རིན་སྤུངས་བྱམས་ཆེན་དགོན།

ཡོང་ཁུངས།   སྤེན་ནག་ཚང་བོད་སྐད་ཡིག་འཕྲིན་སྟེགས།     སྤེལ་དུས།  2016-03-16 20:26:20     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

        གདན་ས་དེ་ནི་གཞིས་རྩེ་ས་ཁུལ་རིན་སྤུངས་རྫོང་ཁོངས་སུ་ཡོད་ཅིང་། བོད་རབ་བྱུང་ལྔ་པའི་ནང་ཆོས་རྒྱལ་ནོར་བུ་བཟང་པོ་དང་། ས་སྐྱའི་བླ་མ་རྒྱལ་མཆོག་སེམས་དཔའ་ཆེན་པོ་གཞོན་ནུ་གཉིས་ཀྱིས་ཡོན་མཆོད་འབྲེལ་ནས་ཕྱག་བཏབ།
དགོན་པ་འདེབས་ཡུལ་གང་དུ་འོས་པ་གཟིགས་སྐབས་སྔར་དུས་མཉམ་མེད་ཇོ་བོ་ཆེན་པོ་དང་རོང་པ་མགར་དགེ་བ་རྣམས་ཀྱིས་བྱིན་གྱིས་རླབས་པའི་གནས་འདི་ཉིད་འོས་པར་གཟིགས་ནས་དགོན་པ་འདེབས་པར་མཛད་ཅིང་དང་ཐོག་དགོན་པའི་རྟེན་གཙོ་ཐུབ་པ་བྱང་ཆུབ་ཆེན་པོ་བཞེངས་ཏེ་དགོན་པའི་མཚན་ཡང་བྱང་ཆུབ་ཆེན་པོ་སྟེ་བྱང་ཆེན་ཞེས་མཚན་གསོལ།
    དེ་རྗེས་དུས་རབས་རིམ་བྱུང་ནས་མི་རྣམས་ཀྱི་ངག་རྒྱུན་དུ་དགོན་པའི་མཚན་ལ་བྱམས་ཆེན་དུ་གྲགས་པར་བརྟེན་རྒྱལ་མཆོག་སེམས་དཔའ་གཞོན་ནུས་མི་རྣམས་ཀྱིས་དགོན་པའི་མིང་ལ་བྱམས་ཆེན་དུ་གྲགས་ཀྱི་འདུག་པས་དེ་ནི་མ་འོངས་པར་གནས་འདིར་བྱམས་པའི་སྐུ་བཪྙན་ཆེ་བ་ཞིག་ཕེབས་རྒྱུའི་རྟེན་འབྲེལ་འགྲིག་བྱུང་གསུངས་ནས་ས་སྐྱའི་བླ་མ་ཀུན་དགའ་བཀྲ་ཤིས་དང་། ཆོས་རྒྱལ་པ་སངས་རིན་ཆེན་ལ་དེའི་སྐོར་ངོ་སྤྲོད་གནང་བ་དང་འབྲེལ་བདེ་ཤོག་ཆེན་པོ་ནམ་མཁའ་རྒྱལ་པོ་དང་རྒྱལ་མཆོག་སེམས་དཔའ་གཞོན་ནུ་གཉིས་ཀྱི་ཐུགས་དགོངས་རྫོགས་ཕྱིར་བོད་རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ་༡༣༤༩ནས་འགོ་བཙུགས་ཏེ་ལོ་དྲུག་རིང་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བཪྙན་སྐྱིལ་ཀྲུང་དུ་བཞུགས་པ་མཐོ་ཚད་ལ་ཀུན་དགའ་བཀྲ་ཤིས་ཀྱི་ཕྱག་ཐོ་དྲུག་ཅུ་རེ་ལྔ་ཡོད་པ་སྐུ་རྒྱུ་གཙོ་བོ་གསེར་ཟངས་སོགས་ལས་གྲུབ་པ། རྒྱ་གར་གྱི་རྒྱལ་པོ་གོ་ཆའི་ཐུགས་དམ་གྱི་རྟེན་ཙན་དན་གོ་ཤིརྻ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པར་རྒྱ་ནག་ནས་ཕུལ་བའི་ངོ་མཚར་ཆེ་བའི་ནོར་བུ་བསམ་འཕེལ་བཅས་སྐུའི་གཟུངས་སུ་ཕུལ་ཏེ་བཞེངས། དེ་ནས་བཟུང་དགོན་པའི་མཚན་ལ་བྱམས་ཆེན་དགོན་ཞེས་ཡོངས་ཁྱབ་ཏུ་གྲགས་སོ།
        དེ་རྗེས་ཆོས་རྒྱལ་ངག་དབང་འཇིགས་གྲགས་ཀྱི་སྐབས་ཞིང་ཤག་ཚེ་བརྟན་རྡོ་རྗེས་འབངས་གྱེན་ལོག་བྱས་པས་རིན་སྤུངས་ཆོས་རྒྱལ་གྱི་མངའ་ཐང་ཕལ་ཆེར་ཉམས་ནས་འདི་གའི་ས་ལུགས་དགོན་པའང་ཉམས་དམས་སུ་གྱུར་པ་དང་། རྗེས་སུ་གོང་ས་ལྔ་པ་ཆེན་པོས་བོད་ཀྱི་རྒྱལ་ཕྲན་དབང་དུ་བསྡུས་པའི་སྐབས་རྫོང་གཞུང་འཛིན་དང་བྱམས་ཆེན་དགོན་པའང་མདོ་གླིང་བཅུ་གསུམ་མམ་ཆོས་ལུགས་བསྒྱུར་དགོས་པའི་དགོན་པ་བཅུ་གསུམ་གྱི་ཁོངས་སུ་གཏོགས་པ་མ་ཟད་དགེ་ལུགས་པའི་གཞུང་དགོན་ཨང་གཉིས་པར་གནས་དགོས་པའི་བཅའ་ཡིག་དང་། རྒྱལ་པོ་མཁྱེན་རབ་དབང་ཕྱུག་གིས་བསྩལ་བའི་རྩ་ཚིག་ལྟར་དགོན་པའི་རྟེན་གཙོ་བྱམས་པ་མཐོང་གྲོལ་ཆེན་པོའི་དབུས་སུ་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་བྱམས་པའི་གཙུག་ལག་ཁང་ཐོག་བརྩེགས་གསུམ་མཐོ་ཚད་ནི་དཀྱུས་ཁང་གི་ཐོག་བརྩེགས་དགུ་ཡོད་པ་ཞིག་དང་འདུ་ཁང་ཀ་བ་སུམ་ཅུ་སོ་དྲུག་མགོན་ཁང་། ཡབ་སྲས་ཀྱི་གཟིམ་ཆུང་དང་རུང་ཁང་ཁྱམས་ར་ཆེན་པོ་ཡོད་པ། དགོན་པར་དགེ་འདུན་པ་བཞི་བརྒྱ་ལྷག་ཙམ་གནས་ཏེ་དབུས་གཙང་མདོ་ཁམས་སོགས་ཡུལ་གྲུ་ཀུན་ལ་སྙན་གྲགས་ཆེ་བའི་དགོན་པ་ཞིག་ཏུ་གྱུར་ནས་བགྲང་བ་དྲུག་བརྒྱ་ལྷག་ཙམ་འདས།
        ལོ་བཅུའི་ཟང་ཟིང་གི་ནང་བྱམས་ཆེན་དགོན་པར་གཏོར་སྐྱོན་ཚབས་ཆེན་ཕོག་སྟེ་བྱམས་པ་ཆེན་པོའི་བཞུགས་ཁང་གཙོས་འདུ་ཁང་སོགས་མང་ཆེ་བ་ཉམས་དམས་སུ་ཕྱིན་པ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་སྲིད་ཇུས་དོན་འཁྱོལ་གྱིས་རིམ་པ་ཁག་གི་འབྲེལ་ཡོད་ཚན་པ་དང་ས་གནས་དེ་གའི་དད་ལྡན་སེར་སྐྱ་མང་ཚོགས་བཅས་ཀྱིས་གཡས་གཞོགས་གཡོན་འདེགས་བྱས་ཏེ་༡༩༨༤ལོ་ནས་འགོ་བཙུགས་ཏེ་འདུ་ཁང་དང་གྲྭ་ཚང་འགའ་ལ་ཉམས་གསོ་མཛད་པ་དང་སྦྲགས་དགེ་འདུན་བཅུ་ལྷག་ཙམ་དགོན་པར་གདན་དྲངས་པ་དང་འབྲེལ་མང་ཚོགས་ཀྱི་རེ་བ་ལྟར་བྱམས་ཆེན་ཆོས་སྡེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཅུང་ཆ་ཚང་ཙམ་སྤེལ་འགོ་ཚུགས། དགོན་པ་ཞིག་གསོ་བྱེད་རིང་རྒྱལ་ཁབ་ནས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་དྲུག་ལྷག་ཙམ་གནང་བ་དང་། ཚོགས་ཀྱིས་ཞལ་འདེབས་ཕུལ་བ་ལ་བརྟེན་༡༩༨༤ལོར་ལྷ་ཁང་དང་འདུ་ཁང་སྟེང་ཤོད་བསྡོམས་ཀ་བ་ཉི་ཤུ་རྩ་ལྔ་ཡི་རྒྱ་ཁྱོན་གསར་བཞེངས་བྱེད་ཐུབ་པ་བྱུང་བས་རྒྱ་ཆེའི་ཡུལ་སྐོར་བ་རྣམས་དང་དད་ལྡན་མང་ཚོགས་ལ་གནས་མཇལ་ཞུ་ཡུལ་གྱི་ཆ་རྐྱེན་བཟང་པོ་བསྐྲུན་གནང་བ་རེད།

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།