ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-02 23:20:42     རྩོམ་པ་པོ།   བཤེས་གཉེན་ཚུལ་ཁྲིམས།    ཀློག་ཐེངས།  

 
            12475989_135233634000_2.jpg

                                                                                                        རྩོམ་པ་བོ། བཤེས་གཉེན་ཚུལ་ཁྲིམས།

 

        ༄༅། །གྲུབ་མཐའ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོ་ནས་བཟུང་དགེ་ལུགས་པས་བདག་སྐྱོང་གཙོ་བོ་མཛད།

            ཡུལ། ལྷ་ས་གྲོང་ཁྱེར་དབུས། 
           འདེབས་ལོ། ས་མོ་ཕག་སྤྱི་ལོ་༦༣༩། 
           འདེབས་མཁན། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་བལ་བཟའ་ཁྲི་བཙུན། རྒྱའི་བཙུན་མོ་འོན་ཤིང་ཀོང་ཇོས་ས་དཔྱད་བརྟགས་པ་དང་སྤོར་ཐང་བརྩིས། 
           གཙུག་ལག་ཁང་དེའི་རྟེན་གྱི་གཙོ་བོ་ནི། ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ཅན་དེ་ཡིན་ཞིང་། དེ་ཡང་སྔར་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་མ་གདྷ་བྱ་བར་སངས་རྒྱས་ཆོས་ལུགས་ལ་དད་པ་ཤིན་ཏུ་ཆེ་བའི་པཱ་ལའི་རྒྱལ་བརྒྱུད་བདུན་ནང་གི་རྒྱལ་པོ་ཆེ་གེ་མོ་ཞིག་གི་དུས་སུ། རྒྱ་ནག་རྒྱལ་པོའི་རྟེན་སྐྱེས་སུ་བསྐུར་ཏེ་རྒྱ་ནག་ཏུ་ལོ་ལྔ་བརྒྱ་ཙམ་བཞུགས་ཟེར། དེ་ནས་རྒྱའི་ཐང་རྒྱལ་རབས་སྐབས་རྒྱལ་པོ་ཐང་ཐའེ་ཙུང་གིས་འོན་ཤིང་ཀོང་ཇོ་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་སྟེར་ཏེ་བཙུན་མའི་རྟེན་སྐལ་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དེ་བོད་དུ་བསྐུར་ནས། ཐོག་མར་ར་སའི་ལྷོ་སྒོ་མེ་ལོང་ཅན་དུ་བཞུགས་པ་གྲགས། སྐུ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་ཞེ་གཅིག་པ་ས་ཕོ་སྤྲེལ་ལོ། སུམ་ཅུ་རྩ་གསུམ་དུ་དབྱར་གནས་ལ་བཞུགས་པའི་ཚེ་སྐུ་རྒྱུ་ལྷའི་རིན་པོ་ཆེ་ལས་གྲུབ་པ་དང་། སྦྱིན་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱས་ཏེ་བཟོའི་རྒྱལ་པོ་བི་ཤྭ་ཀརྨས་སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དུ་བཞེངས་ནས་བཅོམ་ལྡན་འདས་སྐུ་དངོས་ཀྱི་རང་གནས་མཛད་པ་སོགས་བོད་ཀྱི་ལོ་རྒྱུས་དེབ་ཐེར་《རྒྱལ་རབས་གསལ་བའི་མེ་ལོང་》མི་རིགས་དཔེར་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་ལྕགས་པར་ཤོག་གྲངས་༡༩ལ་གསལ།
            ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ངམ་དགའ་བཞི་འཕྲུལ་གྱི་ལྷ་ཁང་ད་ལྟ་ཡོངས་གྲགས་སུ་ལྷ་སའི་གཙུག་ལག་ཁང་ཞེས་འབོད། ར་ས་ཞེས་པ་ནི་ཐོག་མར་ལྷ་ཁང་མ་བཞེངས་གོང་ར་ལ་ས་བཀལ་ནས་མཚོ་བསུབས་པར་བརྟེན་ར་སའི་མིང་བྱུང་བ་དང་འཕྲུལ་སྣང་ནི་གཙུག་ལག་ཁང་ཡོངས་སུ་བཞེངས་ཚར་བའི་རྗེས་བལ་བཟའ་ཁྲི་བཙུན་གྱིས་རྒྱལ་པོ་གདན་དྲངས་ནས་གཟིགས་པར་ཕེབས། ལྷ་ཁང་གི་སྒོ་ཕྱེས་ནས་རྒྱལ་པོ་ནང་དུ་བྱོན་སྐབས་ས་མཐིལ་གྱི་ཞ་ལ་ཆུའི་མདོག་ལྟ་བུ་དང་། སྟེང་ཕྱོགས་ཀྱི་གཟིགས་བརྙན་ཐམས་ཅད་དེ་ལ་ཤར་བ་གཟིགས་པས། རྒྱལ་པོའི་དགོངས་པར་སྔར་གྱི་མཚོ་འདི་བརྡོལ་འདུག་དགོངས་ནས་ནང་དུ་བྱོན་མ་ནུས་པ་དང་ཁྲི་བཙུན་གྱིས་སོར་གདུབ་ཕུད་དེ་གཏོར་བས། ཁྱག་ཐོག་ཁར་རྡེའུ་བསྐྱུར་བ་བཞིན་ཁྲོལ་གྱིས་སོང་བ་དང་། རྒྱལ་པོ་གཟིགས་པས་ཐུགས་ཆེས་ཏེ་ནང་དུ་བྱོན། དེར་ཁྲི་བཙུན་ལ་ཁྱེད་ཀྱི་ལྷ་ཁང་འདི་འཕྲུལ་དུ་སྣང་ངོ་ཞེས་གསུངས་པས། དེ་ནས་བཟུང་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཞེས་ཡོངས་སུ་གྲགས་སོ། ། 
            དགའ་བཞི་འཕྲུལ་གྱི་ལྷ་ཁང་ཞེས་ལོ་རྒྱུས་དེབ་ཐེར་འགའ་རེར་གསལ་བ་ཡང་འདུག་པས་《རྒྱལ་རབས་གསལ་བའི་མེ་ལོང་》ལས་དགའ་བ་བཞི་ནི་འདི་ལྟ་སྟེ། སྒོ་བཞི་དཀྱིལ་འཁོར་རིས་སུ་བྱས་པས་བླ་མ་དགའ། །ཀ་བ་ཕུར་པ་རིས་སུ་བྱས་པས་སྔགས་པ་དགའ། །ཟུར་བཞི་གཡུང་དྲུང་རིས་སུ་བྱས་པས་བོན་པོ་དགའ། །རེའུ་མིག་རིས་སུ་བྱས་པས་བོད་འབངས་དགའ། །ཞེས་དང་། གཙུག་ལག་ཁང་ལྟེ་བ་ཐོག་ཚད་གསུམ། མཚམས་བཞི་ཟུར་ལྕོག་རྣམས་ཐོག་ཚད་བཞི། སྤྱིའི་རྒྱལ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་(༢༥༠༠)ཙམ་ཕྱོགས་བཞིར་གསེར་ཟངས་ཀྱི་རྒྱ་ཕིབས་དང་། ཁོ་ར་ཁོར་ཡུག་ཏུ་གསེར་ཟངས་ཀྱི་མདའ་ཡབ་པུ་ཤུ་དང་བཅས་པ་གསེར་འོད་ཆེམ་ཆེམ་འཕྲོ་བས་ཀུན་ནས་བརྒྱན་ཅིང་བརྗིད་ཆགས་པར་གནས་ཡོད། གཙུག་ལག་ཁང་འདིར་ཇོ་ཁང་གཙོ་བོར་བྱས་པའི་ལྷ་ཁང་བཅུ་ཕྲག་གཉིས་ལྷག་གི་ནང་། ལི་མ་དང་གསེར་ཟངས། འཇིམ་པ་ལ་སོགས་པའི་སྐུ་བརྙན་ཆེ་ཆུང་སྣ་ཚོགས་དང་། སྟེང་ཤོད་བར་གསུམ་ཁྱམས་ར་དང་བཅས་པར་གཞི་རྒྱ་ཆེ་བའི་ལྡེབས་རིས་རྣམ་པ་སྣ་ཚོགས་བཅས་ཀྱི་བྱུར་བུར་གཏམས་ཤིང་མདོར་ན་གཙུག་ལག་ཁང་འདིའི་ཕྱི་ནང་འཆར་བཀོད་དང་། ལག་ཤེས་བཟོ་རྩལ། རིག་གནས་སྒྱུ་རྩལ་གྱི་ཁྱབ་ཁོངས་སོགས་གང་གི་ཆ་ནས་བལྟས་རུང་། རང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ངོ་མཚར་ཅན་མང་པོ་གསལ་ལེར་མཚོན་ཡོད་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཕུལ་བྱུང་རིག་གནས་འགའ་ཞིག་ཀྱང་ཟུང་འབྲེལ་བྱས་ཏེ་གཙུག་ལག་ཁང་དེ་ཉིད་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད།
          གཙུག་ལག་ཁང་འདི་ཉིད་ལོ་རྒྱུས་ཀྱི་དུས་རིམ་མང་པོའི་ནང་ཉམས་གསོ་རྒྱ་བསྐྱེད་ཐེངས་མང་བྱས་མཐར་ད་ཡོད་ཀྱི་གཞི་ཁྱོན་འདི་ཆགས་པ་དང་། ཁྱད་པར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་དུས་སྤྱི་ལོ་༡༦༤༢—༡༦༧༣བར་ཉམས་གསོ་རྒྱ་བསྐྱེད་ཤུགས་ཆེ་ཞིག་གནང་བ་མ་ཟད་གཙུག་ལག་ཁང་གི་དཀར་ཆག་《ཤེལ་དཀར་མེ་ལོང་》ཞེས་པ་ལྗགས་རྩོམ་མཛད་ཡོད་པ་ད་ལྟ་ཡང་མཇལ་རྒྱུ་ཡོད་དོ། ། 
                              

                                       《 ལྷ་སའི་དགོན་ཐོ།》བཤུས།

 

 གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།