འབྲས་སྤུངས་དགོན།

    སྤེལ་དུས།  2015-12-06 12:45:03         ཀློག་ཐེངས།  

འབྲས་སྤུངས་དགོན.jpg

         དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་འདི་ནི་གྲོང་ཁྱེར་ལྷ་སའི་ནུབ་ངོས་མཚམས་ཀྱི་རི་འདབས་སུ་ཆགས་ཡོད།

       དེ་ནི་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ཡ་རྒྱལ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་(སྤྱི་ལོ་༡༣༧༩—༡༤༤༩)གྱིས་སྤྱི་ལོ་༡༤༡༦ལོར་ཕྱག་བཏབ།དེ་ཡང་རྒྱལ་རི་དགེ་མཁར་རྒྱུ་སྐར་བཀྲ་བ་ལྟ་བུའི་དབུས་སུ་འབྲས་ས་ལུ་སྲུངས་པ་དང་གཉིས་སུ་མེད་པའི་ཁྱད་ཆོས་ལྡན་པའི་དགོན་པ་འདི་གསེར་འོད་རབ་ཏུ་འཕྲོ་བའི་རྒྱ་ཕིབས་དང་།གཉྫི་ར།གདུགས།རྒྱལ་མཚན་གྱིས་བརྒྱན་པ།འདུ་ཁང་།གཙང་ཁང་།གཙུག་ལག་ཁང་རྣམས་མཐོ་ཞིང་བརྗིད་ཆགས་པ།གྲྭ་སྤྱིལ་རྣམས་རྡོ་ཐལ་དཀར་པོས་མཛེས་པར་སྤྲས་ཤིང་།གཞི་རྒྱ་ཆེ་ལ་ཁོར་ཡུག་ལྕགས་རིས་ཡོངས་སུ་བསྐོར་བ་ཞིག་ཡོད།དེ་ལྟར་ཆོས་སྡེ་ཆེན་པོ་འདི་ཐོག་མར་གཞི་བཙུགས་པ་ནས་བཟུང་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་མཛད་དེ་ཚོགས་ཆེན་འདུ་ཁང་དང་།སྔགས་ཁང་རྟེན་དང་བརྟེན་པ་བཅས་པ་དང་གྲྭ་སྤྱི་ལ་སོགས་མང་དུ་བསྐྲུན།

      ཆོས་སྡེ་ཆེན་པོ་འདིའི་སྐུ་གསུང་ཐུགས་ཀྱི་རྟེན་བཞུགས་ཚུལ་རགས་རིམ་ཞིག་བརྗོད་ན།ཐོག་མར་འདུ་ཁང་ཆེན་པོའི་རྒྱབ་ཏུ་འཇམ་དབྱངས་ཆོས་རྗེའི་ཐོག་མའི་བཞུགས་ཡུལ་རབ་གཤོང་སྤྱི་ལ་བུ་དང་།དེའི་འགྲམ་དུ་ཐོག་མའི་དགེ་འདུན་བདུན་གྱི་འདུ་ཁང་།(ད་ལྟ་འཇམ་དབྱང་ལྷ་ཁང་དུ་གྲགས་)དུ་རྟེན་གཙོ་འཇམ་དབྱངས་རིམ་བྱོན་གྱི་སྐུ་བརྙན་ཡོད་པ་དང་།ལྷ་ཁང་དེའི་མདུན་ཕྱོགས་སུ་གཞིས་ཀ་སྣེའུ་དཔོན་ནམ་མཁའ་བཟང་ཁུ་དབོན་གྱིས་ཐོག་མའི་སྦྱིན་བདག་མཛད་ནས་བཞེངས་པའི་འདུ་ཁང་དང་།དེའི་དྲི་གཙང་ཁང་གསུམ་ནང་རྟེན་དང་བཅས་ཡོད་པའི་གཙང་ཁང་དབུས་མའི་ནང་དུ་དུས་གསུམ་སངས་རྒྱས་ཀྱི་གསེར་སྐུ་ལ་བྱང་སེམས་ཉེ་བའི་སྲས་བརྒྱད་ཀྱིས་བསྐོར་བ་བཞུགས་པ་དང་།རྗེ་རིན་པོ་ཆེའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཐིག་ཚད་མ་དང་།འཇམ་དབྱངས་ཆོས་རྗེའི་སྐུ་བརྙན།ཏྰ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་སྐུ་བརྙན་རྣམས་བཞུགས།ཚོགས་ཆེན་འདུ་ཁང་གི་ཡང་ཐོད་བྱམས་ཁང་རྙིང་ཁར་རྒྱལ་བའི་མི་ཕམ་པ་དགུང་བརྒྱད་པའི་ཚད།སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ་ལོངས་སྐུའི་ཆ་ལུགས་ཅན་བཞུགས།དེའི་ནང་རྟེན་དུ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་དབུ་ལོ་དང་།འཕགས་པ་ཐོག་མེད་ཀྱི་དབུ་ལོ་དང་།སྤྱན་རས་གཟིགས་ཁ་སརྤ་ཎིའི་སྐུ་བརྙན་རྒྱ་གར་མ།མགུལ་དུ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོར་ཀླུའི་རྒྱལ་པོས་ཕུལ་བར་གྲགས་པའི་དུང་དཀར་གཡས་འཁྱིལ་གསུམ་འབྲེལ་རྟེན་འབྲེལ་སྙིང་པོས་བརྒྱན་པ་ངོ་མཚར་ཅན།ཐུགས་ཀར་རྒྱལ་པོ་གཞོན་ནུ་དོན་གྲུབ་ཀྱི་དབུ་རྒྱན་དང་།ཤེལ་སྒ་རིན་ཆེན་སྤུངས་པ་མཁའ་འགྲོ་བྱེ་བ་འབུམ་གྱི་དབུ་སྐྲ་ཉག་མར་རེ་རེ་ལས་གྲུབ་པའི་ཞྭ་ནག་གསེར་གདོང་མ།ཇོ་བོ་ཆེན་པོའི་སྟག་གི་བཞུགས་གདན་སྤོས་ཀྱིས་བགོས་པ།དཔལ་ནཱ་རོ་པའི་གདུགས་དཀར་གསེར་གྱི་ཡུ་བ་ཅན་མར་པ་ལ་བསྩལ་བ།མི་ལ་བཞད་པ་རྡོ་རྗེའི་ཟྭའི་ཁོག་མ།གེ་སར་རྒྱལ་པོའི་འཁོར་གསུམ་སག་ཐག་རྗེ་ཙོང་ཁ་པ་ཆེན་པོའི་ན་བཟའ་ཆ་ཚང་།འཕགས་པ་ཐོགས་མེད་ཀྱི་སྐུ་ཆོས།རྣམ་སྲས་མདུང་དམར་ཅན་གྱི་མདུང་།གཟུངས་ཆེན་སྡེ་ལྔ་ལ་སོགས་པ་གསེར་ཟངས་སྦྱངས་མཚོ་མས་བྲིས་པ་སོགས་ཆོས་སྐུའི་རིང་བསྲེལ་མང་དུ་བཞུགས་པ་བཅས་སྲིད་ཞིའི་དགེ་ལེགས་ཀྱི་དངོས་པོ་ཐམས་ཅད་གཅིག་ཏུ་སྤུངས་པ་འདི་ལ་རྗེ་བདག་ཉིད་ཆེན་པོས་རབ་གནས་མཛད་དེ་སྐྱེ་རྒུ་ཀུན་གྱིས་མཐོང་བ་ཙམ་དུ་གྲོལ་བས་བྱམས་པ་མཐོང་གྲོལ་མ་ཞེས་མཚན་གསོལ།
         འཁྲུངས་རབས་ལྷ་ཁང་དུ་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་བརྙན་གྱིས་གཙོ་བོར་མཛད་པའི་གདན་ས་འདིའི་མཁན་ཆེན་འཇམ་དབྱངས་གདའ་བའི་བློ་གྲོས་ཀྱིས་བཀོད་པ་མཛད་ནས་སྣེའུ་གདོང་ནས་སྦྱིན་བདག་གནང་སྟེ་བཞེངས་པའི་རྒྱལ་བ་བྱམས་པ་མགོན་པོ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་སྨན་འཇིམ་་ལས་གྲུབ་པའ་བཞུགས་འདི་ཁང་ལྷ་ཁང་ནུབ་ཀྱི་ལྷ་ཁང་ནང་ཀླུ་འབུམ་མཆོད་རྟེན་གཉིས་བཞུགས་ཡོད་པས་དེ་གཉིས་ནི་ཏྰ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐུ་གདུང་དང་།སྐུ་ཕྲེང་བཞི་བ་ཡོན་ཏན་རྒྱ་མཚོའི་སྐུ་གདུང་ཡིན་ཅིང་ལོ་ལྟར་བོད་ཟླ་བདུན་པའི་ཚེས་བརྒྱད་ཉིས་འབྲས་སྤུངས་ཀླུ་འབུམ་དུས་ཆེན་ཞེས་སྐུ་ཕྲེང་བཞི་བ་ཡོན་ཏན་རྒྱ་མཚོའི་སྐུ་གདུང་འབུམ་དུས་ཆེན་ཞེས་སྐུ་གདུང་དེ་གཉིས་ལ་ཆོས་མཇལ་ཞུ་བར་གཏོང་གི་ཡོད།སྤྱིར་སྐུ་གདུང་མཆོད་རྟེན་ལ་སྐུ་འབུམ་ཞེས་བརྗོད་སྲོལ་ཡོད་པ་ལྟར་སྐུ་འབུམ་ཞེས་པའི་སྒྲ་ཉམས་ནས་ཀླུ་འབུམ་ཞེས་བརྗོད་པ་ངག་རྒྱུད་དུ་དུ་གྲགས།ནུབ་ཀྱི་གཙང་ཁང་དུ་འཇམ་དབྱངས་ཆོས་རྗེ་ཉིད་ཀྱིས་བཞེངས་པའི་དུས་གསུམ་སངས་རྒྱས་ལ་ཉེ་བའི་སྲས་ཆེན་བརྒྱད་དང་།ཁྲོ་བོ་གཉིས་བཅས་ཀྱིས་བསྐོར་བ་གསེར་ཟངས་ལས་གྲུབ་པའི་རྗེ་བླ་མའི་འཇམ་དབྱང་ཀྱི་སྐུ་ཐོག་མ་ཚད་མ།གདུགས་དཀར་ཕྱག་སྟོང་།དབུས་སུ་འཇམ་དབྱངས་ཆོས་རྗེའི་སྐུ་བརྙན་དྲོད་རྟ་རྔ་ཙམ་ལྡན་པ།ཐུབ་པའི་གནས་བརྟན་བཅུ་དྲུགརྒྱལ་ཆེན་བཞི་བཅས་དང་།ལྡེབས་བྲིས་སུ་རྟོགས་དཔག་བསམ་འཁྲི་ཤིང་དང་།ཡི་དམ་ཆོས་སྐྱོང་སྲུང་མས་སྐོར་བ་བཅས་བཞུགསཇོ་བོ་ལྷ་ཁང་དུ་རྟེན་གྱི་གཙོ་བོ་རིན་པོ་ཆེའི་དངུལ་སྐུ་སྲིད་ཞིའི་འཇིགས་སྐྱོབ་མར་གྲགས་པ་བཞུགས།
         གནས་བཅུ་ལྷ་ཁང་དུ་སྐུ་རྒྱུ་བྱང་ཆུབ་ཤིང་ལས་གྲུབ་པའི་ཐུབ་དབང་གཙོ་འཁོར་དང་།གཞན་རྣམས་ཙནྡ་དཀར་པོ་ལ་གྲུབ་པ་བཞུགས་བཀའ་འགྱུར་ལྷ་ཁང་དུ་གོང་པ་ལྔ་པ་ཆེན་པོས་བཀའ་གནས་བ་ལྟར་སྡེ་སྲིད་བློ་བཟང་མཐུ་སྟོབས་ཀྱིས་མཐིང་ཤོག་ལ་གསེར་བཙོ་མ་འབའ་ཞིག་གིས་བཞེངས་ཤིང་།ཙནྡན་གྱི་གླེགས་ཤིང་གདོང་བརྐོས་བ་སོ་ལ་པ་ཊའི་རིས་དང་ཆོས་ཐད་ཆོས་ཆབ་སོགས་རྒྱུ་དང་བཀོད་པས་མཛེས་པར་ལྔ་པ་ཆེན་པོས་རབ་གནས་མཛད་པ་བཀའ་འགྱུར་འཛམ་གླིང་གཡས་བཞག་ཏུ་གྲགས་པ་སོགས་བཞུགས།སྐལ་བཟང་ལྷ་ཁང་ནང་སངས་རྒྱས་སྟོང་གི་སྐུ་བརྙན་ཟི་ཁྱིམ་སྐུ་ཤ་གྲང་གསེར་གསོལ་བ་ལྔ་ཆེན་པོས་རབ་གནས་མཛད་པ་བཞུགས།ཆོས་སྡེ་འདི་ཡི་ནང་རྟེན་གྱི་གཙོ་བོ་ནི་ཙོང་ཁ་པས་འགོག་པ་རི་ལས་གཏེར་ནས་བཞེངས་པར་གྲགས་པའི་དུང་དཀར་དེ་ཡིན།
         སྔགས་ཁང་དུ་རྟེན་གཙོ་བོ་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པ།མཐའ་སྐོར་དུ་ནག་པོ་སྐོར་གུམ་དང་།རྣམ་སྲས་འཕྲིན་ལས་རྒྱལ་པོ།རྒྱལ་མཆོག་ལྔ་པའི་སྐུ་འདྲ་སོགས་བཞུགས།འདུ་ཁང་ནས་རྒྱ་ཆེན་སྤྱོད་བརྒྱུད་དང་།ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ།འདུ་ཁང་སྟེང་དུ་བདེ་མཆོགའཇིགས་བྱེད།སྨན་བླ་བཅས་ཀྱི་བློས་བསླངས་དཀྱིལ་འཁོར་བཅས་བཞུགས།རྗེས་སུ་སློབ་དཔོན་རྒྱལ་མཚན་ཚུལ་ཁྲིམས་ཀྱིས་འདིར་སྔགས་པ་གྲྭ་ཚང་བཙུགས།བློ་གསལ་གླིང་གྲྭ་ཚང་ནི་སློབ་དཔོན་ལེགས་ལྡན་པས་ཕྱག་བཏབ།གཙང་ཁང་ནང་རྟེན་གཙོ་རྒྱལ་བ་བྱམས་པ་དང་།འཕགས་པའི་གནས་བརྟན་བཅུ་དྲུགགསེར་ཟངས་ཀྱི་ཚེ་དཔག་མེད་སྟོང་སྐུ།པཎ་ཆེན་བསོད་གྲགས་ཀྱི་འདྲ་སྐུ།རྒྱལ་པོ་མཁྱེན་རབ་དབང་ཕྱུག་གི་དངུལ་གདུང་ཕྲ་རྒྱན་ཕུན་སུམ་ཚོགས་པ་བཅས་དང་།ཐོག་ཁང་དམ་ཆེན་མགར་ནག་སོགས་སྲུང་མའི་མགོན་ཁང་བཅས་བཞུགས།སྒོ་མང་གྲྭ་ཚང་ནི་དྲུང་གྲགས་པ་རིན་ཆེན་གྱིས་ཕྱག་བཏབ།རྟེན་གྱི་གཙོ་བོར་རྒྱལ་བ་མི་འཁྲུགས་པས་གཙོས་དུས་གསུམ་སངས་རྒྱས།གནས་བརྟན་བཅུ་དྲུགརྒྱན་དྲུག་མཆོག་གཉིས།རྗེ་གཟིགས་པ་ལྔ་ལྡན།འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ནས་ལྔ་པ་བར་གྱི་འདྲ་སྐུ།སྒྲོལ་མ་ཉེར་གཅིགརྗེའི་སྟོང་སྐུ།རྒྱལ་པོ་ལགས་ཀྱི་ཐུགས་རྗེའི་ཆེན་པོ་བཅུ་གཅིག་ཞལ་རྡུལ་མི་བཞེས་མཁན་སོགས་བརྟེན་དེ་དག་ཚང་མ་གསེར་ཟངས་འབའ་ཞིག་ལས་གྲུབ་པའོ།།བར་ཐོག་ཏུ་གསེར་ཟངས་ཀྱི་བདེ་གཤེགས་མཆོད་རྟེན་བརྒྱད།སུམ་ཐོག་ཏུ་མགོན་པོ་ཕྱག་དྲུག་པས་གཙོས་སྲུང་མ་མང་པོ་བཞུགས་པའི་མགོན་ཁང་།ཡང་ཐོད་ཏུ་ཐུགས་རྗེ་ཆེན་པོ་དང་སྨན་བླ་བདེ་གཤེགས་བརྒྱད་ཀྱི་ལྷ་ཁང་བཅས་ཡོད།
         བདེ་ཡངས་གྲྭ་ཚང་ནི་ལྕོག་པ་བྱང་ཆུབ་དཔལ་གྱིས་ཕྱག་བཏབ།འདུ་ཁང་དུ་རྗེ་ཡབ་སྲུང་མ་མང་པོའི་མགོན་ཁང་བཅས་ཡོད།འབྲས་སྤུངས་ཕོ་བྲང་ནི་ཐོག་མར་སྣེའུ་དཔོན་གྱིས་བདག་གིར་མཛད་པ་ལས་རྗེས་སུ་རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོར་ཕུལ་ཏེ་དགའ་ལྡན་ཕོ་བྲང་ཞེས་་མཚན་གསོལ།རྒྱལ་མཆོག་ལྔ་པ་ཆེན་པོས་ཉམས་གསོ་མཛད་གནས་དང་།རྗེས་སུ་འབྲས་སྤུངས་ཕོ་བྲང་ཞེས་གྲགས།དགོན་པ་འདིར་བློ་བཟང་རྒྱལ་མ་གཉིས་པའི་རྗེས་འཇུག་པ་དང་།བསྟན་པའི་སྦྱིན་བདག་བཅས་ནས་ཡར་རྒྱས་གོང་འཕེལ་བཏང་ཚུལ་ནི།རྒྱལ་མཆོག་ལྔ་པ་ཆེན་པོ་དང་།སྡེ་སྲིད་བསོད་ནམས་རབ་བརྟན།སྡེ་སྲིད་བློ་བཟང་མཐུ་སྟོབས།ལྷ་བཟང་།ཕོ་ལྷ་མི་དབང་།རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་བཅས་ནས་མཐུན་རྐྱེན་སྦྱར་ཏེ་སྔ་རྗེས་སུ་ཚོགས་ཆེན་འདི་ཁང་རྒྱ་སྐྱེད་ཀྱིས་ཀ་པ་བརྒྱ་དང་བརྒྱད་ཅུར་བསྐྲུན་པ།འབྲས་སྤུངས་ཕོ་བྲང་རྒྱ་སྐྱེད་དང་ཐོག་འཕར་བསྐྱོན་པ་བཅས་ཡར་རྒྱས་ཕུན་སུམ་ཚོགས་པ་བྱུང་ཡོད།གདན་ས་འདིར་ཚོགས་ཆེན་དང་དངོས་ཡོད་གྲྭ་ཡང་བཞི་﹙བློ་གསལ་གླིང་སྒོ་མང་﹚(བདེ་ཡངས་)(སྔགས་པ་གྲྭ་ཚང་)ལ་ཁམས་ཚད་ལྔ་བཅུ་ང་བཞི་བཅས་ལ་ཡུལ་སོ་སོ་ཐོབ་ཁོངས་ཀྱིས་རྒྱ་བོད་ཧོར་གསུམ་ནས་སློབ་གཉེར་གྲྭ་རྒྱུན་མང་དག་དག་འདུས་གཤིས།སྤྱིར་བཏང་འབྲས་སྤུངས་བདུན་སྟོང་བདུན་བརྒྱ་ཞེས་བརྗོད་སྲོལ་ཡོད་ཀྱང་སྤྱི་ལོའི་དུས་རབས་ཉི་ཤུའི་ནས་གྲྭ་གྲངས་མང་ཤོས་ཀྱི་སྐབས་སུ་སྒྲིག་བཞུགས་དགེ་འདུན་ཞལ་གྲངས་དགུ་སྟོང་ལྷག་ཙམ་ཡོད།ད་ཡོད་གྲྭ་ཚང་བཞི་ལས་སྔགས་པ་གྲྭ་ཚང་ཕུད་གཞན་མཚན་ཉིད་གྲྭ་ཚང་གསུམ་ནས་ཐུན་མོང་དུ་རྗེ་ཡབ་སྲས་གསུམ་གྱི་ཡིག་ཆར་འཆད་ཉན་གནང་བ་འདྲ་ནའང་ནང་གསེས་གྲྭ་ཚང་སོ་སོའི་འཆད་ཉན་ཡིག་ཆ་ཅུང་མི་འདྲ་བ་ཡོད་པ་དཔེར་ན་བློ་གསལ་གླིང་གྲྭ་ཚང་གིས་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་དང་།སྒོ་མང་གྲྭ་ཚང་གིས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ།བདེ་ཡང་གྲྭ་ཚང་གིས་ཏཱལའི་བླ་མ་སྐུ་ཕྲེང་ལྔ་པའི་ཡིག་ཆའི་སྟེང་འཆད་ཉན་གནང་གི་ཡོད་པ་ལྟ་བུའོ།།
         དགོན་པ་འདི་ནི་ཕྱིའིབཀོད་པ་མཛེས་ལ་ནང་བཞུགས་སྐུ་གསུང་ཐུགས་རྟེན་རྣམས་ངོ་མཚར་ཁྱད་དུ་འཕགས་པས་བོད་ཀྱི་གདན་ས་ཆེན་པོ་བཞིའི་ནང་ནས་གཞི་རྒྱ་ཆེ་ཤོས་ཤིག་ཡིན།དགོན་གནས་འདི་ནི་རྒྱལ་ཁབ་ཀྱི་གཙོ་གནད་རིགས་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་ཤིག་ཡིས་པས་རྒྱལ་ཁབ་ཕྱི་ནང་གི་དད་ལྡན་སྐྱེ་བོ་རྣམས་དང་།ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མི་ཀུན་གྱིས་གནས་མཇལ་ཞུ་ཡུལ་རྩ་ཆེན་ཞིག་ཡིན།

བརྒྱུད་འགོད།