གར་རི་བསམ་གཏན་གླིང་དགོན།

ཡོང་ཁུངས།   རྩོམ་པ་བོ། མི་གསལ།     སྤེལ་དུས།  2016-03-03 20:10:52     རྩོམ་པ་པོ།   ཡོང་ཁུངས། དགེ་ལུགས་པའི་དྲ་བ།     ཀློག་ཐེངས།  

               ༄༅། ། གྲུབ་མཐའ། ཐོག་མ་ཞི་བྱེད། ཕྱིས་དགེ་ལུགས།

             ཆགས་ཡུལ། ལྷ་ས་གྲོང་ཁྱེར་ཉང་བྲན་ཕུ།

            འདེབས་ལོ། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་།

            འདེབས་མཁན། རྒྱ་གར་ལྷོ་ཕྱོགས་ཀྱི་གྲུབ་པའི་དབང་ཕྱུག་ཆེན་པོ་ཕ་དམ་པ་སངས་རྒྱས། དགོན་འདིར་སྤྱི་ལོ་༡༩༥༩བར་བཙུན་མ་ཞལ་གྲངས་བརྒྱ་ལྷག་ཡོད།
            ཕ་དམ་པ་སངས་རྒྱས་བོད་དུ་ཐེངས་ལྔ་བྱོན་པའི་མཇུག་ཏུ་རབ་བྱུང་གཉིས་པའི་ཆུ་སྦྲུལ་སྤྱི་ལོ་༡༡༡༣ལོ་ཕ་དམ་པས་མཁྱུད་དཔྱད་དཀར་ནག་ཁྲ་གསུམ་ཁམས་ཀློང་ཐང་སྒྲོལ་མར་གཏེར་དུ་སྦས་ནས་ལ་སྟོད་དིང་རིར་ཡར་བྱོན་པའི་སྐབས་ཙམ་ན། ཐོག་མར་གནས་དེར་ཕོ་དགོན་ཞིག་ཕྱག་འདེབས་རྩིས་ལ། དམ་པ་སངས་རྒྱས་ཕེབས་ལམ་དུ་འོ་བརྒྱལ་དང་ཞལ་སྐྱེམས་པ་སོགས་སྐྱོ་ཐུབ་ངང་ས་དེར་བྱོན་ནས་ཅུང་ཟད་སྐྱོ་སངས་སུ་བཞུགས་པར་གློ་བུར་དུ་ཡུམ་ཐུགས་ལ་དྲན་པ་དང་བྲག་ཅིག་གི་འགྲམ་ནས་བ་དཀར་མོ་ཞིག་ཐོན་ཏེ། དམ་པ་ཉིད་ལ་ཆབ་ཞོ་ཕུལ་བ་ན་ཨ་མ་ཞེས་པའི་གསུངས་འབོད་གནང་མ་ཐག་བྲག་དེ་ནས་ཡིག་གེ་ཨ་རང་བྱོན་དུ་འཁྲུངས་པ་ད་ལྟ་ཡང་མཇལ་རྒྱུ་ཡོད། བྲག་དེ་ལ་བྲག་ཨ་མ་ཞེས་གྲགས། དེ་རྗེས་བརྷ་མ་གདོང་ཞེས་པའི་ཤར་གྱི་ལ་ཉག་ཏུ་ས་དཔྱད་གཟིགས་པར་ཕེབས་པ་དང་། མ་མཁའ་འགྲོ་རྣམས་ཀྱིས་བསུ་བའི་ཚུལ་དུ་བརྷ་ས་སོགས་རོལ་ཆ་སྣ་ཚོགས་བཀྲོལ་བས་ལ་ཉག་དེར་ཕྱིས་སུ་མོ་བརྷ་ཉག་ཞེས་གྲགས། 
           དེ་ནས་ད་ལྟའི་གདན་ས་ཆགས་ས་མེ་ཏོག་པདྨ་རབ་ཏུ་བཞད་པ་ལྟ་བུའི་ས་དབྱིབས་ངོ་མཚར་གཟིགས་པའི་ལྟེ་བའི་ཟེའུ་འབྲུ་དེར་བྱོན་པ་དང་། མ་མཁའ་འགྲོ་སྟོང་གི་བསུ་བའི་བཀོད་པ་རྣམ་པ་དུ་མའི་སྒོ་ནས་དགྱེས་པའི་གར་འཁྲབ་པས་གནས་དེར་བཙུན་མའི་དགོན་པ་ཞིག་ཕྱག་འདེབས་དགོས་པའི་བརྡར་མཁྱེན། གར་རི་བསམ་གཏན་གླིང་དགོན་ཞེས་པའི་བཙུན་མའི་དགོན་པ་འདི་ཕྱག་བཏབ།
བོད་རབ་བྱུང་བཅུ་གསུམ་ཆུ་བྱི། སྤྱི་ལོ་༡༧༩༢ཙམ་ལ་སེ་ར་དགོན་བྱེས་གྲྭ་ཚང་གི་བྲག་རི་མཁན་ཆེན་རྒྱ་མཚོ་མཐའ་ཡས་(ཕ་བོང་ཁའི་མཁན་ཆེན)ཀྱི་སྐུ་དུས་བཙུན་མ་རྣམས་ཀྱིས་དབང་ལུང་ཁྲིད་གསུམ་སོགས་ཆོས་ཀྱི་རྩ་བའི་བླ་མར་བཀུར་ཞིང་། བྲག་རི་རིན་པོ་ཆེ་མཆོག་གི་འདོན་ཆོས་དང་། དགོན་པའི་སྒྲིག་གཞི་སོགས་དོ་དམ་གཟིགས་བསྐྱངས་གནང་བའི་ཐོག་ནས་ཆོས་ལུགས་དགེ་ལུགས་པར་གྱུར། མཁན་ཆེན་རྒྱ་མཚོ་མཐའ་ཡས་ཀྱི་སྐུ་སྐྱེ་བྲག་རི་སྐུ་ཕྲེང་གཉིས་པ། ཆོས་འབྱོར་རྒྱ་མཚོ། སྐུ་ཕྲེང་གསུམ་ཐུབ་བསྟན་རྣམ་རྒྱལ། སྐུ་ཕྲེང་བཞི་པ་ལུང་རིག་རྒྱ་མཚོ། སྐུ་ཕྲེང་ལྔ་པ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན། སྤྱི་ལོ་༡༩༥༩བར་གར་རི་དགོན་གྱི་དགོན་བདག་བྲག་རི་བླ་བྲང་ཡིན། དགོན་པ་དེའི་ནང་སྔར་ཡོད་ཀྱི་སྐུ་གསུང་ཐུགས་རྟེན་གྱི་གྲས་སུ། འདུ་ཁང་ནང་གི་རྟེན་གཙོ་ཕ་དམ་པ་སངས་རྒྱས་སྐུ་རྒྱུ་ཛྷི་ཀྴིམ་ཡིན་པ་བྱིས་པ་ལོ་གཉིས་ཀྱི་སྐུ་ཚད་ཤིན་ཏུ་ངོ་མཚར་ཆེ་བ་གཅིག ཨ་མདོ་སྐུ་འབུམ་ནང་གདན་དྲངས་པའི་རྗེ་ཙོང་ཁ་པའི་འཁྲུངས་རབས་ལེབ་ཐང་བཅུ་དྲུག ལེབ་ཐང་རེ་རེའི་ཚོན་རིས་འབུར་ཐོན་ཡིན་པ་མངོན་སུམ་དུ་གྱུར་པ་ལྟ་བུར་འཕྱིང་པའི་ཤུབས་རེ་ཡོད་པ་ཧ་ཅང་རིན་ཐང་ཆེ་བ་ཞིག་ཡིན། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སྐུ་རྒྱུ་སྨན་འདམ་ཐོག་བརྩེགས་གཅིག་མ་དབུ་རྒྱན་དང་། སྙན་རྒྱན་ཚང་མ་གསེར་ཡིན་པ་གཅིག གོང་ས་ལྔ་པ་ཆེན་པོའི་ཞལ་འདྲ་གསེར་ཟངས་ཀྱི་སྐུ་འདྲ་གཅིག བྲག་རི་སྐུ་ཕྲེང་དང་པོ་རྒྱ་མཚོ་མཐའ་ཡས་ཀྱི་ཞལ་འདྲ་གསེར་ཟངས་མི་ཚད་མ་གཅིག སྨན་འདམ་ལས་གྲུབ་པའི་སྨན་བླ་བདེ་གཤེགས་བརྒྱད་མི་ཚད་མ། གསེར་ཟངས་ཀྱི་སྨན་བླ་བདེ་གཤེགས་བརྒྱད་ཁྲུ་གང་མ། སྐྱབས་རྗེ་ཕ་བོང་ཁའི་འཇིམ་སྐུ་མི་ཚད་མ་གཅིག འདུ་ཁང་གི་རྒྱ་ཁྱོན་ནི་ཀ་བ་བཅུ་གཉིས་ཀྱི་ས་ཡིན་ཞིང་། ད་དུང་གསུང་རྟེན་གྲས་སུ་མཐིང་ཤོག་གསེར་བྲིས་ཀྱི་བརྒྱད་སྟོང་པོད་ཆེན་གཅིག སྒམ་རང་སྒྲིག་གིས་བཀའ་འགྱུར་པར་མ་ཆ་ཚང་དང་འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་པར་མ་ཆ་ཚང་། ཐུགས་རྟེན་གྲས་སུ་རྒྱ་གར་ཤཱ་ལིའི་མཆོད་རྟེན་བརྒྱད་ཀྱིས་གཙོས་ལི་མའི་སྐུ་དང་མཆོད་རྟེན་མང་ཙམ་བཞུགས།
                  འདུ་ཁང་ཡང་སྟེང་གི་སྒྲོལ་མ་ལྷ་ཁང་ནང་གཙོ་བོའི་སྒྲོལ་མ་སྐུ་ཚད་མདའ་ཚད་དང་། སྐུ་རྒྱུ་སྨན་འདམ། དེ་བྱིངས་ཕྲུ་ཚད་ཀྱི་སྒྲོལ་མ་འཇིམ་སྐུ་ཞལ་གྲངས་༢༡དབུས་སུ་རྒྱལ་བ་བྱམས་པ་སྐུ་རྒྱུ་འཇིམ་པ་ལས་གྲུབ་པ་སྐུ་ཁྲུ་གང་མ་བཅས་བཞུགས་སོ། ། 
                  འདུ་ཁང་སྟེང་དབུས་སུ་བྲག་རི་རྡོ་རྗེ་འཆང་གི་གཟིམས་ཆུང་ཀ་གཅིག་ཟུར་གཅོང་མའི་ནང་སྨན་འདམ་གྱི་གནས་བཅུ་ཧ་ཞང་རྒྱལ་ཆེན་བཞི་དང་བཅས་པ་མཆོད་གཤོམས་རང་བསྒྲིགས། ནུབ་ཀྱི་མགོན་ཁང་ལྕམ་ཁང་ནང་གཙོ་བོ་རྟ་མགྲིན་གསང་སྒྲུབ་དང་། མགོན་པོ་ཨ་གྷུ་ར། མགོན་པོ་ཕྱག་དྲུག ལྷ་མོ་དམག་ཟོར། ཆོས་རྒྱལ་ཡབ་ཡུམ། རྣམ་སྲས། དཔལ་ལྡན་ཞིང་སྐྱོང་ཡབ་ཡུམ་བཅས་བཞུགས་སོ། །
གཤམ་གྱི་འདུ་ཁང་ནུབ་ངོས་སུ་མ་ཎི་ལྷ་ཁང་། དེའི་ནང་མ་ཎི་འཁོར་ཆེན་ཀོ་བཏུམས་གཅིག ཤར་དུ་རུང་ཁང་ཀ་བཞི་མ། གཉེར་ཁང་ཀ་གཅིག་བཅས་འདུ་ཁང་སྟེང་ཤོད་གཡས་གཡོན་ཁྱོན་བསྡོམས་ཀ་བཞི་བཅུ་རྩ་ལྔའི་རྒྱ་ཁྱོན་ཡོད། 
                 གར་རི་དགོན་གྱི་ལོ་ལྟར་སྒྲུབ་མཆོད་ནི། ཟླ་རེའི་ཡར་ངོའི་ཚེས་བརྒྱད་ལ་སྒྲོས་མ་མཎྜལ་བཞིའི་ཆོ་ག་དང་གནས་བརྟན་ཕྱག་མཆོད་བཅས་གནང་། ཚེས་༩ལ་ཟླ་སྟོད་བསྐང་གསོ། གཙོ་བོ་མགོན་ཆོས་སྡེ་བཞི་(མགོན་པོ། ཆོས་རྒྱལ་ལྷ་མོ། རྣམ་སྲས)དང་ཕ་དམ་པ་སངས་རྒྱས་ཀྱི་བཀའ་སྲུང་ཨ་གྷུ་ར། ས་བདག་ཉང་བྲན་ཆུ་རྒྱུད་རྒྱལ་ཆེན། རྡོ་རྗེ་གཡུ་སྒྲོན། བརྟན་མ་བཅུ་གཉིས་བཅས་ཀྱི་བསྐང་གསོ་འཕྲིན་བཅོལ། ཚེས་༡༠ལ་བླ་མཆོད་དྲིལ་བུ་ལྷ་ལྔ་དང་སྦྱར་བའི་བདེ་མཆོག་ཚེས་བཅུ། ཚེས་༡༥ལ་སྨན་བླ་ཡིད་བཞིན་དབང་རྒྱལ་གྱི་ཆོ་ག (སྨན་བླའི་ཆོ་ག་རྒྱས་ཤོག་ཤིག)ཚེས་༡༩ཉིན་ཟླ་སྨད་བསྐང་གསོ་གོང་བཞིན། ཚེས་༢༥ལ་ཡིད་དམ་རྡོ་རྗེ་རྣལ་འབྱོར་མའི་བདག་འཇུག་དང་འབྲེལ་གསོལ་ཚོགས། གནམ་སྟོང་ཉིན་བྱང་ཆུབ་ལྟུང་བཤགས་བདེ་གཤེགས་སོ་ལྔའི་ཆོ་ག ཧོར་ཟླ་དང་པོ་དང་བཞི་པར་སྙུང་གནས་དཀར་པོ་ཆ་བརྒྱད། ཧོར་ཟླ་ལྔ་བའི་ཚེས་༢༤དང་༢༥ཉིན་གྱི་དབྱར་གསོལ་ལ་བྲག་རི་རྡོ་རྗེ་འཆང་རིན་པོ་ཆེ་སྐུ་འཁོར་དང་ས་བདག་ཉང་བྲན་རྒྱལ་ཆེན་སྐུ་རྟེན་ལྷ་མི་དང་བཅས་པ་ཆིབས་བསྒྱུར་གྱིས་ཆོས་སྐྱོང་སྐུ་གསོལ་དང་། ཚོགས་ཕེབས་གནང་བ་ལ་སོགས་པར་སྤྲོ་སྟོན་གཟབ་རྒྱས་འབུལ་དགོས། ཚེས་༢༦ནས་༢༨བར་ལ་བཙུན་མ་རྣམས་ཕྱག་དཔེའི་རྒྱུགས་བཞེས་དང་། འདོན་གཏོང་བྱེད་འབུལ་བརྡུང་བཀྲོལ་སོགས་ཀྱི་རོལ་མོའི་རྒྱུགས་བཞེས་གནང་བ་དང་དེ་ནང་ལོ་རྗེས་མའི་དཔེ་ཆ་བློ་འཛིན་གནང་རྒྱུ་སོགས་ཀྱི་དཔེ་སློབ་བཀོད་སྒྲིག་མཛད་དགོས། དྲུག་པའི་ཚེས་བཞི་དང་། དགུ་པ་ལྷ་བབས་དུས་ཆེན། བཅུ་པ་དགའ་ལྡན་ལྔ་མཆོད་དང་བཞི་མཆོད། ལྔ་མཆོད་ལ་བྲག་རི་བླ་བྲང་ནས་མང་ཇ་བཞེས་ཐུག་གཟབ་རྒྱས་དང་འབྲེལ་ཉིན་ཚོགས་གཉིས་གནང་དགོས་པ། སྐབས་དེར་བཙུན་མ་ཞལ་གྲངས་ཇི་ཡོད་རུབ་འཛོམས་གནང་དགོས་པ་ལས་རྗེས་ལུས་སོགས་ཀ་ཀོར་བྱུང་ན་བཙུན་མ་དམངས་ལ་ཚོགས་ཐེངས་གཅིག་གི་མང་ཇ་འབུལ་དགོས་པ་སོགས་ཀྱི་སྒྲིག་ལམ་ཁུར་དགོས། ཧོར་ཟླ་༡༠ཚེས་༢༩ཉིན་སེར་རྟ་མགྲིན་ཁང་ནས་བསྐང་གསོར་དགེ་འདུན་བཞི་གྲྭ་གཅིག་གིས་ཡང་གསང་གི་སྒོ་ནས་སྒྲུབ་བཤགས་གཉིས་གསུམ་མཛད་ཐོག་བཙུན་མ་རྣམས་དང་ལྷན་ཅིག་ཉིན་ལྡོག་གཏོར་རྒྱག་དགོས།
                 ཧོར་ཟླ་བཅུ་གཅིག་ནང་གཡང་སྒྲུབ་ལ་བྲག་རི་རིན་པོ་ཆེ་དབུ་བཞུགས་ཐོག་མཆོག་གྲྭ་དགེ་སློང་བརྒྱད་ཙམ་ནང་མགོན་དཀར་དང་རྣམ་སྲས་ཀྱི་འགོ་ནས་གཡང་སྒྲུབ་ཉིན་གསུམ་མཛད་རྒྱུ། གར་རི་དགོན་གྱི་ཁྱད་ཆོས་གྲས་སུ་བཙུན་མས་མཁའ་འགྲོའི་གར་འཆམ་རྒྱག་སྲོལ་ཡོད་ཅིང་། དེ་ཡང་སྟག་བུ་གར་དབང་རིན་པོ་ཆེའི་གཟིགས་སྣང་ལ་བྱུང་བའི་བཀའ་རྒྱ་མ་ཞིག་ཡིན་ཞིང་བོད་ཀྱི་བླ་ཆེན་རྣམས་ལ་མཁའ་འགྲོ་བསུ་ལྡོག་གི་གཏན་བཞུགས་ཞབས་རྟེན་འབུལ་དགོས། གལ་ཆེའི་སྐབས་སུ་གར་འཆམ་རྒྱག་སྲོལ་ཡོད་པ་རེད། གར་འཆམ་ལ་མཁའ་འགྲོ་སྡེ་ལྔ་ཞེས་ཤར་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་(སྐུ་མདོག་དཀར་པོ)ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་(སྐུ་མདོག་སེར་མོ་)ནུབ་པདྨ་རིགས་ཀྱི་མཁའ་འགྲོ(སྐུ་མདོག་དམར་མོ)བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་(སྐུ་མདོག་སྔོན་མོ)བཅས་སོ་སོའི་སྐུ་མདོག་གི་ཕས་ཁ་དང་སྟོད་ལྷེ་རིགས་ལྔ་ཐུར་ཚུགས། སྙན་རྒྱན། ཐུགས་རྒྱན། རུས་པའི་རྒྱན་སོགས་ཆ་ཚང་གཟབ་བཞེས་ཐོག་ཕྱག་ཟུང་ཌ་དྲིལ་བསྣམས་ནང་རྔ་སྦུག་དུང་རྒྱ་གླིང་དང་། ལྷག་པར་སྦུག་དང་། དུང་ལ་བརྟེན་ཏེ་ཐོག་མར་འདོན་འཆམ་ལ་པད་ཀོར། ཆང་ཕུད། སྐོར་བ། རྡོ་རྗེའི་འགྲོས། ལོག་འཆམ་ལ་མཁའ་འགྲོ་རེ་རེ་བཞིན་གྱི་རྡོ་རྗེའི་འགྲོས་དང་པད་སྐོར་སྦྲགས་མའི་གར་སྟབས་ཀྱིས་འཆམ་བརྒྱབ་སྟེ་ཕྱིར་ལོག
གར་རི་དགོན་པའི་ཁོར་ཡུལ་གནས་བཤད་ལ། དགོན་པའི་རྒྱབ་ཀྱི་དབུས་རི་དེ་ནི་སྒྲོལ་མའི་རང་བྱོན་དང་། ཤར་ནི་འཇམ་དབྱངས་བླ་རི་(འདི་གཞུང་གི་རི་ཆེན་བཞི་ཡི་ཡ་རྒྱལ་ཡིན་ཞིང་བསངས་གསོལ་སོགས་ཕལ་)དེའི་འོག་གནས་བརྟན་བྲག་རི་ནུབ་རི་བདེ་མཆོག་ཕོ་བྲང་ལ་བྲག་གི་སྒོ་མོ་ཡོད་པ། དགོན་པའི་རྒྱབ་ཏུ་ཕ་ཝང་རུལ་སྦལ་གྱི་རང་བྱོན་ཡོད་པ་དང་། ཆུ་འགོའི་ཁར་ཕ་ཝང་ཞིག་ལ་ཡི་དམ་ཕག་མོའི་ས་བོན་ཡི་གེ་བམ་གྱི་རང་བྱོན་དང་ཆུའི་སྒྲ་ལ་ཨོམ་སུ་མ་ཞེས་པའི་རྣལ་འབྱོར་མའི་གཟུངས་སྒྲ་རང་གྲགས་སུ་ཡོད་སྐད། གར་དགོན་ནུབ་ངོས་སུ་རྡོ་ཡི་བཞུགས་ཁྲི་འཕྱིང་དམར་རྒྱབ་ཡོལ་སོགས་རང་བསྒྲུབས་སུ་ཡོད་པ་དེ་ནི་ཕ་དམ་པ་སངས་རྒྱས་ཀྱི་བཞུགས་ཁྲི་ཡིན་པ་དང་། དེའི་འོག་ཏུ་མཁའ་འགྲོའི་ཚོགས་གཞོང་རང་བྱོན་དང་། ཚོགས་ཁྲོའི་རང་བྱོན་(རྡོ་ཡི་ཐབ་རྡོ་གསུམ་སྟེང་དུ་ཡོད)གར་དགོན་གྱི་གཏོར་རྒྱག་རྒྱག་པའི་ཕ་ཝང་ཞིག་ལ་ཕ་དམ་པ་སངས་རྒྱས་ཀྱི་ཆིབས་པའི་ཞབས་རྗེས་རང་བྱོན་ཡིན་སྐད། 
                ཀརྨ་བྱ་བའི་ཡུར་པོའི་སྟེང་དུ་བདེ་མཆོག་སྤྱན་ཡ་གཅིག་གི་རང་བྱོན་(བདེ་མཆོག་དྲིལ་བུ་བ་)དེའི་གཤམ་ཀརྨ་གྱང་གོག་ཞེས་པ་ཞིག་ཡོད་པ་དེ་ནི་ཀརྨ་སྐུ་ཕྲེང་ཆེ་གེ་མོ་ཞིག་གི་འཁྲུངས་ཁང་རེད་ཅེས་ཤོད་སྲོལ་འདུག དེའི་གཤམ་གྱི་ལམ་དུ་ཀརྨ་པའི་ཞབས་གཡོན་པའི་ཞབས་རྗེས་ཆེ་ཆུང་འབྲིང་ཙམ་གཅིག་གི་རང་བྱོན། དེའི་གཤམ་དུ་ཕ་དམ་པ་སངས་རྒྱས་ཀྱི་ཞབས་གཡས་པའི་ཞབས་རྗེས་རང་བྱོན་ཞལ་ག་རི་དགོན་དུ་ཕྱོགས་པ་གཅིག དགོན་པའི་འོག་གི་བྲག་ཨ་མ་ཞེས་པའི་ས་དེར་ཕ་དམ་པ་སངས་རྒྱས་ཕྱིར་ཕེབས་སྐབས་བ་དཀར་མོས་ཕེབས་རྗེས་སུ་འབྲངས་པ། ཕ་དམ་པ་སངས་རྒྱས་ཀྱི་ཞལ་ནང་ཨ་མ་མ་ཡོང་ཨ་མ་དེར་སྡོད་ཅེས་གསུངས་ཏེ་ཕྱག་འཁར་ཕ་ཝང་ཞིག་ལ་བཙུགས་པས་བ་དེ་ཕ་ཝང་ལ་ཐིམ་ཞེས་ངག་རྒྱུན་དུ་གྲགས་པ་དང་། ཕྱག་འཁར་རྗེས་ཤུལ་རང་བྱོན་ད་ལྟའང་མཇལ་རྒྱ་ཡོད།
གར་རི་དགོན་བཙུན་མའི་མཆོད་ཐེབས་འཚོ་རྟེན་ཐད། ཆོས་གཞི་གང་ཡང་མེད་ཅིང་། བྲག་རི་བླ་བྲང་ནས་ལོ་རེར་འབྲུ་ཁལ་གཉིས་རེ་དང་། བཙུན་མ་སོ་སོའི་ཁྱིམ་ཚང་དང་དད་སྦྱིན་ཁག་ནས་དགོན་པར་བཞག་པའི་འབྱོར་འབུལ་བྱང་དུ་འབྲི་གཡང་གང་ཙམ། འཆི་མེད་ཤི་འཁྲིར་བཞག་པའི་འབྱོར་འབུལ་བྱང་དུ་འབྲི་གཡག་གང་ཙམ། འཆི་མེད་ཤི་འཁྲིར་བཞག་པའི་འབྲི་མར་ཁལ་གཉིས་ཙམ། ས་གནས་སྲིད་གཞུང་གི་ཞབས་རྟེན་ལས་ཁུངས་ནས་འཆར་འཕར་སྐུ་ཆའི་ཞབས་རྟེན་སྒྲུབ་དགོས་ཁག་ཅིག་རྩེ་ཤོད་ཕྱག་མཛོད་དང་ཞབས་རྟེན་ཁང་སོ་སོ་ནས་འབྲས་དང་། ཇ་མར་སོགས་དགོས་བྱ་འབོར་ཆེན་གནང་གི་ཡོད་པ་དང་། གཞན་ཡང་གཞུང་སྒེར་ཁག་ནས་ཞབས་རྟེན་གྱི་ཐེབས་སྦྱར་མ་དངུལ་གང་ཙམ་ཡོད་པ། དངུལ་གཉེར་ཟུར་འཛུགས་ཀྱིས་སྐྱེད་གཏོང་ཐོག་ནས་གཏོང་སྒོ་གཏོང་དགོས་པ། ལོ་རེའི་སྟོན་དུས་ལྷ་ས་ཁུལ་ཁག་སོ་སོ་ནས། ཇ་བསོད་མར་བསོད་ཞེས་པའི་བསོད་སྙོམས་དངུལ་དང་ཇ་མར་ཚྭ་སོགས་སྤྱི་རིགས་ཀྱི་འབུལ་བ་གང་འཚམ་བྱུང་བ་དགོན་དུ་རྩིས་ཞུ་དང་། ལྷ་ས་གཙུག་ལག་ཁང་བར་ཁང་དུ་སྲོང་བཙན་སྒམ་པོའི་ཕྱག་འཁོར་གྱིས་གཙོས་མ་ཎི་དང་སྒྲོལ་མའི་འཁོར་ཆེན་རྒྱུན་བསྐོར་ཞུ་བར། མཚམས་ཁུང་དང་ནེའུ་ཆུང་རི། གནས་སྒོ་གདོང་། གར་རི་དགོན་ནས་བཅའ་སྡོད་བྱེད་དགོས་པའི་གྲས་སུ་གར་དགོན་ནས་ཟླ་རེར་བཙུན་མ་གཉིས་རེ་ཕེབས་དགོས། 
                 རིག་གནས་གསར་བརྗེའི་སྐབས་བཙུན་མ་རྣམས་ཕྱིར་འབུད་བྱས་ནས་གར་རི་དགོན་པ་རྩ་གཏོར་དུ་བཏང་། སྤྱི་ལོ་༡༩༨༦བོད་ཟླ་༥ཚེས་༤ཉིན་ནས་གར་རི་དགོན་པའི་ཉམས་གསོའི་ལས་དོན་དངོས་སུ་འགོ་ཚུགས། སྲིད་གཞུང་ནས་ཉམས་གསོའི་ཤོག་དངུལ་སྒོར་ཁྲི་གཅིག་གནང་། ད་ལྟ་འདུ་ཁང་། རུང་ཁང་། གཉེར་ཁང་། བླ་མའི་གཟིམས་ཆུང་། ཨུ་ཡོན་ལྷན་ཁང་། བཙུན་མའི་གྲྭ་ཤག་བཅས་ཁྱོན་བསྡོམས་ཨར་ལས་གསར་བསྐྲུན་ཚར་བའི་རྒྱ་ཁྱོན་ལ་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་༧༨༨.༦༨ཡོད། ད་ཡོད་བཙུན་གྲངས་གསུམ་བརྒྱ་སྐོར་དང་། བཙུན་མ་རྒན་གྲངས་༡༦དགོན་པའི་དམངས་གཙོ་བདག་གཉེར་གྱི་ཁོངས་མིའི་གྲས་ཀྲུའུ་རེན་བཙུན་མ་ཚེ་རིང་ཆོས་སྒྲོན་ལགས་དང་། ཨུ་ཡོན་ལུང་རིག་དབྱངས་ཅན་ལགས་དང་ཡེ་ཤེས་ཆོས་སྒྲོན་ལགས་གཉིས། དགོན་པའི་དབུ་མཛད་ནི། ལུང་རིག་དོན་གྲུབ་ལགས་ཀྱིས་གནང་གི་ཡོད། ཟླ་རེའི་ཚེས་བཟང་དུས་བཟང་སྐབས་བཙུན་མ་རྣམས་ལྷ་ས་རྨེ་རུ་ཁང་གསར་དུ་ཆོས་ཀྱི་བྱེད་སྒོའི་འདུ་འཚོགས་གནང་གི་ཡོད། གོང་གསལ་གསུང་འགྲེལ་གནང་མཁན་ནི་བཙུན་མ་ལུང་རིག་དོན་གྲུབ་ལགས་དང་ལུང་རིག་འོད་ཟེར་ལགས། སྐུ་ཞབས་རྣམ་གྲོལ་ལགས་བཅས་སོ། །
                                                《 ལྷ་སའི་དགོན་ཐོ།》བཤུས།

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
n/e/admin/index.php

བརྒྱུད་འགོད།