུས་པར་དེ་དང་ཉེ་བའི་བྲག་སྐྱབས་ཤིག་བསྟན། སྐབས་དེར་ཁོང་གི་ཕྱག་དཔེ་ཁལ་དྲེལ་བོར་བ་བཙལ་བས་ཀླུ་སྐྱབས་སྡོད་གནས་སུ་ཉལ་འདུག་པས་དེར་སྒྲུབ་གནས་བཞེངས། ཕྱིས་སུ་སྒྲུབ་ཁང་རྒྱ་བསྐྱེད་དེ་ལྷ་ཁང་དུ་བསྒྱུར་རྟེན་གཙོ་བོ་བླ་མཆོད་ཚོགས་ཞིང་སོགས་གྱན་ཐང་དྲུག་དང་སངས་རྒྱས་སྟོང་སྐུའི་ལྡེབས་རིས་བཞུགས། རྗེ་གསེར་ཁང་བས་བདེ་མཆོག་གི་བློས་བསླངས་སོགས་རྟེན་བྲིས་འབུར་ཅི་རིགས་བཞེངས། ཀླུ་སྐྱབས་སྡོད་སའི་བྲག་ཁུང་ལ་མགོན་ཁང་བཞེངས་རྟེན་གཙོ་བོ་མགོན་པོ་གུར་ཡིན། ཆོས་པ་རིན་པོ་ཆེས་གཉེར་གཏད་འཕྲིན་བཅོལ་མཛད་པས་བཀའ་གཉན་པར་གྲགས། ཁོང་གིས་གྲྭ་གྲངས་མང་ན་ཐུགས་མཐུན་ཁྲིམས་གཙང་ཡོང་དཀའ་མང་མི་དགོས་གྲོང་ཆོག་དང་གྲོང་ཁྱིམ་ལ་གཏན་ནས་སོང་མི་ཆོག་པའི་སྒྲིག་ཁྲིམས་དམ་པོ་གནང་། སྒྲུབ་ཁང་གི་བྲག་གས་པ་ཉེ་གནས་ཀྱིས་ཞུས་པར་སྐྱོན་མེད་གསུངས་ནས་ཕྱག་འཛུབ་བྲག་ལ་བཙུགས་པ་འདམ་ལ་རྫུས་པ་བཞིན་ཟུག་པའི་རྗེས་ལ་ཕྱིས་རྗེ་གསེར་ཁང་བས་གསེར་ཕུལ་བ་ད་ལྟའང་མཇལ་རྒྱུ་ཡོད། མཐར་དགུང་ལོ་དོན་དགུ་བ་རབ་ཉིའི་ས་ཕག་ཕྱི་ལོ་༡༦༥༩ལོའི་ཧོར་ཟླ་དང་བོའི་ཚེས་ཉེར་ལྔ་ཉིན་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་དུ་ངོ་མཚར་བའི་ལྟས་དང་བཅས་སྐུ་ཞི་བར་གཤེགས། སྐུ་སྤུན་ཤར་སྐལ་ལྡན་རྒྱ་མཚོ་གཙོས་བུ་སློབ་མང་བའི་ཉིན་བཅོ་ལྔའི་རིང་གདུང་མཆོད་མཛད། དེ་ནས་ཁོང་གི་སྐུ་དམར་གདུང་དབུ་སྐྲ་སྐྱེས་པ་དེ་རོང་བོ་དགོན་དུས་འཁོར་གྲྭ་ཚང་དུ་ཕྱི་ལོ་༡༩༥༨བར་དུ་བཞུགས།

         ཕྱིས་ཤ་སྦྲང་བློ་བཟང་རྒྱ་མཚོས་སྒྲུབ་སྡེ་འདི་ལེགས་པར་བསྐྱངས་ནས་རྒྱུན་རིང་བཞུགས་པ་དང་། རྗེ་གསེར་ཁང་བས་དགོན་ཁང་དང་བདེ་མཆོག་བློས་བསླངས་རྒྱ་བསྐྱེད། ཤར་སྐུ་ཕྲེང་བཞི་བས་བྱམས་ཁང་རྟེན་དང་བཅས་གསར་བཞེངས་མཛད། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་འདུ་ཁང་རྟེན་དང་བཅས་པ་གསར་བཞེངས་མཛད། ཡབ་རྗེ་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན། ཤར་ཚང་། ལ་མོ་བློ་གྲོས་རྒྱ་མཚོ། སྟོང་སྐོར་མདོ་རྒྱུད་རྒྱ་མཚོ། གོང་དགེ་དཀའ་བཅུ་བ། ཞྭ་དམར་པཎྚི་ཏ། ཨ་རིག་ཡོན་ཤུལ་ཚང་། ཁོ་ཚེ་ཚང་། ཐར་ཤུལ་དགེ་ལེགས་དབང་ཕྱུག་སོགས་སྐྱེས་ཆེན་དུ་མ་ཡང་ཡང་བྱོན་ནས་སྡེ་འདིར་བཞུགས་ནས་ཐུགས་འགན་བཞེས་པས་བཀའ་དྲིན་ཤིན་ཏུ་ཆེ། ཤར་ཚང་དང་རྗེ་གསེར་ཁང་བའི་སྒྲུབ་ཕུག་ད་ལྟ་མཇལ་རྒྱུ་ཡོད།
གདན་ས་འདི་ཉིད་ཀྱི་ཕྱག་ལེན་ཕལ་ཆེར་རོང་བོ་དགོན་ཆེན་དང་མཐུན་ལ་ཤར་སྐུ་ཕྲེང་གསུམ་པས་དགོན་འདིའི་བཅའ་ཡིག་བརྩམས་པ་ནས་བཟུང་སྔར་ལས་ཡར་རྒྱས་བྱུང་། ཆོས་ཐོག་གི་རིམ་པ་ནི། ཟླ་དང་བོའི་ཚེས་གཅིག་ནས་བཅོ་ལྔའི་བར་སྨན་བླ། གཉིས་པར་བསྐང་ཆེན་ཉིན་ལྔ། གསུམ་པར་དུས་འཁོར་སྒྲུབ་མཆོད་ཉིན་བདུན། བཞི་བར་བདེ་མཆོག་སྒྲུབ་མཆོད་ཉིན་བདུན། དྲུག་པའི་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་དབྱར་གནས། དགུ་བར་གཏོར་སྒྲུབ་དང་བསྐང་གསོ་ཉིན་བཅུ། བཅུ་བར་ལྔ་མཆོད་ཉིན་ལྔ། བཅུ་གཅིག་པའི་ཚེས་གཅིག་ནས་བཅུ་གཉིས་པའི་ཚེས་བཅོ་ལྔའི་བར་དགུན་མཚམས། ཟླ་རེ་ཚེས་བརྒྱད། བཅུ། བཅོ་ལྔ། ཉེར་ལྔ། ཉེར་དགུ་རྣམས་ལ་དུས་བཟང་། གསོ་སྦྱོང་དང་བཅས་པ་ངོས་གཙང་ཡོད། 
         རིག་གནས་གསར་བརྗེ་ཞེས་པའི་ལོ་རྒྱུས་ཀྱི་གོད་ཆགས་ཆེན་མོ་དེས་བོད་ཁམས་ཡོངས་ལ་གཏོར་བརླག་ཐེབས་པ་བཞིན་དགོན་འདི་ཡང་དེ་ལྟར་རྩ་མེད་དུ་བཏངས། ཕྱི་ལོ་༡༩༨༥ལོར་ཆོས་སྒོ་དངོས་སུ་འབྱེད་པ་ནས་༡༩༩༢ལོར་འདུ་ཁང་རྟེན་དང་བརྟེན་པ་ཡོངས་སུ་ལེགས་འགྲུབ་བྱུང་བ་དང་བསྟུན་༧རྩ་བའི་བདག་པོ་གཡེར་གཤོང་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་རྗེ་འཇམ་དབྱངས་དགེ་འདུན་རྒྱ་མཚོ་མཆོག་སྐུ་འཁོར་བླ་གྲྭ་བཅུ་ཕྲག་ཟུང་ལྷག་ཕེབས་ནས་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་སྤེལ། ད་ལྟ་དགེ་འདུན་བཅུ་ཕྲག་ལྷག་གིས་སྔོན་གྱི་བཅའ་ཀ་ཕྱག་ལེན་འདོན་རྟ་དབྱངས་གསུམ་ཕལ་ཆེར་མ་ཉམས་འཛིན་སྐྱོང་གནང་སྟེ་བཞུགས་བཞིན་པ་ལགས་སོ།།

        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།