རྒྱལ་རྩེ་དཔལ་འཁོར་ཆོས་སྡེ།

ཡོང་ཁུངས།   སྤེན་ནག་ཚང་བོད་སྐད་ཡིག་འཕྲིན་སྟེགས།     སྤེལ་དུས།  2016-03-16 20:35:17     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

        རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་མཚན་རྒྱས་པར། རྒྱལ་རྩེ་དཔལ་འཁོར་ཆོས་ཀྱི་སྡེ་ཆེན་པོ་ཞེས་ཞུ། གཞིས་རྩེ་བཀྲ་ཤིས་ལྷུན་པོ་ནས་ཤར་ལྷོའི་མཚམས་སྣུམ་ནག་འཁོར་ལམ་དེད་སྤྱི་ལེ་༩༠ཙམ་སོང་ན་རྒྱལ་རྩེ་གྲོང་དབུས་སུ་དགོན་དེ་མཇལ་བ་ཡིན། “དཔལ་འཁོར་”ཞེས་པ་ནི་དགོན་དེའི་དབྱིབས་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་རིས་སུ་བྱས་པས་མཚན་དེ་ལྟར་ཐོགས།

        དགོན་དེ་ནི་ཐོག་མར་སྤྱི་ལོ་༡༩༡༨ལོར་ཆོས་རྒྱལ་རབ་བརྟན་ཀུན་འཕགས་ཀྱིས་བཏབ། རབ་བརྟན་ཀུན་བཟང་འཕགས་ཐོག་མར་སྣེ་གདོག་རྒྱལ་པོའི་གཟིམ་དཔོན་ཡིན་པ་ལ་དགུང་ལོ་ཉི་ཤུ་ཙམ་དུ་ཕེབས་སྐབས་རྒྱལ་རྩེ་རྫོང་སྟེ་ཕོ་བྲང་རྒྱལ་མཁར་རྩེའི་རྫོང་དཔོན་དུ་བསྐོ་བཞགས་མཛད།

        ཐོག་མར་དགོན་དེ་དང་ཉེ་བ་སྤྱི་ལེ་༤༥ཙམ་ན་ལྕང་ར་ཆོས་སྡེ་ཞེས་པ་བཏབ། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་དགོན་དེའི་མཁན་པོ་མཛད། དེ་ནས་ལྕང་ལོ་ཟམ་ཆེན་ཞེས་ཟམ་མིག་དགུ་ཅན་སྟེང་དུ་མཆོད་རྟེན་གསུམ་ཡོད་པ་ལ་དེའི་འོག་ནས་འགྲོ་སྐྱོད་ཆོག་པ་ཞིག་ཀྱང་བསྐྱོན། དེ་ནས་ཕོ་བྲང་རྒྱལ་མཁར་རྩེ་རུ་གཙུག་ལག་ཁང་ཡོད་ཀྱང་གཞི་ཁྱོན་ཆུང་བར་གཟིགས་ཏེ་ད་ལྟའི་གནས་དེར་གཙུག་ལག་ཁང་ཞིག་བཞེངས་དགོས་ཐུགས་ལ་འཁྲུངས། གུང་ཐང་གཙུག་ལག་ཁང་ལ་དཔེར་བྱས་ཏེ་དཔལ་འཁོར་ཆོས་སྡེ་བཏབ།

        དེའང་ཆོས་རྒྱལ་རིན་ཆེན་རྩེར་བཞུགས་བཞག་མཛད་སྐབས་སྐུ་པང་དུ་ཤོག་དྲིལ་ཞིག་བབས་པ་ལ་རྒྱ་གར་རྡོ་རྗེ་གདན་གྱི་ཇོ་བོ་མ་ཧཱ་བྷོ་ཏིའི་སྐུ་ཚད་དང་སྐུ་རྒྱུའི་རིན་ཐང་སོགས་འཁོད་ཡོད་པས། ཆོས་སྡེ་དེའི་རྟེན་གཙོའང་དེ་ལྟ་བུ་ཞིག་བཞེངས་དགོས་པའི་བརྡ་རུ་གསན། ཐོག་མར་ཚོགས་ཆེན་འདུ་ཁང་ཀ་རིང་༨དང་ཀ་ཐུང་༤༨ཀྱི་ས་དང་། གཙང་ཁང་ཀ་རིང་༢དང་ཀ་ཐུང་༦སར་དབུས་སུ་གསེར་ཟངས་ཀྱི་ཐུབ་དབང་བལ་བཟོ་ཅན་དང་། གཡས་གཡོན་དུ་སྤྱན་རས་གཟིགས་དང་འཇམ་དབྱངས་མི་ཚད་ལྷག་བཅས་རྫོང་མདུན་རྡུང་ར་ཞེས་པར་བརྡུང་པས་ད་ལྟའང་ས་དེར་རྡུང་ར་ཞེས་ཟེར། མཐའ་འཁོར་དུ་བྱང་སེམས་བཅུ་དྲུག་སྨན་འདམ་ལས་གྲུབ་པ་ལྷ་བཟོ་བ་ལྷ་ས་ནས་ཡིན་ཞེས་ཟེར། གཡས་ནས་རྩིས་པའི་གཙང་ཁང་དང་པོའི་ནང་གསེར་ཟངས་ཀྱི་ཀུན་རིགས་རྣམ་པར་སྣང་མཛད་དབུས་བཞུགས་རྒྱལ་བ་རིགས་ལྔ་དང་ཀུན་རིགས་ལྷ་ཚོགས་རྣམས་སྨན་འདམ་ལས་གྲུབ་པ། གཙང་ཁར་ཤར་དུ་རྟེན་གཙོ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་གཟུངས་སུ་ཆོས་རྒྱལ་རབ་བརྟན་ཀུན་བཟང་གི་སྐུ་རས་སཙྪ་བཞུགས་པ་སྐུ་རྒྱབ་ཏུ་སྨན་འདམ་གྱི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། མཐའ་འཁོར་དུ་གཡོན་ནས་རྩིས་པས་ཨ་ཏི་ཤ། ཀརྨ་ལ་ཤི་ལ། པདྨ་སཾ་བྷ་བ། མཁན་ཆེན་བྷོ་ཏི་སཱ་ཏོ། འཇམ་དབྱངས། ཕྱག་རྡོར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ཆོས་རྒྱལ་མེས་དབོན་རྣམ་གསུམ་བཅས་དང་། སྦུག་ཏུ་ཆོས་རྒྱལ་རབ་བརྟན་ཀུན་བཟང་གི་ཡུམ་གྱི་གདུང་རྟེན་ཡིན་ཞུ་བ་གསེར་ཟངས་ཀྱི་དྲི་མེད་མཆོད་རྟེན་བྱོན་ལེགས་ལ་མཐའ་འཁོར་དུ་བཀའ་འགྱུར་གསེར་བྲིས་མ་ཆ་ཚང་ཁ་ཤས་ཡོད་པ་དེ་དག་ནི་ཆོས་རྒྱལ་གྱིས་དབུས་གཙང་ཡིག་གཟུགས་མཁས་པ་ཡོད་ཚད་བསྐོངས་ནས་དེའི་ནང་ནས་ཡིག་གཟུགས་ལྟར་བྲིས་པ་ཡིན་ཞུ་བ། གཞན་ཡང་བཀའ་འགྱུར་ཐེམ་སྤངས་མས་གཙོ་བོར་གྱུར་པའི་བཀའ་འགྱུར་བྲིས་མ་ཚར་གྲངས། བཀའ་འགྱུར་དྲུང་ཡིག་ཅེས་པའི་བྲིས་པའི་རྒྱུན་ནི་༡༩༥༩ལོ་བར་ཡོད། མགོན་ཁང་ནང་གཙོ་བོ་གུར་གྱི་མགོན་པོ་དང་། ལྷ་མོ་ཨེར་ཀ་ཛ་ཏི། ཀྭེ་མོ་འདོད་ཁམས་མ་སོགས་སྨན་འདམ་ལས་གྲུབ་པ། ཡང་སྟེང་ནུབ་ངོས་སུ་གཅུང་ནང་ཆེན་རབ་འབྱོར་བཟང་པོའི་རྗེས་འཇུག་ཏུ་བཞེངས་པའི་སྨན་འདམ་གྱི་རྡོ་རྗེ་འཆང་དང་། ས་སྐྱའི་བླ་རྒྱུད། དབུས་སུ་སྨན་འདམ་གྱི་བདེ་མཆོག་ལུ་ཧི་པའི་དཀྱིལ་འཁོར། གཞལ་ཡས་རྩེ་ལྷ་ཁང་དུ་གསེར་ཟངས་ཀྱི་ཇོ་བོའི་སྐུ་བརྙན་ཞིག་ཡོད་པ་ནི་དགོན་དེའི་ཆོས་གཞིས་ཕན་བདེ་ཞེས་པ་ནས་གདན་དྲངས་པ། གཞན་ཡང་སྐུ་བརྙན་ཆེ་ཆུང་སྣ་ཚོགས། དེ་ནས་གནས་བཅུ་ལྷ་ཁང་ནང་སྨན་འདམ་གྱི་འཕགས་པ་གནས་བརྟན་བཅུ་དྲུག འཇམ་དབྱངས་རིགས་ལྔ། སྒྲོལ་མ་འཇིགས་བརྒྱད། སྒྲོལ་མ་ལྷ་ཁང་རྒྱ་དངུལ་གྲུབ་པའི་རྒྱལ་བ་བྱམས་པ་མདའ་ཚད་མ་དང་། རྟེན་གཙོར་གནས་བརྟན་ནགས་རིན་གྱི་ཐུགས་དམ་རྟེན་ཡིན་ཞུ་བ་རི་ཁྲོད་དགའ་ལྡན་གྱི་རྟེན་གཙོ་སྒྲོལ་མ་གསུང་བྱོན་མཐོ་གང་ཙམ། རྡོ་རིང་གཟིམ་ཤག་དགའ་བཞི་ནས་ཕུལ་བ་ཡིན་ཞུ་སྨན་འདམ་གྱི་གནས་བརྟན་བཅུ་དྲུག་བྱོན་ལེགས་སོགས་འབུར་སྐུ་ཇི་སྙེད་མཇལ་རྒྱུ་ཡོད།

        དེ་བཞིན་ལྡེབས་རིས་སུ་འདུ་ཁང་ནང་སྒྲོལ་མ་དང་བྱམས་པ་སོགས་ཀྱི་ཞིང་བཀོད་ཆེར་མི་གསལ་བ། ཡང་སྟེང་ལམ་འབྲས་ལྷ་ཁང་ནང་ལྷོ་ངོས་སུ་འགྲོ་མགོན་དང་ཧུ་པི་ལི་སེ་ཆེན་ཧན་དང་མཇལ་ཚུལ། བྱང་ངོས་སུ་མུ་སྟེགས་སྟོན་པ་དགའ་བོ་དང་འཕྲོག་བྱེད་ས་པཎ་དང་རྩོད་པ་མཛད་ཚུལ། ནུབ་ངོས་སུ་རྒྱ་གར་གྱི་གྲུབ་ཆེན་བརྒྱད་བཅུ། གཞལ་ཡས་རྩེ་ལ་རྒྱུད་སྡེ་ཁག་གི་དཀྱིལ་འཁོར། གནས་བརྟན་ལྷ་ཁང་དུ་རྒྱ་བྲིས་ཀྱི་རྒྱལ་ཆེན་སྡེ་བཞི། འཁྱམས་ཀྱི་ལྡེབས་རིས་སུ་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་ཁག་ཅིག་བཅས་ལྡེབས་རིས་ཇི་སྙེད་ཡོད་པ་ལས། ལ་ལ་བལ་བྲིས་ཡིན་ཟེར་ཡང་ལྷ་བྲིས་པ་སོ་སོའི་མིང་ནི་བོད་མིང་འཁོད་ཡོད་པ་བཅས་སོ།

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.c 

བརྒྱུད་འགོད།