གཙང་དགོན་དོན་གྲུབ་རབ་བརྟན་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-08 21:20:23     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

     མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོའི་ཤར་ཕྱོགས་སུ་སྤྱི་ལེ་བཅུ་གཉིས་བགྲོད་པའི་སར་ཆགས་ཤིང་། དགེ་ལུགས་པའི་དགོན་སྡེ་ཆེན་མོ་ཞིག་ཡིན།
   དགོན་སྡེ་འདི་ནི་སྤྱི་ལོ1756ལོར་གནས་ལྔ་རིག་པའི་པཎྜི་ཏ་སྐྱབས་མཆོག་བསྟན་པ་རྒྱ་མཚོས(སྤྱི་ལོ1737--1780)ཕྱག་འདེབས་མཛད། ཁོང་ནི་གཙང་ཨ་རིག་ཚོ་བར་སྐུ་འཁྲུངས་ཤིང་། གཞོན་དུས་ནས་རབ་ཏུ་བྱུང་སྟེ་རོང་བོ་དགོན་ཆེན་དུ་ཚད་མ་རྣམ་འགྲེལ་ལ་སྦྱངས་པ་དཔྱིས་ཕྱིན་མཛད་པ་དང་། རྣམ་འགྲེལ་མཐའ་དཔྱོད་ཆེན་མོ་ཐུགས་འཛིན་གནང་སྟེ་མཁན་དགེ་འདུན་རྒྱ་མཚོར་རྒྱུགས་ཕུལ་བར་མཁན་ཆེན་གྱིས་འདི་མ་བརྗེད་པ་གྱིས་དང་ཁྱོད་ལ་དགོས་དུས་ཤིག་ཡོད་གསུངས། ཕྱིས་སུ་དབུས་སུ་ཕེབས་ནས་སེར་བྱེས་སུ་ཐུགས་གཉེར་གནང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་སེ་རར་ཕེབས་སྐབས་ཤིག་ལ། མངའ་རིས་དགེ་བཤེས་ཐོགས་མེད(གཞུང་ལུགས་ཀུན་ལ་ཐོགས་པ་མེད་པས་མཚན་དེ་ལྟར་གྲགས་སྐད)དང་རྣམ་འགྲེལ་ཚོགས་གླེང་མཛད་པས་པཎ་ཆེན་རིན་པོ་ཆེ་མཆོག་ཐུགས་རབ་ཏུ་མཉེས་ནས། དེ་རིང་ཨ་མདོ་ཞབས་དྲུང་གིས་ཐོགས་མེད་ཐོགས་བཅས་བྱས་སོ་ཞེས་ཞལ་རྩེད་གནང་། སར་བྱེས་དཔོན་སློབ་བྱམས་པ་སྨོན་ལམ་ལ། ཞབས་དྲུང་འདི་ལྷ་རམས་པ་བྱས་ནས་ལོ་ག་ཚོད་སོང་ཞེས་དྲིས་པར། ཁོང་གསར་བ་ཡིན་ཞེས་ཞུས་པར། འདི་འདྲ་ཁ་དོག་དཀར་དམར་དུ་ཡོད་ཀྱང་ལྷ་རམས་པར་འོས་གསུངས། དེ་ནས་པཎ་ཆེན་མཆོག་ལས་བསྙེན་པར་རྫོགས་ཤིང་ཕུར་བུ་ལྕོག་དཔོན་སློབ་ངག་དབང་བྱམས་པ་རིན་པོ་ཆེའི་དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་ཇི་སྙེད་གསན་ཏེ་ཐོས་བསམ་མཐར་ཕྱིན་མཛད་ཅིང་། གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན། བླ་མ་བྱམས་པ་རིན་པོ་ཆེ་ནས་ཀྱང་། རྗེ་འདིས་ལུང་རིགས་བཏང་ན་དགེ་བཤེས་ཆེན་པོ་ཀླུ་འབུམ་སྦྱིན་རྒན་དྲན་ཡོང་ཞེས་བསྔགས་པ་གནང་། རྗེ་འདིས་ཀུན་གཟིགས་པཎ་ཆེན་མཆོག་དང་བླ་མ་བྱམས་པ་རིན་པོ་ཆེ་གཉིས་བླ་མའི་གཙོ་བོར་བསྟེན་པ་དང་། གཞན་ཡང་བྲག་རི་ངག་དབང་དོན་གྲུབ་སོགས་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་གསན་སྦྱོང་དཔྱིས་ཕྱིན་མཛད།
   དེ་ནས་སྐྱབས་རྗེ་བསྟན་པ་རྒྱ་མཚོའི་སྐུ་ཡུལ་གཙང་ཀླུ་བ་རྒྱལ་འབུམ་སྐོར་གཙང་ཨ་རིག་པ་རྣམས་ཀྱིས་ཨ་རིག་དགོན་ཆེན་སླར་གསོ་ཆེད་ཕྱོགས་འདིར་ཆོས་སྡེ་ཆེན་པོ་ཞིག་གསར་འདེབས་གནང་རྒྱུ་ཁོང་ལ་ཞུས་པས་ཁོང་གིས་ཞལ་བཞེས་གནང་ཞིང་། ཇུན་ཝང་རྡོ་རྗེ་ཕ་ལམ་ནས་ཀྱང་ཁོང་གི་སྐུ་ཕྲེང་རྣམས་ཀྱི་སྐུ་བདག་དང་དགོན་གསར་འཛུགས་ཀྱི་སྦྱིན་བདག་བྱེད་རྒྱུ་ཁས་བླངས། སྔོན་ཨ་རིག་དགེ་བཤེས་ཆེན་མོ་དང་ཁོང་རྣམ་གཉིས་ནས་ས་མོ་གླང་གི་ལོར་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་ཀྱི་ལོ་དང་མཐུན་པར་དགོན་གོང་འོག་གཉིས(གཙང་དགོན་དང་རྭ་རྒྱ་དགོན)འདེབས་རྒྱུ་བྱས་ཀྱང་། གཙང་ཨ་རིག་པའི་གུར་སྒར་སེར་སྡེ་མང་གིས་དགོན་སྡེ་མྱུར་མོར་གསར་འདེབས་བྱེད་རྒྱུའི་རེ་བ་ནན་ཆེར་ཞུས་པར་བརྟེན། སྤྱི་ལོ1765ལོར་དགོན་པ་འདི་ཉིད་ཕྱག་འདེབས་མཛད་པ་ཡིན་ནོ། །
   སྐྱབས་རྗེ་པཎྜི་ཏ་དང་། ཁོང་གི་སྐུ་འཁོར་ས་འཛིན་གྱི་བླ་མ་བཞི་སྟེ་སྐྱི་ཁྲི་རྒན་དང་། ཀད་སྐོར་དཀའ་བཅུ་བློ་བཟང་བསྟན་འཛིན་རྒྱ་མཚོ། རི་ཤེས་མཁན་ཆེན། མཚམས་སྐོར་དཀའ་བཅུ་བ་བཅས་པས་དགོན་སྡེ་འདིའི་ས་འདུལ་གནང་ཞིང་། དང་པོ་དགོན་འདིར་ཨ་རིག་གསེར་སྡེ་འདུས་པ་ཚོགས་པ་སུམ་བརྒྱ་ཙམ་བྱུང་སྐད། སྐྱབས་རྗེ་པཎྜི་ཏའི་ཐུགས་བཀོད་ལྟར་དཔོན་ཚང་ནས་དང་པོ་རྒྱུད་ཁང་བཞེངས་པར། མདའ་བཅུ་གཅིག་དང་ཨ་རིག་མགར་རྩེ་སོགས་སྡེ་སོ་སོས་ཁུར་དུ་བླངས་པས་ལེགས་པར་གྲུབ་སྟེ་ཚོགས་ཆེན་ཐོག་མར་འདི་ནས་འཚོགས། ཆོས་སྡེ་ཆེན་པོ་འདི་ལ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དྲི་མ་མེད་པ་རྒྱས་པའི་དོན་དུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གསར་འཛུགས་གནང་། གཞན་ཡང་། རྟ་མགྲིན་ཁང་བའི་གྲྭ་ཚང་གསར་འཛུགས་བྱས་པ་སོགས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་ཐད་མཛད་རྗེས་བླ་ན་མཐོ་བ་བཞག་ཡོད་དོ། །
   ཆོས་སྤྱོད་ཀྱི་སྐོར་ནི། སེ་ར་རྗེ་བཙུན་པའི་ཡིག་ཆ་ལྟར་གཞུང་བཀའ་པོད་ལྔ་ལ་འཆད་ཉན་བྱེད་པའི་འཛིན་གྲྭ་བཅུ་གསུམ་ཡོད། རྒྱུད་པ་གྲྭ་ཚང་གིས་དབེན་ས་སྙན་བརྒྱུད་ཀྱི་ཕྱག་ལེན་ལྟར་བདེ་གསང་འཇིགས་གསུམ་དང་། བཀའ་གདམས་ཐིག་ལེ་བཅུ་དྲུག མགོན་ཆོས་ལྔ། ཆོས་རྒྱལ་ལྕགས་མཁར་བཅས་འདོན་པའི་ཁར། གར་ཐིག་དབྱངས་གསུམ་དང་། ཆོས་འཆད་ཉན། རྒྱུགས་བརྩི་བཞག་བཅས་མ་ཉམས་གོང་དུ་སྤེལ། རྟ་མགྲིན་གྲྭ་ཚང་གིས་རྒྱལ་དབང་ལྔ་བ་ཆེན་པོ་གསུངས་པ་ནང་བཞིན་སྔོན་གྱི་ཕྱག་ལེན་ཇི་ལྟ་བ་བཞིན་ཉམས་སུ་ལེན་བཞིན་ཡོད། དུས་འཁོར་གྲྭ་ཚང་གིས་དུས་འཁོར་དང་། མངོན་བྱང་། ཀུན་རིག་གསུམ་གྱི་ཆོ་ག་རྡུལ་ཚོན་གར་ཐིག་དབྱངས་གསུམ་དང་བཅས་པ། ད་དུང་རྩིས་ས་རིས་སྒྲ་སྙན་ངག་སོགས་ལ་སྦྱངས་བརྩོན་བྱེད། སྨན་པ་གྲྭ་ཚང་གིས་སྨན་བླ་དང་། ཀྱཻ་རྡོར། འཁོར་ཆེན། གནས་ཀྱི་ཆོ་ག ཐིག་རྡུལ་ཚོན་སོགས་དམ་པ་གོང་མ་རྣམས་ཀྱི་ཕྱག་བཞེས་བཞིན་ཉམས་ལེན་བྱེད་པར་མ་ཟད། གསོ་རིག་སྨན་གྱི་རྒྱུད་བཞིའི་སྟེང་ནས་འཆད་ཉན་བྱས་ཏེ་གསོ་རིག་གི་བསྟན་པ་སྤེལ་ཏེ་སྐྱེ་འགྲོ་རྣམས་ནད་ཀྱི་ཚ་གདུང་ལས་སྐྱོབ་བཞིན་ཡོད།
   ཆོས་སྡེ་འདིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་གྱིས་ས་མུའུ་བཞི་བཅུ་ཞེ་བཞི་ཟིན་ཡོད་པ་དེའི་སྟེང་དུ་གྱན་ཉིས་བརྒྱ་དང་ཉི་ཤུ་ཅན་གྱི་ཚོགས་ཆེན་འདུ་ཁང་གཅིག གྱན་ང་གཅིག་ཅན་གྱི་འདུ་ཁང་ཆུང་བ་གཅིག གྱན་བཅུ་བདུན་ཅན་གྱི་མགོན་ཁང་གཅིག གྱན་སོ་ལྔ་ཅན་གྱི་དུས་འཁོར་འདུ་ཁང་གཅིག གྱན་བཅུ་གསུམ་ཅན་གྱི་དུས་འཁོར་ཆོས་གྲྭ་གཅིག གྱན་དགུ་ཅན་གྱི་དུས་འཁོར་ལྷ་ཁང་གཅིག ནང་ཆེན་ཆེ་ཆུང་བཅུ་དྲུག་བསྡོམས་པས་གྱན་ཉིས་སྟོང་དྲུག་བརྒྱ་རེ་བརྒྱད་ཡོད་པ་དང་། གྲྭ་ཤག་བརྒྱ་དང་ལྔ་བཅུ། གྱན་ཉིས་བརྒྱ་དང་གོ་གསུམ་ཅན་གྱི་མ་ཎི་ཁང་། པར་ཁང་གཅིག་བཅས་ཡོད་དོ། །

           གསལ་འདེབས། 
        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
        དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།