ལྷ་དཀར་པོའི་ལྷ་ཁང་།

ཡོང་ཁུངས།   རྩོམ་པ་བོ། མི་གསལ།     སྤེལ་དུས།  2016-03-05 19:56:32     རྩོམ་པ་པོ།   ཡོང་ཁུངས་། དགེ་ལུགས་པའི་དྲ་བ།     ཀློག་ཐེངས།  

 
             ལྷ་ཁང་འདི་ནི་ཁྲི་ཀ་རྫོང་སྲིད་གཞུང་ནས་ཤར་བྱང་གི་ཕྱོགས་སུ་སྤྱི་ལེ་བཅུ་གཅིག་གིས་ཆོས་པའི་གནས་ཏེ། དེང་གི་ཧི་ཏུང་ཞང་ཚྭ་མཐའ་སྡེ་བ་ནས་ཤར་བྱང་དུ་སྤྱི་ལེ་གཅིག་གི་སའི་རྨ་ཀླུང་རིང་མོའི་འགྲམ་རྒྱུད་དུ་ཆགས་ཡོད། འདི་ལ་ལྷ་རང་སྐྱེས་ཀྱང་ཟེར། ལྷ་ཁང་འདི་ཁྲི་ཀའི་བྱིན་རླབས་ཅན་གྱི་རྟེན་བཞིའི་གྲས་ཡིན་ལ། ནམ་བཞེངས་ཀྱི་ལོ་ཚུགས་གསལ་བོར་མ་ངེས་ཀྱང་རབ་བྱུང་གཅིག་པའི་ཡར་སྔོན་དུ་ཡོད་པ་ལོ་རྒྱུས་དག་ཏུ་གསལ། ལྷ་ཁང་ཆེ་ཆུང་གཉིས་ཡོད་པའི་ཆེ་བའི་ནང་རྟེན་དུ། ཕ་བོང་དཀར་པོ་ཞིག་ལ་དགེ་སློང་གོས་གྱོན་པ་ཞིག་ཐིམ་པ་དང་། སྟེང་དུ་ཡིག་འབྲུ་གསུམ་རང་བྱོན་དུ་ཡོད་པ་ནང་བཞུགས་ཀྱི་བྱམས་སྐུ་བྱོན་ལེགས་ཤིག་དང་། ལྷ་ཁང་ཆུང་བའི་ནང་དུ་ཡོད་པ་ནང་བཞུགས་ཀྱི་བྱམས་པ་ཆུ་གཟིགས་མར་གྲགས་པ་ཞལ་རྨ་ཆུའི་ཁུགས་པར་གཏད་པ་བཅས་བཞུགས། དེ་རུ་བྱམས་ཁང་བཞེངས་དུས་བྱམས་སྐུ་ཉིན་རེ་ལས་ཉིན་རེར་ཇེ་མཐོར་སྐྱེས་སྟབས། ཤིང་བཟོ་ཐབས་ཟད་དེ་ཤིང་ལྷམ་ཞིག་བཟོས་ཏེ་སྐུའི་མགོར་བསྐོན་པས་ཉིས་ཐོག་ཅན་ཞིག་ལས་བཞེངས་མ་དགོས་ཞེས་གྲྭ་པ་རྒན་པ་དག་གི་ངག་ཐོག་ལས་ཐོས་ཀྱང་བདེན་མིན་ལ་དཔྱད་པར་བྱའོ།། ལྷ་ཁང་འདིར་རབ་བྱུང་བཅུ་བཞི་བ་སྟེ་སྤྱི་ལོ༡༨༠༧ལོར་མེ་སྐྱོན་བྱུང་ལ། སྤྱི་ལོ༡༨༥༡ལོར་རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཞིག་གསོ་དང་། རྗེ་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་རབ་གནས་མཛད། དེ་དུས་ཕ་བོང་སྟེང་དུ་ཡིག་འབྲུ་གསུམ་རང་བྱོན་དུ་ཡོད་པ་ཀུན་གྱིས་མཐོང་ཞེས་མདོ་སྨད་ཆོས་འབྱུང་དུ་གསུང་ལ། ཨོཾ་ཨྰཿཧྰུཾསྟེ་མཚན་མོ་འོད་འཕྲོ་བའི་རང་བྱོན་གྱི་ཡིག་འབྲུ་འདི་གསུམ་མི་གང་མང་ཞིག་གིས་མཐོང་བར་གྲགས། བྱམས་ཁང་གཉིས་ཡོད་པའི་གོང་མ་རྗེ་གསེར་ཁང་པས་ཞིག་གསོ་བྱས་ཏེ་རྟེན་དང་བརྟེན་པ་གསར་དུ་བཞེངས་ལ་རྙེ་ཞལ་སྔ་ནས་རབ་གནས་གནང་བའི་ལོ་རྒྱུས་ཀྱང་མཆིས། ལྷ་ཁང་དུ་བྱམས་པ་གཉིས་ལས་གཞན་ད་དུང་འཇིགས་བྱེད་ལྷ་བཅུ་གསུམ་མ། མགོན་ཆོས་ལྷ་གསུམ། རྗེ་བླ་མ་དང་། རྗེ་གསེར་ཁང་པའི་སྐུ་བརྙན། གནས་བརྟན་བཅུ་དྲུག་དང་ཞིང་བཀོད་འགའ་རེ་བཅས་བསོད་ནམས་བསགས་པའི་ཞིང་ས་མཆོག་ཏུ་གྱུར་པ་ལྷམ་མེར་ཡོད་ཀྱང་། ང་བརྒྱད་དང་རིག་གསར་གྱི་རླུང་འཚུབ་ཁྲོད་མིང་གི་ལྷག་མ་ཙམ་དུ་གྱུར། 
            དེང་སྐབས་ཆོས་དད་རང་དབང་གི་སྲིད་ཇུས་དངོས་འབེབས་བྱས་པ་དང་ཆབས་ཅིག་རབ་རྒྱན་ཆུ་སྤྲེལ སྤྱི་ལོ༡༩༩༢ལོར་ཚྭ་མཐའི་རིན་ཆེན་གྱིས་རང་འགུལ་སྒོས་འགན་ཁུར་ཏེ་བྱམས་ཁང་བྱིན་ཅན་ཕ་བོང་ནང་བཞུགས་ཀྱི་བྱམས་པ་ཁྲུ་ཉེར་ལྔ་ཅན་སྔོན་གྱི་ལྷ་ཁང་ཇི་ལྟ་བ་བཞིན་དང་། སྨན་འདམ་ལས་གྲུབ་པའི་རྒྱལ་བ་ཙོང་ཁ་པ། གཡོན་དུ་རྗེ་གསེར་ཁང་པའི་སྐུ་འདྲ་མི་ཚད་ཙམ། བྱམས་ཁང་ཆུང་བར་བྱམས་པ་ཆུ་གཟིགས་མ་དང་བཅས་པ། བྱམས་ཁང་ཆེན་མོའི་མཐའ་སྐོར་དུ་མ་ཎི་འཁོར་ལོ་སྔོན་ཆད་ལས་ལྷག་པ་བཞེངས་ཤིང་། བྱམས་ཁང་ཉེ་འགྲམ་དུ་རྗེ་གསེར་ཁང་པའི་གཟིམ་ཁང་ལྷག་ལུས་བྱུང་བ་ཉམས་གསོ་བྱས།
        ལྷ་ཁང་འདི་ལ་ད་ལྟ་གོང་བ་གྲྭ་ཚང་གིས་དཀོན་གཉེར་མངགས་ནས་མཆོད་འབུལ་བྱེད་བཞིན་མཆིས་སོ།།

        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།