གསང་ཆེན་རྒྱུད་སྨད་གྲྭ་ཚང་།

ཡོང་ཁུངས།   རྩོམ་པ་བོ། མི་གསལ།     སྤེལ་དུས།  2016-03-03 15:17:47     རྩོམ་པ་པོ།   ཡོང་ཁུངས། དགེ་ལུགས་པའི་དྲ་བ།     ཀློག་ཐེངས།  

                                               7af40ad162d9f2d33b16a983abec8a136327cc53.jpg           

                       ༄༅། ། གྲུབ་མཐའ། དགེ་ལུགས། ཆགས་ཡུལ། ལྷ་ས་གྲོང་ཁྱེར། འདེབས་ལོ། རབ་བྱུང་བདུན་པའི་ཆུ་གླང་སྤྱི་ལོ1433འདེབས་མཁན་རྗེ་ཙོང་ཁ་པའི་དངོས་སློབ་མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེ ། 
                            དེ་ཡང་ས་ཕག་ལོ་སྤྱི་ལོ་1419སྟོན་དུས་སུ་རྗེ་ཙོང་ཁ་པས་སེ་ར་ཆོས་སྡིངས་ཁང་དུ་བྱམས་ཆེན་ཆོས་རྗེ་ལ་རྒྱུད་གྲྭ་འཛུགས་དགོས་པའི་ཞལ་ཏ་གནང་བ་ལྟར་སྐབས་དེར་རྒྱལ་བ་ཙོང་ཁ་པའི་རྗེས་འབྲང་གི་མཁས་པ་ཤིན་ཏུ་མང་བ་འདུས་པར་རྟེན་འབྲེལ་གྱི་གནད་ཆེ་བར་གཟིགས་ནས་གསང་བདེ་གཉིས་ཀྱི་རྩ་རྒྱུད་ཀྱི་དབུ་ནས་ཆོས་ཐུན་རེ་གནང་ཞིང་། མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ《འགྲེལ་པ་བཞི་སྦྲགས་》ཀྱི་གླེགས་བམ་ཕྱག་ཏུ་བསྣམས་ནས། ཁྱེད་ཅག་མཁས་པ་རྣམས་ཀྱི་ཁྲོད་ནས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་སྲོལ་འཛིན་ནུས་པ་སུ་ཡོད་ཅེས་བཀའ་ལན་གསུམ་བསྩལ་བ་ན་མཁས་པ་གཞན་སུས་ཀྱང་ཞལ་བཞེས་མཛད་མ་ནུས་པའི་ཚེ། རྗེ་ཤེས་རབ་སེང་གེས་ཡར་བཞེངས་ནས་སྐུ་ཕྱག་ལན་གསུམ་འཚལ་ཏེ། དེ་ལྟ་བུ་བདག་གི་བགྱིའོ་ཞེས་ཞལ་བཞེས་མཛད་པ་ན་རྗེ་ཙོང་ཁ་པ་ཐུགས་ཤིན་ཏུ་དགྱེས་ནས་གསར་བ་འདུས་པའི་གསེར་སྐུ་ཁྱད་འཕགས་དང་། 《འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་》ནང་མཆོད་ཀ་པཱ་ལ་གང་བ་ཆོས་རྒྱལ་གྱི་ཞལ་འབག འཆམ་གོས་དབྱུག་ཏོ་ཞགས་པ་སོགས་གནང་ནས་གསང་ཆེན་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ། ལྕགས་ཕག་ལོ་སྤྱི་ལོ1431ལོར། རྗེ་ཤེས་རབ་སེང་གེས་གཙང་ཕྱོགས་སེང་གེ་རྩེར་ཕེབས་ཏེ་འདུལ་ནག་པ་དཔལ་ལྡན་བཟང་པོ་ལ་རྒྱུད་ཀྱི་འཆད་ཉན་གྱིས་ཤིག་གསུངས་ནས་《འགྲེལ་པ་བཞི་སྦྲགས་》དང་ཤོག་ལྷུང་རྣམས་གནང་ཏེ། འདུས་ནག་པས་སྲས་དགའ་ལྡན་ཕོ་བྲང་དུ་རྒྱུད་གྲྭ་བཙུགས་པ་ལ་གཙང་སྟོད་རྒྱུད་དུ་གྲགས་པ་དེ་བྱུང་། དེ་རྗེས་རབ་བྱུང་བདུན་པའི་ཆུ་གླང་སྤྱི་ལོ་1433ལོར་མཁས་གྲུབ་རྗེས་དབུས་སུ་རྒྱུད་ཅིག་འཛུགས་དགོས་པའི་ཞལ་ཏ་གནང་བ་ལྟར། རྗེ་ཤེས་རབ་སེང་གེས་དབུས་གཙང་ཁག་ནས་ཉིད་ཀྱི་བུ་སློབ་མཁས་མང་བསྡུས་ཏེ། ལོ་འདིར་ལྷ་སར་རྒྱུད་སྨད་པའི་འཆད་ཉན་བཙུགས། རྗེ་ཤེས་རབ་སེང་གེ་ཉིད་ཀྱིས་རྒྱུད་སྨད་གྲྭ་ཚང་འདི་ཉིད་ལོ་བཅུ་གསུམ་བསྐྱངས་ཏེ། དེ་ནས་རྒྱུད་ཀྱི་འཆད་ཉན་སློབ་དཔོན་སྦྱིན་པ་དཔལ་བ་ལ་གཏད་དོ། ། 
                            གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་བླ་རྒྱུད་རབ་བྱུང་བདུན་པ་ཆུ་གླང་སྤྱི་ལོ་1433ལོར་རྗེ་ཤེས་རབ་སེང་གེ་ནས་རབ་བྱུང་བཅུ་དྲུག་ས་ཕག་སྤྱི་ལོ་1959ལོར་སྨད་རྒྱུད་མཁན་པོ་དགེ་བཤེས་བསམ་གཏན་ཆོས་འཕེལ་བར་རིམ་པ་བསྟར་བྱོན་པ་རྣམས་ཀྱིས་རྒྱུད་ཀྱི་འཆད་ཉན་མཛད་དོ། ། 
                           སྨད་རྒྱུད་གྲྭ་ཚང་དུ་ཁང་ཚན་ལྔ་ཡོད་པ་སྟེ། ༡.ཨ་མདོ་ཁང་ཚན ༢.ཚ་བ་ཁང་ཚན། ༣.རྒྱལ་རོང་ཁང་ཚན། ༤.སེང་ཀོང་ཁང་ཚན། ༥.ཏྲེ་བོ་ཁང་ཚན་བཅས་དང་གྲྭ་ཚང་གི་ལས་སྣེ་ཇི་ཡོད་སྐོར་ལ་སྨད་རྒྱུད་དགེ་བཤེས་ཨང་ཡོད་ཀྱི་ཁོངས་ནས་རྒྱུད་པ་མཁན་པོ་དང་། བླ་མ་དབུ་མཛད། རྒྱུད་པ་དགེ་སྐོས། དགེ་བཤེས་དམ་བཅའ་བ། དགེ་བཤེས་ཏྲེ་ཀ། སྐྱོར་དཔོན་སོགས་གནང་སྲོལ་དང་། རྒྱུད་པ་ཕྱག་མཛོད་ལྔ་དང་། བྱིང་འདྲེན་ཆེ་ཆུང་། ཞལ་ཏ་བ་བསྐྱེད་རིམ། སྐྱོར་དཔོན། ཆབ་རིལ། ལག་བདེ་དཔོན། དུང་རྒན་བཅས་ནི་རྒྱུད་པ་བསྐྱེད་རིམ་པ་ནས་གནང་སྲོལ་ཡོད་དོ། ། 
                          གོང་གསལ་གྱི་ཕྱག་མཛོད་ལྔ་ཡང་རྒྱུད་པ་ཁང་ཚན་ལྔ་པོ་དེ་དག་གི་ཁོངས་ནས་ཆ་མཉམ་ཕེབས་སྲོལ་དང་། ཕྱོགས་ཕན་ཚུན་ནས་རྒྱུད་སྨད་གྲྭ་ཚང་དུ་གསར་བཞུགས་སྐབས་ཁང་ཚན་མི་ཚན་སོ་སོར་རང་ཁུངས་ངེས་ཅན་དུ་འཇུག་པ་ལས་གང་བྱུང་ཞུགས་མི་ཆོག་པའི་ཕྱག་ལེན་མཛད། དགེ་འདུན་གྱི་གྲངས་ཚད་ཀྱང་སྔར་འཕགས་ཡུལ་དུ་དགྲ་བཅོམ་པ་ལྔ་བརྒྱའི་སྡེ་ཚན་བྱུང་བ་བཞིན་གྲྭ་གྲངས་ལྔ་བརྒྱ་ལས་ལྷག་ཆད་མི་ཆོག་པའི་སྲོལ་དང་། ལོ་རེའི་སྨོན་ཚོགས་སྐབས་དགེ་བཤེས་ལྷ་རམས་པ་དམ་བཅའ་འཇོག་པའི་གྲངས་ཚད་ཀྱང་འཕགས་པ་གནས་རྟེན་བཅུ་དྲུག་གི་གྲངས་ཚད་ལྟ་བུར་ཚད་འཛིན་གནང་སྲོལ་ཡང་བྱུང་བ་ཡིན་ནོ། ། 
                                                     《 ལྷ་སའི་དགོན་ཐོ།》བཤུས།

                    གསལ་འདེབས། 
                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
n/e/admin/index.php

 

བརྒྱུད་འགོད།