གྲུབ་པའི་མཐའི་རྣམ་པར་བཞག་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-18 21:51:34     རྩོམ་པ་པོ།   ཀུན་མཁྱེན་འཇིགས་མེད་དབང་བོ།    ཀློག་ཐེངས།  

  

ས་བཅད་དང་པོ། མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་སོགས།

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།

རྨད་བྱུང་ཚོགས་གཉིས་གངས་ཀྱི་རི་བོ་སྙིང་རྗེའི་དྲོད་ཀྱིས་བཞུས་པའི་རྒྱུན། །ལྷུན་གྲུབ་ཆོས་སྐུའི་འཛིན་མར་ཡོངས་འཁྱིལ་གྲུབ་མཐའ་རྣམ་བཞིའི་ཆུ་ཀླུང་འགྱེད། །འཕྲིན་ལས་རླབས་ཕྲེང་གནམ་དུ་སྐྱོང་བས་མུ་སྟེགས་བྱིས་པ་སྐྲག་བྱེད་པ། །རྒྱལ་སྲས་གདེངས་ཅན་བྱེ་བའི་འཇུག་ངོགས་ཐུབ་དབང་མ་དྲོས་མཚོ་ཆེན་རྒྱལ། །རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན་པོ་དང་། །རྒྱལ་བའི་མཁྱེན་རབ་གཅིག་བསྡུས་འཇམ་དཔལ་དབྱངས། །རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་ཞབས། །རྒྱལ་བ་གཉིས་པ་ཡབ་སྲས་བཅས་ལ་འདུད། །གང་ཞིག་རྟོགས་ན་ཕྱི་དང་ནང་གི་བསྟན་པའི་ཁྱད་པར་ཀུན་མཐོང་ཞིང་། །རབ་འབྱམས་མཁས་པའི་མདུན་ས་དག་ཏུ་སྨྲ་བ་མཆོག་གི་བརྟུལ་ཞུགས་འཛིན། །ངོ་མཚར་གྲགས་པའི་བ་དན་དཀར་པོ་གཟུར་གནས་སྐྱེ་བོས་སྒྲེང་བྱེད་པ། །རང་གཞན་གྲུབ་མཐའི་དེ་ཉིད་འབྱེད་ལ་མཁས་པ་སུ་ཞིག་བརྩོན་པ་འདོར། །དེ་ཕྱིར་དམ་པའི་ལེགས་བཤད་ཀུན་བསྡུས་ནས། རང་དང་སྐལ་པ་མཉམ་རྣམས་རྗེས་གཟུང་ཕྱིར། །གྲུབ་མཐའི་རྣམ་བཞག་མདོར་བསྡུས་བརྗོད་པར་བྱ། །བློ་གསལ་དོན་གཉེར་ལྡན་རྣམས་གུས་པས་ཉོན། ། དེ་ཡང་ཚེ་འདིའི་རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མི་བལྟ་ཞིང་སྙིང་ནས་གྲོལ་བ་དོན་དུ་གཉེར་བའི་གང་ཟག་གིས་བདག་མེད་པའི་ལྟ་བ་རྣམ་པར་དག་པ་ཁོང་དུ་ཆུད་པའི་ཐབས་ལ་འབད་དགོས་ཏེ། ཟབ་མོའི་ལྟ་བ་དང་བྲལ་ན་བྱམས་པ་དང་། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ལ་ཇི་ཙམ་གོམས་པར་བྱས་ཀྱང་སྡུག་བསྔལ་གྱི་རྩ་བ་དྲུངས་ནས་འབྱིན་པར་མི་ནུས་པའི་ཕྱིར། དེ་སྐད་དུ་ཡང་རྗེ་བཙུན་ཙོང་ཁ་པ་ཆེན་པོས། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་སོ། །དེས་ན་ལྟ་བའི་གོལ་ས་སྤང་བ་དང་བདག་མེད་ཕྲ་རགས་ཀྱི་རིམ་པ་ངེས་པར་བྱ་བའི་ཕྱིར་རང་གཞན་གྱི་གྲུབ་མཐའི་རྣམ་བཞག་མདོར་བསྡུས་ཏེ་བརྗོད་པ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །

ས་བཅད་གཉིས་པ། རང་གཞན་གྱི་གྲུབ་མཐའི་རྣམ་བཞག་སྤྱིར་བསྟན་པ།

གྲུབ་མཐའི་རྣམ་བཞག་སྤྱིར་བསྟན་པ།

དང་པོ་ནི་གྲུབ་མཐའ་ཞེས་པའི་ཐ་སྙད་རང་བཟོ་མ་ཡིན་ཏེ། སངས་རྒྱས་ཀྱི་ལུང་ལས་གསུངས་པའི་ཕྱིར། ཇི་སྐད་དུ་ལང་གར་གཤེགས་པ་ལས། ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ། །བསྟན་པ་དང་ནི་གྲུབ་མཐའ་འོ། །བྱིས་པ་རྣམས་ལ་བསྟན་པ་བཤད། །རྣལ་འབྱོར་པ་ལ་གྲུབ་མཐའ་འོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་གང་ཟག་ལ་དབྱེ་ན། གྲུབ་མཐས་བློ་མ་བསྒྱུར་བ་དང་། གྲུབ་མཐས་བློ་བསྒྱུར་བའོ། །དང་པོ་ནི། གཞུང་ལུགས་ལ་མ་སྦྱངས་པར་མ་བརྟགས་མ་དཔྱད་པའི་བློ་ལྷན་སྐྱེས་ཀྱིས་ཚེ་འདིའི་བདེ་བ་ཙམ་དོན་དུ་གཉེར་བར་བྱེད་པའོ། །གཉིས་པ་ནི། གཞུང་ལུགས་ལ་སྦྱངས་ཏེ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་རང་གི་བློ་ངོར་གྲུབ་པའི་ཚུལ་ལུང་དང་རིགས་པའི་ལམ་ནས་སྨྲ་བར་བྱེད་པ་སྟེ། གྲུབ་མཐའི་སྒྲ་བཤད་ཀྱང་འགྲེལ་བཤད་ཚིག་གསལ་ལས། གྲུབ་པའི་མཐའ་སྟེ་རིགས་པའི་ལུང་གིས་རབ་ཏུ་བསྟན་པར་རང་གི་འདོད་པ་གྲུབ་པ་ནི། དེ་ལས་ཕར་ཡང་འགྲོ་བ་མེད་པས་ན་མཐའ་འོ། །ཞེས་གསུངས་པ་ལྟར། ལུང་རིགས་གང་རུང་ལ་བརྟེན་ནས་ཐག་བཅད་ཅིང་གྲུབ་པའི་དམ་བཅས་པའི་དོན་དེ་ཉིད་རང་གི་བློ་ངོར་ཚུལ་དེ་ལས་གཞན་དུ་འདར་མེད་པས་ན། གྲུབ་པའི་མཐའ་ཞེས་བརྗོད་པའི་ཕྱིར་དེ་ལ་དབྱེ་ན་གཉིས། ཕྱི་རོལ་པ་དང་། ནང་པའོ། །ཕྱི་པ་དང་ནང་པ་ཙམ་གྱི་ཁྱད་པར་ཡོད་དེ། སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་ནང་པ་དང་། དཀོན་མཆོག་གསུམ་ལ་བློ་མི་གཏོད་པར་འཇིག་རྟེན་པའི་ལྷ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་གང་ཟག་དེ་ཕྱི་རོལ་པ་ཡིན་པའི་ཕྱིར། ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་ཡང་ཡོད་དེ། སྟོན་པ་བསྟན་པ་ལྟ་བ་གསུམ་གྱི་སྒོ་ནས་འབྱེད་པའི་ཕྱིར། དེ་ཡང་ཡིན་ཏེ། རང་སྡེ་རྣམས་ནི་སྟོན་པ་སྐྱོན་ཀུན་ཟད་ཅིང་ཡོན་ཏན་རྫོགས་པ་དང་། བསྟན་པ་སེམས་ཅན་ལ་འཚེ་བ་མེད་པ་དང་། ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པར་འདོད་པའི་ཁྱད་པར་གསུམ་དང་ལྡན་ཞིང་། གཞན་སྡེ་རྣམས་ནི། དེ་ལས་ལྡོག་སྟེ་སྟོན་པ་སྐྱོན་དང་བཅས་ཤིང་ཡོན་ཏན་མ་རྫོགས་བ་དང་། བསྟན་པ་སེམས་ཅན་ལ་གནོད་ཅིང་འཚེ་བ་དང་། ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་གྲུབ་པར་ཁས་ལེན་པའི་ཁྱད་པར་གསུམ་དང་ལྡན་པའི་ཕྱིར།

ས་བཅད་གསུམ་པ། རང་གཞན་གྱི་གྲུབ་མཐའི་རྣམ་བཞག་བྱེ་བྲག་ཏུ་བཤད་པ།

གྲུབ་མཐའ་བྱེ་བྲག་ཏུ་བཤད་པ།

གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། ཕྱི་རོལ་པའི་གྲུབ་མཐའི་རྣམ་བཞག་མདོར་བསྡུས་ཏེ་བཤད་པ། རང་སྡེའི་གྲུབ་མཐའི་རྣམ་བཞག་ཅུང་ཟད་ཕྱེ་སྟེ་བཤད་པའོ། །

ཕྱི་རོལ་པའི་གྲུབ་མཐའི་རྣམ་བཞག་མདོར་བསྡུས་ཏེ་བཤད་པ།

ཕྱི་རོལ་པའི་གྲུབ་མཐའི་རྣམ་བཞག

དང་པོ་ནི་གྲུབ་མཐའ་སྨྲ་བའི་ནང་ཚན་གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ཞིང་དེ་ལས་གཞན་པའི་སྟོན་པ་ཡོད་པར་ཁས་ལེན་པའི་གང་ཟག་དེ་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བའི་མཚན་ཉིད། དེ་ལ་དབྱེ་བ་མཐའ་ཡས་ཀྱང་། བསྡུ་ན་ཁྱབ་འཇུག་པ་དབང་ཕྱུག་པ་རྒྱལ་བ་པ། སེར་སྐྱ་པ། ཕུར་བུ་པ་དང་ལྔ་ལ་རྟོག་གེ་སྡེ་ལྔར་གྲགས་ཤིང་། རྩ་བའི་སྡེ་དྲུག་ཏུ་འང་བཤད་དེ། བྱེ་བྲག་པ་དང་། རིག་པ་ཅན་པ་དང་། གྲངས་ཅན་པ་དང་། དཔྱོད་པ་བ་དང་། གཅེར་བུ་བ་དང་། རྒྱང་འཕེན་པ་རྣམས་སོ། །དེ་རྣམས་ཀྱི་དང་པོ་ལྔ་ནི་རྟག་པར་ལྟ་བ་དང་། ཕྱི་མ་ནི་ཆད་པར་ལྟ་བ་ཡིན་ནོ། །

༡༽བྱེ་བྲག་པ་དང་རིག་པ་ཅན་པ།

དེ་ཡང་བྱེ་བྲག་པ་དང་རིག་པ་ཅན་པ་གཉིས་ནི་རིམ་བཞིན་དུ་དྲང་སྲོང་གཟེགས་ཟན་དང་། བྲམ་ཟེ་རྐང་མིག་གི་རྗེས་སུ་འབྲངས་པ་སྟེ། འདི་གཉིས་ལ་ནང་གསེས་ཀྱི་འདོད་པའི་ཁྱད་པར་མི་མཐུན་པ་ཅུང་ཟད་ཡོད་ཀྱང་། གྲུབ་པའི་མཐའ་སྤྱི་ལ་མི་འདྲ་བ་མེད་དོ། །དེ་ཡང་བྱེ་རིག་གཉིས་ཀྱིས་ཤེས་བྱ་ཐམས་ཅད་ཚིག་དོན་དྲུག་འདུས་པར་འདོད་ལ། ཁྲུས་དང་། དབང་བསྐུར་བ་དང་། སྨྱུང་གནས་དང་། མཆོད་སྦྱིན་དང་། སྦྱིན་སྲེག་ལ་སོགས་པ་ཐར་ལམ་དུ་ཁས་ལེན་ཞིང་། ནམ་ཞིག་བླ་མའི་མན་ངག་ལས་རྣལ་འབྱོར་བསྒོམས་ཏེ་བདག་དབང་སོགས་རྣམས་ལས་དོན་གཞན་དུ་ཤེས་ནས་དེ་ཁོ་ན་ཉིད་མཐོང་ཞིང་ཚིག་གི་དོན་དྲུག་གི་རང་བཞིན་ཁོང་དུ་ཆུད་པ་ན་བདག་གི་ཁྱབ་པའི་རང་བཞིན་ཡིན་ཡང་བྱེད་པ་མེད་པར་ཤེས་ཏེ། ཆོས་དང་ཆོས་མ་ཡིན་པའི་ལས་གང་ཡང་གསོག་པར་མི་བྱེད། ལས་གསར་པ་མ་བསགས་ཤིང་རྙིང་པ་ཟད་ནས་སླར་བླངས་པའི་ལུས་དང་། དབང་པོ་དང་། བློ་དང་། བདེ་སྡུག་འདོད་སྡང་སོགས་བདག་དང་བྲལ་ཞིང་གསར་པའི་ལུས་དང་དབང་པོ་མ་བླངས་པས། བུད་ཤིང་ཟད་པའི་མེ་བཞིན་དུ་སྐྱེ་བའི་རྒྱུན་ཆད་དེ་བདག་འབའ་ཞིག་ཏུ་གྱུར་པ་ན་ཐར་པ་འཐོབ་པ་ཡིན་ཟེར་རོ། །

༢༽གྲངས་ཅན་པ།

གྲངས་ཅན་པ་ནི། དྲང་སྲོང་སེར་སྐྱའི་རྗེས་སུ་འབྲངས་པ་སྟེ། ཤེས་བྱ་ཐམས་ཅད་ཉི་ཤུ་རྩ་ལྔར་གྲངས་ངེས་པར་འདོད་ལ། དེ་ཡང་བདག་དང་། གཙོ་བོ་དང་། ཆེན་པོ་དང་། ང་རྒྱལ་དང་། དེ་ཙམ་ལྔ་དང་། དབང་པོ་བཅུ་གཅིག་དང་། འབྱུང་བ་ལྔ་སྟེ་ཉི་ཤུ་རྩ་ལྔའོ། །དེ་ཙམ་ལྔ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལྔའོ། །དཔང་པོ་བཅུ་གཅིག་ནི་བློའི་དབང་པོ་ལྔ་དང་། ལས་ཀྱི་དབང་པོ་ལྔ་དང་། ཡིད་ཀྱི་དབང་པོའོ། །བློའི་དབང་པོ་ལྔ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། པགས་པའི་དབང་པོ་རྣམས་སོ། །ལས་ཀྱི་དབང་པོ་ལྔ་ནི། ངག་དང་། ལག་པ་དང་། རྐང་པ་དང་། རྐུབ་དང་། འདོམས་རྣམས་སོ། །འབྱུང་བ་ལྔ་ནི། ས་ཆུ་མེ་རླུང་ནམ་མཁའ་རྣམས་སོ། །དེ་དག་ལས་སྐྱེས་བུ་ནི་ཤེས་པ་དང་། ལྷག་མ་ཉེར་བཞི་འདུས་བསགས་ཡིན་པས་བེམ་པོར་འདོད་ལ། གཙོ་བོ་དང་། སྐྱེས་བུ་ནི་དོན་དམ་བདེན་པ་དང་། གཞན་རྣམས་ཀུན་རྫོབ་བདེན་པར་འདོད་དོ། །དེ་ཡང་རྒྱུ་ཡིན་ལ་འབྲས་བུ་མ་ཡིན་པ། རྒྱུ་འབྲས་གཉིས་ཀ་ཡིན་པ། འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པ། རྒྱུ་འབྲས་གཉིས་ཀ་མ་ཡིན་པའི་མུ་དང་བཞི་ཡོད་དེ། དང་པོ་ནི། སྤྱི་གཙོ་བོ་དང་། གཉིས་པ་ནི། བློ་དང་། ང་རྒྱལ་དང་། དེ་ཙམ་ལྔ་སྟེ་བདུན་དང་། གསུམ་པ་ནི། ལྷག་མ་བཅུ་དྲུག་དང་། བཞི་པ་ནི། སྐྱེས་བུའོ། །དེ་ཡང་དབང་ཕྱུག་ནག་པོའི་རྒྱུད་ལས། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་བཤད་པ་ལྟར་རོ། །དེ་ཡང་རྩ་བའི་རང་བཞིན་དང་། སྤྱི་དང་། གཙོ་བོ་རྣམས་དོན་གཅིག་ཡིན་ཞིང་ཁྱད་ཆོས་དྲུག་དང་ལྡན་པའི་ཤེས་བྱ་ཞིག་ལ་འདོད་དོ། །སྐྱེས་བུ་དང་། བདག་དང་། ཤེས་པ་དང་། རིག་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །ལྷག་མ་ཉེར་གསུམ་གྱི་སྐྱེ་ཚུལ་ནི། གང་གི་ཚེ་སྐྱེས་བུ་དེས་ཡུལ་ལ་ལོངས་སྤྱོད་པའི་འདོད་པ་སྐྱེས་པ་ན། རྩ་བའི་རང་བཞིན་གྱིས་སྒྲ་ལ་སོགས་པའི་རྣམ་འགྱུར་རྣམས་སྤྲུལ་བར་བྱེད་དོ། །དེ་ཡང་གཙོ་བོ་ལས་ཆེན་པོ་འབྱུང་ལ། བློ་དང་ཆེན་པོ་ནི་མིང་གི་རྣམ་གྲངས་ཡིན་ཞིང་། དེ་ནི་ཕྱི་ནས་ཡུལ་དང་། ནང་ནས་སྐྱེས་བུའི་གཟུགས་བརྙན་འཆར་བའི་མེ་ལོང་ངོས་གཉིས་པ་ལྟ་བུ་ཞིག་ལ་འདོད་དེ། དེ་ལས་ང་རྒྱལ་སྐྱེ་ཞིང་། ང་རྒྱལ་ལ་དབྱེ་ན། རྣམ་པར་འགྱུར་བ་ཅན་གྱི་ང་རྒྱལ་དང་། སྙིང་སྟོབས་ཅན་གྱི་ང་རྒྱལ་དང་། མུན་པ་ཅན་གྱི་ང་རྒྱལ་ཏེ་གསུམ་མོ། དང་པོ་ལས་དེ་ཙམ་ལྔ་སྐྱེ་ཞིང་། དེ་ལས་འབྱུང་བ་ལྔ་སྐྱེའོ། །གཉིས་པ་ལས་དབང་པོ་བཅུ་གཅིག་སྐྱེའོ། །

གསུམ་པ་ནི། ང་རྒྱལ་གཞན་གཉིས་ཀ་འཇུག་པར་བྱེད་པ་ཡིན་ཞེས་ཟེར་རོ། །འདི་ཡང་ལོང་བ་རྐང་ཅན་ལྟ་བུའི་རང་བཞིན་དང་། ཞ་བོ་མིག་ཅན་ལྟ་བུའི་སྐྱེས་བུ་གཉིས་གཅིག་ཏུ་འཁྲུལ་ཏེ། རྣམ་འགྱུར་རྣམས་རྩ་བའི་རང་བཞིན་གྱིས་སྤྲུལ་པའི་ཚུལ་མ་ཤེས་པའི་དབང་གིས་འཁོར་བར་འཁོར་བར་འདོད་དོ། །ནམ་ཞིག་བླ་མས་ཉེ་བར་བསྟན་པའི་མན་ངག་ཐོས་པ་ལ་བརྟེན་ནས་རྣམ་འགྱུར་འདི་དག་རང་བཞིན་གྱིས་སྤྲུལ་པ་ཙམ་དུ་ཟད་དོ་ཞེས་ངེས་ཤེས་ལྷག་པར་སྐྱེས་པ་ན། རིམ་གྱིས་ཡུལ་ལ་ཆགས་པ་དང་བྲལ་བར་གྱུར་པ་དེའི་ཚེ་བསམ་གཏན་ལ་བརྟེན་ནས་ལྷའི་མིག་གི་མངོན་ཤེས་བསྐྱེད་དོ། །མངོན་ཤེས་ཀྱིས་གཙོ་བོ་ལ་བལྟས་པ་ན་གཙོ་བོ་དེ་གཞན་གྱི་བུད་མེད་ལྟར་ངོ་ཚ་བས་སྐྱེངས་ཏེ་རྣམ་འགྱུར་རྣམས་ཉེ་བར་བསྡུས་ཏེ། རང་བཞིན་ཡན་གར་བར་གནས་ཤིང་། དེའི་ཚེ་རྣལ་འབྱོར་པའི་བློ་ངོར་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་ལོག་སྟེ། སྐྱེས་བུའི་ཡུལ་ལ་ལོངས་སྤྱོད་མེད་ཅིང་བྱེད་པ་མེད་པར་གནས་པ་དེའི་ཚེ་ཐར་པ་ཐོབ་པ་ཡིན་ནོ། །ཞེས་འདོད་དོ། །

༣༽དཔྱོད་པ་བ།

དཔྱོད་པ་བ་ནི། རྒྱལ་དཔོག་པའི་རྗེས་འབྲངས་པ་སྟེ། རིག་བྱེད་ལ་གང་སྣང་བ་ནི་རང་བྱུང་ཡིན་ཏེ། དེ་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་སྒྲོ་བཏགས་ན་མཆོད་སྦྱིན་ལ་སོགས་པ་འབའ་ཞིག་གིས་མཐོ་རིས་ཀྱི་གོ་འཕང་ཐོབ་པར་འདོད་ལ། དེ་ནི་ངན་སོང་ལས་གྲོལ་བའི་ཐར་པ་ཙམ་དུ་ཁས་ལེན་ནོ། །འོན་ཀྱང་སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་མེད་དེ་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་པའི་ཕྱིར་དང་། ཐམས་ཅད་མཁྱེན་པ་ཡང་མེད་དེ། ཤེས་བྱ་མཐའ་ཡས་པའི་ཕྱིར་རོ། །དེ་བས་ན་བདེན་པའི་ངག་ཀྱང་མེད་དོ་ཞེས་སྨྲའོ། །

༤༽གཅེར་བུ་བ།

གཅེར་བུ་བ་ནི། རྒྱལ་བ་དམ་པའི་རྗེས་སུ་འབྲངས་པ་སྟེ། ཤེས་བྱ་ཐམས་ཅད་དོན་དགུར་འདོད་དེ། སྲོག་དང་། ཟག་པ་དང་། སྡོམ་པ་དང་། ངེས་པར་རྒ་བ་དང་། འཆིང་བ་དང་། ལས་དང་། སྡིག་པ་དང་། བསོད་ནམས་དང་། ཐར་པ་རྣམས་སོ། །དེ་ལ་སྲོག་ནི་བདག་ཡིན་ལ། སྐྱེས་བུ་རྣམས་ཀྱི་ལུས་ཀྱི་ཚད་ཇི་ལྟ་བ་བཞིན་དུ་ཡོད་པ་ངོ་བོ་རྟག་ལ་གནས་སྐབས་མི་རྟག་པའི་རང་བཞིན་ཅན་ཡིན་ནོ། །ཟག་པ་ནི། དགེ་བ་དང་མི་དགེ་བའི་ལས་རྣམས་ཡིན་ཏེ། དེའི་དབང་གིས་འཁོར་བར་ཟག་པར་བྱེད་པའི་ཕྱིར། སྡོམ་པ་ནི། ཟག་པ་འགོག་པར་བྱེད་པ་སྟེ། ལས་གསར་དུ་མི་གསོག་པའི་ཕྱིར་རོ། །ངེས་པར་རྒ་བ་ནི། སྐོམ་མི་འཐུང་བ་དང་། ལུས་གདུང་བ་སོགས་པའི་དཀའ་ཐུབ་ཀྱི་སྒོ་ནས་སྔོན་བསགས་པའི་ལས་རྣམས་ཟད་པར་བྱེད་པའོ། །འཆིང་བ་ནི་ལོག་པར་ལྟ་བའོ། །ལས་ནི་རྣམ་པ་བཞི་སྟེ། ཕྱིས་མྱོང་བར་འགྱུར་བ་དང་། མིང་དང་། རུས་དང་། ཚེའོ། །སྡིག་པ་ནི། ཆོས་མིན་པའོ། །བསོད་ནམས་ནི། ཆོས་སོ། ། ཐར་པ་ནི་ལུས་གཅེར་བུ་དང་། ངག་མི་སྨྲ་བ་དང་། མེ་ལྔ་བརྟེན་པ་ལ་སོགས་པའི་དཀའ་ཐུབ་ཀྱི་སྤྱོད་པ་ལ་བརྟེན་ནས་སྔར་བྱས་ཀྱི་ལས་ཐམས་ཅད་ཟད་ཅིང་། ལས་གསར་དུ་མ་བསགས་པས་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་འདུག་པའི་གནས་འཇིག་རྟེན་འདུས་པ་ཞེས་བྱ་བ་གདུགས་དཀར་པོ་གྱེན་ལ་བསླངས་པ་ལྟ་བུ་ཞོའམ་ཀུ་མུ་ཏ་ལྟར་དཀར་བ། ཚད་དཔག་ཚད་འབུམ་ཕྲག་ཞེ་ལྔ་ཡོད་པ། སྲོག་ཡོད་པས་དངོས་པོ་ཡིན་ཞིང་། འཁོར་བ་ལས་གྲོལ་བས་དངོས་པོ་མེད་པ་ཡང་ཡིན་པ་དེར་འགྲོ་སྟེ་གནས་དེ་ལ་ནི་ཐར་པ་ཞེས་བྱའོ། །དེ་སྐད་དུ་རྒྱལ་བ་དམ་པས། ཁ་བ་རྒྱ་སྤོས་མེ་ཏོག་དང་། །བ་ཞོ་བ་མོ་མུ་ཏིག་མདོག། གདུགས་དཀར་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་འབྱུང་ངོ་། །

༥༽རྒྱང་འཕེན་པ།

རྒྱང་འཕེན་པ་ནི། སྐྱེ་བ་སྔ་མ་ནས་འདིར་འོང་བ་མེད་དེ། སྐྱེ་བ་སྔ་མ་ཞེས་པ་སུས་ཀྱང་མ་མཐོང་བའི་ཕྱིར། ལུས་གློ་བུར་བ་ལས་སེམས་གློ་བུར་དུ་གྲུབ་པ་ཡིན་ཏེ། མར་མེ་གློ་བུར་དུ་གྲུབ་པ་ལས་འོད་གློ་བུར་དུ་གྲུབ་པ་བཞིན་ནོ། །སྐྱེ་བ་འདི་ནས་ཕྱི་མར་འགྲོ་བ་ཡང་མེད་དེ། ལུས་སེམས་རྫས་གཅིག་པས་ལུས་འཇིག་པ་ན། བློ་ཡང་འཇིག་པའི་ཕྱིར། དཔེར་ན་རྡོ་འཇིག་པ་ན་རྡོའི་རི་མོ་འཇིག་པ་བཞིན་ནོ། །དེས་ན་འདིས་གཞལ་བྱ་ལ་རང་མཚན་དང་། ཚད་མ་ལ་མངོན་སུམ་ཚད་མ་གཅིག་པུས་ཁྱབ་པར་འདོད་དེ། སྤྱི་མཚན་དང་། རྗེས་དཔག་ཚད་མ་ཁས་མི་ལེན་པའི་ཕྱིར། རྒྱང་འཕེན་གྱི་ཁྱད་པར་འགའ་ཞིག་དངོས་པོ་ཐམས་ཅད་རྒྱུ་མེད་པར་ངོ་བོ་ཉིད་ལས་བྱུང་བར་འདོདདེ། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་། །རྨ་བྱའི་ལ་ལ་ལ་སོགས་པའི་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་། །ཞེས་ཟེར་རོ། །སྨྲས་པ། ལྟ་བ་ངན་པའི་མུ་ལ་སྔེགས་འཆའ་བའི། །ཕྱི་རོལ་གྲུབ་མཐའི་རང་བཞིན་མ་ལུས་པ། །ལེགས་པར་ཤེས་ཏེ་སྤང་བར་བྱེད་པ་ནི། །ཐར་པའི་གྲོང་དུ་འཇུག་པའི་ཐེམ་སྐས་སོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

ས་བཅད་བཞི་པ། རང་སྡེའི་གྲུབ་མཐའི་རྣམ་བཞག་ཅུང་ཕྱེ་སྟེ་བཤད་པ།

རང་སྡེའི་གྲུབ་མཐའ་ཕྱེ་སྟེ་བཤད་པ།

གཉིས་པ་རང་སྡེའི་གྲུབ་མཐའི་རྣམ་བཞག་ཅུང་ཟད་ཕྱེ་སྟེ་བཤད་པ་ལ་གཉས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །

དང་བོ། རང་སྡེའི་གྲུབ་མཐའི་རྣམ་བཞག་སྤྱིར་བསྟན་པ།

རང་སྡེའི་གྲུབ་མཐའ་སྤྱིར་བསྟན་པ།

དང་པོ་ནི། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་བོ་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། མཐར་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཡུལ་ཝ་ར་ན་སཱིར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་བྱ་རྒོད་ཕུང་པོའི་རི་བོར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། དེ་ནས་ཡངས་པ་ཅན་ལ་སོགས་པར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ། མུ་སྟེགས་ཀྱི་སྟོན་པ་དྲུག་ལ་སོགས་པའི་སྨྲ་བ་ངན་པ་ཐམས་ཅད་ཟིལ་གྱིས་མནན་ནས་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དོ། །དེའི་འོག་ཏུ་འགྲེལ་བྱེད་རྣམས་ཀྱིས་འཁོར་ལོ་གསུམ་གྱི་དགོངས་པ་སོ་སོར་བཀྲལ་བ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བ་བཞི་བྱུང་སྟེ། དེ་དག་ལས་དོན་སྨྲ་སྡེ་གཉིས་ཀྱིས་འཁོར་ལོ་དང་པོ་དང་། ངོ་བོ་ཉིད་མེད་པར་སྨྲ་བས་འཁོར་ལོ་བར་པ་དང་། རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་འཁོར་ལོ་ཐ་མའི་རྗེས་སུ་འབྲངས་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་དམ་བཅའ་བར་བྱེད་དོ། །རང་ཅག་གི་སྟོན་པའི་རྗེས་སུ་འབྲངས་པའི་གྲུབ་མཐའ་སྨྲ་བ་ལ་བྱེ་མདོ་གཉིས་དང་དབུ་སེམས་གཉིས་ཏེ་བཞིར་གྲངས་ངེས་ཏེ། དེ་དག་ལས་ལོགས་སུ་གྱུར་པའི་གྲུབ་མཐའ་ལྔ་བ་དང་། ཐེག་པ་གསུམ་ལས་ལོགས་སུ་གྱུར་པའི་ཐེག་པ་བཞི་པ་མེད་པར་གསུངས་པའི་ཕྱིར། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་པ་ལྟར་རོ། །རང་རྒྱུད་པ་མན་ཆད་ཀྱི་རང་སྡེ་འདི་དག་ཐལ་འགྱུར་པས་གཞལ་ན་རྟག་ཆད་ཀྱི་མཐའ་གཉིས་ཀར་ལྷུང་ཡང་། རང་རང་གི་ལུགས་ལ་དབུ་མ་པར་འདོད་དེ། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པར་རློམ་པའི་ཕྱིར་རོ། །དེ་ཡང་གྲུབ་མཐའ་སྨྲ་བ་བཞི་ལ་རྟག་ཆད་ཀྱི་མཐའ་སྤོང་ཚུལ་མི་འདྲ་བ་རེ་ཡོད་དེ། བྱེ་བྲག་སྨྲ་བ་རྣམས་འབྲས་བུ་སྐྱེ་བའི་ཚེ་རྒྱུ་འགག་པས་རྟག་པའི་མཐའ་སྤོང་ལ། རྒྱུའི་མཇུག་ཐོགས་སུ་འབྲས་བུ་འབྱུང་བས་ཆད་པའི་མཐའ་སྤོང་ངོ་ཞེས་ཟེར་རོ། །མདོ་སྡེ་པ་དག་འདུས་བྱས་རྣམས་རྒྱུན་མི་ཆད་པར་འཇུག་པས་ཆད་པའི་མཐའ་སྤོང་ཞིང་། སྐད་ཅིག་གིས་འཇིག་པས་རྟག་པའི་མཐའ་ལས་གྲོལ་ཞེས་འདོད་དོ། སེམས་ཙམ་པ་རྣམས་ཀུན་བཏགས་བདེན་པར་མ་གྲུབ་པས་རྟག་པའི་མཐའ་སྤོང་ལ། གཞན་དབང་བདེན་པར་གྲུབ་པས་ཆད་མཐའ་སྤོང་ངོ་ཞེས་སྨྲའོ། །དབུ་མ་རྣམས་ཆོས་ཐམས་ཅད་ཀུན་རྫོབ་དུ་ཡོད་པས་ཆད་པའི་མཐའ་ལས་གྲོལ་ཞིང་། དོན་དམ་དུ་མེད་པ་རྟག་པའི་མཐའ་ལས་གྲོལ་ཞེས་བཞེད་དོ། །གྲུབ་མཐའ་གོང་མ་གོང་མ་རྣམས་ཀྱིས་འོག་མ་འོག་མའི་གྲུབ་མཐའི་ཐུན་མོང་མ་ཡིན་པ་རྣམས་འགོག་པར་བྱེད་ཀྱང། །འོག་མ་འོག་མའི་ལྟ་བ་གོ་བ་དེ། གོང་མ་གོང་མའི་ལྟ་བ་གོ་བའི་ཐབས་དམ་པར་སྣང་བས། གྲུབ་མཐའ་གོང་མ་ལ་མཆོག་ཏུ་བཟུང་ནས་འོག་མ་ལ་སྡང་བར་མི་བྱའོ། །དེས་ན་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གང་ཟག་དེ། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བའི་མཚན་ཉིད་དུ་འཇོག ཕྱག་རྒྱ་བཞི་ཡོད་དེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་རྣམས་སོ། །གལ་ཏེ་གནས་མ་བུ་བས་གང་ཟག་གི་བདག་ཁས་བླངས་པས་ནང་པའི་གྲུབ་མཐའ་སྨྲ་བ་མ་ཡིན་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེས་ཁས་བླངས་པའི་བདག་ནི་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཡིན་ལ། ཕྱག་རྒྱ་བཞིའི་ནང་གི་བདག་མེད་ནི། རྟག་གཅིག་རང་དབང་ཅན་གྱིས་སྟོང་པའི་བདག་མེད་ལ་བྱེད་ཅིང་། དེ་ནི་མང་བཀུར་སྡེ་ལྔས་ཀྱང་ཁས་ལེན་པའི་ཕྱིར་རོ། །

གཉིས་པ། རང་སྡེའི་གྲུབ་མཐའི་རྣམ་བཞག་བྱེ་བྲག་ཏུ་བཤད་པ།

རང་སྡེའི་གྲུབ་མཐའ་བྱེ་བྲག་ཏུ་བཤད་པ།

གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་མཐའ་དང་བཞི།

༡༽བྱེ་བྲག་སྨྲ་བའི་གྲུབ་མཐའི་རྣམ་བཞག

བྱེ་བྲག་སྨྲ་བའི་གྲུབ་མཐའི་རྣམ་བཞག་ལ་མཚན་ཉིད། དབྱེ་བ། སྒྲ་བཤད། འདོད་ཚུལ་དང་བཞི། དང་པོ་ནི། རང་རིག་མི་འདོད་ཅིང་ཕྱི་དོན་བདེན་གྲུབ་ཏུ་འདོད་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། བྱེ་བྲག་སྨྲ་བའི་མཚན་ཉིད། གཉིས་པ་ནི། དེ་ལ་དབྱེ་ན། ཁ་ཆེ་བྱེ་བྲག་སྨྲ་བ། ཉི་འོག་པ། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་དང་གསུམ་ཡོད། གསུམ་པ་ནི། སློབ་དཔོན་དབྱིག་བཤེས་ཆོས་ཅན། ཁྱོད་ལ་བྱེ་བྲག་སྨྲ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བྱེ་བྲག་བཤད་མཚོ་ཆེན་མོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་སམ། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་བྱེ་བྲག་སྨྲ་བ་ཞེས་བརྗོད་པའི་ཕྱིར། བཞི་པ་འདོད་ཚུལ་ལ། གཞིའི་འདོད་ཚུལ། ལམ་གྱི་འདོད་ཚུལ། འབྲས་བུའི་འདོད་ཚུལ་ལོ། །དང་པོ་ལ་གཉིས། ཡུལ་གྱི་འདོད་ཚུལ། ཡུལ་ཅན་གྱི་འདོད་ཚུལ་ལོ། །དང་པོ་ནི། ལུགས་འདིས་ཤེས་བྱ་ཐམས་ཅད་གཞི་ལྔར་འདུས་པར་འདོད་དེ། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་རྣམས་སོ། །གཞི་ལྔ་པོ་དེ་དག་ཀྱང་དངོས་པོར་འདོད་དེ། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད། ཡོད་པ་ཤེས་བྱ། དངོས་པོ་རྣམས་དོན་གཅིག འདུས་མ་བྱས་ཀྱི་ཆོས་རྣམས་རྟག་པའི་དངོས་པོ་དང་། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་མི་རྟག་པའི་དངོས་པོར་འདོད་དོ། །དངོས་པོ་ལ་རྫས་གྲུབ་ཀྱིས་ཁྱབ་ཀྱང་རྫས་ཡོད་ཀྱིས་མ་ཁྱབ་པ་སྟེ། དོན་དམ་བདེན་པ་དང་རྫས་ཡོད་དོན་གཅིག ཀུན་རྫོབ་བདེན་པ་དང་བཏགས་ཡོད་དོན་གཅིག་ཏུ་འདོད་པའི་ཕྱིར། དེ་ལ་དབྱེ་ན་བདེན་པ་གཉིས་སུ་དབྱེ་བ་དང་། ཟག་བཅས་ཟག་མེད་གཉིས་སུ་དབྱེ་བ་དང་། འཕྲོས་དོན་གཞན་བསྟན་པའོ། །དང་པོ་ནི་བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་སུ་དམིགས་པ་དེ། ཀུནརྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། རྫ་བུམ་དང་ཕྲེང་བ་ལྟ་བུ་ཡིན་ཏེ། རྫ་བུམ་ཐོ་བས་བཅོམ་པ་ན་རྫ་བུམ་དུ་འཛིན་པའི་བློ་དོར་བའི་ཕྱིར་དང་། ཕྲེང་བའི་རྡོག་པོ་སོ་སོར་བསལ་བ་ན་ཕྲེང་བར་འཛིན་པའི་བློ་འདོར་བའི་ཕྱིར། བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་སུ་དམིགས་པ་དེ་དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་དང་། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་ཡིན་ཏེ་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་ཀུན་རྫོབ་བདེན་པ་རྣམས་དོན་དམ་དུ་མ་གྲུབ་ཀྱང་བདེན་གྲུབ་ཏུ་འདོད་དེ། ལུགས་འདིས་དངོས་པོ་ལ་བདེན་གྲུབ་ཀྱིས་ཁྱབ་པ་ཁས་ལེན་པའི་ཕྱིར། གཉིས་པ་ནི། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་སུ་རུང་བའི་ཆོས་དེ་ཟག་བཅས་ཀྱི་མཚན་ཉིད། མཚན་གཞི་ནི། ཕུང་པོ་ལྔ་ལྟ་བུའོ། །དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་སུ་མི་རུང་བའི་ཆོས་དེ། ཟག་མེད་ཀྱི་མཚན་ཉིད། མཚན་གཞི་ནི། ལམ་བདེན་དང་། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་ཡིན་ཏེ། མཛོད་ལས། ལམ་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས་ཞེས་དང་། ཟག་མེད་ལམ་གྱི་བདེན་པ་དང་། འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ཞེས་གསུངས་པའི་ཕྱིར། ཟག་བཅས་ལ་སྤང་བྱས་ཁྱབ་སྟེ། ཚོགས་སྦྱོར་གཉིས་སྤང་བྱ་ཡིན་པའི་ཕྱིར། མཐོང་ལམ་ནི་ཟག་མེད་ཁོ་ན་དང་། སྒོམ་ལམ་དང་མི་སློབ་ལམ་གཉིས་པོ་རེ་རེ་ལ་ཟག་བཅས་དང་ཟག་མེད་ཀྱི་ལམ་གཉིས་གཉིས་ཡོད་དེ། འཕགས་ལམ་ཡིན་ན་ཟག་མེད་ཡིན་པས་ཁྱབ་ཀྱང་། འཕགས་རྒྱུད་ཀྱི་ལམ་ལ་ཟག་མེད་ཡིན་པས་མ་ཁྱབ་སྟེ། སྒོམ་ལམ་པའི་རྒྱུད་ཀྱི་ཞི་རགས་རྣམ་ཅན་དུ་གྱུར་པའི་ལམ་དེ་ཟག་བཅས་ཡིན་པའི་ཕྱིར། གསུམ་པ་འཕྲོས་དོན་གཞན་བསྟན་པ་ནི། དུས་གསུམ་རྫས་སུ་འདོད་དེ། བུམ་པ་བུམ་པའི་འདས་པའི་དུས་སུ་ཡང་ཡོད། བུམ་པ་བུམ་པའི་མ་འོངས་པའི་དུས་སུ་ཡང་ཡོད་པར་འདོད་པའི་ཕྱིར། དགག་སྒྲུབ་གཉིས་ཁས་ལེན་ཀྱང་མེད་དགག་ནི་ཁས་མི་ལེན་ཏེ། དགག་པ་ཡིན་ན་མ་ཡིན་དགག་ཡིན་པས་ཁྱབ་པར་འདོད་པའི་ཕྱིར། ཁ་ཆེ་བྱེ་བྲག་སྨྲ་བ་རྣམས་མདོ་སྡེ་པ་དང་མཐུན་པར་ལས་འབྲས་ཀྱི་འབྲེལ་བའི་རྟེན་དུ་རྣམ་ཤེས་ཀྱི་རྒྱུན་ཁས་ལེན་ཞིང་། དེ་མ་གཏོགས་པའི་བྱེ་བྲག་སྨྲ་བ་རྣམས་ལས་འབྲས་ཀྱི་འབྲེལ་བའི་རྟེན་དུ་ཐོབ་པ་དང་། བུ་ལོན་གྱི་དཔང་རྒྱ་དང་འདྲ་བའི་ཆུད་མི་ཟ་བ་ཞེས་ལྡན་མིན་འདུ་བྱེད་དུ་གྱུར་པ་ཞིག་ཁས་ལེན་ལ། ཐལ་འགྱུར་པ་དང་། འདི་གཉིས་ཀའི་ལུགས་ལ་ལུས་ངག་གི་ལས་གཟུགས་ཅན་དུ་འདོད་དོ། །འདུས་བྱས་ལ་མི་རྟག་པས་ཁྱབ་ཀྱང་། སྐད་ཅིག་རེ་རེ་ནས་འཇིག་པས་མ་ཁྱབ་སྟེ་སྐྱེས་ཟིན་པའི་འོག་ཏུ་གནས་པའི་བྱ་བ་དང་། དེའི་འོག་ཏུ་འཇིག་པའི་བྱ་བ་འཇུག་པར་འདོད་པའི་ཕྱིར། གཉིས་པ་ཡུལ་ཅན་གྱི་འདོད་ཚུལ་ལ། གང་ཟག ཤེས་པ། རྗོད་བྱེད་ཀྱི་སྒྲ་དང་གསུམ། དང་པོ་ནི། གདགས་གཞི་ཕུང་པོ་ལྔའི་ཚོགས་ཙམ་གང་ཟག་གི་མཚན་གཞི། མང་པོས་བཀུར་བ་ཁ་ཅིག་གིས། ཕུང་པོ་ལྔ་ཆར་གང་ཟག་གི་མཚན་གཞི་དང་། སྲུང་བ་པས་སེམས་གཅིག་པུ་གང་ཟག་གི་མཚན་གཞིར་འདོད་དོ། །གཉིས་པ་ལ་ཚད་མ་དང་ཚད་མིན་གྱི་ཤེས་པ་གཉིས་ལས། དང་པོ་ལ། མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་ཡོད། དང་པོ་ལ། དབང་པོའི་མངོན་སུམ། ཡིད་ཀྱི་མངོན་སུམ་། རྣལ་འབྱོར་མངོན་སུམ་དང་གསུམ་ཡོད་ཀྱང་། རང་རིག་མངོན་སུམ་ཁས་མི་ལེན་ནོ། །དབང་པོའི་མངོན་སུམ་གྱི་ཚད་མ་ལ་ཤེས་པས་མ་ཁྱབ་སྟེ། མིག་དབང་གཟུགས་ཅན་པ་དེ་བེམ་པོ། ལྟ་བ། ཚད་མ་གསུམ་ཀའི་གཞི་མཐུན་ཡིན་པའི་ཕྱིར། དབང་པོའི་ཤེས་པས་ཡུལ་རྣམ་མེད་རྗེན་ཆར་དུ་གཞལ་ཞིང་། རྟེན་བཅས་ཀྱི་མིག་གི་དབང་པོ་གཟུགས་ཅན་པས་ཀྱང་གཟུགས་མཐོང་བར་འདོད་དེ། གལ་ཏེ་རྣམ་ཤེས་ཁོ་ནས་མཐོང་ན་རྩིག་པ་ལ་སོགས་པའི་བར་དུ་ཆོད་པའི་གཟུགས་ཀྱང་མཐོང་བར་འགྱུར་ནོ་ཞེས་ཟེར་ཞིང་། སེམས་དང་སེམས་བྱུང་གཉིས་རྫས་ཐ་དད་དུ་འདོད་དོ། །གཉིས་པ། ཚད་མིན་གྱི་ཤེས་པ་ལ་ལོག་ཤེས་སོགས་ཡོད་དོ། །གསུམ་པ་ནི་སྤྱིར་སྒྲ་ཙམ་ལ་དབྱེ་ན། ཟིན་པའི་སྒྲ་དང་། མ་ཟིན་པའི་སྒྲ་གཉིས་ཡོད། དང་པོ་ནི། སྐྱེས་བུའི་ངག་ཏུ་གྱུར་པའི་སྒྲ་ལྟ་བུ། གཉིས་པ་ནི་ཆུ་སྒྲ་ལྟ་བུ། ཟིན་མ་ཟིན་རེ་རེ་ལ་ཡང་། སེམས་ཅན་དུ་སྟོན་མི་སྟོན་གཉིས་གཉིས་ཡོད། སེམས་ཅན་དུ་སྟོན་པའི་སྒྲ་དང་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་དང་། རྗོད་བྱེད་ཀྱི་སྒྲ་གསུམ་དོན་གཅིག་སེམས་ཅན་དུ་མི་སྟོན་པའི་སྒྲ་དང་། ངག་གི་རྣམ་པར་རིག་བྱེད་མ་ཡིན་པའི་སྒྲ་དང་། རྗོད་བྱེད་ཀྱི་སྒྲ་མ་ཡིན་པའི་སྒྲ་གསུམ་དོན་གཅིག བཀའ་དང་བསྟན་བཅོས་གཉིས་ཀྱང་མིང་ཚིག་ཡི་གེ་འདུས་པའི་བདག་ཉིད་སྒྲ་སྤྱི་ལྡན་མིན་འདུ་བྱེད་དུ་ཁས་ལེན་པས། ལུགས་འདི་ལ་བེམ་པོ་དང་ལྡན་མིན་འདུ་བྱེད་མི་འགལ་ལམ་སྙམ་མོ། །གཉིས་པ་ལམ་གྱི་རྣམ་བཞག་བཤད་པ་ལ། ལམ་གྱི་དམིགས་པ། ལམ་གྱི་སྤང་བྱ། ལམ་གྱི་རང་བཞིན་བཤད་པའོ། །དང་པོ་ནི། བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ཡིན་ལ། བདག་མེད་ཕྲ་མོ་དང་གང་ཟག་གི་བདག་མེད་ཕྲ་མོ་དོན་གཅིག་ཏུ་འདོད་ཅིང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་ཁས་ལེན་ནོ། །སྡེ་པ་བཅོ་བརྒྱད་ཀྱི་ནང་ནས་མང་བཀུར་སྡེ་ལྔས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་མི་འདོད་དེ། དེས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཡོད་པར་ཁས་ལེན་པའི་ཕྱིར། ཆོས་ཀྱི་བདག་མེད་ཕྲ་རགས་ཀྱི་རྣམ་བཞག་ཁས་མི་ལེན་ཏེ། གཞི་གྲུབ་ན་ཆོས་བདག་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། གཉིས་པ་ལམ་གྱི་སྤང་བྱ་ལ། ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་གཉིས་ལས། དང་པོས་ནི་གཙོ་བོར་ཐར་པ་འཐོབ་པ་ལ་བར་དུ་གཅོད་པ་སྟེ། མཚན་གཞི་ནི། གང་ཟག་གི་བདག་འཛིན་དང་། དེའི་དབང་གིས་བྱུང་བའི་དུག་གསུམ་ས་བོན་དང་བཅས་པ་ལྟ་བུའོ། །གཉིས་པས་ནི་ཐམས་ཅད་མཁྱེན་པ་འཐོབ་པ་ལ་གཙོ་བོར་བར་དུ་གཅོད་པ་སྟེ། མཚན་གཞི་ནི། དེ་བཞིན་གཤེགས་པའི་ཆོས་ཟབ་ཅིང་ཕྲ་བ་མི་ཤེས་པའི་ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་སོགས་མི་ཤེས་པའི་རྒྱུ་བཞི་ལྟ་བུའོ། །སྒྲིབ་པ་ལ་དེ་གཉིས་ལས་ཞེས་སྒྲིབ་ཅེས་པའི་ཐ་སྙད་ཁས་མི་ལེན་ནོ། ། གསུམ་པ་ལམ་གྱི་རང་བཞིན་ནི། དེ་ཡང་ཐེག་པ་གསུམ་གྱི་ལམ་ལ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སྟེ་ལམ་ལྔའི་རྣམ་བཞག་ཁས་ལེན་ཀྱང་ས་བཅུའི་ཡེ་ཤེས་མི་འདོད་དོ། །ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་སྐད་ཅིག་མ་དང་པོ་བཅོ་ལྔ་ནི་མཐོང་ལམ་དང་། བཅུ་དྲུག་པ་ལམ་རྗེས་ཤེས་སྒོམ་ལམ་ཡིན་ལ། ར་ཟམ་པར་འགྲོ་བ་ལྟར་རིམ་ཅན་ཁོ་ནར་སྐྱེ་བར་འདོད་དོ། །ལམ་བདེན་ལ་ཤེས་པས་མ་ཁྱབ་སྟེ། ཟག་མེད་ཀྱི་ཕུང་པོ་ལྔ་ལམ་བདེན་དུ་འདོད་པའི་ཕྱིར། གསུམ་པ་འབྲས་བུའི་རྣམ་བཞག་ནི། ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་མི་རྟག་སོགས་བཅུ་དྲུག་ལ་ཚེ་གསུམ་ལ་སོགས་པའི་བར་དུ་གོམས་པར་བྱས་ནས་མཐར་ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། ཉོན་མོངས་པའི་སྒྲིབ་པ་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་ཏེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །བསེ་རུ་ལྟ་བུའི་རང་རྒྱལ་རྣམས་ཀྱིས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པར་རྟོགས་པའི་ལྟ་བ་དེ་བསྐལ་ཆེན་བརྒྱ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དང་སྦྲེལ་ཏེ། ཚོགས་ལམ་ཆེན་པོ་མན་ཆད་དུ་ཉམས་སུ་བླངས་ནས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་དོ། །དམན་པའི་དགྲ་བཅོམ་པ་ཡང་རང་གི་སྤངས་རྟོགས་ལས་ཉམས་ནས་རྒྱུན་ཞུགས་སུ་འགྱུར་བ་སྲིད་པས་ཉམས་པའི་ཆོས་ཅན་སོགས་ཁས་ལེན་ནོ། །ཉན་ཐོས་ལ་དགེ་འདུན་ཉི་ཤུ་དང་། ཞུགས་གནས་བརྒྱད་ཀྱི་རྣམ་བཞག་བརྩི་ཡང་ཅིག་ཆར་བ་ཁས་མི་ལེན་ལ། ཞུགས་གནས་བརྒྱད་པོ་གང་རུང་ལ་འཕགས་པས་ཁྱབ་པར་འདོད་དོ། །བྱང་སེམས་རྣམས་ཀྱིས་ཚོགས་ལམ་གྱི་གནས་སྐབས་སུ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་པར་བྱེད་ཅིང་། དེ་ནས་བསྐལ་པ་བརྒྱར་མཚན་བཟང་གི་རྒྱུ་བསྒྲུབས་ཏེ་སྲིད་པ་ཐ་མའི་ཚེ་བྱང་ཆུབ་ཤིང་གི་དྲུང་དུ་སྲོད་ལ་ལྷའི་བུའི་བདུད་བཏུལ། །གུང་ལ་མཉམ་པར་བཞག་པའི་ཚེ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་གསུམ་མངོན་དུ་བྱས་ནས། ཐོ་རངས་སྐྱ་རེངས་ཤར་བ་ཙམ་ན་མི་སློབ་ལམ་མངོན་དུ་བྱེད་དོ། །དེས་ན་སྲོད་ལ་བདུད་བཏུལ་པ་ཡན་ཆད་སོ་སྐྱེའི་གནས་སྐབས་དང་། བྱང་སེམས་སྦྱོར་མཐོང་སྒོམ་གསུམ་ལ་མཉམ་བཞག་ཁོ་ནས་ཁྱབ་པར་འདོད་ཅིང། མཛད་པ་བཅུ་གཉིས་ཀྱི་དང་པོ་དགུ་བྱང་སེམས་དང་། ཕྱི་མ་གསུམ་སངས་རྒྱས་ཀྱི་མཛད་པར་ཁས་ལེན་ནོ། །རྟོགས་པའི་ཆོས་འཁོར་ལ་མཐོང་ལམ་གྱིས་ཁྱབ་པ་དང་། ལུང་གི་ཆོས་འཁོར་ལ་བདེན་བཞིའི་ཆོས་འཁོར་གྱིས་ཁྱབ་པར་འདོད་དོ། །མངོན་པ་སྡེ་བདུན་པོ་སངས་རྒྱས་ཀྱིས་གསུངས་པའི་བཀར་ཁས་ལེན་ཅིང་། བཀའ་ལ་སྒྲ་ཇི་བཞིན་པས་ཁྱབ་བོ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལས། བརྒྱད་ཁྲི་བཞི་སྟོང་གི་རྣམ་བཞག་ཁས་མི་ལེན་ཏེ། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག གང་རྣམས་ཐུབ་པས་གསུངས་དེ་དག་ཅེས་གསུངས་པའི་ཕྱིར། བྱང་སེམས་སྲིད་པ་ཐ་མ་བས་བྱང་ཆུབ་མངོན་དུ་བྱེད་པའི་གནས་ནི་འདོད་ཁམས་ཁོ་ནར་ངེས་པས། འོག་མིན་སྟུག་པོ་བཀོད་པ་དང་། ལོངས་སྐུའི་རྣམ་བཞག་ཁས་མི་ལེན་ལ། དེར་མ་ཟད་རྣམ་མཁྱེན་ཡང་མི་འདོད་དོ། །ཐེག་པ་གསུམ་གྱི་དགྲ་བཅོམ་ཡ་ལྷག་བཅས་པས་ཁྱབ་སྟེ། ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་མར་མེ་ཤི་བ་ལྟར་རིག་པ་རྒྱུན་ཆད་པར་འདོད་པའི་ཕྱིར། དེ་ན་མཐར་ཐུག་ཐེག་པ་གསུམ་དུ་གྲུཔ་པར་ཡང་ཁས་ལེན་ནོ། །ཁ་ཅིག་སྟོན་པ་མྱ་ངན་ལས་འདས་པའི་ཚེ་གདུལ་བྱ་འགའ་ཞིག་གི་ངོར་གཟུགས་སྐུའི་བཀོད་པ་བསྡུས་པ་ཙམ་ཡིན་གྱི། དོན་ལ་མྱ་ངན་ལས་འདས་པ་མེད་ཅེས་སྨྲ་བ་ནི་ཉ་དང་ཉུང་མ་བསྲེས་པའོ། །སངས་རྒྱས་འཕགས་པས་སྡུག་ཀུན་མ་ལུས་པར་སྤངས་ཀྱང་། དེའི་རྒྱུད་ལ་སྡུག་བདེན་ཡོད་པ་མི་འགལ་ཏེ། སྡུག་བདེན་ལ་དམིགས་པའི་ཉོན་མོངས་མ་ལུས་པ་སྤངས་པ་ན་སྡུག་བདེན་སྤངས་པར་འཇོག་པའི་ཕྱིར། གཟུགས་ཀྱི་སྐུ་ནི་སྔར་བྱང་སེམས་སྦྱོར་ལམ་པའི་ལུས་རྟེན་དང་ཚེ་གཅིག་གིས་བསྡུས་པའི་ཕྱིར་སངས་རྒྱས་དཀོན་མཆོག་མིན་ཡང་སངས་རྒྱས་སུ་ཁས་ལེན་ལ། སངས་རྒྱས་དཀོན་མཆོག་ནི་དེའི་ཐུགས་རྒྱུད་ཀྱི་ཟད་མི་སྐྱེ་བའི་ཡེ་ཤེས་ལ་འདོད་དོ། །དེ་བཞིན་དུ་སློབ་པ་འཕགས་པ་རྣམས་ཟག་བཅས་ཡིན་པས་དགེ་འདུན་དཀོན་མཆོག་མིན་ཡང་དགེ་འདུན་ཡིན་ལ། དགེ་འདུན་དཀོན་མཆོག་ནི་དེའི་ཐུགས་རྒྱུད་ཀྱི་ལམ་བདེན་ལ་འདོད་དོ། །ཆོས་དཀོན་མཆོག་ཀྱང་བཞག་ཏུ་ཡོད་དེ། སངས་རྒྱས་དང་ཉན་རང་གཉིས་ཀའི་རྒྱུད་ཀྱི་མྱང་འདས་དང་འགོག་བདེན་དེ་དེ་ཡིན་པའི་ཕྱིར། སྨྲས་པ། བདག་བློའི་རྣམ་དཔྱོད་གསེར་གྱི་བུམ་པ་ཡིས། །བྱེ་སྨྲའི་གཞུང་ལུགས་རོལ་མཚོ་ནས་བླངས་པ། །ལེགས་བཤད་བདུད་རྩི་གསར་པའི་དགའ་སྟོན་ལ། །བློ་གསལ་གཞོན་ནུའི་ཚོགས་རྣམས་རོལ་པར་མཛོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

༢༽མདོ་སྡེ་པའི་གྲུབ་མཐའི་རྣམ་བཞག

གཉིས་པ་མདོ་སྡེ་པའི་གྲུབ་མཐའི་རྣམ་བཞག་བཤད་པ་ལ། མཚན་ཉིད། དབྱེ་བ། སྒྲ་བཤད། འདོད་ཚུལ་དང་བཞི། དང་བོ་ནི། རང་རིག་དང་ཕྱི་དོན་གཉིས་ཀ་བདེན་ཞེན་གྱིས་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གངཟག་དེ་མདོ་སྡེ་པའི་མཚན་ཉིད། མདོ་སྡེ་པ་དང་དཔེ་སྟོན་པ་གཉིས་དོན་གཅིག གཉིས་པ་ནི། དེ་ལ་དབྱེ་ན། ལུང་གི་རྗེས་འབྲངས་ཀྱི་མདོ་སྡེ་པ་དང་། རིགས་པའི་རྗེས་འབྲངས་ཀྱི་མདོ་སྡེ་པ་གཉིས། དང་པོ་ནི། མངོན་པ་མཛོད་ཀྱི་རྗེས་འབྲངས་ཀྱི་མདོ་སྡེ་པ་ལྟ་བུ། གཉིས་པ་ནི། ཚད་མ་སྡེ་བདུན་གྱི་རྗེས་འབྲངས་ཀྱི་མདོ་སྡེ་པ་ལྟ་བུའོ། །གསུམ་པ་སྒྲ་བཤད་ནི། མདོ་སྡེ་པ་དང་དཔེ་སྟོན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བྱེ་བྲག་ཏུ་བཤད་པའི་རྗེས་སུ་མི་འབྲངས་པར་གཙོ་བོ་བཅོམ་ལྡན་འདས་གྱི་མདོ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་པ་དང་། ཆོས་ཐམས་ཅད་དཔེའི་སྒོ་ནས་སྟོན་པས་ན་དཔེ་སྟོན་པ་ཞེས་བརྗོད་པའི་ཕྱིར། བཞི་པ་འདོད་ཚུལ་ལ། གཞིའི་འདོད་ཚུལ། ལམ་གྱི་འདོད་ཚུལ། འབྲས་བུའི་འདོད་ཚུལ་དང་གསུམ། དང་པོ་ལ། ཡུལ་དང་ཡུལ་ཅན་གྱི་འདོད་ཚུལ་གཉིས། དང་པོ་ནི། བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད། བློའི་ཡུལ་དུ་བྱ་རུང་བ་ཤེས་བྱའི་མཚན་ཉིད། ཡུལ་དང་། ཡོད་པ། ཤེས་བྱ། གཞི་གྲུབ་རྣམས་དོན་གཅིག དེ་ལ་དབྱེ་ན། བདེན་པ་གཉིས་སུ་དབྱེ་བ། རང་སྤྱི་གཉིས་སུ་དབྱེ་བ། དགག་པ་གཉིས་སུ་དབྱེ་བ། མངོན་ལྐོག་གཉིས་སུ་དབྱེ་བ། དུས་གསུམ་དུ་དབྱེ་བ། གཅིག་དང་ཐ་དད་གཉིས་སུ་དབྱེ་བའོ། །དང་པོ་ནི། སྒྲ་དང་རྟོག་པས་བཏགས་པ་ལ་མ་ལྟོས་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་རིགས་པས་དཔྱད་བཟོད་དུ་གྲུབ་པའི་ཆོས་དེ་དོན་དམ་བདེན་པའི་མཚན་ཉིད། དངོས་པོ་དང་དོན་དམ་བདེན་པ་དང་། རང་མཚན་དང་། མི་རྟག་པ་དང་། འདུས་བྱས་དང་། བདེན་གྲུབ་རྣམས་དོན་གཅིག རྟོག་པས་བཏགས་པ་ཙམ་དུ་གྲུབ་པའི་ཆོས་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། དངོས་མེད་ཀྱི་ཆོས་དང་། ཀུན་རྫོབ་བདེན་པ་དང་། སྤྱི་མཚན་དང་། རྟག་པ་དང་། འདུས་མ་བྱས་ཀྱི་ཆོས་དང་། བརྫུན་པར་གྲུབ་པ་རྣམས་དོན་གཅིག བདེན་གཉིས་ཀྱི་སྒྲ་བཤད་ཡོད་དེ། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། བློ་ཀུན་རྫོབ་པའི་ངོར་བདེན་པའི་ཕྱིར་རོ། །འདིའི་ཀུན་རྫོབ་པ་ནི་རྟོག་པ་སྟེ། རང་མཚན་མངོན་སུམ་དུ་མཐོང་བ་ལ་སྒྲིབ་པས་ཀུན་རྫོབ་པ་ཞེས་བྱའོ། །འདི་ཡང་སྒྲ་བཤད་ཙམ་ཡིན་གྱི། བློ་ཀུན་རྫོབ་པའི་ངོར་བདེན་པ་ཡིན་ན། ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་པ་མེད་དེ། དོན་དམ་བདེན་པའི་མཚན་གཞི་བུམ་པ་ལྟ་བུ་ཡང་། བློ་ཀུན་རྫོབ་པ་རྟོག་པའི་ངོར་བདེན་པའི་ཕྱིར། གང་ཟག་གི་བདག་དང་སྒྲ་རྟག་པ་ལྟ་བུ་བློ་ཀུན་རྫོབ་པ་རྟོགས་པའི་ངོར་བདེན་པ་ཡིན་ཡང་། ཐ་སྙད་དུ་ཡང་མ་གྲུབ་པའི་ཕྱིར། བུམ་པ་ཆོས་ཅན། དོན་དམ་བདེན་པ་ཞེས་བྱ་སྟེ། བློ་དོན་དམ་པའི་ངོར་བདེན་པའི་ཕྱིར། འདིའི་བློ་དོན་དམ་པ་ནི། སྣང་ཡུལ་ལ་མ་འཁྲུལ་པའི་ཤེས་པ་ལ་བྱའོ། །བདེན་གཉིས་ཀྱི་འཇོག་ཚུལ་འདི་རིགས་པའི་རྗེས་འབྲངས་ཀྱི་མདོ་སྡེ་པའི་ལུགས་ཡིན་ལ། ལུང་གི་རྗེས་འབྲངས་ཀྱི་མདོ་སྡེ་པས། བདེན་གཉིས་ཀྱི་རྣམ་བཞག་བྱེ་སྨྲ་དང་མཐུན་པར་ཁས་ལེན་ནོ། །གཉིས་པ་ནི་དོན་དམ་པར་དོན་བྱེད་ནུས་པའི་ཆོས་དེ་རང་མཚན་གྱི་མཚན་ཉིད། མཚན་གཞི་ནི། བུམ་པ་ལྟ་བུ། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་དེ། སྤྱི་མཚན་གྱི་མཚན་ཉིད། མཚན་གཞི་ནི། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ། སྤྱི་དང་བྱེ་བྲག གཅིག་དང་ཐ་དད། འགལ་བ་དང་འབྲེལ་བ་ལ་སོགས་པ་སྒྲོ་བཏགས་པའི་ཆོས་རྣམས་སྤྱི་མཚན་ཡིན་མོད་ཀྱང་། དེ་དག་ཡིན་ན་སྤྱི་མཚན་ཡིན་མི་དགོས་པའི་ཁྱད་པར་འབྱེད་དགོས་སོ། །གསུམ་པ་ནི། དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་དགག་པའི་མཚན་ཉིད། དེ་དང་གཞན་སེལ་དོན་གཅིག དབྱེ་ན། མེད་དགག་དང་མ་ཡིན་དགག་གཉིས། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དེ་བཅད་ཙམ་དུ་རྟོགས་པར་བྱ་བ་མེད་དགག་གི་མཚན་ཉིད། དཔེར་ན། བྲམ་ཟེ་ཆང་མི་བཏུང་བ་ལྟ་བུའོ། །རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་། སྒྲུབ་པ་གང་རུང་འཕེན་པ་དེ་མ་ཡིན་དགག་གི་མཚན་ཉིད། དཔེར་ན་ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལྟ་བུའོ། །རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བ་མ་ཡིན་པའི་ཆོས་དེ་སྒྲུབ་པའི་མཚན་ཉིད། དཔེར་ན། བུམ་པ་ལྟ་བུའོ། །བཞི་པ་ནི། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་མངོན་གྱུར་གྱི་མཚན་ཉིད། དེ་དང་དངོས་པོ་དོན་གཅིག རྗེས་སུ་དཔག་པའི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ལྐོག་གྱུར་གྱི་མཚན་ཉིད། དེ་དང་ཤེས་བྱ་དོན་གཅིག ལྔ་པ་ནི། དངོས་པོ་གཞན་ཞིག་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་པའི་ཆ་དེ་འདས་པའི་མཚན་ཉིད། དངོས་པོ་གཞན་ཞིག་སྐྱེ་བའི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བའི་དབང་གིས་ཡུལ་དུས་འགའ་ཞིག་ཏུ་མ་སྐྱེས་པའི་ཆ་དེ་མ་འོངས་པའི་མཚན་ཉིད། སྐྱེས་ལ་མ་འགག་པ་ད་ལྟ་བའི་མཚན་ཉིད། འདས་པ་དང་མ་འོངས་པ་གཉིས་རྟག་པ་ཡིན་ལ། ད་ལྟ་བ་དང་དངོས་པོ་དོན་གཅིག་ཏུ་འདོད་དོ། །དངོས་པོ་དེའི་འདས་པ། དངོས་པོ་དེའི་ཕྱི་ལོགས་སུ་གྲུབ་ཅིང་། དངོས་པོ་དེའི་མ་འོངས་པ། དངོས་པོ་དེའི་སྔ་ལོགས་སུ་གྲུབ་པའི་ཁྱད་པར་རྣམས་ཀྱང་ཤེས་པར་བྱའོ། །དྲུག་པ་ནི། སོ་སོ་བ་མ་ཡིན་པའི་ཆོས་དེ་གཅིག་གི་མཚན་ཉིད། དཔེར་ན། བུམ་པ་ལྟ་བུའོ། །སོ་སོའི་ཆོས་དེ་ཐ་དད་ཀྱི་མཚན་ཉིད། དཔེར་ན། ཀ་བུམ་གཉིས་ལྟ་བུའོ། །ངོ་བོ་ཐ་དད་ལ་ལྡོག་པ་ཐ་དད་ཀྱིས་ཁྱབ་ཀྱང་། ལྡོག་པ་ཐ་དད་ལ་ངོ་བོ་ཐ་དད་ཀྱིས་མ་ཁྱབ་སྟེ། བྱས་པ་དང་། མི་རྟག་པ་གཉིས་ངོ་བོ་གཅིག་ཡིན་ཀྱང་། ལྡོག་པ་ཐ་དད་ཡིན་པའི་ཕྱིར། གཞན་ཡང་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་ཁས་ལེན་པ་སོགས་བྱེ་བྲག་སྨྲ་བ་དང་མཐུན་ཀྱང་། ཐམས་ཅད་དུ་འདྲ་བ་ནི་མ་ཡིན་ཏེ། བྱེ་སྨྲས་ཡོད་པར་འདོད་ཕྱིན་རྫས་གྲུབ་ཏུ་འདོད་ལ། མདོ་སྡེ་པས་དེ་ལྟར་མི་འདོད་པའི་ཕྱིར། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་། བྱེ་སྨྲ་དང་། ཐལ་འགྱུར་པ་གཉིས་ཀས་གཟུགས་མཚན་ཉིད་པར་ཁས་ལེན་ལ། མདོ་སེམས་རང་རྒྱུད་པ་གསུམ་གྱིས་གཟུགས་མཚན་ཉིད་པ་མ་ཡིན་པར་འདོད་པའི་ཕྱིར། དེར་མ་ཟད་བྱེ་བྲག་སྨྲ་བས་རྒྱུ་འབྲས་དུས་མཉམ་པར་འདོད་ལ། མདོ་སྡེ་པ་ཡན་ཆད་ཀྱིས་དེ་ལྟར་མི་འདོད་པའི་ཕྱིར། གཉིས་པ་ཡུལ་ཅན་གྱི་འདོད་ཚུལ་ལ། གང་ཟག ཤེས་པ། རྗོད་བྱེད་ཀྱི་སྒྲ་དང་གསུམ། དང་པོ་ནི། ལུང་གི་རྗེས་སུ་འབྲངས་ཀྱིས་ཕུང་པོའི་རྒྱུན་གང་ཟག་གི་མཚན་གཞི་དང་། རིགས་པའི་རྗེས་འབྲངས་རྣམས་ཡིད་ཀྱི་རྣམ་ཤེས་གང་ཟག་གི་མཚན་གཞིར་འདོད་དོ། །གཉིས་པ་ལ། ཚད་མ་དང་། ཚད་མིན་གྱི་བློ་གཉིས། ཚད་མ་ལ་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་གཉིས། མངོན་སུམ་གྱི་ཚད་མ་ལ། དབང་པོའི་མངོན་སུམ། ཡིད་ཀྱི་མངོན་སུམ། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་གྱི་ཚད་མ་དང་བཞི་ཡོད་དོ། །དབང་པོ་གཟུགས་ཅན་པ་ཚད་མར་མི་རུང་སྟེ། གསལ་རིག་གིས་སྟོངས་ཤིང་རང་གི་ཡུལ་གཞལ་མི་ཐུབ་པའི་ཕྱིར། ཚད་མིན་གྱི་བློ་ལ། བཅད་ཤེས། ལོག་ཤེས། ཐེ་ཚོམ། ཡིད་དཔྱོད། སྣང་ལ་མ་ངེས་པའི་བློ་དང་ལྔའོ། །དེ་དག་ལས་མངོན་སུམ་དང་། སྣང་ལ་མ་ངེས་པའི་བློ་གཉིས་ལ་རྟོག་བྲལ་མ་འཁྲུལ་པས་ཁྱབ་ཅིང་། རྗེས་དཔག ཡིད་དཔྱོད། ཐེ་ཚོམ་གསུམ་ནི་རྟོག་པ་ཁོ་ན་ཡིན་ནོ། །ཤེས་པས་ཡུལ་འཇལ་བའི་ཚེ་རྣམ་བཅས་སུ་རྟོགས་ཤིང་། སེམས་སེམས་བྱུང་རྫས་གཅིག་ཏུ་འདོད་དོ། །གསུམ་པ་ནི། རང་གི་བརྗོད་བྱའི་དོན་གོ་བར་བྱེད་པའི་མཉན་བྱ་དེ། རྗོད་བྱེད་ཀྱི་སྒྲའི་མཚན་ཉིད། དེ་ལ་བརྗོད་བྱའི་སྒོ་ནས་དབྱེ་ན། རིགས་བརྗོད་ཀྱི་སྒྲ་དང་། ཚོགས་བརྗོད་ཀྱི་སྒྲ་གཉིས། དང་པོ་ནི། གཟུགས་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །གཉིས་པ་ནི་བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །ཡང་དེ་ལ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན་ཆོས་བརྗོད་ཀྱི་སྒྲ་དང་། ཆོས་ཅན་བརྗོད་པའི་སྒྲ་གཉིས། དང་པོ་ནི། སྒྲའི་མི་རྟག་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །གཉིས་པ་ནི། སྒྲ་མི་རྟག་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། ། གཉིས་པ་ལམ་གྱི་འདོད་ཚུལ་ལ་གསུམ་ལས། ལམ་གྱི་དམིགས་པ་ནི། བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་པོ་འདི་ཉིད་ཡིན་ལ། བདག་མེད་ཕྲ་མོ་དང་། གང་ཟག་གི་བདག་མེད་ཕྲ་མོ་དོན་གཅིག་ཏུ་འདོད་ཅིང་། གང་ཟག་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་དོ། །ལམ་གྱི་སྤང་བྱ་ལ། གང་ཟག་གི་བདག་འཛིན་དང་། ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་སོགས་ཀྱི་ཐ་སྙད་ཙམ་ཞིག་མ་གཏོགས་ཆོས་ཀྱི་བདག་འཛིན་དང་། ཤེས་སྒྲིབ་སོགས་ཁས་མི་ལེན་པ་བྱེ་སྨྲ་དང་འདྲའོ། །ཐེག་པ་གསུམ་གྱི་ལམ་ལ་ལམ་ལྔའི་རྣམ་བཞག་བྱེད་ཅིང་། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་མཐོང་ལམ་དུ་འདོད་ལ། མངོན་སུམ་གྱི་སྣང་ཡུལ་ལ་རང་མཚན་ཞིག་དགོས་པས། གང་ཟག་གི་བདག་མེད་ཕྲ་མོ་ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་གྱི་འཛིན་སྟངས་ཀྱི་ཡུལ་དུ་མི་འདོད་དེ། དེས་གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་དངོས་སུ་གསལ་བའི་ཤུགས་ལ་གང་ཟག་གི་བདག་མེད་ཕྲ་མོ་རྟོགས་པར་འདོད་པའི་ཕྱིར། གསུམ་པ་འབྲས་བུའི་འདོད་ཚུལ་ནི། དགྲ་བཅོམ་པ་སྤངས་རྟོགས་ལས་ཉམས་པ་མི་སྲིད་པ་དང་། སངས་རྒྱས་ཀྱི་གཟུགས་ཕུང་སངས་རྒྱས་སུ་ཁས་ལེན་པ་མ་གཏོགས། ཐེག་པ་གསུམ་གྱི་འབྲས་བུ་མངོན་དུ་བྱེད་ཚུལ་སོགས་བྱེ་སྨྲ་དང་མཚུངས་སོ། །བྱེ་མདོ་གཉིས་ཀྱིས་ཐེག་ཆེན་གྱི་སྡེ་སྣོད་བཀར་ཁས་མི་ལེན་ཀྱང་། ཕྱི་རབས་པ་རྣམས་ལ་བཀར་ཁས་ལེན་པ་ཡོད་པར་བཤད་དོ། །སྨྲས་པ། རིགས་པའི་གཞུང་ལ་ལེགས་པར་སྦྱངས་པའི་མཐུས། །རིགས་པའི་རྗེས་འབྲངས་དཔེ་སྟོན་སྡེ་པ་ཡི། །རིགས་པའི་གསང་ཚིག་ཇི་བཞིན་བརྗོད་པ་འདི། །རིགས་པ་སྨྲ་བ་རྣམས་ཀྱིས་དགའ་སྟོན་མཛོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

༣༽སེམས་ཙམ་པའི་གྲུབ་མཐའི་རྣམ་བཞག

གསུམ་པ་སེམས་ཙམ་པའི་གྲུབ་མཐའི་རྣམ་བཞག་བཤད་པ་ལ། མཚན་ཉིད། དབྱེ་བ། སྒྲ་བཤད། འདོད་ཚུལ་དང་བཞི། དང་པོ་ནི། ཕྱི་དོན་ཁས་མི་ལེན་ཞིང་གཞན་དབང་བདེན་གྲུབ་ཏུ་འདོད་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་སེམས་ཙམ་པའི་མཚན་ཉིད་དོ། །གཉིས་པ་ནི། དེ་ལ་དབྱེ་ན། སེམས་ཙམ་རྣམ་བདེན་པ་དང་། རྣམ་རྫུན་པ་གཉིས། འདི་གཉིས་ཀྱི་ཁྱད་པར་ཡོད་དེ། སྔོ་འཛིན་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་བ་དེ་རྣམ་བདེན་རྫུན་གྱིས་རྩོད་གཞིའི་རྣམ་པ་ཡིན་ལ། རྣམ་བདེན་པས་སྔོན་འཛིན་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་བ་ལྟར་གྲུབ་པར་ཁས་ལེན། རྣམ་རྫུན་པས་སྔོན་འཛིན་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་བ་ལྟར་མ་གྲུབ་པར་ཁས་ལེན་པའི་ཕྱིར། དེར་ཐལ། རྣམ་བདེན་རྫུན་གཉིས་ཀས་སྔོན་འཛིན་ནི་ཤེས་ལ་སྔོན་པོ་སྔོན་པོར་སྣང་བ་དང་། སྔོན་པོ་རགས་པར་སྣང་བ་དང་། སྔོན་པོ་ཕྱི་རོལ་དོན་དུ་སྣང་བར་འདོད་པར་འདྲ་ཡང་རྣམ་བདེན་པས་སྔོན་འཛིན་མིག་ཤེས་ལ་སྔོན་པོ་ཕྱི་རོལ་དོན་དུ་སྣང་བ་ལ་མ་རིག་པས་བསླད་པ་ཞུགས་ལ། སྔོན་པོ་སྔོན་པོར་སྣང་བ་དང་སྔོན་པོ་རགས་པར་སྣང་བ་ལ་མ་རིག་པས་བསླད་པ་མ་ཞུགས་པར་འདོད། རྣམ་བརྫུན་པས་སྔོན་པོ་ཕྱི་རོལ་དོན་དུ་སྣང་བ་ཙམ་དུ་མ་ཟད། སྔོན་པོ་སྔོན་པོར་སྣང་བ་དང་། སྔོན་པོ་རགས་པར་སྣང་བ་ལ་ཡང་མ་རིག་པས་བསླད་པ་ཞུགས་པར་འདོད་པའི་ཕྱིར། དེས་ན་སེམས་ཙམ་པ་གང་ཞིག དབང་ཤེས་ལ་རགས་པར་སྣང་བ་སྣང་བ་ལྟར་དུ་གྲུབ་པར་འདོད་པ་དེ་སེམས་ཙམ་རྣམ་བདེན་པའི་མཚན་ཉིད་། སེམས་ཙམ་པ་གང་ཞིག་དབང་ཤེས་ལ་རགས་པར་སྣང་བ་སྣང་བ་ལྟར་དུ་མ་གྲུབ་པར་འདོད་པ་དེ་སེམས་ཙམ་རྣམ་རྫུན་པའི་མཚན་ཉིད། རྣམ་བདེན་པ་ལ་དབྱེ་ན། གཟུང་འཛིན་གྲངས་མཉམ་པ། སྒོ་ང་ཕྱེད་ཚལ་པ། སྣ་ཚོགས་གཉིས་མེད་པ་དང་གསུམ་ཡོད། འདི་གསུམ་གྱི་ཁྱད་པར་ལ་མཁས་པ་རྣམས་བཞེད་པ་མི་མཐུན་ཏེ། གུང་རུ་རྒྱལ་མཚན་བཟང་པོའི་དབུ་མའི་སྟོང་མཐུན་ལས། ཕྱེ་མ་ལེབ་ཀྱི་གཤོག་སྟེང་གི་ཁྲ་བོ་འཛིན་པའི་མིག་ཤེས་ཀྱིས་ཁྲ་བོ་འཛིན་པའི་ཚེ་ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་གཏད་ཅིང་། ཡུལ་ཅན་གྱི་ངོས་ནས་ཀྱང་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་རྣམ་བདེན་དུ་སྐྱེ་བར་འདོད་པས་ན་གཟུང་འཛིན་གྲངས་མཉམ་པ་དང་། དེ་ལྟར་འཛིན་པའི་ཚེ་ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་གཏད་ཅིང་། ཡུལ་ཅན་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་རྣམ་མེད་དུ་སྐྱེ་བར་འདོད་པས་ན་སྒོ་ང་ཕྱེད་ཚལ་པ་དང་། དེ་ལྟར་འཛིན་པའི་ཚེ་ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་མ་གཏད་ཅིང་ཁྲ་ཙམ་གྱི་རྣམ་པ་གཏད། ཡུལ་ཅན་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་རྣམ་མེད་དུ་མ་སྐྱེས་པར་ཁྲ་ཙམ་གྱི་རྣམ་པ་རྣམ་མེད་དུ་སྐྱེས་པར་འདོད་པས་ན་སྣ་ཚོགས་གཉིས་མེད་པ་ཞེས་བཤད། དྲུང་ཆེན་ལེགས་པ་བཟང་པོ་དང་། པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱིས་ཁྲ་འཛིན་དབང་ཤེས་ལ་སྣང་བའི་སྔོ་སེར་གཉིས་རྫས་ཐ་དད་ཡིན་པ་བཞིན་དུ་ཁྲ་འཛིན་མིག་ཤེས་ཀྱི་སྟེང་ན་མིག་ཤེས་རྫས་ཐ་དད་པ་དུ་མ་ཡོད་པར་ཁས་ལེན་པས་ན་གཟུང་འཛིན་གྲངས་མཉམ་པ་དང་། སྔོན་པོ་དང་སྔོན་འཛིན་མིག་ཤེས་གཉིས་སྤྱིར་ཤེས་པའི་བདག་ཉིད་ཡིན་ཀྱང་དེ་གཉིས་རྫས་ཐ་དད་དུ་ཁས་ལེན་པས་ན་སྒོ་ང་ཕྱེད་ཚལ་པ་དང་། ཁྲ་བོའི་སྟེང་གི་སྔོ་སེར་གཉིས་རྫས་གཅིག་ཡིན་པ་བཞིན་དུ་ཁྲ་འཛིན་མིག་ཤེས་ཀྱི་སྟེང་གི་སྔོ་སེར་འཛིན་པའི་དབང་ཤེས་གཉིས་རྫས་གཅིག་ཏུ་འདོད་པས་ན་སྣ་ཚོགས་གཉིས་མེད་པ་ཞེས་བཤད། གྲུབ་མཐའ་ཆེན་མོ་ལས། ཁྲ་འཛིན་མིག་ཤེས་ཀྱིས་ཁྲ་བོ་ལ་བལྟས་པའི་ཚེ། ཁྲ་བོའི་སྟེང་གི་སྔོ་སེར་སོགས་ཀྱི་གྲངས་དང་མཉམ་པའི་རྣམ་ཤེས་རིགས་མཐུན་ཅིག་ཆར་དུ་སྐྱེ་བར་འདོད་པས་ན་གཟུང་འཛིན་གྲངས་མཉམ་པ་དང་། སྔོན་པོ་དང་སྔོན་འཛིན་མིག་ཤེས་གཉིས་གྲུབ་དུས་ལ་ལྟོས་ནས་སྔ་ཕྱི་པ་ཡིན་ཀྱང་། དམིགས་དུས་ལ་ལྟོས་ནས་རྫས་གཅིག་ཏུ་ཁས་ལེན་པས་ན་སྒོ་ང་ཕྱེད་ཚལ་པ་དང་། ཁྲ་འཛིན་མིག་ཤེས་ཀྱིས་རང་ཡུལ་ལ་བལྟས་པའི་ཚེ། ཡུལ་གྱི་སྟེང་གི་སྔོ་སེར་སོགས་ཀྱི་གྲངས་དང་མཉམ་པའི་རྣམ་ཤེས་རིགས་མཐུན་ཅིག་ཆར་དུ་མི་སྐྱེ་བར་ཁྲ་འཛིན་མིག་ཤེས་གཅིག་པུ་དེ་ཁྲ་བོའི་སྟེང་གི་སྔོ་སེར་སོགས་འཛིན་པའི་དབང་ཤེས་ཡིན་པར་ཁས་ལེན་པས་ན་སྣ་ཚོགས་གཉིས་མེད་པ་ཞེས་བཤད་པས་ལུགས་དེ་གསུམ་གྱི་ནང་ནས་གང་བདེ་བ་བཟུང་བར་བྱའོ། །གཟུང་འཛིན་གྲངས་མཉམ་པ་ལ་རྣམ་ཤེས་ཚོགས་བརྒྱད་འདོད་པ་དང་། རྣམ་ཤེས་ཚོགས་དྲུག་འདོད་པ་གཉིས། སྣ་ཚོགས་གཉིས་མེད་པ་ལ་རྣམ་ཤེས་ཚོགས་དྲུག་སྨྲ་བ་དང་། རྣམ་ཤེས་གཅིག་པུར་སྨྲ་བ་གཉིས་ཡོད་པ་བཤད་དོ། །རྣམ་རྫུན་པ་ལ་དབྱེ་ན། དྲི་བཅས་པ་དང་། དྲི་མེད་རྣམ་རྫུན་པ་གཉིས་ཡོད། སེམས་ཀྱི་ངོ་བོ་མ་རིག་པའི་བག་ཆགས་ཀྱི་དྲི་མས་བསླད་པར་འདོད་པས་ན་དྲི་བཅས་པ་དང་། སེམས་ཀྱི་ངོ་བོ་མ་རིག་པའི་བག་ཆགས་ཀྱི་དྲི་མས་ཅུང་ཟད་ཀྱང་མ་བསླད་པར་འདོད་པས་ན་དྲི་མེད་པ་ཞེས་ཟེར། ཡང་ན་སངས་རྒྱས་ཀྱི་ས་ན་མ་རིག་པ་མེད་ཀྱང་འཁྲུལ་པའི་སྣང་བ་ཡོད་པར་འདོད་པས་ན་དྲི་བཅས་པ་དང་། སངས་རྒྱས་ཀྱི་ས་ན་མ་རིག་པ་མེད་པས་འཁྲུལ་སྣང་ཡང་མེད་པར་འདོད་པས་དྲི་མེད་པ་ཞེས་ཟེར། ཡང་སེམས་ཙམ་པ་ལ་དབྱེ་ན། ལུང་གི་རྗེས་འབྲངས་དང་། རིགས་པའི་རྗེས་འབྲངས་གཉིས། དང་པོ་ནི། ས་སྡེ་ལྔའི་རྗེས་འབྲངས་དང་། གཉིས་པ་ནི། ཚད་མ་སྡེ་བདུན་གྱི་རྗེས་འབྲངས་རྣམས་སོ། །གསུམ་པ་སྒྲ་བཤད་ནི། ཅིའི་ཕྱིར་སེམས་ཙམ་པ་ཞེས་བྱ་ཞེ་ན། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་ན་སེམས་ཙམ་པའམ་རྣམ་རིག་པ་དང་། རྣལ་འབྱོར་པའི་གཞིའི་སྒོ་ནས་ལམ་གྱི་སྤྱོད་པ་ཉམས་ལེན་གཏན་ལ་འབེབས་པས་རྣལ་འབྱོར་སྤྱོད་པ་བ་ཞེས་ཀྱང་བྱའོ། །བཞི་པ་འདོད་ཚུལ་ལ། གཞི་ལམ་འབྲས་བུ་གསུམ་ལས། དང་པོ་ལ་ཡུལ་དང་ཡུལ་ཅན་གཉིས། དང་པོ་ནི། ཞེས་བྱ་ཐམས་ཅད་མཚན་ཉིད་གསུམ་དུ་འདུས་པར་འདོད་དེ། འདུས་བྱས་ཐམས་ཅད་གཞན་དབང་། ཆོས་ཉིད་ཐམས་ཅད་ཡོངས་གྲུབ། དེ་ལས་གཞན་པ་རྣམས་ཀུན་བཏགས་སུ་འདོད་པའི་ཕྱིར། དེ་གསུམ་པོ་རང་ངོས་ནས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པར་འདོད་ཀྱང་། བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་ཡོད་དེ། ཀུན་བཏགས་བདེན་མེད་དང་། གཞན་དབང་ཡོངས་གྲུབ་གཉིས་བདེན་གྲུབ་ཏུ་འདོད་པའི་ཕྱིར། དོན་དམ་པར་མ་གྲུབ་ཀྱང་རྟོག་པའི་ངོ་བོར་གྲུབ་པ་དེ། ཀུན་བཏགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། རྣམ་གྲངས་པའི་ཀུན་བཏགས་དང་། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་གཉིས། དང་པོ་ནི། ཤེས་བྱ་ལྟ་བུའོ། །གཉིས་པ་ནི། བདག་གཉིས་ལྟ་བུའོ། །རྒྱུ་རྐྱེན་གཞན་གྱི་དབང་ལ་བརྟེན་ནས་བྱུང་ཞིང་ཡོངས་གྲུབ་ཀྱི་རྟེན་དུ་གྱུར་པ་དེ། གཞན་དབང་གི་མཚན་ཉིད། དེ་ལ་དབྱེ་ན། དག་པའི་གཞན་དབང་དང་། མ་དག་པའི་གཞན་དབང་གཉིས། དང་པོ་ནི། འཕགས་པའི་རྗེས་ཐོབ་ཡེ་ཤེས་དང་། སངས་རྒྱས་ཀྱི་མཚན་དཔེ་ལྟ་བུའོ། །གཉིས་པ་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྟ་བུའོ། །བདག་གཉིས་གང་རུང་གིས་སྟོང་པའི་དེ་བཞིན་ཉིད་དེ། ཡོངས་གྲུབ་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་། འགྱུར་མེད་ཡོངས་གྲུབ་གཉིས། དང་པོ་ནི། འཕགས་པའི་མཉམ་བཞག་ཡེ་ཤེས་ལྟ་བུའོ། །གཉིས་པ་ནི། ཆོས་ཉིད་ལྟ་བུའོ། །ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡོངས་གྲུབ་ཀྱི་དབྱེ་བར་བཀོད་ཀྱང་ཡོངས་གྲུབ་ཡིན་ཏེ། གང་ལ་དམིགས་ན་སྒྲིབ་པ་ཟད་པར་འགྱུར་པའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་མ་ཡིན་པའི་ཕྱིར། ཡང་ཤེས་བྱ་ལ་དབྱེ་ན། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས། ཐ་སྙད་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱི་ཚད་མས་རྙེད་པའི་དོན་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། བརྫུན་པ་དང་ཀུན་རྫོབ་བདེན་པ། ཐ་སྙད་བདེན་པ་རྣམས་དོན་གཅིག དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱི་ཚད་མས་རྙེད་པའི་དོན་དེ་དོན་དམ་བདེན་པའི་མཚན་ཉིད། སྟོང་ཉིད། ཆོས་དབྱིངས། ཡོངས་གྲུབ། དོན་དམ་བདེན་པ། ཡང་དག་མཐའ། དེ་བཞིན་ཉིད་རྣམས་དོན་གཅིག་ཏུ་འདོད་དོ། །དོན་དམ་བདེན་པ་ཡིན་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་ཀྱང་། ཀུན་རྫོབ་བདེན་པ་ཡིན་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་མ་ཁྱབ་སྟེ། གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་ཀྱང་ཀུན་བཏགས་ཀྱི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར། བརྫུན་པ་ཡིན་ན་བརྫུན་པར་གྲུབ་མི་དགོས་ཏེ། གཞན་དབང་དེ་བརྫུན་པ་ཡིན་ཀྱང་བརྫུན་པར་མ་གྲུབ་པའི་ཕྱིར། དུས་གསུམ་དང་། མེད་དགག་གི་འཇོག་ཚུལ་མདོ་སེམས་རང་རྒྱུད་པ་གསུམ་མཐུན་ནོ། །གཟུགས་སོགས་དོན་ལྔ་པོ་དེ་ཕྱི་རོལ་དོན་དུ་མ་གྲུབ་སྟེ། ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་ཀྱིས་བག་ཆགས་བཞག་པའི་མཐུས་ནང་ཤེས་པའི་རྫས་ཀྱི་སྟེང་ནས་སྐྱེས་པ་ཡིན་པའི་ཕྱིར། རྣམ་བདེན་པ་ལྟར་ན། གཟུགས་སོགས་དོན་ལྔ་པོ་དེ་ཕྱི་རོལ་གྱི་དོན་མ་ཡིན་ཀྱང་རགས་པར་གྲུབ་པར་ཁས་ལེན། རྣམ་བརྫུན་པས་དེ་ལྟར་ན་ཕྱི་རོལ་དོན་དུ་གྲུབ་དགོས་པས་རགས་པར་མ་གྲུབ་པར་ཁས་ལེན་ནོ། །གཉིས་པ་ཡུལ་ཅན་གྱི་འདོད་ཚུལ་ནི། ལུང་གི་རྗེས་འབྲངས་རྣམས་ཀྱིས་རྣམ་ཤེས་ཚོགས་བརྒྱད་འདོད་པས་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཀུན་གཞིའི་རྣམ་ཤེས་གང་ཟག་ཏུ་ཁས་ལེན་ཞིང་། རིགས་པའི་རྗེས་འབྲངས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་གི་མཚན་གཞིར་འདོད་དོ། །དེ་ལ་ཀུན་གཞིའི་རྣམ་ཤེས་ནི་ནང་གི་བག་ཆགས་ལ་དམིགས་ཤིང་རྣམ་པ་རིས་སུ་མ་ཆད་པ། ངོ་བོ་མ་བསྒྲིབས་ལུང་མ་བསྟན་ལ། གྲོགས་སེམས་བྱུང་ཀུན་འགྲོ་ལྔ་ཁོ་ན་དང་མཚུངས་པར་ལྡན་པའི་གཙོ་བོ་ཡིད་ཀྱི་རྣམ་པར་རིག་པ་བརྟན་པས་རབ་ཏུ་ཕྱེ་བ་ཞིག་ལ་འདོད་དོ། །དེ་ཡང་བསྒྲིབས་མ་བསྒྲིབས་གཉིས་ལས་བསྒྲིབས་ལུང་མ་བསྟན་མ་ཡིན། དགེ་རྩ་ཆད་པའི་རྒྱུད་ལ་ཡང་ཡོད་པས་དགེ་བ་མ་ཡིན། ཁམས་གོང་ན་ཡོད་པས། མི་དགེ་བའང་མ་ཡིན། ཉོན་ཡིད་ནི་དམིགས་པ་ཀུན་གཞི་ལ་དམིགས་ནས་རྣམ་པ་ངར་སེམས་པའི་རྣམ་པ་ཅན། ངོ་བོ་བསྒྲིབས་ལུང་མ་བསྟན་ཞིག་ལ་འདོད་དོ། །འཇུག་ཅེས་དྲུག་གི་འཇོག་ཚུལ་སྤྱི་དངམཐུན་ནོ། །ཚད་མ་ལ་མངོན་རྗེས་གཉིས་དང་། མངོན་སུམ་བཞིའི་རྣམ་བཞག་ཁས་ལེན་ཞིང་། རང་རིག་མངོན་སུམ་དང་། རྣལ་འབྱོར་མངོན་སུམ་གཉིས་ལ་མ་འཁྲུལ་བའི་ཤེས་པས་ཁྱབ། རྣམ་བདེན་པས་ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་མིག་ཤེས་དེ་མ་འཁྲུལ་བའི་ཤེས་པར་འདོད་ལ། རྣམ་བརྫུན་པ་ལྟར་ན་ཚུར་མཐོང་གི་རྒྱུད་ཀྱི་དབང་པོའི་མངོན་སུམ་ལ་འཁྲུལ་ཤེས་ཀྱིས་ཁྱབ། དེའི་རྒྱུད་ཀྱི་ཡིད་ཀྱི་མངོན་སུམ་ལ་འཁྲུལ་མ་འཁྲུལ་གྱི་ཆ་གཉིས་ཡོད་པར་འདོད་དོ། ། གཉིས་པ་ལམ་གྱི་རྣམ་བཞག་ལ་གསུམ་ལས། དང་པོ་ལམ་གྱི་དམིགས་པ་ནི། བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་དང་། གང་ཟག་རྟག་གཅིག་རང་དབང་ཅན་གྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་ལ། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་དང་། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་གཉིས་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་དོ། །བདག་མེད་ཕྲ་མོ་གཉིས་ཀ་སྟོང་ཉིད་དུ་འདོད་ཅིང་། སྟོང་ཉིད་ལ་དེ་གང་རུང་མི་དགོས་ཏེ། འགོག་བདེན་དང་མྱང་འདས་གཉིས་ཀྱང་སྟོང་ཉིད་དུ་འདོད་པའི་ཕྱིར། འདུས་བྱས་ཀྱི་ཆོས་རྣམས་རང་འཛིན་ཚད་མ་དང་རྫས་གཅིག་ཏུ་འདོད་ལ། འདུས་མ་བྱས་ཀྱི་ཆོས་རྣམས་རང་འཛིན་ཚད་མ་དང་ངོ་བོ་གཅིག་ཏུ་འདོད་དོ། །གཉིས་པ་ལམ་གྱི་སྤང་བྱ་ལ་ཉོན་སྒྲིབ་དང་། ཤེས་སྒྲིབ་གཉིས། དང་པོ་ནི། གང་ཟག་གི་བདག་འཛིན་ཕྲ་རགས་གཉིས་ས་བོན་དང་བཅས་པ་དང་། རྩ་ཉོན་དྲུག། ཉེ་ཉོན་ཉི་ཤུ་ལྟ་བུའོ། །གཉིས་པ་ནི། ཆོས་ཀྱི་བདག་འཛིན་གྱི་བག་ཆགས་དང་བཅས་པ་ལྟ་བུའོ། །དེ་ཡང་བྱང་སེམས་རྣམས་ཀྱིས་ཤེས་སྒྲིབ་སྤང་བྱའི་གཙོ་བོ་བྱེད་ཀྱང་། ཉོན་སྒྲིབ་སྤང་བྱའི་གཙོ་བོར་མི་བྱེད། ཐེག་དམན་སློབ་པ་རྣམས་ཀྱིས་ཉོན་སྒྲིབ་སྤང་བྱའི་གཙོ་བོར་བྱེད་ཀྱང་། ཤེས་སྒྲིབ་སྤང་བྱའི་གཙོ་བོར་མི་བྱེད་དོ། ། གསུམ་པ་ལམ་གྱི་རྣམ་བཞག་ནི། ཐེག་པ་གསུམ་པོ་རེ་རེ་ལའང་ཚོགས་སྦྱོར་གཉིས། མཐོང་སྒོམ་གཉིས། མི་སློབ་ལམ་དང་ལྔའི་རྣམ་བཞག་བྱེད་ལ། ཐེག་ཆེན་ལ་དེའི་སྟེང་དུ་ས་བཅུའི་རྣམ་བཞག་ཀྱང་ཁས་ལེན་ནོ། །གསུམ་པ་འབྲས་བུ་མངོན་དུ་བྱེད་ཚུལ་ནི། ཐེག་དམན་རིགས་ངེས་རྣམས་ཀྱིས་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་བསྒོམ་བྱའི་གཙོ་བོར་བྱས་ཏེ། གོམས་པ་མཐར་ཕྱིན་པ་ན་ཐེག་དམན་གྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་སྒྲིབ་མ་ལུས་པ་སྤངས་པ་དང་དུས་མཉམ་དུ་ཐེག་དམན་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །ཉན་རང་གཉིས་ཀྱིས་བསྒོམ་བྱའི་བདག་མེད་དང་། སྤང་བྱའི་ཉོན་མོངས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པས་ཉན་རང་གཉིས་ཀ་ལ་ཞུགས་གནས་བརྒྱད་ཀྱི་རྣམ་བཞག་འཐད་ཀྱང། རང་རྒྱལ་ནི་འདོད་པའི་རྟེན་ཅན་དུ་ངེས་པས་དགེ་འདུན་ཉི་ཤུའི་རྣམ་བཞག་བྱར་མེད་དོ། །འོན་ཀྱང་ཉན་རང་གཉིས་ལ་ཁྱད་པར་མེད་པ་མ་ཡིན་ཏེ། བསྐལ་པ་བརྒྱར་བསོད་ནམས་ཀྱི་ཚོགས་ཀྱི་གོམས་པ་བསྲིངས་མ་བསྲིངས་དང་། དེའི་དབང་གིས་འབྲས་བུ་ལའང་མཆོག་དམན་ཡོད་པར་འདོད་དོ། །ལུང་གི་རྗེས་འབྲངས་རྣམས་ཀྱིས་ཐེག་དམན་དགྲ་བཅོམ་པ་ཞི་བ་བགྲོད་གཅིག་པུ་བ་ཐེག་ཆེན་ལམ་དུ་འཇུག་པར་མི་འདོད་ཅིང་། བྱང་ཆུབ་ཡོངས་འགྱུར་བའི་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་འཇུག་པར་འདོད་དོ། །དེ་ཡང་ལྷག་བཅས་ནས་ཡིན་གྱི། ལྷག་མེད་ནས་འཇུག་པ་མ་ཡིན་ཏེ། མཐར་ཐུག་ཐེག་པ་བ། སུམ་དུ་གྲུབ་པར་འདོད་པའི་ཕྱིར། རིགས་པའི་རྗེས་འབྲངས་རྣམས་ཀྱིས་ཐེག་དམན་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་འཇུག་པར་འདོད་དེ། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་ཁས་ལེན་པའི་ཕྱིར། ཐེག་ཆེན་རིགས་ཅན་རྣམས་ཀྱིས་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་བསྒོམ་བྱའི་གཙོ་བོར་བྱས་ཏེ། གྲངས་མེད་གསུམ་གྱི་ཚོགས་དང་འབྲེལ་བར་ཉམས་སུ་བླངས་ནས་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་དེ་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་སྒྲིབ་གཉིས་ཟད་པར་སྤངས་ཏེ། འོག་མིན་དུ་རང་དོན་སྤངས་རྟོགས་ཕུན་ཚོགས་ཏེ་ཆོས་ཀྱི་སྐུ་དང་། གཞན་དོན་འཕྲིན་ལས་ཕུན་ཚོགས་གཟུགས་ཀྱི་སྐུ་གཉིས་མངོན་དུ་བྱེད་དོ། །ཀུན་བཏུས་ཀྱི་རྗེས་འབྲངས་འགའ་ཞིག་ལྟར་ན་མིའི་རྟེན་ལ་འཚང་རྒྱ་བའང་ཡོད་པར་མངོན་ནོ། །སངས་རྒྱས་ཀྱི་བཀའ་ལ་དྲང་ངེས་ཀྱི་ཁྱད་པར་ཡང་ཁས་ལེན་ཏེ། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་པོ་གཉིས་དྲང་དོན་གྱི་མདོ་དང་། འཁོར་ལོ་ཐ་མ་ངེས་དོན་གྱི་མདོར་བཞེད་པའི་ཕྱིར། དྲང་ངེས་ཀྱི་དོན་ཡང་ཡོད་དེ། དངོས་བསྟན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་བའི་མདོ་དེ་དྲང་དོན་གྱི་མདོ་དང་། དངོས་བསྟན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་རུང་བའི་མདོ་དེ་ངེས་དོན་གྱི་མདོར་འཇོག་པའི་ཕྱིར། མྱང་འདས་ལ་ལྷག་བཅས་ལྷག་མེད་མི་གནས་པའི་མྱང་འདས་གསུམ་དང་། སངས་རྒྱས་ཀྱི་སྐུ་ལ་ཆོས་ལོངས་སྤྲུལ་གསུམ་དང་། ཆོས་སྐུ་ལ་ངོ་བོ་ཉིད་སྐུ་དང་། ཡེ་ཤེས་ཆོས་སྐུ་གཉིས་དང་། ངོ་བོ་ཉིད་སྐུ་ལ་རང་བཞིན་རྣམ་དག་དང་། གློ་བུར་དྲི་བྲལ་གྱི་ངོ་བོ་ཉིད་སྐུ་གཉིས་དང་བཅས་ཁས་ལེན་པས་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བ་ཞེས་བྱའོ། །སྨྲས་པ། རྣམ་འདྲེན་ཐུབ་པའི་གསུང་གི་རྗེས་འབྲངས་ཏེ། རྣམ་རིག་ཙམ་དུ་སྨྲ་བའི་གྲུབ་པའི་མཐའ། །རྣམ་མང་མཁས་པའི་གསུང་བཞིན་བཀོད་པ་འདིར། །རྣམ་དཔྱོད་ལྡན་རྣམས་དགའ་བས་འཇུག་པར་རིགས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

༤༽དབུ་མ་པའི་གྲུབ་མཐའི་རྣམ་བཞག

བཞི་པ་ངོ་བོ་ཉིད་མེད་པར་སྨྲ་བ་དབུ་མ་པའི་གྲུབ་མཐའི་རྣམ་བཞག་བཤད་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ། ཕྱེ་བ་སོ་སོའི་དོན་བཤད་པ་དང་བཞི། དང་པོ་ནི། བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་དབུ་མ་པའི་མཚན་ཉིད། གཉིས་པ་སྒྲ་བཤད་ནི། ཅིའི་ཕྱིར་དབུ་མ་པ་ཞེས་བྱ་ཞེ་ན། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་པ་དང་། ཆོས་རྣམས་ལ་བདེན་གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་བརྗོད་པའི་ཕྱིར། གསུམ་པ་ནི། དེ་ལ་དབྱེ་ན། དབུ་མ་རང་རྒྱུད་པ་དང་། ཐལ་འགྱུར་པ་གཉིས་ཡོད། བཞི་པ་ཕྱེ་བ་སོ་སོའི་དོན་ལ། རང་རྒྱུད་པ་དང་། ཐལ་འགྱུར་བའི་ལུགས་བཤད་པ་གཉིས། དང་པོ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ། གྲུབ་མཐའི་འདོད་ཚུལ་དང་བཞི། དང་པོ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཁས་ལེན་པའི་ངོ་བོ་ཉིད་མེད་པར་སྨྲ་བ་དེ། རང་རྒྱུད་པའི་མཚན་ཉིད། གཉིས་པ་ནི། ཅིའི་ཕྱིར་དབུ་མ་རང་རྒྱུད་པ་ཞེས་བྱ་ཞེ་ན། ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པས་ན་དེ་ལྟར་བརྗོད་པའི་ཕྱིར། གསུམ་པ་ནི། དེ་ལ་དབྱེ་ན། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས། ཕྱི་དོན་ཁས་མི་ལེན་ཞིང་། རང་རིག་ཁས་ལེན་པའི་དབུ་མ་པ་དེ་དང་པོའི་མཚན་ཉིད། མཚན་གཞི་ནི། སློབ་དཔོན་ཞི་བ་འཚོ་ལྟ་བུ་རང་རིག་ཁས་མི་ལེན་ཞིང་། ཕྱི་དོན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པའི་དབུ་མ་པ་དེ་གཉིས་པའི་མཚན་ཉིད། མཚན་གཞི་ནི། སློབ་དཔོན་ལེགས་ལྡན་འབྱེད་ལྟ་བུ། སྒྲ་བཤད་ཀྱང་ཡོད་དེ། གཞིའི་རྣམ་བཞག་སེམས་ཙམ་པ་དང་མཐུན་པར་ཁས་ལེན་པས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། མདོ་སྡེ་པ་ལྟར་རྡུལ་ཕྲ་རབ་བསགས་པའི་ཕྱི་རོལ་གྱི་དོན་ཁས་ལེན་པས་ན་མདོ་སྡེ་སྤྱོད་པའི་དབུ་མ་པ་ཞེས་བརྗོད་དོ། །རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལ་ཡང་རྣམ་བདེན་པ་དང་མཐུན་པའི་དབུ་མ་པ་དང་། རྣམ་རྫུན་པ་དང་མཐུན་པའི་དབུ་མ་པ་གཉིས་ཡོད། དང་པོ་ནི། ཞི་བ་འཚོ་དང་། ཀ་མ་ལ་ཤི་ལ་དང་། འཕགས་པ་གྲོལ་སྡེ་ལྟ་བུ། གཉིས་པ་ནི། སློབ་དཔོན་སེང་གེ་བཟང་པོ་དང་། ཛེ་ཏཱ་རི་དང་། ལྭ་བ་པ་ལྟ་བུ་སྟེ། ཛེ་ཏཱ་རི་ནི་རྣམ་རྫུན་དྲི་བཅས་པ་དང་མཐུན་ལ། ལྭ་བ་པ་ནི་རྣམ་རྫུན་དྲི་མེད་དང་མཐུན་པར་བཤད་དོ། །བཞི་པ་གྲུབ་མཐའི་འདོད་ཚུལ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་བཤད་པ་གཉིས། དང་པོ་ལ། གཞི་ལམ་འབྲས་གསུམ་ལས། དང་པོ་གཞིའི་རྣམ་བཞག་ལ་ཡུལ་དང་ཡུལ་ཅན་གཉིས་ལས། དང་པོ་ནི། གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པར་བཞེད་དེ། ཆོས་གང་ཡིན་ཀྱང་བཏགས་དོན་བཙལ་ན་རྙེད་པར་འདོད་པའི་ཕྱིར། དེས་ན་རང་བཞིན་གྱིས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་གི་སྡོད་ལུགས་ངོས་ནས་གྲུབ་པ། རང་ངོས་ནས་གྲུབ་པ་རྣམས་དོན་གཅིག་ཏུ་འདོད། ཞེས་བྱ་ལ་དབྱེ་ན། དོན་དམ་བདེན་པ་དང་། ཀུན་རྫོབ་བདེན་པ་གཉིས་ལས། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་རང་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་དེ་དང་པོའི་མཚན་ཉིད། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་དེ་གཉིས་པའི་མཚན་ཉིད། བུམ་པ་བདེན་སྟོང་ལྟ་བུ་དང་པོའི་མཚན་གཞི་དང་། བུམ་པ་ལྟ་བུ་གཉིས་པའི་མཚན་གཞི་ཡིན་ནོ། །དོན་དམ་བདེན་པ་ལ་རྒྱས་པར་དབྱེ་ན། སྟོང་ཉིད་བཅུ་དྲུག་དང་། བསྡུ་ན་སྟོང་ཉིད་བཞིར་ཡོད། ཀུན་རྫོབ་བདེན་པ་ལ་དབྱེ་ན། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་ལས། དང་པོ་ནི། ཆུ་ལྟ་བུ་དང་། གཉིས་པ་ནི། སྨིག་རྒྱུའི་ཆུ་ལྟ་བུའོ། །ལུགས་འདིས་ཞེས་པ་ཡིན་ན་ཡང་དག་ཀུན་རྫོབ་ཡིན་པས་ཁྱབ་པར་འདོད་དོ། །གཉིས་པ་ཡུལ་ཅན་ལ། ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་གི་མཚན་གཞི་དང་། ཀུན་གཞི་དང་ཉོན་ཡིད་ཁས་མི་ལེན་ཞིང་རྣམ་ཤེས་ཚོགས་དྲུག་ཏུ་འདོད་པ་རང་རྒྱུད་པ་གཉིས་ཀ་མཐུན་ནོ། །བློ་ལ་ཚད་མ་དང་། ཚད་མིན་གྱི་བློ་གཉིས། ཚད་མ་ལ་མངོན་སུམ་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་གཉིས། མངོན་སུམ་ལ་དབང་པོའི་མངོན་སུམ། ཡིད་ཀྱི་མངོན་སུམ། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་དང་བཞིར་ཡོད་ལ། མངོན་སུམ་ཕྱི་མ་གཉིས་ལ་མ་འཁྲུལ་བའི་ཤེས་པས་ཁྱབ་པར་ཁས་ལེན་ནོ། །ཕྱི་རོལ་དོན་དུ་གྲུབ་པ་ཁས་མི་ལེན་པས་སྔོན་པོ་དང་སྔོན་འཛིན་མངོན་སུམ་གཉིས་རྫས་གཅིག་ཏུ་འདོད་དོ། ། གཉིས་པ་ལམ་གྱི་རྣམ་བཞག་ལ་གསུམ་ལས། དང་པོ་ལམ་གྱི་དམིགས་པ་ནི། གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོ་དང་གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང་། ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་བཞེད་དོ། །གཉིས་པ་ལམ་གྱི་སྤང་བྱ་ནི། གང་ཟག་གི་བདག་འཛིན་ཉོན་སྒྲིབ་དང་། ཆོས་ཀྱི་བདག་འཛིན་ཞེས་སྒྲིབ་ཏུ་འདོད་ཅིང་། ཤེས་སྒྲིབ་ལ་ཡང་གཟུང་འཛིན་རྫས་གཞན་དུ་འཛིན་པ་ལྟ་བུ་ཤེས་སྒྲིབ་རགས་པ་དང་། ཕུང་སོགས་ཀྱི་ཆོས་བདེན་གྲུབ་ཏུ་འཛིན་པ་ལྟ་བུ་ཤེས་སྒྲིབ་ཕྲ་མོ་གཉིས་སུ་འདོད་དོ། །གསུམ་པ་ལམ་གྱི་རང་བཞིན་ནི། ལམ་ལྔ་གསུམ་བཅོ་ལྔ་ཁས་ལེན་པར་འདྲ་ལ། ཁྱད་པར་ནི། རང་རྒྱལ་གྱི་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་ལ་གཉིས་སྟོང་གི་རྣམ་པ་ཅན་དགོས་པར་ཁས་ལེན་ནོ། ། གསུམ་པ་འབྲས་བུའི་རྣམ་བཞག་ལ། རང་རྒྱལ་ནི་ཤེས་སྒྲིབ་རགས་པ་སྤང་བྱའི་གཙོ་བོར་བྱེད་པའི་ཕྱིར་ཞུགས་གནས་བརྒྱད་ཀྱི་རྣམ་བཞག་མི་བརྩི་ཡང་། ཉན་ཐོས་ལ་གང་ཟག་ཡ་བརྒྱད་ཡོད་པར་བཞེད་ལ། ཉན་ཐོས་རིགས་ངེས་རྣམས་ཀྱིས་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་བསྒོམ་བྱའི་གཙོ་བོར་བྱས་ཏེ། མཐར་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་སྒྲིབ་མ་ལུས་པར་སྤངས་པ་དང་དུས་མཉམ་དུ་རང་རྒྱལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །རང་རྒྱལ་རིགས་ངེས་རྣམས་ཀྱིས་གཟུང་འཛིན་གཉིས་སྟོང་གི་ལྟ་བ་བསྒོམ་བྱའི་གཙོ་བོར་བྱས་ཏེ་མཐར་སྒོམ་ལམ་ཇོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་སྒྲིབ་དང་། ཤེས་སྒྲིབ་རགས་པ་མ་ལུས་པར་སྤངས་པ་དང་དུས་མཉམ་དུ་རང་རྒྱལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །ཐེག་དམན་གྱི་མྱང་འདས་ལ་ལྷག་བཅས་མྱང་འདས་དང་ལྷག་མེད་མྱང་འདས་གཉིས་ལས། དང་པོ་ནི། སྔ་མའི་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་དང་བཅས་པའི་མྱང་འདས་དང་། གཉིས་པ་ནི། སྡུག་བསྔལ་གྱི་ཕུང་པོ་དང་བྲལ་བའི་གནས་སྐཔས་ལ་འདོད་དོ། །ཉན་རང་དགྲ་བཅོམ་པ་ཡིན་ན་ཐེག་ཆེན་ལམ་དུ་འཇུག་པས་ཁྱབ་སྟེ། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་འདོད་པའི་ཕྱིར། དེས་ན་ལུགས་འདི་ལ་ཉན་རང་གཉིས་སྤང་བྱ་དང་། རྟོགས་རིགས་མི་འདྲ་བའི་དབང་གིས་ཐོབ་བྱའི་འབྲས་བུ་ལའང་མཆོག་དམན་ཡོད་དོ། །ཐེག་ཆེན་རིགས་ངེས་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ཚོགས་ལམ་ཆེན་པོའི་གནས་སྐབས་སུ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་མཆོག་གི་སྤྲུལ་སྐུ་ལས་གདམས་ངག་དངོས་སུ་ཉན་ཅིང་། དེའི་དོན་ཉམས་སུ་བླངས་པ་ལ་བརྟེན་ནས་སྟོང་པ་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ཐོག་མར་སྐྱེས་པའི་ཚེ་སྦྱོར་ལམ་དུ་འཕོས་པ་ཡིན་ཞིང་། དྲོད་ཀྱི་གནས་སྐབས་སུ་མཐོང་སྤང་ཀུན་ནས་ཉོན་མོངས་གཟུང་རྟོག་མངོན་གྱུར་པ་ཉམས་སྨོད་པར་བྱེད་ཅིང་། རྩེ་མོ་ཐོབ་པའི་ཚེ་མཐོང་སྤང་རྣམ་བྱང་གཟུང་རྟོག་མངོན་གྱུར་པ་དང་། བཟོད་པ་ཐོབ་པའི་ཚེ་མཐོང་སྤང་རྫས་འཛིན་རྟོག་པ་མངོན་གྱུར་པ་དང་། ཆོས་མཆོག་ཐོབ་པའི་ཚེ་མཐོང་སྤང་བཏགས་འཛིན་རྟོག་པ་མངོན་གྱུར་པ་ཉམས་སྨོད་པར་བྱེད་དོ། །དྲོད་རྩེ་བཟོད་མཆོག་བཞི་ལ་རིམ་པ་བཞིན་དུ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་། སྣང་བ་མཆེད་པའི་ཏིང་ངེ་འཛིན་དང་། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་དང་། བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་ཟེར་རོ། །དེའི་མཇུག་ཐོགས་སུ་མཐོང་ལམ་བར་ཆད་མེད་ལམ་གྱིས་ཉོན་སྒྲིབ་ཀུན་བཏགས་དང་ཤེས་སྒྲིབ་ཀུན་བཏགས་ས་བོན་དང་བཅས་པ་སྤངས་ནས་རྣམ་གྲོལ་ལམ་དང་འགོག་པའི་བདེན་པ་གཉིས་མངོན་དུ་བྱེད་དོ། །སྒོམ་ལམ་སྐོར་དགུས་སྒོམ་སྤང་ཉོན་མོངས་བཅུ་དྲུག་གི་ས་བོན་དང་། སྒོམ་སྤང་ཤེས་སྒྲིབ་བརྒྱ་དང་བརྒྱད་ཀྱི་ས་བོན་རིམ་ཅན་དུ་སྤོང་བར་གསུངས་སོ། །མཐར་རྒྱུན་མཐའི་བར་ཆད་མེད་ལམ་ལ་བརྟེན་ནས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལྷན་སྐྱེས་གཉིས་ཅིག་ཆར་དུ་སྤངས་ནས་སྐད་ཅིག་གཉིས་པ་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་ཏེ་རིགས་ངེས་ཀྱི་འབྲས་བུ་མངོན་དུ་བྱེད་ཚུལ་ལོ། །ཐེག་ཆེན་གྱི་མྱང་འདས་དང་། མི་གནས་པའི་མྱང་འདས་དོན་གཅིག་ཏུ་འདོད་ཅིང་། སངས་རྒྱས་ཀྱི་སྐུ་ལ་བཞིར་གྲངས་ངེས་པར་འདོད་ལ། འཕགས་སེང་གཉིས་ཀྱང་སྐུའི་བསྟན་ཚུལ་ལ་རྩོད་ཀྱི། གྲངས་ངེས་ལ་མི་རྩོད་དོ། །སངས་རྒྱས་ཀྱི་བཀའ་ལ་དྲང་དོན་གྱི་མདོ་དང་། ངེས་དོན་གྱི་མདོའི་རྣམ་བཞག་བྱེད་དེ། ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་དྲང་དོན་གྱི་མདོ་དང་། དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ངེས་དོན་གྱི་མདོ་ཡིན་པའི་ཕྱིར། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་པོ་དྲང་དོན་དང་། བར་བ་དང་ཐ་མ་གཉིས་ལ་དྲང་ངེས་གཉིས་གཉིས་ཡོད་པར་འདོད་དོ། །གཉིས་པ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ། གཞི་ལམ་འབྲས་གསུམ་ལས། དང་པོ་ནི། ལུགས་འདིས་ཕྱི་དོན་འདོད་ཅིང་རང་རིག་ཁས་མི་ལེན་པ་ཙམ་མ་གཏོགས་གཞིའི་རྣམ་བཞག་ཕལ་ཆེར་སྔ་མ་དང་འདྲའོ། །གཉིས་པ་ལམ་གྱི་ཁྱད་པར་ལ། ཉན་རང་རིགས་ངེས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཞེད་ཅིང་། གཟུང་འཛིན་རྫས་གཞན་གྱིས་སྟོངས་པར་རྟོགས་པའི་ཡེ་ཤེས་ཁས་མི་ལེན་ལ། ཕྱི་རོལ་དོན་འཛིན་གྱི་རྟོག་པ་ཡང་ཤེས་སྒྲིབ་ཏུ་མི་འདོད་དོ། ། གསུམ་པ་འབྲས་བུའི་རྣམ་བཞག་ལ། ཉན་རང་གཉིས་སྤང་བྱའི་སྒྲིབ་པ་དང་། རྟོགས་བྱའི་བདག་མེད་ལ་ཕྲ་རགས་མེད་པས་རྟོགས་རིགས་མི་འདྲ་བ་མེད་ཅིང་ཞུགས་གནས་བརྒྱད་ཀྱི་རྣམ་བཞག་གཉིས་ཀ་ལ་བྱེད་དོ། །ཐེག་ཆེན་རིགས་ངེས་རྣམས་ཀྱིས་སྒྲིབ་གཉིས་རིམ་ཅན་དུ་སྤོང་བར་བཞེད་དེ། ས་བརྒྱད་པ་ཐོབ་པའི་ཚེ་ཉོན་མོངས་པའི་སྒྲིབ་པ་ཟད་པར་སྤངས་པ་རྟོག་གེ་འབར་བ་ལས་བཤད་པའི་ཕྱིར། འོན་ཀྱང་ཐལ་འགྱུར་བ་ལྟར་ཉོན་སྒྲིབ་མ་ཟད་བར་དུ་ཤེས་སྒྲིབ་སྤོང་བའི་འགོ་མི་རྩོམ་པར་བཞེད་པའང་མིན་ནོ། །མི་འདྲ་བའི་ཁྱད་པར་དེ་ཙམ་ཞིག་མ་གཏོགས་གཞི་ལམ་འབྲས་བུ་གསུམ་གྱི་རྣམ་བཞག་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་མཐུན་ནོ། །སྨྲས་པ། རང་མཚན་ཡོད་ཀྱང་བདེན་པར་མེད་བཞེད་པའི། །རང་རྒྱུད་སྨྲ་བའི་གྲུབ་མཐའི་རྣམ་དབྱེ་ཀུན། །རང་བཟོ་སྤངས་ཏེ་ལེགས་པར་བརྗོད་པ་འདི། །རང་ཉིད་མཁས་འདོད་རྣམས་ཀྱིས་ཟུངས་ཤིག་ཀྱེ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གཉིས་པ་ཐལ་འགྱུར་བའི་ལུགས་བཤད་པ་ལ་མཚན་ཉིད། སྒྲ་བཤད། འདོད་ཚུལ་དང་གསུམ། དང་པོ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་ཙམ་དུ་ཡང་མི་བཞེད་པའི་ངོ་བོ་ཉིད་མེད་པར་སྨྲ་བ་དེ་ཐལ་འགྱུར་བའི་མཚན་ཉིད། མཚན་གཞི་ནི། སངས་རྒྱས་བསྐྱངས། ཟླ་གྲགས། ཞི་བ་ལྷ་ལྟ་བུའོ། །གཉིས་པ་ནི། ཅིའི་ཕྱིར་ཐལ་འགྱུར་བ་ཞེས་བྱ་ཞེ་ན། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། གསུམ་པ་གྲུབ་མཐའི་འདོད་ཚུལ་ལ་གཞི་ལམ་འབྲས་གསུམ་ལས། དང་པོ་ནི། གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་མ་གྲུབ་པས་ཁྱབ་པར་ཁས་ལེན་ཏེ། གཞི་གྲུབ་ཚད་ལ་རྟོག་པས་བཏགས་ཙམ་གྱིས་ཁྱབ་པ་ཁས་ལེན་པ་གང་ཞིག དེའི་ཚིག་ཟུར་གྱི་ཙམ་སྒྲས་རང་གི་མཚན་ཉིད་ཀྱིས་གྲུབ་པ་གཅོད་པར་བཞེད་པའི་ཕྱིར་གཞི་གྲུབ་དང་ཡུལ་དང་། ཤེས་བྱ་རྣམས་དོན་གཅིག དེ་ལ་དབྱེ་ན། མངོན་ལྐོག་གཉིས་སུ་དབྱེ་བ་དང་། བདེན་པ་གཉིས་སུ་དབྱེ་བའོ། །དང་པོ་ནི། རྟགས་ལ་མ་བརྟེན་པར་མྱོང་སྟོབས་ཀྱིས་རྟོགས་ནུས་པའི་ཆོས་དེ་མངོན་གྱུར་གྱི་མཚན་ཉིད། མངོན་སུམ་དང་། མངོན་གྱུར་དང་། དབང་པོའི་ཡུལ་དང་། ལྐོག་ཏུ་མ་གྱུར་པའི་ཆོས་བའི་དོན་གཅིག་མིང་གི་རྣམ་གྲངས་སོ། །མཚན་གཞི་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལྟ་བུའོ། །རྒྱུ་མཚན་ནམ་རྟགས་ལ་བརྟེན་ནས་རྟོགས་དགོས་པའི་ཆོས་དེ་ལྐོག་གྱུར་གྱི་མཚན་ཉིད། ལྐོག་གྱུར་དང་། མངོན་སུམ་མ་ཡིན་པའི་ཆོས་དང་། རྗེས་དཔག་གི་གཞལ་བྱ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །མཚན་གཞི་ནི། སྒྲ་མི་རྟག་པ་དང་། སྒྲ་གང་ཟག་གི་བདག་མེད་ལྟ་བུ་ལ་བྱེད། དེས་ན་ལུགས་འདི་ལ་མངོན་ལྐོག་གཉིས་དང་། གཞལ་བྱའི་གནས་གསུམ་འགལ་བར་བཞེད་དོ། ། གཉིས་པ་ནི། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་གང་ཞིག་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་རང་ཉིད་ལ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མར་སོང་བ་དེ་རང་ཉིད་ཀུན་རྫོབ་བདེན་པ་ཡིན་པའི་མཚན་ཉིད། མཚན་གཞི་ནི། བུམ་པ་ལྟ་བུའོ། །དེ་ལ་དབྱེ་ན། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་མི་བྱེད་དེ། ཡང་དག་ཀུན་རྫོབ་མེད་པའི་ཕྱིར། ཀུན་རྫོབ་ཡིན་ན་ཡང་དག་མ་ཡིན་དགོས་པའི་ཕྱིར། དེ་ཡིན་ན་ལོག་པ་ཡིན་དགོས་པའི་ཕྱིར། འོན་ཀྱང་ཀུན་རྫོབ་ལ་འཇིག་རྟེན་རང་དགའ་བའི་ཤེས་ངོ་ལ་ལྟོས་ཏེ་ཡང་ལོག་གཉིས་སུ་འབྱེད་དེ་གཟུགས་དེ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་དག་དང་། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་དེ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ལོག་པ་ཡིན་པའི་ཕྱིར། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་དག་ཡིན་ན་ཡོད་པས་མ་ཁྱབ་སྟེ། གཟུགས་བདེན་གྲུབ་དེ་དེ་ཡིན་པའི་ཕྱིར། མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་གང་ཞིག མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མ་རང་ཉིད་ལ་མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མར་སོང་བ་དེ་རང་ཉིད་དོན་དམ་བདེན་པ་ཡིན་པའི་མཚན་ཉིད། མཚན་གཞི་ནི། བུམ་པ་རང་བཞིན་གྱིས་མེད་པ་ལྟ་བུའོ། །དབྱེ་བ་སྔར་དང་འདྲ། གཞན་ཡང་འདས་མ་འོངས་ཞིག་པ་རྣམས་དངོས་པོར་འདོད་ཅིང་། ཕྱི་རོལ་གྱི་དོན་ཡང་ཁས་ལེན་ཏེ། གཟུང་འཛིན་ངོ་བོ་ཐ་དད་དུ་གྲུབ་པར་བཞེད་པའི་ཕྱིར། ཡུལ་ཅན་གྱི་འདོད་ཚུལ་ནི། རང་གི་གདགས་གཞི་ཕུང་པོ་ལྔའམ་བཞི་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་གང་ཟག་གི་མཚན་གཞིར་འདོད་ཅིང་། གང་ཟག་ལ་ལྡན་མིན་འདུ་བྱེད་ཀྱིས་ཁྱབ། བློ་ལ་ཚད་མ་དང་། ཚད་མིན་གྱི་བློ་གཉིས་ཡོད། ཚད་མ་ལ་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་གཉིས། མངོན་སུམ་གྱི་ཚད་མ་ལ་དབང་པོའི་མངོན་སུམ་གྱི་ཚད་མཁོ། ཡིད་ཀྱི་མངོན་སུམ་གྱི་ཚད་མ། རྣལ་འབྱོར་མངོན་སུམ་གྱི་ཚད་མ་"དང་གསུམ་ཡོད། རང་རིག་མངོན་སུམ་མི་འདོད་ཅིང་། སེམས་ཅན་གྱི་རྒྱུད་ཀྱི་དབང་ཞེས་ལ་འཁྲུལ་ཤེས་ཀྱིས་ཁྱབ། རྣལ་འབྱོར་མངོན་སུམ་ལ་འཁྲུལ་མ་འཁྲུལ་གཉིས་ཡོད་དེ། མཉམ་བཞག་ཟག་མེད་ཀྱི་ངོ་བོར་གྱུར་པའི་རྣལ་འབྱོར་མངོན་སུམ་དེ་མ་འཁྲུལ་བ་དང་། ཚུར་མཐོང་གི་རྒྱུད་ཀྱི་ཕྲ་བའི་མི་རྟག་པ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་དེ་འཁྲུལ་ཤེས་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། སོ་སྐྱེའི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར། བཅད་ཤེས་ཡིན་ན་མངོན་སུམ་གྱི་ཚད་མ་ཡིན་པས་ཁྱབ་སྟེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐད་ཅིག་གཉིས་པ་དེ་རྟོག་པར་གྱུར་པའི་མངོན་སུམ་ཚད་མ་དང་། གཟུགས་འཛིན་དབང་པོའི་མངོན་སུམ་སྐད་ཅིག་གཉིས་པ་དེ་རྟོག་མེད་དུ་གྱུར་པའི་མངོན་སུམ་ཚད་མ་ཡིན་པའི་ཕྱིར། རྗེས་དཔག་ལ་དབྱེ་ན། དངོས་སྟོབས་རྗེས་དཔག གྲགས་པའི་རྗེས་དཔག། དཔེ་ཉེར་འཇལ་གྱི་རྗེས་དཔག ཡིད་ཆེས་ཀྱི་རྗེས་དཔག་དང་བཞི་ཡོད། ཡུལ་དེ་ལ་འཁྲུལ་ཡང་ཡུལ་དེ་རྟོགས་པ་མི་འགལ་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་སྒྲ་མི་རྟག་པ་ལ་འཁྲུལ་ཡང་དེ་རྟོགས་པ་ཁས་ལེན་པའི་ཕྱིར། གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་རང་གི་སྣང་བ་ལ་མངོན་སུམ་གྱི་ཚད་མ་ཡིན་པས་ཁྱབ་སྟེ། སྒྲ་རྟག་འཛིན་རྟོག་པ་དེ་རང་གི་སྣང་བ་ལ་མངོན་སུམ་ཚད་མ་ཡིན་པའི་ཕྱིར། ཤེས་པ་ཡིན་ན་རང་གི་གཞལ་བྱ་རྟོག་པས་ཁྱབ་སྟེ། རི་བོང་རྭའི་དོན་སྤྱི། རི་བོང་རྭ་འཛིན་རྟོག་པའི་གཞལ་བྱ་དང་། སྒྲ་རྟག་པའི་དོན་སྤྱི་སྒྲ་རྟག་འཛིན་རྟོག་པའི་གཞལ་བྱ་ཡིན་པའི་ཕྱིར། གཉིས་པ་ལམ་གྱི་རྣམ་བཞག་ལ་གསུམ་ལས། དང་པོ་ལམ་གྱི་དམིགས་པ་ནི། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་བདེན་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་དོ། །བདག་མེད་ཕྲ་མོ་གཉིས་སྟོང་གཞིའི་སྒོ་ནས་འབྱེད་པ་ཡིན་གྱི། དགག་བྱའི་སྒོ་ནས་མི་འབྱེད་དེ་གཞི་གང་ཟག་གི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་གང་ཟག་གི་བདག་མེད་ཕྲ་མོ་དང་། གཞི་ཕུང་སོགས་ཀྱི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་མེད་ཕྲ་མོ་གཉིས་ལ་ཕྲ་རགས་མེད་ཅིང་གནས་ལུགས་མཐར་ཐུག་ཏུ་འདོད་དོ། །གཉིས་པ་ལམ་གྱི་སྤང་བྱ་ནི། བདག་འཛིན་ཕྲ་རགས་ས་བོན་དང་བཅས་པ་དང་། དེའི་དབང་གིས་བྱུང་བའི་དུག་གསུམ་ས་བོན་དང་བཅས་པ་ཉོན་སྒྲིབ་ཏུ་འདོད་དེ། བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པའི་ཕྱིར། བདེན་འཛིན་གྱི་བག་ཆགས་དང་། དེའི་དབང་གིས་བྱུང་བའི་གཉིས་སྣང་འཁྲུལ་པའི་ཆ་དང་། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་རྣམས་ཤེས་སྒྲིབ་ཏུ་འདོད་དོ། །གསུམ་པ་ལམ་གྱི་རང་བཞིན་ནི། ཐེག་པ་གསུམ་པོ་རེ་རེ་ལའང་ལམ་ལྔ་ལྔའི་རྣམ་བཞག་དང་། ཐེག་ཆེན་ལ་ས་བཅུའི་རྣམ་བཞག་ཀྱང་མདོ་སྡེ་ས་བཅུ་བ་ལ་བརྟེན་ནས་བྱེད་དོ། །ཐེག་པ་གསུམ་ལ་ཤེས་རབ་ཀྱི་རྟོགས་རིགས་མི་འདྲ་བ་མེད་དེ། འཕགས་པ་ལ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པས་ཁྱབ་པ་ཁས་ལེན་པའི་ཕྱིར། གསུམ་པ་འབྲས་བུ་མངོན་དུ་བྱེད་ཚུལ་ནི། ཐེག་དམན་རིགས་ངེས་རྣམས་ཀྱིས་བདག་མེད་པའི་ལྟ་བ་རིགས་པ་མདོར་བསྡུས་ཙམ་གྱིས་བསྒོམས་པ་ལ་བརྟེན་ནས། མཐར་ཐེག་དམན་གྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདེན་འཛིན་ས་བོན་དང་བཅས་པ་སྤངས་པ་དང་དུས་མཉམ་དུ་རང་གི་བྱང་ཆུབ་མངོན་དུ་བྱེད་དོ། དབུ་མ་རང་རྒྱུད་པ་མན་ཆད་ཀྱིས་ལྷག་མེད་མྱང་འདས་ཐོབ་པ་ལ་དེའི་སྔོན་དུ་ལྷག་བཅས་མྱང་འདས་འཐོབ་དགོས་པར་འདོད་ཀྱང་། ལུགས་འདི་ལ་ལྷག་བཅས་ཀྱི་སྔོན་དུ་ལྷག་མེད་མྱང་འདས་འཐོབ་དགོས་པར་འདོད་དོ། །ཉན་རང་གཉིས་ལ་ཞུགས་གནས་ཀྱི་རྣམ་བཞག་ཁས་ལེན་ཞིང་། ཞུགས་གནས་བརྒྱད་པོ་གང་རུང་ལ་འཕགས་པས་ཁྱབ་པར་ཁས་ལེན་ནོ། །ཐེག་ཆེན་གྱི་བྱང་ཆུབ་མངོན་དུ་བྱེད་ཚུལ་ནི། བྱང་སེམས་རྣམས་ཀྱིས་བདག་མེད་པའི་ལྟ་བ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྒྱས་པར་བསྒོམས་ཏེ་སྒྲིབ་པ་སྤོང་བར་བྱེད་ལ། དེ་ཡང་ཉོན་སྒྲིབ་ཟད་པར་མ་སྤངས་པར་ཤེས་སྒྲིབ་སྤོང་བའི་འགོ་མི་རྩོམ་ལ། ཤེས་སྒྲིབ་སྤོང་བའི་འགོ་ས་བརྒྱད་པ་ནས་རྩོམ་པ་ཡིན་ཞིང་། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་རྣམས་ཀྱིས་ས་བརྒྱད་པ་ཐོབ་པ་ན་ཉོན་སྒྲིབ་ཟད་པར་སྤངས་ཏེ། མཐར་རྒྱུན་མཐའི་བར་ཆད་མེད་ལམ་ལ་བརྟེན་ནས་ཤེས་སྒྲིབ་མ་ལུས་པར་སྤངས་པ་དང་དུས་མཉམ་དུ་སྐུ་བཞིའི་གོ་འཕང་མངོན་དུ་བྱེད་དོ། །མྱང་འདས་དང་འགོག་བདེན་ལ་དོན་དམ་བདེན་པས་ཁྱབ་པར་འདོད་དོ། །དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་གསུམ་གྱི་དང་པོ་དང་། ཐ་མ་ལ་དྲང་དོན་གྱི་མདོས་ཁྱབ་སྟེ། དེ་ལ་སྟོང་ཉིད་དངོས་སུ་སྟོན་པའི་མདོ་མེད་པའི་ཕྱིར། དེའི་བར་པ་ལ་ངེས་དོན་གྱི་མདོས་ཁྱབ་པར་བཞེད་དེ། ཞེས་རབ་སྙིང་པོ་ངེས་དོན་གྱི་མདོ་ཡིན་པའི་ཕྱིར། ཐལ་འགྱུར་བ་རྣམས་ཀྱི་ཁྱད་ཆོས་ཀྱི་གཙོ་བོ་ནི། བརྟེན་ནས་བཏགས་པའི་གཏན་ཚིགས་ལ་བརྟེན་ནས་ཕྱི་ནང་གི་ཆོས་རྣམས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མ་ལུས་པར་ཁེགས་ཀྱང་། ཐ་སྙད་དུ་མིང་རྐྱང་བཏགས་ཡོད་ཙམ་ལ་བཅིང་གྲོལ་དང་། རྒྱུ་འབྲས་དང་། གཞལ་བྱ་འཇལ་བྱེད་ལ་སོགས་པ་གཞན་ངོར་སྐྱེལ་མི་དགོས་པར་རང་ལུགས་ལ་བསྙོན་མེད་དུ་འཇོག་ཤེས་པ་དེ་ཉིད་ཡིན་ནོ། །དེང་སང་འགའ་ཞིག་ལྟ་བ་མཐོན་པོར་རློམ་སྟེ་སྣང་ཕྱོགས་ཀྱི་ཆོས་རྣམས་འཁྲུལ་སྣང་ཙམ་ཡིན་ཞེས་མོ་གཤམ་གྱི་བུ་ལྟར་གཏན་མེད་དུ་བཟུང་ནས་ཅི་ཡང་ཡིད་ལ་མི་བྱེད་པ་ཉམས་ལེན་གྱི་མཆོག་ཏུ་འཛིན་པ་རྣམས་ལ་ཐལ་འགྱུར་བའི་དྲི་ཙམ་ཡང་མི་བྲོའོ། །དེས་ན་སྲིད་པའི་ཕུན་ཚོགས་མཐའ་དག་མེ་འབར་བའི་རླབས་ལྟར་མཐོང་ནས་གྲོལ་བ་དོན་དུ་གཉེར་བ་དག་གིས་ཆོས་ལྟར་བཅོས་པའི་ལྟ་བ་ངན་པ་མ་ལུས་པ་སྤངས་ཏེ་གྲུབ་མཐའི་ཡང་རྩེ་དབུ་མ་ཐལ་འགྱུར་པའི་རིང་ལུགས་ལ་མཆོག་ཏུ་གུས་པར་བྱའོ། ། སྨྲས་པ། གཞུང་ལུགས་གསེར་གྱི་འཛིན་མར་ཡོངས་འཁྱིལ་ཚིག་དོན་གཏིང་མཐའ་དཔོག་པར་དཀའ། །བློ་དམན་བྱིས་པའི་སྙིང་ལ་འཇིགས་སྟེར་སྣ་ཚོགས་རིགས་པའི་རླབས་ཕྲེང་གཡོ། །རྣམ་མང་ལྟ་བའི་ཆུ་ཀླུང་སྟོང་འགྱེད་བློ་གསལ་གཉིས་སྐྱེས་རོལ་པའི་གནས། །ཕྱི་ནང་གཞུང་ལུགས་ཆུ་གཏེར་ཆེན་པོའི་དེ་ཉིད་མ་ལུས་སུ་ཡིས་དཔོག། འོན་ཀྱང་སྐྱེ་བས་ཐོབ་པའི་གྲུ་རྫིངས་ནི། །སྦྱོར་བྱུང་མཐུན་པའི་རླུང་གིས་ཉེར་བསྐུལ་ཏེ། །གྲུབ་མཐའ་རྒྱ་མཚོའི་དབུས་སུ་སོན་པ་ལས། །ལེགས་བཤད་ནོར་བུའི་འཕྲེང་བ་དེང་འདིར་རྙེད། །གང་དག་མཁས་མཆོག་བྱེ་བའི་མདུན་ས་རུ། །ལེགས་བཤད་གཏམ་གྱི་དགའ་སྟོན་སྤེལ་འདོད་ན། །རང་གཞན་གྲུབ་མཐའི་སྙིང་པོ་མདོར་བསྡུས་འདི། །བློ་གསལ་གཞོན་ནུའི་ཚོགས་ཀྱིས་བསྟེན་བྱ་ཡིན། །དེང་དུས་མཁས་རློམ་སྐྱེ་བོ་སྤྱི་བརྟོལ་ཅན། །རྒྱ་ཆེན་གཞུང་ལ་ཡུན་རིང་མ་སྦྱངས་པར། རྙེད་བཀུར་བསྡུ་ཕྱིར་རྩོམ་པའི་ཟློས་གར་གྱིས། །ངལ་བ་ལྷུར་ལེན་གང་དེ་ཨེ་མ་མཚར། །རྣམ་དཔྱོད་མཁའ་ལས་ལེགས་བཤད་འོད་སྟོང་ཅན། ཤར་བས་ཉེས་བཤད་ཀུན་ད་ཟུམ་བྱེད་ཀྱང་། །རྣམ་དག་གཞུང་ལུགས་འདབ་བརྒྱའི་ཚལ་ཆེན་པོ། །ངོ་མཚར་དོན་གྱི་འཛུམ་དཀར་ཅི་ཡང་རྒོད། །རྒྱ་བོད་མཁས་པའི་གཞུང་གི་བཅུད་བསྡུས་ནས། །རབ་འབྱམས་གྲུབ་མཐའ་གསལ་བྱེད་བཀོད་འདི་ཡང་། །འགྲན་སེམས་ཕྲག་དོག་དབང་གིས་མ་ལགས་ཏེ། །རང་དང་སྐལ་མཉམ་བློ་གྲོས་འཕེལ་ཕྱིར་ཡིན། །ཚུལ་འདིར་འབད་པ་ལས་བྱུང་ལེགས་སྤྱད་ནི། །ཟླ་བའི་འོད་ཀྱང་ཟིལ་གྱིས་གནོན་པ་དེས། །འགྲོ་ཀུན་ལྟ་ངན་གཅོང་རོང་ལས་བསྒྲལ་ཏེ། །ཡང་དག་ལམ་གྱིས་རྟག་ཏུ་དབུགས་བྱིན་ཤོག ཅེས་ཕྱི་ནང་གི་གྲུབ་མཐའི་རྣམ་བཞག་མདོར་བསྡུས་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི་ནི་དད་བརྩོན་རྣམ་དཔྱོད་དང་ལྡན་པ་གུ་ཤྲི་ངག་དབང་སྐལ་བཟང་དང་། དགེ་སློང་ངག་དབང་བཟང་པོ་གཉིས་ཀྱིས་བསྐུལ་ངོར། བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་ཆུ་སྦྲུལ་ཆུ་སྟོད་ཟླ་བའི་ཡར་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་རྟ་མགྲིན་ཚེ་རིང་ངོ་། །མངྒལ།། །།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn      

བརྒྱུད་འགོད།