གྲུབ་མཐའི་རྣམ་བཞག་བློ་གསལ་གསར་བའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-02-28 09:30:17     རྩོམ་པ་པོ།   གུང་ཐང་བསྟན་པའི་སྒྲོན་མེ།     ཀློག་ཐེངས།  

༄༅། །    ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ།       དེ་ལ་འདིར་རང་སྡེ་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་འདོད་ཚུལ་ཅུང་ཟད་འཆད་པ་ལ་བཞི། བྱེ་བྲག་སྨྲ་བ། མདོ་སྡེ་བ།  སེམས་ཙམ་པ། དབུ་མ་བ་དང་བཞི། 

           དང་པོ་བྱེ་བྲག་སྨྲ་བའི་ལུགས། 

དང་པོ་བྱེ་བྲག་སྨྲ་བའི་ལུགས་ཀྱི་བདག་མེད་ཕྲ་རག་བཤད་པ་ལ་གཉིས།  བདག་མེད་ཕྲ་མོ་བཤད་པ་དང་།  བདག་མེད་རགས་པ་བཤད་པའོ། །    དང་པོ་བདག་མེད་ཕྲ་མོ་ཡོད་དེ།  གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་གྲུབ་པས་སྟོང་བ་དེ་དེ་ཡིན་པའི་ཕྱིར།  བདག་མེད་ཕྲ་མོ་དང་།  གང་ཟག་གི་བདག་མེད་ཕྲ་མོ་གཉིས་དོན་གཅིག  ཆོས་ཀྱི་བདག་མེད་ཕྲ་རགས་དང་།  ཆོས་ཀྱི་བདག་འཛིན་ཕྲ་རགས་ཀྱི་རྣམ་བཞག་མིང་ཙམ་ཡང་མི་འདོད་དོ། །  སྤྱིར་བདག་འཛིན་དང་།  གང་ཟག་གི་བདག་འཛིན་གཉིས་དོན་གཅིག     གཞི་གྲུབ་ན་ཁྱོད་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་གྲུབ་པས་སྟོང་བ་དེ་ཁྱོད་ཀྱི་སྟེང་གི་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པས་ཁྱབ་ཅིང་།  ཁྱོད་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པའི་བློ་དེ།  ཁྱོད་ཀྱི་སྟེང་གི་བདག་འཛིན་ཕྲ་མོ་ཡིན་པས་ཁྱབ་པས་སོ། །   གཉིས་པ་བདག་མེད་རགས་པ་ཡོད་དེ།  རྟག་གཅིག་རང་དབང་ཅན་གྱི་གྲུབ་པས་སྟོང་བ་དེ་དེ་ཡིན་པའི་ཕྱིར།  བདག་འཛིན་རགས་པ་ཡོད་དེ།  རྟག་གཅིག་རང་དབང་ཅན་གྱིས་གྲུབ་པར་འཛིན་པའི་བློ་དེ་དེ་ཡིན་པའི་ཕྱིར།  བདག་འཛིན་རགས་པ་ཡིན་ན།  བདག་འཛིན་མ་ཡིན་པའི་ཁྱབ་པས་སོ། ། བདག་འཛིན་རགས་པ་དང་། གང་ཟག་གི་བདག་འཛིན་རགས་པ་དོན་གཅིག  བདག་མེད་རགས་པ་དང་། གང་ཟག་གི་བདག་མེད་རགས་པ་ཡང་དོན་གཅིག་ལ།  དེ་བཞིན་དུ་ཐམས་ཅད་ཀྱི་བདག་མེད་ཕྲ་རགས་ཐམས་ཅད་ལ་་སྦྱོར་བར་ཤེས་པར་བྱའོ། །  རྟག་གཅིག་རང་དབང་ཅན་གྱི་བདག་ལ་ཁྱད་ཆོས་གསུམ་ལྡན་གྱི་བདག་ཟེར་བ་ཡིན་ཏེ།  {འཇུག་པ་ལས། }ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། ། ཞེས་པ་ནས།  མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། ཞེས་གསུངས་པ་ལྟར་རོ། །    དེ་ཡང་ཁྱད་ཆོས་གསུམ་ནི།    བདག་རྟག་པ་བ།  ཆ་ཤས་མེད་པའི་གཅིག་བུ་བ།   རྒྱུ་མཚན་གང་ལ་ཡང་མི་ལྟོས་པར་རང་དབང་ཅན་ཡིན་པ་གསུམ་ལ་འདོད་དོ། །   མུ་སྟེགས་ཕྱི་རོལ་བས་གང་ཟག་གམ་བདག་དེ་གསུམ་མིན་བཞིན་དུ་ཡིན་པར་སྒྲོ་བཏགས་པ་ཁོ་ན་ཡིན་ཀྱང་།  ནང་བ་སངས་རྒྱས་པ་སུས་ཀྱང་མི་འདོད་དོ།  ། གཞི་གྲུབ་ན།  ཁྱོད་རྟག་གཅིག་རང་དབང་ཅན་གྱི་གྲུབ་པས་སྟོང་བ་དེ།  ཁྱོད་ཀྱི་སྟེང་གི་བདག་མེད་རགས་པ་ཡིན་པས་ཁྱབ་ཅིང་།  ཁྱོད་རྟག་གཅིག་རང་དབང་ཅན་དུ་གྲུབ་པར་འཛིན་པའི་བློ་དེ།  ཁྱོད་ཀྱི་སྟེང་གི་བདག་འཛིན་རགས་པ་ཡིན་པས་ཁྱབ་པས་སོ། །   ཐལ་འགྱུར་བ་མ་གཏོགས། རང་རྒྱུད་པ།   སེམས་ཙམ་པ།  མདོ་སྡེ་བ།  བྱེ་བྲག་སྨྲ་བ་བཞི་ཀའི་གང་ཟག་གི་བདག་འཛིན་ཕྲ་རགས་འཇོག་ཚུལ་འདྲའོ། ། 

ཐལ་འགྱུར་བ་སེམས་ཙམ་པ་མདོ་སྡེ་བ་གསུམ་ཀའི་ལུགས་ལ་གང་ཟག་གི་བདག་མེད་ཕྲ་མོ་སྟོང་ཉིད་དུ་འདོད་དོ། །  ལམ་གྱི་དབང་དུ་བྱས་ན།   ས་བཅུའི་རྣམ་བཞག་མི་འཐད་ཅིང་།  ཡུམ་རྒྱས་འབྲིང་བསྡུས་གསུམ་བཀར་ཁས་བླངས་པ་མ་ཡིན་ནོ། །  ཐེག་པ་གསུམ་ཀའི་སྤང་བྱ་སྤོང་ཚུལ་གྱི་དབང་དུ་བྱས་ན།  ཉན་ཐོས་རང་རྒྱུད་བྱང་སེམས་གསུམ་གའི་སྤང་བྱ་སྤོང་ཚུལ་གྱི་ཁྱད་པར་མེད་ལ།   དེ་གསུམ་ཀས་གང་ཟག་གི་བདག་འཛིན་དང་།  ཉོན་མོངས་ཡང་སྤང་བྱའི་གཙོ་བོར་བྱེད་པ་ཡང་འདྲ་ཞིང་།  གང་ཟག་གི་བདག་མེད་ཕྲ་མོ་བསྒོམ་བྱའི་གཙོ་བོར་བྱེད་པ་ཡང་འདྲའོ། །  དེས་ན་གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་དེ་ཐེག་པ་གསུམ་ཀའི་རྟོགས་རིགས་སུ་འདོད་དོ། ། ཐེག་པ་གསུམ་གྲངས་པ་ན།  ཉན་ཐོས་ཀྱི་ཐེག་པ།  རང་རྒྱལ་གྱི་ཐེག་པ།  བྱང་སེམས་དང་སངས་རྒྱས་ཀྱི་ཐེག་པ་གཅིག་དུ་བགྲངས་ན་ཐེག་པ་གསུམ་དུ་འདོད་དོ། །   ཐེག་ཆེན་གྱི་ཐེག་པ་ནམ་མཁའི་པདྨོ་ལྟར་མེད་པར་འདོད་དོ། །    དེ་ཡང་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་ཕྱིན་ཆད།  རང་རྒྱལ་གྱི་ཐེག་པ།  བྱང་སེམས་ཀྱི་ཐེག་པ་གང་ལ་ཡང་འཇུག་པ་མི་སྲིད་དོ། ། རང་རྒྱལ་དགྲ་བཅོམ་པའི་གོ་འཕང་ཐོབ་ཕྱིན་ཆད།   ཐེག་པ་གཞན་གང་ལ་ཡང་འཇུག་པ་མི་སྲིད་དོ། །  དེ་ཡང་ལུགས་འདི་ལ་མཚན་ཉིད་གསུམ་གྱི་རྣམ་བཞག་མི་འཐད་ཟེར་བ་མང་ཡང་ཁུངས་མ་མཐོང་ངོ་། །  འོན་ཀྱང་རྟོག་པས་བཏགས་ཙམ་འདོད་དོ། །     རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཆོས་ཐམས་ཅད་རྟོག་པའི་བཏགས་ཙམ་དུ་ཁས་ལེན་ནོ།   དེ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་།  འདུས་བྱས་རྣམས་དོན་གཅིག་ཏུ་འདོད་ལ།  རྟག་པ་གང་ཡིན་པ་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་དོ། །  དེ་ཡང་ལུགས་འདི་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་།  རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་གཉིས་ལ་ཁྱད་པར་མི་བྱེད་པར་ཡིན་ཁྱབ་མཉམ་དུ་འདོད་དོ། ། འོ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་།  རང་གི་གནས་ཚོད་ཀྱིས་དབང་གིས་གྲུབ་པ་གཉིས་ལ་ཁྱད་པར་མི་བྱེད་དམ་ཞེ་ན་ཡོད་དེ།   ལུགས་འདི་ལ་རང་གི་གནས་ཚོད་ཀྱིས་དབང་གིས་གྲུབ་པ་དང་། རང་གི་གནས་ལུགས་ཀྱིས་དབང་གིས་གྲུབ་པ།

རང་བཞིན་གྱིས་གྲུབ་པ།  རང་ངོས་ནས་གྲུབ་པ།   རང་གི་གདགས་གཞིའི་ངོས་ནས་གྲུབ་པ།  ཕྱི་རོལ་དོན་དུ་གྲུབ་པ།  རང་འཛིན་རྟོག་པའི་ཞེན་གཞིར་རང་གི་གནས་ཚོད་ཀྱིས་དབང་གིས་་གྲུབ་པ། གཞི་གྲུབ་རྣམས་ཕན་ཚུན་ཡིན་ཁྱབ་མཉམ་དང་ཁྱབ་ཆེ་ཆུང་མེད་པར་འདོད་ལ།  རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི།  འདུས་བྱས་མ་ཡིན་པ་ལ་མེད་པར་འདོད་དོ། ། དེ་ཡང་གཞི་གྲུབ་ཚད་དངོས་པོར་འདོད་ལ།  སྒྲིབ་གཉིས་ཀྱི་ནང་ནས་ཤེས་སྒྲིབ་མེད་པར་འདོད་པར་གྲགས་ཀྱི་གཞུང་འགའ་ཞིག་ན་ཡོད་པར་བཤད་དོ། ། དགག་པ་ལ་མ་ཡིན་དགག་གིས་ཁྱབ་པར་འདོད་ཅིང་།  མེད་དགག་མེད་པར་འདོད་དོ། །  སྟོང་ཉིད་མེད་པར་འདོད་ཞེེས་ཡོངས་སུ་གྲགས་ཀྱང་ཤེས་བྱེད་མ་མཐོང་ངོ་། །  བྱེ་བྲག་སྨྲ་བ་ལ་ཅིའི་ཕྱིར་ཉན་ཐོས་སྡེ་བ་ཞེས་བྱ་ཞེ་ན།  ཉན་ཐོས་ཀྱི་ཐེག་པ་མཐར་ཐུག་འདོད་ཅིང་།   ཉན་ཐོས་ཀྱི་ལམ་འབྲས་རྣམས་གཙོ་བོར་སྨྲ་བའི་སྡེ་བ་ཡིནཔའི་རྒྱུ་མཚན་གྱིས་སོ། ། དེ་ལ་ཅིའི་ཕྱིར་དོན་སྨྲའི་སྡེ་བ་ཞེས་བྱ་ཞེ་ན།  ཆོས་ཐམས་ཅད་ཕྱི་རོལ་དོན་དུ་གྲུབ་པར་སྨྲ་བས་ན་དེ་ལྟར་བརྗོད་པའི་ཕྱིར།    བྱེ་བྲག་སྨྲ་བའི་ལུགས་བཤད་ཟིན་ཏོ། ། 1

        གཉིས་པ་མདོ་སྡེ་བའི་ལུགས་བཤད་པ་ལ། 

གཉིས་པ་མདོ་སྡེ་བའི་ལུགས་ནི་བྱེ་བྲག་སྨྲ་བ་དང་ཕལ་ཆེར་མཐུན་ནོ། །   འོན་ཀྱང་ཅུང་ཟད་བཤད་ན།  རང་གི་མཚན་ཉིད་ཀྱིས་གྲུབ་པ་དང།  བདེན་གྲུབ་དང་དངོས་པོ་དང་།  དོན་དམ་པར་གྲུབ་པ་དང་།  མངོན་སུམ་གྱི་སྣང་ཡུལ་རྣམས་དོན་གཅིག་ཏུ་འདོད་ལ།  མཚན་ཉིད་གསུམ་གྱི་རྣམ་བཞག་འཐད་དོ། ། མཚན་ཉིད་གསུམ་གྱི་ནང་ནས།   གཞན་དབང་གཅིག་བུ་བདེན་གྲུབ་དང་།   ཀུན་བཏགས་དང་ཡོངས་གྲུབ་གཉིས་བདེན་མེད་དུ་འདོད་དོ། །  འོ་ན་ཡོངས་གྲུབ་བདེན་མེད་ཡིན་ན།  གང་ཟག་གི་བདག་མེད་ཕྲ་མོ་ཡོངས་གྲུབ་དང་།  སྟོང་ཉིད་གཉིས་ཀ་ཡིན་པས།   གང་ཟག་གི་བདག་མེད་ཕྲ་མོ་མངོན་སུམ་གྱི་སྣང་ཡུལ་མ་ཡིན་པར་འགྱུར་རོ། ། དེས་ན་བར་ཆད་མེད་ལམ་གྱི་སྣང་ཡུལ་མ་ཡིན་པར་འགྱུར་བས།   བར་ཆད་མེད་ལམ་གྱི་དངོས་གཞལ་འཇོག་མི་ཐུབ་སྙམ་ལ།  དེའི་སྐྱོན་མེད་དེ།    མདོ་སྡེ་བའི་ལུགས་འདི་ལ་གང་ཟག་གི་བདག་མེད་ཕྲ་མོ་དེ།  ཐེག་པ་གསུམ་གའི་བར་ཆད་མེད་ལམ་གྱི་ཤུགས་གཞལ་དང་།  གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་ཐེག་པ་གསུམ་གའི་བར་ཆད་མེད་ལམ་གྱི་དངོས་གཞལ་དང་།    དེའི་སྣང་ཡུལ་དུ་འདོད་པས་ན།  བར་ཆད་མེད་ལམ་གྱི་དངོས་གཞལ་འཇོག་མི་ཐུབ་པའི་སྐྱོན་ཅུང་ཟད་ཅང་མེད་དོ། །    དེ་ནི་མདོ་སྡེ་ལུགས་ཀྱི་ཁྱད་པར་ཡིན་ལ།   སེམས་ཙམ་པ།  རང་རྒྱུད་པ།  ཐལ་འགྱུར་བ་གསུམ་གྱིས་བར་ཆད་མེད་ལམ་གྱི་ཤུགས་གཞལ་མེད་པར་འདོད་ཅིང་།  བར་ཆད་མེད་ལམ་གྱི་གཞལ་བྱ་བ་བདག་མེད་ཕྲ་མོ་ངེས་ཅན་དུ་དགོས་པར་འདོད་དོ།  མདོ་སྡེ་བ་དང་།  བྱེ་བྲག་སྨྲ་བ་གཉིས་ལ་མི་མཐུན་པའི་ཁྱད་པར་ཆེན་པོ་མེད་དོ། །   མདོ་སྡེ་བ་ལ།  ཅིའི་ཕྱིར་མདོ་སྡེ་བ་ཞེས་བྱ་ཞེ་ན།  མདོ་སྡེ་རྣམས་ཀྱི་རྗེས་སུ་འབྲང་ནས་སྨྲ་བས་སམ།  མདོ་སྡེ་རྣམས་ཚད་མར་བཟུང་ནས་སྨྲ་བས་ན། ཚད་མ་བ་དང་།  མདོ་སྡེའི་དོན་དཔེས་བཤད་པའི་སྒོ་ནས་སྨྲ་བས་ན།   དཔེ་སྟོན་པ་ཞེས་ཀྱང་བྱའོ། ། མདོ་སྡེ་ལུགས་ཅུང་ཟད་བཤད་ཟིན་ཏོ། །    2

སེམས་ཙམ་པའི་ལུགས་བཤད་པ་ལ། 

གང་ཟག་གི་བདག་མེད་ཕྲ་རགས་དང་། གང་ཟག་གི་བདག་འཛིན་ཕྲ་རགས་ནི་བྱེ་མདོ་གཉིས་དང་མཐུན་པས་སྔར་བཤད་པ་ལྟར་རོ། ། ཅུང་ཟད་མི་མཐུན་པའི་ཁྱད་པར་ནི།   གང་ཟག་གི་བདག་མེད་ཕྲ་མོ་སྟོང་ཉིད།  གང་ཟག་གི་བདག་མེད་ཕྲ་མོ་དེ། ཉན་རང་གཉིས་ཀའི་བསྒོམ་བྱའི་གཙོ་བོ་དང་།   སྤང་བྱའི་གཙོ་བོ་ལ་ཁྱད་མི་བྱེད་དེ། གང་ཟག་གི་བདག་འཛིན་དེ་ཉན་རང་གཉིས་ཀའི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར།   ཉན་རང་གཉིས་ཀའི་བར་ཆད་མེད་ལམ་གྱི་གཞལ་བྱ་དང་།  གང་ཟག་གི་བདག་མེད་ཕྲ་མོས་ཁྱབ་པར་འདོད་དོ། ། དེས་ན་གང་ཟག་གི་བདག་མེད་ཕྲ་མོ་རྟོགས་པའི་མཁྱེན་པ་དེ།  ཉན་ཐོས་དང་རང་རྒྱལ་གྱི་རྟོགས་རིགས་གཉིས་ཀར་ཁས་ལེན་ཀྱང་།  ཐེག་ཆེན་གྱི་རྟོགས་རིགས་སུ་ཁས་མི་ལེན་ཏེ།  ཐེག་ཆེན་གང་ཟག་རྣམས་ཀྱིས་གང་ཟག་གི་བདག་མེད་ཕྲ་མོ་བསྒོམ་བྱའི་གཙོ་བོར་མི་བྱེད་པའི་ཕྱིར་རོ།  འོ་ན་ཐེག་ཆེན་གང་ཟག་རྣམས་ཀྱི་སྤང་བྱའི་གཙོ་བོ་གང་ཡིན་ཞེ་ན།   སྒྲིབ་གཉིས་ཀྱི་ནང་ནས་ཤེས་བྱའི་སྒྲིབ་པ་དང་།  གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གཉིས་ཀྱི་ནང་ནས་ཆོས་ཀྱི་བདག་འཛིན་དང་། ཉོན་མོངས་ཀྱི་བག་ཆགས་རྣམས་ཐེག་ཆེན་གང་ཟག་རྣམས་ཀྱི་སྤང་བྱའི་གཙོ་བོ་ཡིན་ལ། ཉོན་སྒྲིབ་དང་།  གང་ཟག་གི་བདག་འཛིན་གཉིས་ནི་ཐེག་དམན་གང་ཟག་རྣམས་ཀྱི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར།  འོ་ན་ཆོས་ཀྱི་བདག་འཛིན་ཕྲ་རགས་ཇི་ལྟར་འཇོག་ཅེ་ན།  ཆོས་ཀྱི་བདག་འཛིན་ཕྲ་མོ་འདི་ལྟ་སྟེ།  རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་དེ།  གཟུང་འཛིན་རྫས་གཞན་དུ་གྲུབ་པའི་འཛིན་པའི་བློ་དང་།  ཕྱི་རོལ་དོན་དུ་གྲུབ་པར་འཛིན་པའི་བློ་རྣམས་ཆོས་ཀྱི་བདག་འཛིན་ཕྲ་མོར་འདོད་དོ། ཆོས་ཀྱི་བདག་འཛིན་རགས་པ་ནི།  རྡུལ་ཕྲ་རབ་ཆ་མེད་ཙམ་དུ་བསགས་པའི་ཕྱི་རོལ་དོན་དུ་ཡོད་པའི་འཛིན་པའི་བློ་རྣམས་འཇོག་གོ།  ཁ་ཅིག་སེམས་ཙམ་པའི་ལུགས་ལ་ཆོས་ཀྱི་བདག་འཛིན་རགས་པ་མེད་པར་འདོད་པ་མི་འཐད་དེ། འདི་ལྟར་ན་ཆོས་ཀྱི་བདག་འཛིན་ཕྲ་མོ་འཇོག་དཀའ་བའི་ཕྱིར་རོ། ། ཆོས་ཀྱི་བདག་མེད་ཕྲ་རགས་གང་ཞེ་ན།   རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་དང་།  གཟུང་འཛིན་གཉིས་སྟོང་དང་།  ཕྱི་རོལ་དོན་སྟོང་རྣམས་ནི་ཆོས་ཀྱི་བདག་མེད་ཕྲ་མོ་དང་། རྡུལ་ཕྲ་རབ་ཆ་མེད་ཙམ་དུ་བསགས་པའི་ཕྱི་རོལ་དོན་གྱིས་སྟོང་བ་དེ་ཆོས་ཀྱི་བདག་མེད་རགས་པར་འདོད་དོ། །  དེས་ན་ཆོས་ཀྱི་བདག་མེད་ཕྲ་མོ་དེ།  ཐེག་ཆེན་གང་ཟག་རྣམས་ཀྱི་བསྒོམ་བྱའི་གཙོ་བོ་དང་།  ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པའི་མཁྱེན་པ་དེ་ཐེག་ཆེན་རྟོགས་རིགས་ཁོ་ན་ཡིན་ནོ། ། ལུགས་འདི་ལ་ཐེག་ཆེན་གྱི་བར་ཆད་མེད་ལམ་དང་ཐེག་ཆེན་རྣམ་གྲོལ་ལམ་གྱི་གཞལ་བྱ་ཆོས་ཀྱི་བདག་མེད་ཕྲ་མོ་ཁོ་ནར་འདོད་དོ། ། ཆོས་ཀྱི་བདག་མེད་ཕྲ་མོ་དེ་སྟོང་ཉིད་དུ་འདོད་ལ། ཆོས་ཀྱི་བདག་མེད་ཕྲ་མོ་དང་།    གང་ཟག་གི་བདག་མེད་ཕྲ་མོ་གཉིས་སྟོང་ཉིད་ཡིན་ཀྱང་།  དེ་གཉིས་འགལ་བར་འདོད་དགོས་སོ། །     མདོར་ན་གཞི་གྲུབ་ན།  ཁྱོད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་དེ། ཁྱོད་ཀྱི་སྟེང་གི་ཆོས་ཀྱི་བདག་འཛིན་ཕྲ་མོ་ཡིན་པའི་ཁྱབ་ཅིང་།  ཁྱོད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་དེ།   ཁྱོད་ཀྱི་སྟེང་གི་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པས་ཁྱབ་པོ། །   དེ་ཡང་མཚན་ཉིད་གསུམ་གྱི་རྣམ་བཞག་འཐད་དམ་ཞེ་ན་འཐད་དེ། གཞན་དབང་ཡོངས་གྲུབ་གཉིས་བདེན་གྲུབ་དང་།  ཀུན་བཏགས་ཀྱི་ཆོས་རྣམས་བདེན་མེད་དུ་འདོད་ཅིང་།  བདེན་གྲུབ་ལ་རྟག་དངོས་ཀྱི་ཆ་བྱེད་དེ།  སྟོང་ཉིད་གང་ཡིན་པ་ཐམས་ཅད་བདེན་གྲུབ་དང་། དོན་དམ་བདེན་པ་དང་།  མཚན་ཉིད་གསུམ་གང་རུང་དུ་ཁས་ལེན་པའི་ཕྱིར་རོ། །  ཀུན་རྫོབ་བདེན་པ་ཅི་ལྟར་འཇོག་ཅེ་ན།  གཞན་དབང་དང་ཀུན་བཏགས་ཀྱི་ཆོས་ཐམས་ཅད་ཀུན་རྫོབ་བདེན་པ་དང་།   བརྫུན་པ་བསླུ་བའི་ཆོས་ལ་འཇོག་དགོས་པའི་ཕྱིར་རོ། ། དེས་ན་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་།  བདེན་གྲུབ་གཉིས་དོན་གཅིག་ཏུ་འདོད་ཀྱང་། རང་བཞིན་གྱིས་གྲུབ་པ་དང་དོན་གཅིག་ཏུ་མི་འདོད་དེ། གཞི་གྲུབ་ན་རང་བཞིན་གྲུབ་པས་ཁྱབ་པའི་ཕྱིར་རོ། ། དེ་ཡང་རང་བཞིན་གྱིས་གྲུབ་པ་དང་། རང་ངོས་ནས་གྲུབ་པ་དང་།  རང་གི་གནས་ཚོད་ཀྱིས་དབང་གིས་གྲུབ་པ་དང་། རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་དང་།  རང་གི་གདགས་གཞིའི་ངོས་ནས་གྲུབ་པ་རྣམས་དོན་གཅིག་ལ།  དེ་དག་རྣམས་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་ནོ། ། དེ་ལྟར་ཡིན་ཀྱང་རང་འཛིན་རྟོག་པའི་ཞེན་གཞིར་རང་བཞིན་གྱིས་གྲུབ་པ་གཞི་མ་གྲུབ་སྟེ།  དེ་དགག་བྱའི་ཆོས་བདག་མེད་ཕྲ་མོ་ཡིན་པའི་ཕྱིར།  རྟོག་པས་གཏགས་པ་ཙམ་དང་།  ཀུན་བཏགས་ལ་ཡོད་མེད་གཉིས་འབྱེད་དེ། དེ་ཡང་གཞན་དབང་དང་།   སྐྱེ་བ་ངོ་བོ་ཉིད་མེད་པ་དོན་གཅིག  ཡོངས་གྲུབ་དང་དོན་དམ་པ་ངོ་བོ་ཉིད་མེད་པ་དོན་གཅིག ཀུན་བཏགས་དང་མཚན་ཉིད་ངོ་བོ་ཉིད་མེད་པ་དོན་གཅིག   དེ་ཡང་སེམས་ཙམ་པ་ལ་གཉིས་ཡོད་དེ།  སེམས་ཙམ་རྣམ་བདེན་པ་དང་། སེམས་ཙམ་རྣམ་རྫུན་པ་གཉིས་ཡོད་པའི་ཕྱིར།  སེམས་ཙམ་རྣམ་བདེན་པ་ལ་གསུམ་ཡོད་དེ།   གཟུང་འཛིན་གྲངས་མཉམ་པ་དང་།  སྒོ་ང་ཕྱེད་ཚལ་བ་དང་།  སྣ་ཚོགས་གཉིས་མེད་པ་དང་གསུམ་ཡོད་པའི་ཕྱིར།   གཟུང་འཛིན་གྲངས་མཉམ་པ་ལ་གཉིས་ཡོད་དེ།  རྣམ་ཤེས་ཚོགས་བརྒྱད་འདོད་པའི་གཟུང་འཛིན་གྲངས་མཉམ་པ་དང་།    རྣམ་ཤེས་ཚོགས་དྲུག་འདོད་པའི་གཟུང་འཛིན་གྲངས་མཉམ་པ་གཉིས་ཡོད་པའི་ཕྱིར། རྣམ་ཤེས་ཚོགས་དྲུག་གྲངས་ཚུལ་ཡོད་དེ། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་དྲུག་ཡོད་པའི་ཕྱིར།   རྣམ་ཤེས་ཚོགས་བརྒྱད་གྲངས་ཚུལ་ཡོད་དེ། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་དྲུག་དང་།  དེའི་སྟེང་དུ་ཉོན་ཡིད་དང་ཀུན་གཞིའི་རྣམ་ཤེས་གཉིས་བསྣན་པས་བརྒྱད་ཡོད་པའི་ཕྱིར།   གཟུང་འཛིན་གྲངས་མཉམ་པའི་མཚན་གཞི་ཡོད་དེ།  ཁྲོ་བོའི་ཚོགས་པ་ན་སྔོ་སེར་སོགས་ཇི་རྙེད་ཡོད་ཀྱང་དེའི་གྲངས་དང་མཉམ་པའི་རྫས་གཅིག་པའི་མིག་ཤེས་དོན་མཐུན་དུ་མ་སྐྱེ་བར་འདོད་པའི་སེམས་ཙམ་པ་དེ་ཡིན་པའི་ཕྱིར།   སྣ་ཚོགས་གཉིས་མེད་པ་ལ་གཉིས་ཡོད་དེ།

རྣམ་ཤེས་ཚོགས་དྲུག་འདོད་པ་དང་།  རྣམ་ཤེས་གཅིག་བུར་འདོད་པ་གཉིས་ཡོད་པའི་ཕྱིར། སྣ་ཚོགས་གཉིས་མེད་པའི་མཚན་གཞི་ཡོད་དེ། ཁྲོ་བོའི་ཚོགས་པ་ན་སྔོ་སེར་ཇི་སྙེད་ཡོད་ཀྱང་དེའི་གྲངས་དང་མཉམ་པའི་མིག་ཤེས་དོན་མཐུན་དུ་མ་མི་སྐྱེ་བར་མིག་ཤེས་གཅིག་ཁོ་ནས་འཛིན་པར་འདོད་པའི་སེམས་ཙམ་པ་དེ་ཡིན་པའི་ཕྱིར།  སྒོ་ང་ཕྱེད་ཚལ་བ་ཡོད་དེ།   སྤྱིར་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་དུ་འདོད་ཀྱང་བྱེ་བྲག་ཏུ། གཟུགས་འཛིན་ཚད་མ་གཟུགས་དང་རྫས་ཐ་དད་དུ་སྨྲ་བས་སེམས་ཙམ་པ་དེ་ཡིན་པའི་ཕྱིར།  དེ་ལ་མི་མཐུན་པ་མང་པོ་ཡོད་དེ།  ཅིའི་ཕྱིར་སེམས་ཙམ་རྣམ་བདེན་པ་ཞེས་བྱ་ཞེ་ན།  སྔོ་འཛིན་དབང་སྔོན་ལ་སྔོན་པོ་སྔོན་པར་སྣང་བ་ལྟར་དུ་བདེན་པར་འདོད་པས་ན་དེ་ལྟར་ཞེས་བྱའོ། ། སེམས་ཙམ་རྣམ་རྫུན་པ་ལ་གཉིས་ཡོད་དེ།  རྣམ་རྫུན་དྲི་བཅས་པ་དང་། རྣམ་རྫུན་དྲི་མེད་པ་གཉིས་ཡོད་པའི་ཕྱིར།  དེ་གཉིས་རེ་རེ་ལ་བཞི་བཞི་ཡོད་དེ།  རྣམ་ཤེས་གཅིག་བུར་སྨྲ་བ་དང་། རྣམ་ཤེས་ཚོགས་དྲུག་སྨྲ་བ་དང་། རྣམ་ཤེས་ཚོགས་བརྒྱད་འདོད་དང་།  རྣམ་ཤེས་ཚོགས་དགུར་འདོད་པ་བཞི་རེ་ཡོད་པའི་ཕྱིར། 3

རྣམ་ཤེས་ཚོགས་དགུ་གྲངས་ཚུལ་ཡོད་དེ།  རྣམ་ཤེས་ཚོགས་བརྒྱད་ཀྱི་སྟེང་དུ་དྲི་མེད་ཀྱི་རྣམ་ཤེས་གཅིག་གྲངས་བས་དགུ་ཡོད་པའི་ཕྱིར། ཅིའི་ཕྱིར་སེམས་ཙམ་རྣམ་རྫུན་དྲི་བཅས་ཤེ་ན།  ཚུར་མཐོང་གི་རྒྱུད་ཀྱི་སངས་རྒྱས་རུང་གི་སེམས་ཀྱི་ངོ་བོ་ལ་ཉོན་མོངས་ཀྱི་བསླད་པ་མ་ཞུགས་པར་འདོད་པས་ན་དེ་སྐད་བརྗོད་དོ། ། ཅིའི་ཕྱིར་སེམས་ཙམ་པ་ཞེ་ན།  ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་ན་དེ་སྐད་བརྗོད་པའི་ཕྱིར། ཡང་སེམས་ཙམ་པ་དེ་ལ་ལུང་གི་རྗེས་འབྲང་གི་དང་། རིགས་པའི་རྗེས་འབྲང་གཉིས་ཡོད་ལ།   ལུང་གི་རྗེས་འབྲང་གི་སེམས་ཙམ་པ་ནི། མཐར་ཐུག་གི་ཐེག་པ་གསུམ་དུ་འདོད་ལ།  དེ་ཡང་སེམས་ཅན་ཐམས་ཅད་སངས་རྒྱ་ངེས་སུ་མི་འདོད་ཅིང་།  ཉན་ཐོས་ལ་བྱང་ཆུབ་ཡོངས་འགྱུར་བ་དང་།  ཞི་བ་བགྲོད་པ་གཅིག་བུ་བའི་ཉན་ཐོས་གཉིས་འབྱེད་ནས།  ཉན་ཐོས་བྱང་ཆུབ་ཡོངས་འགྱུར་བ་དེ། ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་ངེས་སུ་འདོད་ཅིང་།  དེ་ཡང་འདོད་པའི་རྟེན་ཅན་ཞིག་ཡིན་ན། སྔར་གྱི་འཁོར་བས་བསྡུས་པའི་ཟག་བཅས་ཀྱི་ཕུང་བོ་དེ་ཁྱི་དང་བྱ་སོགས་ཀྱི་གནོད་པ་མི་འབྱུང་བའི་ཆེད་གནས་དབེན་པ་ཞིག་ཏུ་བྱིན་གྱིས་བརླབས་ནས་བཞག  རང་ཉིད་སྤྲུལ་བའི་ལུས་བཟུང་ནས། འོག་མིན་སྟུག་པོ་བཀོད་པ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་སུ་སོང་སྟེ།

ཐེག་པ་ཆེན་པོའི་ལམ་འཚོལ་བའི་རིམ་གྱིས་ས་དང་པོ་ནས། ས་བཅུ་བར་མངོན་དུ་བྱས།  དེ་ནས་རྒྱུན་མཐའི་བར་ཆད་མེད་ལམ་མ་ཐོབ་གོང་ཙམ་ན། སྔར་གྱི་ལུས་རྟེན་ལ་ཞུགས་པས། ལུས་རྟེན་འདི་འཁོར་བས་བསྡུས་པའི་ཉེས་དམིགས་རྣམས་གནས་འགྱུར་གྱི་ཚུལ་དུ་སྦྱངས།  རྟེན་འདི་ལ་རྒྱུན་མཐའི་བར་ཆད་མེད་ལམ་མངོན་དུ་བྱས་ནས་སངས་རྒྱས་པར་འདོད་དོ། ། ལུགས་འདི་ལ་འདོད་པའི་རྟེན་ཅན་གྱི་རྒྱུན་མཐའ་བ་དང་།  ལོངས་སྐུ་ཡོད་པར་འདོད་པ་ལ་ཉེས་པ་ཅུང་ཟད་ཀྱང་མེད་དོ། ། ཞེས་ཁོ་བོས་སྐད་མཐོན་པོའི་སྨྲ་བར་བྱེད་དོ། ། དེ་ལ་དོགས་པའི་དཀའ་གནས་ཅུང་ཟད་བཤད་ན།  ཉན་ཐོས་བྱང་ཆུབ་ཡོངས་འགྱུར་བ་དེ།  རང་ཉིད་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་བོ་དེ་བྱིན་གྱིས་བརླབས་པ་དེའི་ཚེ། ལུས་རྟེན་འདི་དོར་རམ་མི་དོར།  དང་པོ་ལྟར་ན།  ལུས་དང་སེམས་གཉིས་ཕན་ཚུན་བརྟེན་པའི་འབྲེལ་བ་ཆད་དགོས།  དེ་ལྟར་ན། འཆི་འཕོས་དགོས། འཆི་འཕོས་ན་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བར་འདོད་པ་དང་འགལ་ལོ། །  གཉིས་པ་ལྟར་ན།  ལུས་འདི་དང་རྣམ་ཤེས་མ་བྲལ་བ་དགོས། རྣམ་ཤེས་མ་བྲལ་ན། ལུས་རྟེན་འདི་བྱིན་གྱིས་བརླབས་པ་ལ་དགོས་པ་མི་འབྱུང་བས། དེ་གཉིས་གང་འཐད་སྙམ་ན་ཁོ་བོ་ནི། ཕྱི་མའི་རྗེས་སུ་འབྲང་བ་ཡིན་ཏེ།  ལུས་སེམས་གཉིས་ཀྱི་ཕན་ཚུན་བརྟེན་པའི་འབྲེལ་བ་ཆད་པ་ན། སྔར་བཤད་པའི་འཆི་འཕོས་པ་ལ་སོགས་པའི་སྐྱོན་འབྱུང་བར་གདོན་མི་ཟའོ། ། ལུས་སེམས་གཉིས་བརྟེན་པའི་འབྲེལ་བ་མ་ཆད་ན། རྩ་བའི་རྣམ་ཤེས་དང་མ་འབྲལ་བ་དགོས།  རྣམ་ཤེས་དང་མ་བྲལ་ན་ལུས་རྟེན་འདི་ལ་རྣམ་ཤེས་ཞུགས་བཞིན་དུ་ལུས་འདི་བྱིན་གྱིས་བརླབས་པའི་དགོས་པ་མེད་དོ་སྙམ་ན་སྐྱོན་མེད་དེ། ལུས་རྟེན་འདི་ལ་རྩ་བའི་རྣམ་ཤེས་ཡོད་ཀྱང་། བྱིན་གྱིས་བརླབས་པའི་ཚེ་ལུས་ཤེས་མ་གཏོགས་པའི་དབང་ཤེས་དང་། རྣམ་རྟོག་རགས་པ་ཐམས་ཅད་བཀག་པ་གཉིད་ཤིན་ཏུ་འཐུག་པོ་ལོག་པའི་གང་ཟག་ལྟར་འགྲོ་འདུག་སོགས་ཀྱི་བྱ་བ་ཡིད་ལ་བྱེད་མི་ཤེས་པས། རྒྱུ་མཚན་དེས་ན་བྱིན་གྱིས་བརླབས་པའི་དགོས་པ་དེ་ཡོད་ལ། ལུས་རུལ་དོགས་ནས་བྱིན་གྱིས་བརླབས་པ་མིན་ནོ། ། འོ་ན་རྩ་བའི་རྣམ་ཤེས་ལུས་རྟེན་དེ་ལ་ཞུགས་ཡོད་ན། སྤྲུལ་བའི་ལུས་བཟུང་བ་དང་འགལ་སྙམ་ན་སྐྱོན་མེད་དེ།  མར་མེ་གཉིས་ཆད་ཀྱི་ཚུལ་དུ་རྩ་བའི་རྣམ་ཤེས་གཅིག་གིས་སྤྲུལ་བའི་ལུས་བཟུང་བ་ཡིན་པས་སྐྱོན་གཏད་ནས་མེད་དོ། ། ཞེས་ཁོ་བོས་སྨྲའོ། ། དེ་ལ་ལུགས་མི་མཐུན་པ་ཤིན་ཏུ་མང་བོ་ཡོད་པས་དྲི་མ་མེད་པའི་རིགས་པའི་དཔྱད་ནས་བློ་ལ་ངེས་པ་ཞིག་མཛོད།  ད་དུང་དཀའ་གནས་ཡོད་པས་སོ། ། དེས་ནས་ཉན་ཐོས་བྱང་ཆུབ་ཡོངས་འགྱུར་བ་ལ་ལྷག་བཅས་དགོས་སམ་སྙམ་ཏེ་ཞིབ་ཏུ་དཔྱད། འོ་ན་ཉན་ཐོས་བྱང་ཆུབ་ཡོངས་འགྱུར་བའི་དགྲ་བཅོམ་པ་དེ་ཉན་ཐོས་ཀྱི་ཐེག་པ་མཐར་ཐུག་ཐོབ་བམ་མ་ཐོབ། 4

བཞི་བ་དབུ་མ་བའི་ལུགས་བཤད་པ་ལ།

བཞི་བ་དབུ་མ་བའི་ལུགས་བཤད་པ་ལ་གཉིས། རང་རྒྱུད་པ་དང་། ཐལ་འགྱུར་བའོ། །  དང་པོ་ལ་གཉིས། རྣམ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་སོ། ། དང་པོ་ནི། ལུགས་འདིའི་བདག་མེད་ཕྲ་རགས་དང་། བདེན་རྫུན་གྱི་གྲུབ་ཚད་ཇི་ལྟར་འཇོག་ཅེ་ན། གང་ཟག་གི་བདག་མེད་ཕྲ་རགས་ནི་བྱེ་སྨྲ་ལྟར་ཡིན་ལ།  གང་ཟག་གི་བདག་མེད་ཕྲ་མོ་དེ་ཐེག་པ་གསུམ་གྱི་གང་ཟག་གང་གི་བསྒོམ་བྱའི་གཙོ་བོར་བྱེད་ཅེ་ན། ལུགས་འདི་ལ་ཐེག་པ་གསུམ་ཀའི་སྤོང་བྱ་སྤོང་ཚུལ་དང་།  བསྒོམ་བྱ་སྒོམ་ཚུལ་ལུགས་གཞན་ལས་ཆེས་ཁྱད་པར་མཆིས་ལ། མི་འདྲ་བའི་ཁྱད་པར་ནི།   གང་ཟག་གི་བདག་མེད་དེ་ཉན་ཐོས་ཁོ་ནའི་སྤང་བྱའི་གཙོ་བོ་ཡིན་པ་ལྟར། ཆོས་ཀྱི་བདག་མེད་རགས་པ་དེ་རང་རྒྱལ་རྣམས་ཀྱི་བསྒོམ་བྱའི་གཙོ་བོ་དང་། ཆོས་ཀྱི་བདག་འཛིན་རགས་པ་དེ་རང་རྒྱལ་ཁོ་ནའི་སྤང་བྱའི་གཙོ་བོ་དང་། དེ་བཞིན་དུ་ཆོས་ཀྱི་བདག་མེད་ཕྲ་མོ་དེ་ཐེག་ཆེན་གང་ཟག་ཁོ་ནའི་བསྒོམ་བྱའི་གཙོ་བོ་དང་། ཆོས་ཀྱི་བདག་འཛིན་ཕྲ་མོ་དེ་ཐེག་ཆེན་གང་ཟག་ཁོ་ནའི་སྤང་བྱའི་གཙོ་བོར་འདོད་དོ། ། འོ་ན་ཆོས་ཀྱི་བདག་མེད་ཕྲ་རགས་ཅི་ལྟར་འཇོག་ཅེ་ན། གཟུང་འཛིན་གཉིས་སྟོང་། ཕྱི་རོལ་དོན་སྟོང་། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་རྣམས་ཆོས་ཀྱི་བདག་མེད་རགས་པ་ཡིན་ནོ། ། ཆོས་ཀྱི་བདག་འཛིན་རགས་པ་ནི། དེ་ལྟར་གྲུབ་པར་འཛིན་པའི་བློ་རྣམས་ནི་ཆོས་ཀྱི་བདག་འཛིན་རགས་པར་འདོད་དོ། ། ཆོས་ཀྱི་བདག་མེད་ཕྲ་མོ་ནི། བདེན་གྲུབ་ཀྱིས་སྟོང་བ་དང་། བདེན་མེད། དོན་དམ་བདེན་པ་རྣམས་ཆོས་ཀྱི་བདག་མེད་ཕྲ་མོ་ཁོ་ན་ཡིན་ནོ། ། ལུགས་འདི་ལ།  སྟོང་ཉིད་དང་ཆོས་ཀྱི་བདག་མེད་ཕྲ་མོ་དོན་གཅིག་ལ། གང་ཟག་གི་བདག་མེད་ཕྲ་རགས་དང་། ཆོས་ཀྱི་བདག་མེད་རགས་པ་རྣམས་ནི་སྟོང་ཉིད་ཡིན་ནོ། ། བདེན་འཛིན་དང་ཆོས་ཀྱི་བདག་འཛིན་ཕྲ་མོ་གཉིས་དོན་གཅིག་ཅིང་།  དེ་དག་གི་ཞེན་ཡུལ་མེད་པ་རྣམས་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ནོ། ། རྒྱུ་མཚན་དེས་ན་ཐེག་ཆེན་བར་ཆད་མེད་ལམ་གྱི་གཞབ་བྱ་དང་།  ཐེག་ཆེན་རྣམ་གྲོལ་ལམ་གྱི་གཞལ་བྱ་ལ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་དགོས་ཤིང་། རང་རྒྱལ་རྣམ་གྲོལ་ལམ་གྱི་གཞལ་བྱ་ལ་ཆོས་ཀྱི་བདག་མེད་རགས་པ་ཡིན་པས་ཁྱབ་ལ། ཉན་ཐོས་བར་ཆད་མེད་ཀྱི་གཞལ་བྱ་དང་། ཉན་ཐོས་རྣམ་གྲོལ་ལམ་གྱི་གཞལ་བྱ་ལ་གང་ཟག་གི་བདག་མེད་ཕྲ་མོ་ངེས་ཅན་དུ་དགོས་སོ། །  དེས་ན་ཐེག་པ་གསུམ་གྱི་རྟོགས་རིགས་འགལ་བར་འདོད་ལ། གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་ནི་ཉན་ཐོས་ཀྱི་རྟོགས་རིགས་ཁོ་ན་དང་། ཆོས་ཀྱི་བདག་མེད་རགས་པ་རྟོགས་པའི་མཁྱེན་པ་ནི་རང་རྒྱལ་གྱི་རྟོགས་རིགས་ཁོ་ན་དང་། སྟོང་ཉིད་རྟོགས་པའི་མཁྱེན་པ་ནི་ཐེག་ཆེན་གྱི་རྟོགས་རིགས་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱའོ། ། བདེན་རྫུན་གྲུབ་ཚད་བཤད་པ་ལ་གཉིས། དང་པོ་བདེན་པར་གྲུབ་ཚད་ནི། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་མ་ཡིན་པར་རང་གི་ཐུན་མོང་ཡིན་པའི་སྡོ་ལུགས་ཀྱི་ངོས་ནས་གྲུབ་པ་དེ་དགག་བྱ་བདེན་པར་གྲུབ་ཚད་ཡིན་ནོ། ། བདེན་གྲུབ་ནི་དགག་བྱ་ཆོས་བདག་ཕྲ་མོ་ཡིན་པས་མེད་ངེས་སུ་འདོད་ལ། བདག་མེད་དང་། བདེན་མེད་གཉིས་ཡིན་ཁྱབ་མཉམ་དུ་ཁས་ལེན་པ་ཡོན་ནོ། ། ཀུན་རྫོབ་ཏུ་གྲུབ་ཚད་ནི། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་དུ་གྲུབ་པ་ཀུན་རྫོབ་གྲུབ་ཚད་དུ་འདོད་པ་ལ། ཐལ་རང་གཉིས་ཀ་མཐུན་ནོ། །  དེ་ཡང་བློ་གནོད་མེད་པ་སྣང་བའི་དབང་གིས་བཞག་ཙམ་དང་། ཀུན་རྫོབ་ཏུ་གྲུབ་པ། ཐ་སྙད་དུ་གྲུབ་པ། རང་མཚན་གྱིས་གྲུབ་པ། རང་ངོས་ནས་གྲུབ་པ། རང་གི་གདགས་གཞིའི་ངོས་ནས་གྲུབ་པ། རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ། རང་གི་གནས་ལུགས་ཀྱི་དབང་གི་གྲུབ་པ། རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ།  གཞི་གྲུབ་རྣམས་ཕན་ཚུན་ཡིན་ཁྱབ་མཉམ་མོ། ། ཁྱ་བ་སྒོ་བརྒྱད་དུ་ངེས་སོ། ། རྟོག་པས་བཏགས་ཙམ་དང་། མིང་བརྡས་བཞག་ཙམ་གཉིས་གཞི་མ་གྲུབ་སྟེ། གཞི་གྲུབ་ན། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པའི་ཕྱིར་རོ། ། བློ་ལ་སྣང་བའི་དབང་གིས་བཞག་པ་དང་། རྟོག་པ་ལ་སྣང་བའི་དབང་གིས་བཞག་པ་གཉིས་ཡོད་དེ།   དེ་གཉིས་ཀ་བདག་མེད་དང་ཡིན་ཁྱབ་མཉམ་པའི་ཕྱིར་རོ། །  མདོར་ན་གཞི་གྲུབ་ན།   ཁྱོད་བདེན་པར་མ་གྲུབ་བ་དེ་ཁྱོད་ཀྱི་སྟེང་གི་བདག་མེད་ཕྲ་མོ་ཡིན་པས་ཁྱབ་ཅིང་། ཁྱོད་བདེན་གྲུབ་ཏུ་འཛིན་པའི་བློ་དེ་ཁྱོད་ཀྱི་སྟེང་གི་ཆོས་ཀྱི་བདག་འཛིན་ཕྲ་མོ་ཡིན་པས་ཁྱབ་པར་ཤེས་པར་བྱའོ། ། དེ་ཡང་དོན་དམ་བདེན་པ་དང་། སྟོང་ཉིད། ཆོས་ཀྱི་བདག་མེད་ཕྲ་མོ།  མི་བསླུ་བའི་ཆོས། སྣང་ཚུལ་གནས་ཚུལ་མཐུན་པའི་ཆོས། སྣང་བ་ལྟར་དུ་གྲུབ་པའི་ཆོས། བདེན་པ་རྣམས་དོན་གཅིག་ཏུ་འདོད་པ་ལྟར། ཀུན་རྫོབ་བདེན་པ། ཐ་སྙད་བདེན་པ། རྫུན་པའི་ཆོས། བསླུ་བའི་ཆོས། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཆོས་རྣམས་དོན་གཅིག་ཏུ་འདོད་དོ། ། ཅིའི་ཕྱིར་རང་རྒྱུད་པ་ཞེས་བརྗོད་ཅེ་ན། རང་རྒྱུད་གྱི་གཏན་ཚིགས་སམ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པས་རང་རྒྱུད་པ་ཞེས་བྱའོ། །

ཅིའི་ཕྱིར་རྣལ་འབྱོར་སྤྱོད་པ་ཞེས་བྱ་ཞེ་ན། སེམས་ཙམ་པས་ཕྱི་དོན་མི་འདོད་པ་ལྟར་ཁྱོད་ཀྱང་ཕྱི་རོལ་དོན་དུ་གྲུབ་པ་མི་འདོད་པས་ན་དེ་སྐད་ཅེས་བྱའོ། ། ཅིའི་ཕྱིར་དབུ་མ་བ་ཞེས་བྱ་ཞེ་ན། དོན་དམ་པར་ཡོད་པའི་ཡོད་མཐའ་དང་། ཐ་སྙད་དུ་མེད་པའི་མེད་མཐའ་དེ་གཉིས་དང་བྲལ་བའི་དབུས་མཁས་ལེན་པས་ན་དབུ་མ་བ་ཞེས་བྱའོ། ། ཐལ་རང་གཉིས་ལ་ཅིའི་ཕྱིར་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་བརྗོད་ཅེ་ན། བདེན་གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བའི་གང་ཟག་ཡིན་པས་ནའོ། ། བྱེ་མདོ་གཉིས་དང་སེམས་ཙམ་པ་གསུམ་ལ་ཅིའི་ཕྱིར་དངོས་སྨྲ་བ་ཞེས་བརྗོད་ཅེ་ན། བདེན་གྲུབ་ཡོད་པར་སྨྲ་བའི་གང་ཟག་ཡིན་པས་ནའོ། ། རྣམ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་བཤད་ཟིན་ཏོ། །  གཉིས་པ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་བཤད་པ་ལ། གང་ཟག་གི་བདག་མེད་ཕྲ་རགས་གཉིས་དང་། ཆོས་ཀྱི་བདག་མེད་ཕྲ་མོ་དང་གསུམ་རྣམ་འབྱོར་སྤྱོད་པའི་དབུ་མ་བ་དང་ཁྱད་པར་མེད་ལ། ཆོས་ཀྱི་བདག་མེད་རགས་པ་འཇོག་ཚུལ་མི་འདྲ་སྟེ།  རྡུལ་ཕྲ་རབ་ཆ་མེད་ཙམ་དུ་བསགས་པའི་ཕྱི་རོོལ་དོན་དུ་མེད་པ་དེ། ཆོས་ཀྱི་བདག་མེད་རགས་པར་འདོད་པས་སེམས་ཙམ་པ་དང་མཐུན་ལ། དེ་ཡང་གཞི་གྲུབ་ན།  རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། ཕྱི་རོལ་དོན་དུ་གྲུབ་པ་གཉིས་ཀ་ཡིན་པས་ཁྱབ་པར་འདོད་ལ། དེ་ནི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ཀྱི་ཁྱད་པར་ཡིན་ནོ། ། དེས་ན་ཉན་རང་གཉིས་ཀའི་སྤང་བྱའི་གཙོ་བོ་དང་བསྒོམ་བྱའི་གཙོ་བོ་ལ་ཁྱད་པར་མི་བྱེད་པ་སེམས་ཙམ་པ་དང་མཐུན་ཞིང་། ཆོས་ཀྱི་བདག་འཛིན་ཐེག་ཆེན་གང་ཟག་གི་སྤང་བྱའི་གཙོ་བོར་འཇོག་པ་སོགས་རྣམ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་ཁྱད་པར་མེད་དེ། དེས་ན་ཉན་རང་གི་རྟོགས་རིགས་གཉིས་མི་འགལ་བར་འདོད་དོ། །  ཕལ་ཆེ་བ་རྣམས་ནི་རྣམ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྐབས་སུ་བཤད་པ་དང་ཁྱད་པར་ཅུང་ཟད་ཀྱང་མེད་དོ། ། ཅིའི་ཕྱིར་མདོ་སྡེ་སྤྱོད་པ་ཞེས་བརྗོད་ན། མདོ་སྡེ་བས་ཆོས་ཐམས་ཅད་ཕྱི་རོལ་དོན་ཏུ་གྲུབ་པར་འདོད་པ་ལྟར། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས་ཀྱང་དེ་ལྟར་འདོད་པས་ན། མདོ་སྡེ་སྤྱོད་པ་ཞེེས་བྱའོ། ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་བཤད་ཟིན་ཏོ། །

གཉིས་པ་ཐལ་འགྱུར་བའི་ལུགས་བཤད་པ་གསུམ།

གང་ཟག་གི་བདག་མེད་ཕྲ་རགས་བཤད་པ་དང་། ཆོས་ཀྱི་བདག་མེད་ཕྲ་རགས་བཤད་པ་དང་། བདེན་གྲུབ་ཀྱི་གྲུབ་ཚད་བཤད་པ་དང་གསུམ། དང་པོ་གང་ཟག་གི་བདག་མེད་རགས་པ་ཡོད་དེ།  གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་གྲུབ་པས་སྟོང་བ་དེ་ཡིན་པའི་ཕྱིར། གང་ཟག་གི་བདག་འཛིན་རགས་པ་ཡོད་དེ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པའི་བློ་དེ་ཡིན་པའི་ཕྱིར། གཉིས་པ་གང་ཟག་གི་བདག་མེད་ཕྲ་མོ་ཡོད་དེ། གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་བ་དེ་དེ་ཡིན་པའི་ཕྱིར། གང་ཟག་གི་བདག་འཛིན་ཕྲ་མོ་ཡོད་དེ། གང་ཟག་བདེན་གྲུབ་ཏུ་འཛིན་པའི་བློ་དེ་དེ་ཡིན་པའི་ཕྱིར།   མདོར་ན་གང་ཟག་ཡིན་ན། ཁྱོད་རང་བཞིན་གྱིས་གྲུབ་པས་སྟོང་བ་དེ་ཁྱོད་ཀྱི་སྟེང་གི་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པས་ཁྱབ་ཅིང་། གང་ཟག་ཡིན་ན། ཁྱོད་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་དེ་ཁྱོད་ཀྱི་སྟེང་གི་གང་ཟག་གི་བདག་འཛིན་ཕྲ་མོ་ཡིན་པས་ཁྱབ་པར་ཤེས་པར་བྱའོ། ། གཉིས་པ་ཆོས་ཀྱི་བདག་མེད་ཕྲ་རགས་བཤད་པ་ལ་གཉིས། དང་པོ་ཆོས་ཀྱི་བདག་མེད་རགས་པ་ཡོད་དེ། རང་རྒྱུད་པས་འདོད་པ་ལྟར་གྱི་སྟོང་ཉིད་དེ་དེ་ཡིན་པའི་ཕྱིར། ཆོས་ཀྱི་བདག་འཛིན་རགས་པ་ཡོད་དེ། རང་རྒྱུད་པས་འདོད་པ་ལྟར་གྱི་བདེན་འཛིན་དེ་དེ་ཡིན་པའི་ཕྱིར། གཉིས་པ་ཆོས་ཀྱི་བདག་མེད་ཕྲ་མོ་ཡོད་དེ། བུམ་པ་རང་བཞིན་གྱིས་གྲུབ་པས་སྟོང་བ་དེ་དེ་ཡིན་པའི་ཕྱིར། ཆོས་ཀྱི་བདག་འཛིན་ཕྲ་མོ་ཡོད་དེ། བུམ་པ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་དེ་དེ་ཡིན་པའི་ཕྱིར། མདོར་ན་གང་ཟག་མ་ཡིན་པར་གྱུར་བའི་ཆོས་ཡིན་ན། ཁྱོད་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་དེ་ཁྱོད་ཀྱི་སྟེང་གི་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པས་ཁྱབ་ཅིང་། ཁྱོད་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ཁྱོད་ཀྱི་སྟེང་གི་ཆོས་ཀྱི་བདག་འཛིན་ཕྲ་མོ་ཡིན་པར་ཤེས་པར་བྱའོ། ། 

ལུགས་འདི་ལ་བདག་འཛིན་དང་བདེན་འཛིན་གཉིས་དོན་གཅིག། བདག་མེད་ཕྲ་མོ་དང་སྟོང་ཉིད་དོན་གཅིག་གོ། དེ་ཡང་ལུགས་འདི་ལ། ཐེག་པ་གསུམ་ཀའི་བར་ཆད་མེད་ལམ་གྱི་གཞལ་བྱ་དང་། རྣམ་གྲོལ་ལམ་གྱི་གཞལ་བྱ་ལ་སྟོང་ཉིད་ཀྱིས་ཁྱབ་ལ། སྟོང་ཉིད་རྟོགས་པའི་མཁྱེན་པ་དེ་ཐེག་པ་གསུམ་ཀའི་རྟོགས་རིགས་སུ་འདོད་དེ། འཕགས་པ་ཡིན་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པས་ཁྱབ་པ་ཁས་ལེན་ལ། མི་རྟག་པ་ཕྲ་མོ་མངོན་གསུམ་དུ་རྟོགས་པའི་སོ་སྐྱེ་ཡོད་པར་འདོད་ཅིང་། རྣམ་འབྱོར་མངོན་སུམ་སོ་སྐྱེའི་རྒྱུད་ལ་ཡོད་པར་ཁས་ལེན་ལ། དེ་ཡང་ཉན་ཐོས་དང་རང་རྒྱལ་དང་ས་བརྒྱད་པ་མན་ཆད་ཀྱི་བྱང་སེམས་གསུམ་གའི་སྤང་བྱ་སྤོང་ཚུལ་དང་། བསྒོམ་བྱའི་བདག་མེད་ལ་ཕྲ་རགས་ཀྱི་ཁྱད་པར་མི་བྱེད་ལ། དགྲ་བཅོམ་པ་ཐོབ་པ་ན། བདག་འཛིན་སྤངས་བར་འདོད་ཅིང་། བདག་འཛིན་ཉོན་སྒྲིབ་ཏུ་འདོད། ས་བརྒྱད་པ་མན་ཆད་དུ་ཤེས་སྒྲིབ་སྤངས་པ་མི་སྲིད་ལ། སྤངས་པའི་ཤེས་སྒྲིབ་མེད་པར་ཁས་ལེན་པའི་ཕྱིར།  ས་བརྒྱད་པ་ན་ཤེས་སྒྲིབ་སྤོང་བའི་མགོ་རྩོམ་པ་ཡིན་གྱི་དེ་མན་ཆད་ན་མི་སྲིད་པའི་ཕྱིར་རོ། ། 

གསུམ་པ་བདེན་གྲུབ་ཀྱིས་གྲུབ་ཚད་བཤད་པ་ལ། དང་པོ་བདེན་པར་གྲུབ་ཚད་ཡོད་དེ། རྟོག་པས་བཏགས་ཙམ་མ་ཡིན་པར་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ། དགག་བྱ་བདེན་པར་གྲུབ་ཚད་དུ་ཁས་ལེན་ལ། དེ་ཡང་བདེ་གྲུབ་དང་། རང་བཞིན་གྱིས་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་ལ་ཁྱད་པར་མི་བྱེད་པར་དགག་བྱ་བདག་ལ་བྱེད་དོ། བརྫུན་པར་གྲུབ་ཚད་ཡོད་དེ། མིང་རྐྱང་བཏགས་ཡོད་དུ་གྲུབ་པ་དེ་དེ་ཡིན་པའི་ཕྱིར། མིང་རྐྱང་བཏགས་ཡོད་དུ་གྲུབ་པ་དང་། ཐ་སྙད་དུ་གྲུབ་པ། ཀུན་རྫོབ་ཏུ་གྲུབ་པ། བློ་ལ་སྣང་བའི་དབང་གིས་བཞག་ཙམ་དུ་གྲུབ་པ། གཞི་གྲུབ་རྣམས་དོན་གཅིག་པར་འདོད་ལ། རྟོག་པས་བཏགས་ཙམ་དང་། མིང་བརྡས་བཞག་ཙམ་དང་། རང་བཞིན་གྱིས་མ་གྲུབ་པ། བདེན་མེད། བདག་མེད་རྣམས་ཕན་ཚུན་ཡིན་ཁྱབ་མཉམ་དུ་འདོད་པའི་ཕྱིར། ཅིའི་ཕྱིར་ཐལ་འགྱུར་བ་ཞེས་བརྗོད་ན། ཆོས་ཐམས་ཅད་བདེན་མེད་དུ་གཙོ་བོར་ཐལ་འགྱུར་གྱི་སྒོ་ནས་བསྒྲུབས་པར་ན་དེ་སྐད་བརྗོད་པའི་ཕྱིར། ས་བཅུ་དང་ལམ་གྱི་བགྲོད་ཚུལ་རྣམས་ཤེས་པར་འདོད་ན། འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོ་སོགས་ལ་ལྟོས།

སྨྲས་པ། བློ་གྲོས་དྲི་མེད་ལྷ་ལམ་ཁྱོན་ཡངས་པོར།

ལུང་རིགས་ཆུ་འཛིན་ལང་ལོང་གཡོ་བ་ལས། །

བསྟན་འགྲོའི་ཕན་བདེ་རྩ་ལག་ཆར་གྱི་རྒྱུན། །

སྐལ་བཟང་གདུལ་བྱའི་འཛིན་མར་འབེབས་པ་མཚར། །

ཞེས་བར་སྐབས་ཀྱི་ཚིག་བཅད་པའོ། །

ཞེས་པ་འདི་ནི་གྲུབ་མཐའི་རྣམ་བཞག་བློ་གསར་གསར་བའི་མགུལ་རྒྱན་ཞེས་བྱ་བ་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས། མེ་རྟ་ལོའི་ཆུ་སྟོད་ཟླ་བའི་ཡར་ངོའི་ཉིན་གཞུང་ཆེན་མོར་དཔྱད་ནས་ཅུང་ཟད་ཙམ་བྲིའོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།