འོལ་ཁའི་བྱམས་པ་གླིང་ངོ་སྤྲོད་མདོ་ཙམ་བརྗོད་པ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-27 20:40:42     རྩོམ་པ་པོ།   གཡག་དཀར་པོ།    ཀློག་ཐེངས།  

 微信图片_20180527203732.jpg

ཇི་སྐད་དུ།སྟག་ཚང་ལོ་ཙཱ་བའི་ཞལ་སྔ་ནས། 

 མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེའི་ཐེག །

 རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན།།

 རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།།

 སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱེད་ལ་འདུད།།ཅེས་གསུངས་པ་ལྟར།

     མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་བཤད་པ་དང་སྒྲུབ་པའི་སྒོ་ནས་ཚུལ་བཞིན་ཏུ་འཛིན་པའི་ཡབ་རྗེ་བླ་མ་ཙོང་ཁ་པ་འདི་ཉིད།   མདོ་སྨད་ཙོང་ཁའི་ཡུལ་དུ་སྤྱི་ལོ་༡༣༥༧ལོ་ལ་ཡབ་དར་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་།  སྤྱི་ལོ༡༣༧༢དགུང་ལོ་བཅུ་དྲུག་ལ་དབུས་གཙང་ཁུལ་དུ་བྱོན་ནས། རིས་མེད་ཀྱི་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ། ཐོས་བསམ་སློབ་གཉེར་རྒྱ་ཆེར་མཛད། ཁྱད་པར་དུ་སྤྱི་ལོ་༡༤༠༣དགུང་ལོ་༤༧-༤༩བར་གྱི་ནང་ཚུན་ལ་འོལ་ཁ་བྱམས་པ་གླིང་དུ་ཕེབས་ནས་མཛད་འཕྲིན་གང་འདྲ་བྱུང་མིན་དང་བྱམས་པ་གླིང་གི་ལོ་རྒྱུས་གཤམ་ལ་བཀོད་ཡོད་པས་གཟིགས་པར་ཞུ།  

དེ་ཡང་ཐོག་མར་བྱམས་པ་གླིང་འདི་ཉིད་ཆགས་ཡུལ་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འོ་དེ་གུང་རྒྱལ་གྱི་གནས་རི་གངས་རི་ཤེལ་གྱི་མཆོད་རྟེན་འདྲ་བའི་རི་ལག་ཅིག་གི་འདབས་སུ་བྱང་ནས་ཁ་ལྷོ་ལ་གཏད་ནས་ཆགས་ཡོད།  དབེན་གནས་འདིའི་གཡས་གཡོན་ཏུ་རྩི་ཤིང་ནགས་ཀྱི་ཚང་ཚིང་སྟུག་པོའི་གསེབ་ཏུ་གཅན་གཟན་གཏུམ་པོས་རང་སྒྲ་སྒྲོགས་པ། མདུན་དུ་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་ཆུ་མོ་རྒྱུན་མི་ཆད་དུ་རྒྱུག་ཅིང་། ལྗོན་པའི་སྟེང་དུ་འདབ་ཆགས་སྣ་ཚོགས་གྲེ་འགྱུར་རྣ་བར་འཇེབས་པ།   ཁྱད་པར་དུ་བོད་ཟླ་དྲུག་པའི་ནང་དྲི་བསུང་རབ་ཏུ་ཐུལ་བའི་སྨན་གྱི་མེ་ཏོག་གི་འདབ་མ་རྣམ་པར་བཞད་པ།  རི་བོའི་སུལ་ནས་འབབ་པའི་ཆུ་ཀླུང་དག་ལྷུང་ལྷུང་གི་སྒྲ་སྙན་པར་སྒྲོགས་པ། ལྷག་པར་དུ་དབྱར་བསིལ་ཞིང་དགུན་དྲོ་བའི་ཁྱད་ཆོས་དུ་མ་དང་ལྡན་པའི་མཛེས་ཤིང་ཡིད་དུ་འོང་བའི་དབེན་གནས་འདིར།  ཡབ་རྗེ་བླ་མ་ཙོང་ཁ་པ་ལ་གསང་སྔགས་ཀྱི་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པ་ཡིན་པ་ནི། རྗེ་བླ་མ་རང་ཉིད་ཀྱིས་མཁས་གྲུབ་རྗེ་ལ་འདི་ལྟར་གསུངས་ཡོད།

༼རྣམ་ཐར་དད་པའི་འཇུག་ངོགས་༽ཀྱི་ཤོག་ངོས་ ༩༠ ལས། 

དེ་ལྟར་ཐུགས་དམ་སྒོམ་བཟླས་སོགས་མཛད་པའི་སྐབས་སུ། སྐུ་མདུན་རང་དུ་ཡོད་པ་རྣམས་ཀྱིས། སྒོ་གསུམ་གྱི་སྤྱོད་པ་ཅི་བྱས་ཀྱང་། ཆེད་དུ་གཏད་ནས་ཐུགས་བཅུག་ན་མ་གཏོགས། ཐུགས་ཀྱིས་དེ་རྣམས་ཅི་ཡང་མི་ངེས་པ་ཞིག་ཡོད། འདི་དུས་ཇི་ཙམ་ནས་ལགས་ཞུས་པས། དགེ་སྦྱོར་གྱི་དུས་སུ་དེ་ལྟར་འོང་བ་བྱམས་པ་གླིང་ནས་ཡིན། ལྟ་རྟོག་དང་དཔྱོད་པ་ཞིབ་པོ་བྱེད་པའི་སྐབས་སུ་དེ་ལྟ་བ་འོང་བ་སྔ་མ་ནས་ཡོད་དེ་འདྲ་བ་འདུག། ཅེས་གསུང་ངོ་།ཞེས་གསུངས། གཞན་ཡང་། གནས་འདིར་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་གསང་སྔགས་ཀྱི་ཟབ་ཁྱད་ཐུན་མོང་མ་ཡིན་པ་ཡང་བཀའ་སྩལ་བ་ཡིན་ཏེ།   ༼རྣམ་ཐར་དད་པའི་འཇུག་ངོགས་༽ཀྱི་ཤོག་ངོས་ ༨༩ ལས།  དེ་ཡང་སྤྱིར་རིམ་ལྔའི་དོན་དང་། ཁྱད་པར་རིམ་པ་གསུམ་པའི་སྒྱུ་ལུས་ཀྱི་སྒྲུབ་ཚུལ་སོགས་དཔལ་གསང་བ་འདུས་པ་རྩ་བཤད་ཀྱི་རྒྱུད་དང་། འཕགས་པ་ཡབ་སྲས་ལྔའི་གཞུང་ནས་འབྱུང་བའི་དོན་ཐུན་མོང་མ་ཡིན་པ་རགས་པ་རྣམས་དཔྱིས་ཕྱིན་པ་ཞིག་ལེགས་པར་གོ་ནས་དེ་དུས་ལོ་བཅུ་ལྷག་ཙམ་སོང་བ་ལ་དེ་བར་དུ་སྨྲ་མ་ནུས། དེ་ནས་ཟུར་ཙམ་སྨྲས་པ་ཡིན།ཞེས་གསུངས་སོ།  ད་དུང་གནས་འདིར་ཡུན་རིང་བཞུགས་ནས་སྔགས་རིམ་ཆེན་པོ་དང་རྣམ་གཞག་རིམ་པའི་རྣམ་བཤད། ཞེས་པའི་སྔོན་མེད་ཀྱི་ལེགས་བཤད་བསྟན་བཅོས་ཆེན་པོ་དེ་གཉིས་མཛད་པ་ཡིན་ཏེ།  བསྟན་བཅོས་དེ་གཉིས་ཀྱི་མཇུག་བྱང་དུ། འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་བྱམས་པ་གླིང་མིང་གཞན་གསང་སྔགས་ནང་ཞེས་པར་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་འཛིན་པ་གཡག་སྡེ་བསོད་ནམས་དཔལ་བཟང་ངོ།། ཞེས་འཁོད་ཡོད། ཡབ་རྗེ་བླ་མ་ཙོང་ཁ་པས་དབེན་གནས་འདིར་གསང་སྔགས་སྐོར་གྱི་འཆད་རྩོམ་གྱི་བྱ་བ་རྒྱ་ཆེར་མཛད་པར་རྟེན་ལུང་གཞོང་འདིའི་མིང་ལ་ཡང་༼གསང་སྔགས་ནང་༽ཞེས་ཐོབ།

དེ་ལྟར་བྱིན་རླབས་ཤིན་ཏུ་ཆེ་བའི་བྱམས་པ་གླིང་ཞེས་པའི་མཚན་ཐོས་པ་ཙམ་གྱིས་ཀྱང་དད་སེམས་རབ་ཏུ་གཡོ་བ་དེ་ཉིད་  ལ་རྒྱ་ཁྱོན་ལྷ་ཁང་ཀ་བ་གཅིག་དང་གཡས་སུ་ལྕམ་གང་གཉིས་ཡོད། རིག་གསར་གོང་ནང་ལ་སྐུ་རྟེན་གང་འདྲ་ཡོད་མེད་རྒན་རབས་ཚོ་ལ་བཅར་འདྲི་ཞུས་ཀྱང་གསལ་པོ་ཞིག་གསུང་མཁན་མི་འདུག། ཡིན་ན་ཡང་། རྗེ་ཙོང་ཁ་པ་ཆེན་པོས་སྔགས་རིམ་ཆེན་པོ་སོགས་སློབ་ཁྲིད་གནང་སྐབས་བཞུགས་སའི་ས་ཁྲི་ཞིག་ཡོད་པ་གསུང་གི་འདུག། ས་ཁྲི་དེ་ད་ལྟ་ཡང་མཇལ་རྒྱུ་ཡོད།  སྔ་མ་བྱམས་པ་གླིང་འདིའི་བདག་གཉེར་བཙུན་མས་གནང་གི་ཡོད་པ་ནི། རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་འགོ་མ་བཙུགས་གོང་ལ། བྱམས་པ་གླིང་འདི་ཉིད་ཀྱི་ཉེ་འགྲམ་དུ་དུད་ཚང་ཞིག་མཆིས། དུད་ཚང་འདི་དང་བྱམས་པ་གླིང་གཉིས་ཀྱི་བར་དུ་ཆུ་འགོ་ཕུག་གི་ཆུ་རྒྱུག་པ་དང་། དུད་ཚང་དེའི་ཁྱིམ་བདག་ནི་ཨ་ཕ་དབང་རྒྱལ་རྡོ་རྗེ་ཡིན། ཁོང་ལ་བུ་ཕྲུག་བུ་མོ་གཉིས་དང་བུ་གཉིས་ཡོད།    བུ་མོ་རྒན་པའི་མིང་ལ་ཟླ་བ། གཞོན་པའི་མིང་ལ་བདེ་སྐྱིད་ཟེར་གྱི་ཡོད།      ཁོང་གཉིས་བྱམས་པ་གླིང་གི་བཙུན་མ་ཡིན་པ་མ་ཟད།  བུ་མོ་རྒན་པ་བཙུན་མའི་དབུ་མཛད་ཡིན།  བདག་སྐྱོང་གནང་མཁན་བཙུན་མ་ཡིན་པའི་བསྐོར་འདི་བརྗོད་བྱ་དངོས་དང་འབྲེལ་བ་དེ་ཙམ་མེད་ཀྱང་།  འདིར་ཞུ་དགོས་པ་ནི་དེ་སྔོན་དགོན་འདི་གྲྭ་དགོན་དང་བཙུན་མའི་དགོན་པ་ཡིན་མིན་གྱི་ཐེ་ཚོམ་གྱི་དྲ་བའི་འཆིང་བ་དེ་ལས་གྲོལ་བའི་ཆེད་དུ་ཞུས་པ་ཡིན།  བརྗོད་བྱ་དངོས་ལ་འཇུག་ནས་ཞུས་ན།    གནས་མཆོག་དེའི་མཚན་བྱམས་པ་གླིང་ཞེས་པ་དེ་ནི་ཉེ་འགྲམ་དུ་ཡོད་པའི་དུད་ཚང་དེའི་མིང་གནས་ལ་ཐོག་པ་ཡིན་ནམ་སྙམ། གང་ཡིན་ཟེར་ན། དུད་ཚང་དེའི་མིང་ལ་རྒན་རབས་ཚོས་བྱམས་པ་གླིང་གསུངས་ཀྱི་འདུག། དེར་མ་ཟད། ད་དུང་འོག་གླིང་ཞེས་པའི་དུད་ཚང་ཞིག་དང་དེ་མིན་དུད་ཚང་གཉིས་དང་། ཕུག་པོ་ཆུ་འཁོར་ཟེར་བའི་ཆུ་འཁོར་ཞིག་ཡོད་པ་ཡང་གསལ་པོ་གསུངས་ཀྱི་འདུག །    རིག་གསར་སྐབས་དགོན་སྡེ་གཞན་ལ་གཏོར་སྐྱོན་བྱུང་བ་བཞིན། བྱམས་པ་གླིང་འདི་ལ་ཡང་གཏོར་སྐྱོན་འབྱུང་བ་བཤད་ག་ལ་དགོས། དེ་རྗེས་ཆོས་དད་རང་མོས་སྲིད་ཇུས་དོན་འཁྱོལ་བྱུང་ནས་ཕྱི་ལོ་ ༢༠༡༤བར་སུ་གང་གི་ཉམས་གསོ་བྱེད་མཁན་མ་བྱུང་།  ཕྱི་ལོ་༢༠༡༤ལོ་ལ་དེ་གའི་རྫོང་གསར་གྲོང་ཚོའི་གྲོང་མི་རྣམས་ཀྱིས་ད་ལྟའི་ལྷ་ཁང་འདི་ཉམས་གསོ་གནང་བ་ཡིན། ཡིན་ན་ཡང་། ཕྱི་ཡི་བརྩིག་པ་སྔ་མ་དེ་ག་རང་འཇགས་ཡིན།

 微信图片_20180527203744.jpg 

ནང་གི་སྐུ་རྟེན་རྗེ་ཡབ་སྲས།  སྤྱན་གཟིགས་ཕྱག་སྟོང་སྤྱན་སྟོང་། རྒྱལ་བ་བྱམས་པ། རྗེ་ཡབ་སྲས་ཀྱི་གསུང་འབུམ་དེ་དག་ཆོས་ལུང་དགོན་པས་སྐུ་འབུམ་ནས་གདན་འདྲེན་ཞུས་གནང་བ་ཡིན་པ་དང་།

 微信图片_20180527203750.jpg

  གཟིམ་ཁྲི་འདིའི་འོག་ཏུ་དེ་སྔོན་རྗེ་རིན་པོ་ཆེས་སྔགས་རིམ་ཆེན་པོ་སོགས་གསུང་ཆོས་གནང་དུས་བཞུགས་སའི་ས་ཁྲི་དེ་ཡོད། འོན་ཀྱང་། དགོན་འདིར་ད་ལྟ་གཏན་ཆགས་བཞུགས་མཁན་གྱི་གྲྭ་བཙུན་མེད། འདིར་མཆོད་མཇལ་སྒྲུབ་པ་དང་ལྷ་ཁང་གི་རྒྱབ་རི་འཛེགས་ཕྱིན་ན། གཟིམ་ཁང་གོང་ཞེས་པ་དེ་ལ་སླེབས།

འདིར་ང་ཚོས་གསལ་པོ་ངེས་དགོས་པ་ཞིག་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་༼དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ།༽ནང་གསུངས་པའི་བྱམས་པ་གླིང་དུ་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་གཟིམས་ཁང་དཀར་པོར་བླ་མ་ཁམས་པས་མཆོད་ཁང་བཞེངས།ཞེས་གསུངས་པའི་མཆོད་ཁང་འདི་ནི་བྱམས་པ་གླིང་མ་ཡིན་པར།

 微信图片_20180527203754.jpg

 བྱམས་པ་གླིང་གི་ཐོད་ལ་ཡོད་པ་གསལ་པོ་ཤེས་དགོས།

གཟིམ་ཁང་གོང་ཞེས་པ་དེ་ནི་རྗེ་རིན་པོ་ཆེ་གནས་འདིར་བཞུགས་རིང་དཔེ་གཟིགས་དང་སྒོམ་སྒྲུབ་གནང་སའི་གཟིམ་ཁང་གཙོ་བོ་དེ་ཡིན།    གཟིམ་ཁང་དེ་ནི་ཐོག་བརྩེགས་གཉིས་ཐོག་ཡིན་པ་དང་། སྟེང་གི་གཟིམ་ཆུང་ནང་དུ་རྗེ་བདག་ཉིད་ཆེན་པོའི་སྐུ་འདྲ་དང་འཁོར་དག་པ་རྣམ་བརྒྱད་ཀྱི་སྐུ་འདྲ་ཡོད། དེ་ནས་ཕར་ཙམ་ཕྱིན་ན་འདུ་ཁང་ཀ་བ་བཞི་ཅན་ཞིག་ཡོད་པ་ནི་གྲྭ་དགོན་ཡིན། སྔོན་མ་འདི་དང་གཟིམ་ཁང་གཉིས་རིན་ཆེན་སྒང་དགོན་པ་ནས་བདག་སྐྱོང་གནང་བགྱི་ཡོད། ཡིན་ན་ཡང་།  ད་ལྟ་གྱང་གོག་ཡིན། དེ་ནས་གཡས་བསྐོར་དུ་སོང་ན་རྗེ་བདག་ཉིད་ཆེན་པོས་བཀྲ་ཤིས་གསོ་སྦྱོང་ཚོགས་སའི་བཞུགས་ཁྲི་ཞིག་མཇལ་རྒྱུ་ཡོད།

 

 微信图片_20180527203759.jpg

བཞུགས་ཁྲི་འདིའི་ཉེ་སྐོར་དུ་སེ་བའི་སྡོང་པོ་མང་པོ་ཡོད། སྤྱིར་ས་ཆ་འདི་ཙམ་མ་ཟད་གཞན་ལ་ཡང་སེ་བའི་སྡོང་པོ་མེ་ཏོག་དཀར་པོ་བཞད་མཁན་མང་པོ་མཐོང་རྒྱུ་ཡོད། འདིར་མི་འདྲ་ས་ཞིག་ལ་མེ་ཏོག་ཟིང་སྐྱ་བཞད་མཁན་གྱི་སེ་བའི་སྡོང་པོ་ཞིག་བཞུགས་ཁྲིའི་ཉེ་འགྲམ་དུ་མཐོང་རྒྱུ་ཡོད།

 微信图片_20180527203817.jpg

 དེ་ནས་རྐང་ལམ་བརྒྱུད་དེ་ཕྱིན་ན། འོ་དེ་གུང་རྒྱལ་དགེ་བསྙེན་སྒྲུབ་སའི་བཞུགས་ཁྲི་ལ་སླེབས།

 

 微信图片_20180527203823.jpg

དེ་ནས་གཡས་བསྐོར་དུ་མུ་མཐུད་ཕྱིན་ན། རྡོ་རྭ་བླ་ཁབ་མེད་པ་ཞིག་གི་ནང་དུ་རྗེ་བདག་ཉིད་ཆེན་པོའི་ཞབས་རྗེས་ཤིག་མཇལ་རྒྱུ་ཡོད། ད་དུང་རྡོ་རྭ་དེའི་ནང་དུ་ཆེས་ཡ་མཚན་སྐྱེས་དགོས་པའི་སེ་བའི་སྡོང་པོ་མེ་ཏོག་དཀར་པོ་འདབ་མ་མང་བ་ལ་ཉི་ཤུ་རྩ་ལྔ་དང་ཉུང་བ་ལ་འདབ་མ་བརྒྱད་བཞད་མཁན་ཞིག་ཀྱང་མཆིས།

གཞན་ཡང་།  དེར་ཡོད་པའི་སེ་བའི་སྡོང་པོ་གཞན་དང་བསྡུར་ན་འདི་ཡི་མེ་ཏོག་རྗེས་སུ་བཞད་ཀྱིས་ཡོད།

 微信图片_20180527203829.jpg

དེ་ནས་གོམ་པ་ཁ་ཤས་ཕྱིན་ན། ཞབས་རྗེས་ཆུ་འགོ་ལ་སླེབས་ཀྱི་རེད།  ཆུ་འགོ་འདི་ལ་ངོ་མཚར་ཅན་གྱི་དངོས་བྱུང་གི་གནས་ཚུལ་མང་པོ་བཤད་རྒྱུ་ཡོད། འདིར་ཡོད་པའི་ཆུ་འགོ་གཞན་དང་མི་འདྲ་སའི་ཁྱད་ཆོས་ནི།

རྒྱུན་གཏན་ཞབས་རྗེས་ཆུ་འགོ་འདི་ཡིས་བོད་ཟླ་དྲུག་པའི་ཟླ་འཇུག་དང་བོད་ཟླ་བདུན་པའི་ཚེས་ཤར་ལ་མ་གཏོགས་ཆུ་ཐོན་བགྱི་མེད། 

 ལོ་གཅིག་ནང་ཆུ་དོན་པའི་དུས་ཚོད་དེ་ལྟར་ཡིན་ཡང་།  དབེན་གནས་འདིར་དམིགས་གསལ་ཆོས་བྱེད་ཀྱི་མཛད་སྒོ་དང་སྐྱེས་ཆེན་དམ་པ་དེ་འདྲ་ཕེབས་ན། ཆུ་འགོ་འདི་ཡིས་ཕེབས་བསུ་ཞུ་བགྱི་ཡོད་ཅེས་ཡུལ་མི་རྣམས་ཀྱིས་གསུང་བགྱི་འདུག ། དཔེར་ན། ཕྱི་ལོ་༢༠༡༢ལོ་ལ་བཞེངས་པའི་མ་ཎི་ལྷ་ཁང་འདིའི་ནང་སྐུ་རྟེན་རྡོ་ལས་སྒྲུབ་པའི་སངས་རྒྱས་སྨན་བླ་སོགས་གདན་འདྲེན་ཞུ་སྐབས།  བོད་ཟླ་བཞི་པ་ཡིན་ན་ཡང་། སྐུ་དེ་དག་རྫོང་སར་གྲོང་ལ་འབྱོར་དུས་ཆུ་འགོ་ཁ་ཕྱེ་ནས་ཆུ་ཐོན་པ་ཕེབས་བསུ་ཞུ་མཁན་གྱི་ཡུལ་མི་ཚང་མས་མཐོང་འདུག  གཞན་ཡང་། སྐྱེ་ཆེན་དམ་པ་དེ་འདྲ་ཕེབས་དུས་ཆུའི་མདོག་འོ་མའི་ཁ་དོག་དེ་འདྲ་དོན་པ་ཡུལ་མི་ཚོ་ལ་མིག་མཐོང་ལག་ཟིན་བྱུང་བ་མང་པོ་གསུངས་རྒྱུ་འདུག་ལ་རིག་གསར་མ་ལངས་ཙམ་ལ་ཁ་དོག་སྣ་ཚོགས་པའི་ཆུ་ཐོན་པ་ཡང་གསུངས་རྒྱུན་ལ་འདུག་གོ །།།།

འཁྱོག་པོའི་བློ་ཡིས་མ་བྱས་ཤིང་།

རྟོག་བཟོའི་ཚིག་གིས་མ་བརྒྱན་པར།།

ཞིབ་མོའི་རིག་པས་བྱས་པ་འདིས།།

རྒྱལ་བསྟན་ཡུན་རིང་འབར་འགྱུར་ཅིག།

ཅེས་པ་འདི་ནི་བོད་ལོ་༢༡༤༤/༡༠/༡༣དང་ཕྱི་ལོ་2017/12/1ཉིན།ཁོ་བོས་ལྷ་ས་པད་མ་ཆུ་མིག་བདེ་ལྡན་མགྲོན་ཁང་དུ་རྫོགས་པར་བྲིས་པ།  དགེའོ།།


དཔྱད་གཞིའི་ཡིག་ཆ།

མཁས་གྲུབ་རྗེའི་གསུང་འབུམ། ༼ཀ༽

སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་བཏབ།

དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ། 

ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་བཏབ།

བཅར་འདྲི་ཞུ་ཡུལ།

མིག་དམར། དགུང་ལོ། 78

དེ་སྔོན་རིན་ཆེན་སྒང་དགོན་པའི་དགེ་འདུན།

ད་ལྟ་འོལ་ཁ་ཞོལ་དུ་བཞུགས།

ཚུ་ཁྲིམས་རྒྱན་མཚན།  དགུང་ལོ། 46

ད་ལྟ་བྱམས་པ་གླིང་དགོན་པའི་དཀོན་གཉེར་ཡིན།

        རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn       

 

བརྒྱུད་འགོད།