བོད་གསང་སྔགས་རིག་གནས་བྱང་ཆུབ་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-21 09:45:52     རྩོམ་པ་པོ།   གསང་་སྔགས་བྱང་ཆུབ་གླིང།    ཀློག་ཐེངས།  

268140677541951450.jpg

 

བོད་གསང་སྔགས་རིག་གནས་བྱང་ཆུང་གླིང་ནི་བོད་གསང་སྔགས་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཨ་ལགས་གསེར་ལག་གམ་ཨོའུ་རྒྱ་བློ་བཟང་འཇམ་དཔལ་རྒྱ་མཚོ་ཚང་གིས་བཞེངས།ཁོང་ནི་དཀར་མོ་ཕུག་གི་དགོན་བདག་དང་གསེར་ལག་དགོན་པའི་རྡོ་རྗེ་འཆང་རྣམ་གཉིས་ཀྱི་གྲས་ཡིན།བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་གནང་བའི་དགེ་བཤེས་ཤིག་ཡིན་པ་མ་ཟད།པེ་ཅིན་སློབ་ཆེན་གྱི་མཚན་ཉིད་རིག་པའི་ཧྲོ་ཧྲི་རབ་འབྱམས་པའི་བསླབ་གནས་ཐོབ་ཐང་ལྡན་པ་ཞིག་ཀྱང་རེད།ཁོང་གིས་བོད་གསང་སྔགས་རིག་ཞིབ་འཇུག་ཚོགས་པ་དང་སྐུ་ཞབས་ཨོའུ་རྒྱའི་སློབ་བརྩོན་བྱ་དགའ་སོགས་བཙུགས་པ་མ་ཟད།གསང་སྔགས་རིག་གནས་དྲ་བའང་གཉེར་ཡོད།

གསང་སྔགས་རིག་གནས་བྱང་ཆུང་གླིང་ནི་སྤྱི་ལོ༢༠༡༢ལོར་བསྐྲུན་ཅིང་འདི་ནི་དུས་ཐུང་སློབ་སྦྱོང་འཛིན་གྲྭ་འཛུགས་ས་ཞིག་ཡིན་ལ།འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་ཡོད་པའི་ཟབ་སྦྱོང་གནས་གཞིའི་ལྟེ་གནས་ཤིག་ཀྱང་ཡིན། འདིར་འབའ་ཡུལ་ཇོ་བོའི་ལྷ་ཁང་དང་རིག་གནས་གཏེར་མཛོད་གླིང་དང་རིག་གནས་བྱང་ཆུང་གླིང་།བོད་གསང་སྔགས་རིག་གནས་ཞིབ་འཇུག་ཚོགས་པ།ཨོའུ་རྒྱའི་སློབ་བརྩོན་བྱ་དགའ། དཔེ་མཛོད་ཁང་བཅས་ཀྱིས་གྲུབ་ཡོད་པ་མ་ཟད་ད་དུང་དགེ་རྒན་གྱི་གཟིམ་ཁང་དང་།ཇ་ཁང་བཅས་ཀྱང་ཡོད།

༡ བོད་གསང་སྔགས་རིག་གནས་ཞིབ་འཇུག་ཚོགས་པ་ནི་གསང་སྔགས་རིག་ནས་ཞིབ་འཇུག་བྱེད་པའི་དམངས་ཁྲོད་ཀྱི་ཚོགས་པ་ཞིག་ཡིནཞིང་།༢༠༠༧ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཆོས་ལུགས་ཅུའུས་དངོས་སུ་ཆོག་མཆན་བཀོད་ཅིང་བོད་ཀྱི་མདོ་སྔགས་རིག་གནས་བཅུ་ལ་རམ་འདེགས་དང་ཞབས་ཞུ་སྒྲུབ་པའི་ཁེ་ལས་མ་ཡིན་པའི་ཚོགས་པ་ཞིག་ཡིན།

109011646810557821.jpg

༢འབའ་ཡུལ་ཇོ་བོའི་ལྷ་ཁང་ནི་བལ་ཡུལ་ནས་ཤཱཀྱའི་རིགས་ཀྱིས་བཟོ་བོས་ཆེད་དུ་བཞེངས་ཞིང་བོད་ཀྱི་རྟེན་འགངས་ཆེན་དག་གཟུངས་སུ་ཕུལ་པའི་ཇོ་སྐུ་གསར་བ་ཞིག་ཏེ་ཡུལ་འདིས་འབལ་ཡུལ་ཇོ་བོ་ཞེས་འབོད།འདི་ཉིན་མཚན་རྟག་ཏུ་སྐོར་བ་བྱེད་མཁན་དང་མཇལ་བ་རྒྱུན་ཆད་མེད།

༣རིག་གནས་གཏེར་མཛོད་གླིང་ནི་བཀའ་ཆོས་དང་དཔེ་ཁྲིད་གནང་ས་སྟེ་བཀའ་ཆོས་ནི་སེར་སྐྱ་རིས་མེད་ཀུན་ཡོང་ཆོག་ལ།ལོ་རེ་བཞིན་ཟླ་གཉིས་ལ་དགེ་བསྙེན་དང་བཙུན་མ་སོགས་ལ་སློབ་ཁྲིད་གནང་ཞིང་།ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་དགེ་བསྙེན་དང་བཙུན་མ་དག་གིས་རྗེ་བཙུན་མའི་ཚོགས་མཆོད་གསུང་།དེ་བས་འདི་ནི་གསར་དུ་ཚུགས་པའི་དགེ་ལུགས་པའི་དགེ་བསྙེན་སྡེ་ཞིག་ཀྱང་རེད།  

འདི་ནི་༢༠༡༣ལོ་ནས་བཙུགས་ཤིང་ཨོའུ་རྒྱ་རིན་པོ་ཆེས་བླ་མཆོད་ཀྱི་ཁྲིད་གནང་ཞིང་དགེ་བཤེས་ཤེས་རབ་བསྟན་དར་གྱིས་ལམ་རིམ་འཇལ་དཔལ་ཞལ་ལུང་ཁྲིད། ད་ལོ་ལྷ་རམས་པ་བསོད་ནམས་བཟང་བོས་ལམ་རིམ་དང་རྡི་ཚའི་དགེ་བའི་བཤེས་གཉེན་བྱང་ཆུབ་རྣམ་གཉིས་ཀྱིས་སྤྱོད་འཇུག་ཁྲིད་གནང་།དགེ་བཤེས་ཤེས་རབ་བསྟན་དར་གྱིས་ཁོང་གི་ཕྱག་རྩོམ་ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས་དང་སུམ་རྟགས་བློ་གསལ་འཇུག་ངོགས་ཁྲིད།

194816428801410583.jpg

༤རིག་གནས་བྱང་ཆུབ་གླིང་དུ་དབྱར་དགུན་གནང་གི་སྐབས་སུ་དགེ་བཤེས་དང་དགེ་རྒན་ཉམས་མྱོང་ཅན་ཆེད་དུ་བསུ་ནས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སློབ་མ་དག་ལ་རྒྱ་ཡིག བོད་ཡིག དབྱིན་ཡིགབསྡུས་གྲྭ།ཡིག་གཟུགས་བཅས་ཁྲིད་ཀྱིན་ཡོད།ད་དུང་འདིར་གྲོང་ཁྱེར་གྱི་བོད་སྐད་མི་ཤེས་པའི་བོད་རིགས་དང་རྒྱ་རིགས་བོད་ཡིག་སྦྱོང་མཁན་ལ་ཆེད་དུ་བོད་ཡིག་གསར་དུ་སྦྱོང་བའི་འཛིན་གྲྭ་ཞིག་བཙུགས་ཡོད།

༦དགེ་བསྙེན་གྱི་སྡེས་ལོ་རེ་ཟླ་བཅུ་བའི་ཚེས་ཉེར་ལྔའི་དགའ་ལྡན་ལྔ་མཆོད་ཆེན་མོ་འཚོགས་ཏེ་ཁམས་གསུམ་ཆོས་ཀྱི་རྒྱལ་བོའི་དགོངས་རྫོགས་ཀྱི་མཆོད་པ་དང་རྒྱུན་དུ་ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་ནཱ་རོ་མཁའ་སྤྱོད་མའི་ཚོགས་མཚོད་གསུང་བཞིན་ཡོད་དོ།།

༧འདི་ནས་དུས་རྒྱུན་དུ་ཨོའུ་རྒྱ་རིན་པོ་ཆེས་རྒྱ་བོད་སོགས་མི་རིགས་རིས་མེད་ལ་དབང་ལུང་རྗེས་གསུམ་གནང་བཞིན་ཡོད་པ་མ་ཟད་ནང་བར་སྐྱབས་སུ་འགྲོ་བ་དང་དགེ་བསྙེན་སྒྲུབ་པ།བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་གནང་བ།ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་འབོགས་པ་སོགས་ཀྱི་ཆོས་ལྡན་གྱི་ལས་སྐྱོང་བཞིན་ཡོད།

༨ གྲུབ་མཐའ་གང་ཡིན་ཡང་འདྲ།སྐྱ་སེར་ཕོ་མོ་རྒན་གཞོན་གང་ཡིན་ཡང་འདིར་སློབ་སྦྱོང་ལ་ཞུགས་འདོད་ཡོད་ན་གང་འདོད་དུ་ཞུགས་ན་ཆོག་ལ་རང་རང་ཁོམ་པའི་སྐབས་སུ་སློབ་ཁྲིད་ལ་ཞུགས་ནའང་ཆོག ལྷག་པར་དགེ་རྒན་གང་གི་སློབ་ཁྲིད་ལ་ཞུགས་ནའང་རང་དབང་ཡིན་ལ་མཐའ་ན་ཉིན་གཅིག་གི་མགྲོན་པོ་དག་ཀྱང་སློབ་ཁྲིད་ལ་ཞུགས་ཆོག ཡིན་ནའང་སློབ་ཁྲིད་ལ་ཞུགས་ན་དམ་པའི་ཆོས་ཀྱི་དགོངས་པ་བཞིན་ཀུན་སློང་དག་པར་བྱེད་པ་གལ་ཆེ།

ལྷག་པར་ནང་བའི་ཆོས་སྒོར་འཇུག་པ་དང་། བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་དང་དགེ་བསྙེན་གྱི་སྡོམ་པ་ལེན་པ། ནཱ་རོ་མཁའ་སྤྱོད་མའི་ཆོས་སྤྱོད་སྐོར་ལ་སློབ་པ་དག་ཞུགས་ཆོག

808540762641260757.jpg

                                                རྩོམ་སྒྲིག་པ། མང་ར་བ།

      གསལ་འདེབས། 
            
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
           
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།