རྐང་ཚ་ཞོལ་མ་དགོན་དགའ་ལྡན་བཀྲ་ཤིས་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-10 10:35:02     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 རྐང.jpg

         སྒྲུབ་སྡེ་འདི་ནི་མཚོ་སྔོན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མཁར་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་ལྔ་བཅུ་ཙམ་གྱི་སར་འཕྲང་དམར་གྲོང་རྡལ་རྐང་ཚ་ཞོལ་མའི་མངའ་ཁོངས་མར་ཁུའི་གཡས་ལུང་དུ་ཆགས་པའི་དགེ་ལུགས་པའི་གྲུབ་མཐའ་གཙོ་བོར་འཛིན་པའི་དགོན་པ་ཞིག་ལགས་ཤིང་། དགོན་སྡེ་འདི་ཐོག་མར་སྐྱབས་མགོན་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་ཚང་གི་སྲས་ཀྱི་མཐུ་བོ་སྟེ། དགུ་རོང་སྣ་ཚོགས་རང་གྲོལ་ཚང་གི་ཐུགས་ཀྱི་སྤྲུལ་བར་གྲགས་པའི་ཨ་ལགས་ཀུན་བཟང་ཚང་ཡུལ་འདིར་ཞབས་སོར་འཁོད་དུས་གྲུབ་དབང་ཀརྨ་པའི་བཞུགས་ཁྲི་ཡོད་སའི་གནས་འདི་ནས་དགོན་པ་ཞིག་བཏབ་ན་ལེགས་ཚུལ་གསུངས་པའི་ངག་རྒྱུན་ཡོད། ཕྱིས་སུ་ཁོང་གི་ཡང་སྤྲུལ་ཀུན་བཟང་བློ་བཟང་ཕུན་ཚོགས་རྒྱ་མཚོ་རྐང་ཚའི་ཡག་མོར་འཁྲུངས་ཏེ་རབ་བྱུང་བཅུ་བཞི་བའི་ནང་། རྗེ་ཀརྨ་རོལ་བའི་རྡོ་རྗེའི་བཞུགས་ཁྲི་ཡོད་སའི་ཕར་ཁའི་མདུན་རིའི་རྣམ་པ་ཟླ་གམ་མནབས་པའི་དགེ་འདུན་སྟོང་ཕྲག་མང་བོ་ཆོས་གྲྭར་བཞུགས་འདྲའི་མདུན་གཤོང་དུ་དགོན་པ་ཕྱག་འདེབས་མཛད་དེ་དགའ་ལྡན་ཕུན་ཚོགས་གླིང་ཞེས་མཚན་ཡང་གསོལ། ཡོངས་གྲགས་སུ་ཀུན་བཟང་སྒར་བ་ཟེར། སྐབས་དེར་རྐང་ཚ་ཚོ་སྒོ་དྲུག་གི་སྤྱི་སྡེ་ནས་གྲྭ་རྒྱུན་བསྡུས་ཏེ་འདུ་ཁང་དང་བླ་བྲང་མཆོད་ཁང་། གྲྭ་ཤག་བཅོ་ལྔ་ལྷག དགེ་འདུན་པ་སུམ་ཅུ་ཙམ་བཅས་དུས་ཡུན་ཐུང་ཡང་།ཚོགས་དང་འཆད་ཉན་འཕེལ་རྒྱས་བྱུང་ཟེར། ཡིན་ཡང་ཁོང་གི་སྐུ་ཚེའི་སྨད་ཙམ་ལ་རྐྱེན་དབང་ཞིག་གིས་དགོན་པ་སྟོང་སོང་། དེའི་སྐབས་ཀྱི་གྲྭ་རྒྱུན་གཙོ་བོ་ནི་སྨྲ་ཁམས་རྒྱ་མཚོ་དང་། རྒྱ་མཚོ། ཨ་ཁུ་མཚམས་པ། སྐྱ་རོལ་བླ་མ་ནག་ལྡང་། རབ་གསལ། ཚུལ་ཁྲིམས་བཅས་ཡིན་པར་གསལ།
        རང་སྡེའི་མན་ངག་དང་ལོ་རྒྱུས་སྨྲ་བ་སྐྱ་རོལ་ཞོལ་མའི་བདེ་དམར་རམ་བདེ་ལེགས་ཀྱིས་བཤད་ནས་ཀུན་བཟང་སྒར་བ་འདི་ཕྱི་ལོ་༿༡༩༠༩༾ ལོའི་ཁྲི་ཀའི་དགོན་སྡེ་ལྔ་བཅུའི་གྲོས་སུ་ཡོད་པ་དང་།
ཡང་༿༡༧༠༠༾ ལོའི་རང་རྫོང་གི་དགོན་པ་ཉེར་བདུན་གྱི་གྲོས་སུའང་ཡོད་པར་བསམ་ན་དགོན་པ་འདི་བཏབ་ནས་ལོ་སུམ་བརྒྱ་ཡས་མས་ཞིག་འགོར་ཨེ་ཡོད་སྙམ།
        ཀུན་བཟང་སྒར་བའི་སྔོན་དང་རྗེས་ནས་སྦྲ་གུར་གང་རུང་ཕུབ་ཏེ་དགའ་ལྡན་སྒྲུབ་མཆོད་ཆེན་མོ་སོགས་ཆོས་ཐོག་འཚོགས་པས་མཚན་ལ་རྐང་ཚའི་སྤྱི་བ་དང་གནས་ལ་ལྔ་མཆོད་གད་པ་ཞེས་འབོད། ས་བྱི་ལོའི་ཡར་སྔོན་དུ་སྐྱ་རོལ་ཞོལ་མའི་ཨ་ཁུ་འཕྲིན་ལས་མཆོག་རྡོ་རྗེ་འཛིན་པ་དང་། བསྟན་འཛིན་རྒྱ་མཚོ་དབུ་མཛད་གནང་ཐོག བསྟན་འཛིན་རྫི་དཀར། ཞོལ་མའི་ཡོན་ཆེན། ཡོན་ཆུང་། ཞོལ་མའི་བསྟན་རྒན། ཇོ་སྐོར་བསྟན་ཕྲུག བློ་བཟང་། དག་དབང་། ཚུལ་ཁྲིམས་རྒྱ་མཚོ། བློ་བཟང་དམ་ཆོས། བསམ་འགྲུབ་སོགས་གྲྭ་རྒྱུན་མ་ཆད་པར་བསྐྱངས་ཡོང་།

        དེང་སྐབས་དགོན་འདི་ནི་ཇོ་སྐོར་བསྟན་འཛིན་རྒྱ་མཚོ་ཁོང་གིས་རབ་རྒྱན་མེ་གླང་ལོར་བཏབ་ཅིང་བགྲང་བྱ་གསུམ་ཙམ་ལ་བསྐྱངས་ཐར་དགོངས་པ་རྫོགས།
        དེའི་རྗེས་ནས་ཨ་ཁུ་སྐལ་བཟང་བརྩོན་འགྲུས་ཀྱིས་ཐུགས་ཁུར་ཆེར་བཞེས་སྒོས་སྐྱོང་བཞིན་མཆིས།
ད་སྐབས་འདུ་ཁང་གཅིག་དང་མ་ཎི་འཁོར་ཁང་། བྱང་ཆུབ་མཆོད་རྟེན། གྲྭ་ཤག་བཅོ་ལྔ་ལྷག དགེ་འདུན་པ་སུམ་ཅུ་ལྷག་བཞུགས།
རྟེན་གྱི་གཙོ་བོ་ལྷ་ལྡན་ཞིང་ནས་གདན་དྲངས་པའི་རྒྱལ་བའི་བཀའ་རིན་པོ་དང་། རྗེ་བླ་མའི་སྣམ་སྦྱར་ནང་བཞུགས་ཀྱི་འཇམ་དབྱངས་སྨན་སྐུ། བྱིན་རྟེན་དུ་མས་གཏམས་པའི་བྱང་ཆུབ་མཆོད་རྟེན། དགོན་པའི་ཐག་མི་རིང་བའི་སར་རྗེ་གསེར་ཁང་བའི་བཟང་དྲུག་རྡུང་བྱེད་ཀྱི་རྡོ་གཞོང་དང་། རྗེ་གསེར་ཁང་པས་བཞེངས་པའི་མར་ཁུའི་འབུམ་ཁང་བཅས་བཞུགས།
        ཡི་དམ་ལ་དཔལ་ཆེན་རྡོ་རྗེ་འཇིགས་བྱེད་དང་། ཀུན་རིག་ལྷ་སོ་ལྔ། སྨན་བླ་བདེ་གཤེགས་བརྒྱད། རྒྱལ་ཡུམ་སྒྲོལ་མ་སོགས་ཡིན་པ་དང་ཆོས་སྐྱོང་གུར་ལྷ་བརྒྱད་གཙོས་མགོན་ཆོས་སྡེ་ལྔ་བཅས་ཡིན།
        ཆོས་ཐོག་ནི་ཟླ་དང་བོར་ཆོ་འཕྲུལ་སྨོན་ལམ་དང་ཟླ་བཞི་བར་སྒྲོལ་མའི་མཎྜལ་བཞི་བ། ཟླ་བརྒྱད་པར་ཀུན་རིག་གི་བདག་འཇུག ཟླ་བཅུ་བར་དགའ་ལྡན་ལྔ་མཆོད་ཆེན་མོ་ལ་མགོན་ཆོས་ལྔ་སོགས།ཟླ་བཅུ་གཉིས་པར་མགོན་པོ་གུར་གྱི་སྐང་ཆེན། ཟླ་རེའི་ནང་དུས་བཟང་བཅས་ཡོད། ལྷ་སྡེ་ནི་རྐང་ཚ་ཚོ་ཆེན་དྲུག་གམ་ཚོ་ལག་དང་བཅས་བཅུ་བདུན། རྐ་འགོའི་གཞུང་བཅས་ཡིན།
       གསལ་འདེབས། 
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
           དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།