བོད་གངས་ཅན་གྱི་ལྗོངས་སུ་བྱུང་བའི་གྲུབ་མཐའི་འབྱུང་ཁུངས་མདོ་ཙམ་བརྗོད་པ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-06-01 15:11:52     རྩོམ་པ་པོ།   ཨ་ཀྱྰ་ཡོངས་འཛིན།    ཀློག་ཐེངས།  

20130715041109837.jpg

       ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཟབ་ཟབ་རང་གཞན་གྲུབ་མཐའི་སྲོལ། །གསལ་གསལ་སྤྱན་གྱིས་ལེགས་གཟིགས་ནས། །ལྷུག་ལྷུག་གསུང་གིས་འདོམས་མཛད་པ། །མཁས་མཁས་དཔལ་ལྡན་བླ་མར་འདུད། །ཕྱག་ན་པད་མོའི་གདུལ་ཞིང་འདིར། །ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་སྟེ། །རྒྱལ་བསྟན་ཉི་མ་ཤར་ལ་སྔ་དར་ཟེར། །གང་ཚེ་གླང་དར་བསྟན་པ་བསྣུབས་པ་ན། །མདོ་ཁམས་སྨད་ནས་བླ་ཆེན་དགོངས་གསལ་དང༌། །སྟོད་ནས་ལོ་ཆེན་རིན་ཆེན་བཟང་བོ་ཡིས། །རྒྱལ་བསྟན་རྩ་བ་འདུལ་བའི་སྡོམ་རྒྱུན་སྤེལ། །བསྟན་པའི་མེ་རོ་གསོས་བ་ཕྱི་དར་རོ། །སྨྲྀ་ཏི་ཡན་ཆད་བསྒྱུར་བ་རྙིང་རྒྱུད་དང༌། །གསར་མ་ལོ་ཆེན་རིན་བཟང་སོགས་ནས་བཟུང༌། །མདོ་ལ་གསར་རྙིང་ཁྱད་པར་མི་འབྱུང་བས། །གསང་སྔགས་དར་ཚུལ་སྒོ་ནས་གཉིས་སུ་དབྱེ། །རྙིང་མའི་ཆོས་འདི་རྣམ་དག་ཡིན་མིན་ལ། །མཁས་བའི་བཞེད་ཚུལ་མང་དུ་བྱུང་མོད་ཀྱང༌། །ཕྱིས་འབྱུང་དག་གིས་བསྲེ་བསླད་ཞུགས་པ་ལས། །ཆོས་དེ་རང་ལྡོག་རྣམ་དག་ཡིན་པར་འདོད། །རྒྱལ་བའི་གསུང་རབ་ཐམས་ཅད་གདམས་ངག་ཏུ། །ཤར་ལ་བཀའ་གདམས་པ་ཞེས་གྲགས་པ་སྟེ། །དཔལ་ལྡན་ཨ་ཏི་ཤ་ཡི་ལུགས་སྲོལ་མཆོག། སྟོན་པས་སྲོལ་ཕྱེས་སྐུ་མཆེད་གསུམ་གྱིས་སྤེལ། །བཀའ་བརྒྱུད་ས་སྐྱ་དགེ་ལྡན་ལུགས་སྲོལ་ཡང༌། །ཇོ་བོ་ཆེན་པོའི་འཕྲིན་ལས་འདི་ལ་བརྟེན། །བཀའ་བབས་གདམས་པའི་བརྒྱུད་པ་འཛིན་པ་ལ། །བཀའ་བརྒྱུད་ཅེས་གྲགས་དེ་ལ་ཤངས་དྭགས་གཉིས། །མཁས་གྲུབ་ཆེན་པོ་ཁྱུང་བོ་རྣལ་འབྱོར་གྱིས། །གཡས་རུ་ཤངས་སུ་དགོན་པ་བརྒྱ་རྩ་བཏབ། །ཚོགས་པ་བསྐྱངས་པར་དེ་ཡི་བརྒྱུད་འཛིན་ལ། །ཤངས་བ་བཀའ་བརྒྱད་ཅེས་སུ་གྲགས་པ་ཡིན། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མི་ལ་ཡིས། །ཐུགས་སྲས་མཉམ་མེད་དྭགས་པོ་རིན་པོ་ཆེས། །དྭགས་ལྷ་སྒམ་པོ་བཏབ་ནས་ཆོས་བརྒྱུད་སྤེལ། །རྗེས་འབྲང་དག་ལ་དྭགས་པོ་བཀའ་བརྒྱུད་ཟེར། །དེ་ལ་ཀརྨ་པ་དང་ཕག་གྲུ་དང༌། །ཚལ་པ་འབྲི་གུང་འབྲུག་པ་སྟག་ལུང་དང༌། །འབབ་རོམ་གཡའ་བཟའ་ཁྲོ་ཕུའི་བཀའ་བརྒྱུད་སོགས། །ནང་གསེས་སྒོ་ནས་དབྱེ་བ་མང་ཙམ་བྱུང༌། །དྭགས་པོའི་དངོས་སློབ་ཁམས་པ་དབུ་སེའམ། །དུས་གསུམ་མཁྱེན་པས་ཀརྨ་ལྷ་སྡིང་གི །དགོན་པ་བཏབ་པར་ཀརྨ་པ་ཞེས་གྲགས། །དེ་ཡི་སྐྱེ་བརྒྱུད་ཀརྨ་པཀྴི་ལ། །ཧོར་རྒྱལ་ལས་ཀའི་ཞྭ་ནག་ཕུལ་བ་ལས། །དེ་ཕྱིན་ཞྭ་ནག་ཅན་དུ་གྲགས་པ་དང༌། །དེ་བཞིན་བརྒྱུད་འཛིན་རྟོགས་ལྡན་གྲགས་སེང་ལ། །ཞྭ་དམར་བྱུང་བའི་ཞྭ་དམར་བ་ཞེས་བཏགས། །ཕག་མོ་གྲུ་བའི་བཀའ་བརྒྱུད་ཅེས་པ་ནི། །དྭགས་པོ་སྲས་མཆོག་རྡོ་རྗེ་རྒྱལ་བོ་ཡིས། །ཕག་མོ་གྲུ་རུ་གདན་ས་མཛད་པ་ལ། །ཕག་མོ་གྲུ་པར་གྲགས་པ་དེ་ཡི་སྲོལ། །དྭགས་པོའི་སློབ་མ་ཚུལ་ཁྲིམས་སྙིང་བོའི་སྲས། །བླ་མ་ཞང་ངམ་འགྲོ་མགོན་གཡུ་བྲག་པས། །སྐྱིད་ཤོང་ཚལ་གུང་གཙུག་ལག་ཁང་སོགས་བཞེངས། །བརྒྱུད་འཛིན་པ་ལ་ཞང་ཚལ་བ་ཞེས་གྲགས། །འགྲོ་མགོན་ཕག་མོ་གྲུབ་པའི་རྗེས་བཟུང་བ། །སྐྱུ་ར་སྐྱོབ་པ་འཇིག་རྟེན་མགོན་པོ་ཡིས། །འབྲི་གུང་དགོན་པ་བཏབ་ནས་རྗེས་འབྲང་ལ། །གདན་སའི་མིང་གིས་འབྲི་གུང་བ་ཞེས་བཏགས། །དེ་བཞིན་ཕག་གྲུའི་སློབ་མ་གླིང་རས་བའི། །ཐུགས་སྲས་གཙང་བ་རྒྱ་རས་གྱིས། །དགོན་པ་བཏབ་དུས་འབྲུག་སྒྲ་བསྒྲགས་པ་ལས། །འབྲུག་ཅེས་བཏགས་པས་འབྲུག་པའི་ཆོས་ལུགས་བྱུང༌། །སྟག་ལུང་བཀའ་བརྒྱུད་ཅེས་བའི་ལུགས་སྲོལ་ཡང༌། །ཕག་མོ་གྲུབ་པའི་ཉེ་གནས་བཀྲ་ཤིས་དཔལ། །སྟག་ལུང་ཞེས་བྱར་དགོན་གནས་བཏབ་པ་ལས། །སྟག་ལུང་ཐར་བར་གྲགས་པ་དེ་ལས་མཆེད། །བཀའ་བརྒྱུད་སྲོལ་འབྱེད་མཉམ་མེད་སྒམ་པོ་ཡིས། །རྗེས་བཟུང་རྟོགས་ལྡན་དར་མ་དབང་ཕྱུག་གིས། །འབབ་རོམ་དགོན་པ་བཏབ་སྟེ་སློབ་མ་བསྐྱངས། །བརྒྱུད་འཛིན་དག་ལ་འབབ་རོམ་བཀའ་བརྒྱུད་ཟེར། །དེ་བཞིན་གཡའ་བཟང་བཀའ་བརྒྱུད་ཅེས་པ་ཡང༌། །ཕག་གྲུའི་སློབ་མ་སྐལ་ལྡན་སེང་གེའི་སྲས། །གཡའ་བཟང་ཆོས་རྗེར་གྲགས་པའི་བརྒྱུད་འཛིན་རྣམས། །རིམ་པར་བྱོན་ལ་དེ་ལྟར་བཏགས་པའོ། །གཞན་ཡང་ཕག་གྲུའི་སློབ་མ་རྒྱལ་ཚ་དང༌། །ཀུན་ལྡན་རས་བ་སྐུ་མཆེད་རྣམ་གཉིས་ཀྱིས། །དབོན་པོ་ཁྲོ་ལོ་བྱམས་པ་དཔལ་བ་ལས། །རིམ་པར་བརྒྱུད་པ་ཁྲོ་ཕུ་བཀའ་བརྒྱུད་དོ། །ཤེར་ཕྱིན་ཉམས་སུ་ལེན་པའི་སྲིད་ཞི་ཡི། །སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པས་ན། །ཞི་བྱེད་ཞེས་གྲགས་དམ་པ་སངས་རྒྱས་སྲོལ། །སྔ་ཕྱི་བར་གྱི་བརྒྱུད་པ་རྣམ་གསུམ་བྱུང༌། །ཤེར་ཕྱིན་སྔགས་དང་འབྲེལ་བའི་ཐབས་ཤེས་ཀྱིས། །གཅེས་འཛིན་འཁོར་བའི་རྩ་བ་གཅོད་པ་འམ། །ཐབས་ཤེས་ལམ་ལ་སྤྱོད་པས་སྤྱོད་ཅེས་བའང། །ཞི་བྱེད་ཡ་གྱལ་ལབ་གྱི་སྒྲོལ་མེའི་སྲོལ། །འཁོན་རིགས་དཀོན་མཆོག་རྒྱལ་པོས་འབྲོག་མའི་དྲུང། །གསང་སྔགས་གསར་འགྱུར་རྣམས་ལ་མཁས་བར་སྦྱངས། །ས་དཀར་དབུས་ཀྱི་ལོགས་སུ་དགོན་པ་བཏབ། །དེ་ཕྱིན་ས་སྐྱ་བ་ཞེས་སྙན་པར་གྲགས། །ཡུ་མོ་མི་བསྐྱོད་རྡོ་རྗེའི་གཞན་སྟོང་སྲོལ། །ཀུན་མཁྱེན་དོལ་བོ་ཤེས་རབ་རྒྱལ་མཚན་གྱིས། །ཇོ་མོ་ནང་ཞེས་གྲགས་པའི་དགོན་གནས་སུ། །རྒྱ་ཆེར་སྤེལ་ལ་ཇོ་མོ་ནང་བར་གྲགས། །འཇམ་མགོན་མི་ཡི་གར་མཛད་ཙོང་ཁ་པས། །དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་སྟེ། །འཁྲུལ་བྲལ་བསྟན་པའི་ཉིན་བྱེད་ཤར་བ་ལ། །དགེ་ལུགས་པ་ཞེས་གྲགས་པའི་སྲོལ་བཟང་བྱོན། །རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་གཏམ་ཆེ། །བདེ་སྟོང་མཆོག་གི་རིམ་གཉིས་རྣམ་འབྱོར་སྤྱོད། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཅེས་བའང་གྱི་ན་པ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་དམ་པའི་གསུང་བཞིན་བྲིས་བའོ།   ། མངྒ་ལཾ།  །

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025
.cn


བརྒྱུད་འགོད།