​རོང་པོ་རབ་བརྟན་དགོན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-07 08:55:43     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

微信图片_20230407085811.jpg

       རོང་པོ་རབ་བརྟན་དགོན། (མིང་གཞན་རེ་ཤོད་དགའ་ལྡན་རབ་བརྟན་ཐེག་ཆེན་བཤད་སྒྲུབ་གླིང)བོད་ལྗོངས་ནག་ཆུ་གྲོང་ཁྱེར། སོག་རྫོང། གསེར་ཊམ་ཤང་། གྱང་རྒན་གྲོང་ཚོར་ཆགས་ཡོད།

དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་པའི་བཀའ་བརྒྱུད་པའི་བླ་མ་ཀརྨ་པཀྵིས་ཕྱི་ལོ་1266ལོར་རེ་ཤོད་ཉི་ཕུག་གི་སྒྲུབ་གནས་བཞེངས།

ཕྱི་ལོ་1668ལོར་གོང་ས་ལྔ་པ་ཆེན་པོས་རི་བོ་དགེ་ལྡན་པར་བསྒྱུར་ནས་རེ་ཤོད་དགེ་ལྡན་རབ་བརྟན་གླིང་ཞེས་མཚན་གསོལ།

དེ་མོ་ངག་དབང་བདེ་ལེགས་རྒྱལ་མཚན། སྟག་ཕུ་གར་གྱི་དབང་པོ། ཁྲི་ངག་དབང་ནོར་བུ། སྐྱབས་རྗེ་ཕ་བོང་ཁ་པ་སོགས་དགེ་ལྡན་བསྟན་འཛིན་གསེར་རིའི་ཕྲེང་བ་དུ་མ་ཞབས་ཀྱིས་བཅགས།  

ཡང་དགོན་སྐུ་གསུང་ཐུགས་སྤྲུལ་གསུམ་དང་། ཆོས་ལྡན་བཅས་བླ་བྲང་ཁག་བཞི་ཡོད། མཁན་པོ་གྲགས་ཅན་ལྕང་ཅན་འཕྲིན་ལས་རྒྱ་མཚོ་དང་སེར་སྨད་སྐལ་བཟང་རྒྱ་མཚོ། ཨརྱ་དེ་ཝ་སོགས་འབྱོན་མྱོང་།

མི་སྣ་གྲགས་ཅན་ལ་ཡང་དགོན་ཕུན་ཚོགས་རྒྱ་མཚོ། ཆོས་ལྡན་བསྟན་པའི་རྒྱལ་མཚན། རོང་པོ་བླ་མ་བསྟན་འཛིན་དཔལ་འབྱོར། ལོ་རུ་བློ་བཟང་ཕུན་ཚོགས་སོགས་ཡོད།

དུས་འགྱུར་ཡར་སྔོན་ལ་དགེ་འདུན་པ་800ཡས་མན་ཡོད་པར་གྲགས། ཕྱི་ལོ་1985ལོར་ཡང་དགོན་ཐུགས་སྤྲུལ་བསྟན་འཛིན་ཉི་མས་ཐུགས་འགན་བཞེས་ནས་ཉམས་གསོ་མཛད།

ཡིག་ཆ་སེ་ར་རྗེ་བཙུན་པ། བཀའ་པོད་ལྔ་ཡི་འཆད་ཉན་ཡོད། སྔགས་ཕྱོགས་རྒྱུད་སྟོད་པའི་ཕྱག་གཞེས་ཡིན།

ལོ་རྒྱུས་ཐོག་སྟོང་ཕྲག་ལྷག་ཙམ་བྱུང་མྱོང་། རྒྱུད་པ་དང་། མཚན་ཉིད་གྲྭ་ཚང་།   སྨན་ཁང་བཅས་གསུམ་ཡོད།

ད་ལྟ་དགེ་འདུན་པ་300ཙམ་དང་སྐུ་གསུང་ཐུགས་རྟེན་མང་པོ་ཡོད། ཡང་དགོན་རིན་པོ་ཆེས་གདན་ས་སྐྱོང་བཞིན་བཞུགས། དགོན་པར་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡིན། དགོན་པ་ཆགས་བཏབས་ནས་ད་བར་ལོ་ངོ་752ཙམ་སོང་ཟིན།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།