འཕགས་སེང་གི་ལུགས་ལ་འཕགས་པ་ལ་སྟོང་ཉིད་རྟོགས་པའི་ཁྱབ་པ་ཡབ་སྲས་དགོངས་པ་གཅིག་ཏུ་བབས་པའི་གཏམ་ཨུཏ་པ་ལའི་ཕྲེང་བ།
གཞན་རྗེས་ཁྱི་བཞིན་ཉུལ་བའི་གྲིབ་མ་དང་ ། །
འདོད་རྔམ་ཕྱུག་གིས་བཟི་བའི་ཚུལ་ལུགས་བྲལ ། །
ཕྱི་ཡི་སྤྱོད་པ་ནང་གི་ཐོས་བསམ་ལ ། །
ཚེ་གཅིག་ནན་གྱིས་འཇུག་པའི་བཤེས་དེར་འདུད ། །
འདིར་སྐབས་སུ་བབས་པ་རང་རེས་ཡིག་ཆར་ཉན་རང་ལ་སྟོང་ཉིད་རྟོགས་པ་སྲིད་པ་ཙམ་དང་ཉན་རང་ལ་སྟོང་ཉིད་རྟོགས་པའི་ཁྱབ་པར་བཞེད་པ་དག་ཁ་ཅིག་ཏུ་བླངས་པ་སོགས་གཞིར་བྱས་ནས་འཕགས་སེང་གི་རང་ལུགས་ལ་སྟོང་ཉིད་མ་རྟོགས་པའི་ཉན་རང་འཕགས་པ་ཡོད་པར་བཞེད་པ་དག་ནི་བློ་ཤིན་ཏུ་རྩིངས་ཏེ། འཕགས་པ་དང་སློབ་དཔོན་གྱི་གཞུང་ལུགས་ཤིན་ཏུ་ཟབ་མོ་དག་ནི་གོ་བར་མི་ནུས་ན་ཡང་། དེའི་དགོངས་པ་འགྲེལ་བ་ལ་ཤེས་རབ་ཀྱི་གདེངས་ལྡན་པའི་རྗེ་ཡབ་སྲས་རྣམས་ཀྱི་རྨད་བྱུང་གི་ལེགས་བཤད་དག་ཡལ་བར་འདོར་བ་ནི་རིགས་པ་དང་མི་ལྡན་པའི་ལས་ཉིད་དོ ། །
དེ་དག་གི་ཕྱིར་ན་རྒྱལ་བའི་གསུང་རབ་ལ་ཀུན་རྫོབ་ཀྱི་ལྷན་པོར་འགྲོ་བར་དོགས་ནས་རང་གི་ཚིག་ཚོགས་ཀྱི་རིལ་མ་དག་སྤངས་ཤིང་རྗེ་ཡབ་སྲས་ཀྱི་གཞུང་ལ་ཁུངས་གཏུགས་པར་བྱའོ ། །
འོ་ན་ཇི་ལྟར་སྨྲ་ཞེ་ན། འདི་ལ་ཡིག་ཆར་ཞེན་པ་ཁ་ཅིག་གི་བཤད་ཡམས་དང་། རྗེ་ཡབ་སྲས་ཀྱི་དགོངས་པ་དང་མི་འཐད་པའི་ཚུལ་གཉིས། དང་པོ་ནི་ཡིག་ཆར། ཁ་ཅིག རང་རྒྱུད་པས་འཕགས་པ་ལ་སྟོང་ཉིད་རྟོགས་པའི་ཁྱབ་པར་བཞེད་པ་མི་འཐད་དེ། སྔར་གྱི་ལུང་དེ་དག་དང་འགལ་ཞིང་། དེ་ནི་མཚན་མར་དམིགས་སྒོ་ནས། ། ཞེས་སོགས་དང་། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། ། ཞེས་སོགས་སྒྲ་ཇི་བཞིན་པ་མ་ཡིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཞེས་སོགས་གསུང་། དེ་ལ་ལུང་དང་པོའི་ཐད་དུ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་དེ་ནི་མཚན་མར་ཞེས་སོགས་ཀྱི་རྐང་བ་དང་པོ་གཉིས་ཀྱིས་འབྲས་ཡུམ་ལ་རིང་བའི་གཞི་ཤེས་བསྟན་པར་བཞེད་ཅིང་། འབྲས་ཡུམ་ལ་རིང་ཚུལ་ཡང་སྙིང་རྗེ་ཆེན་པོ་དང་བྲལ་ཞིང་བདེན་འཛིན་གྱིས་བཅིངས་པ་ལ་སྦྱོར་དགོས་ཚུལ་སོགས་འགྲེལ་ཆུང་གི་ལུང་ཤེས་བྱེད་དུ་དྲངས་ནས་གསུངས། ལུང་གཉིས་པའི་ཐད་དུ་ཡང་རང་རྒྱལ་དགྲ་བཅོམ་པ་ལ་གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤངས་པའི་ཁྱད་པར་དང་། ཤེས་པ་ལ་བདེན་འཛིན་མ་སྤངས་པའི་ཁྱད་པར་གཉིས་ལྡན་དུ་གསུངས། འོན་ཀྱང་དེ་ནི་འཕགས་སེང་རང་ལུགས་སུ་བཞེད་པ་ནི་ལྷ་དགའ་བར་བྱེད་པའི་གཏམ་དུ་ཟད་དོ ། ། འོ་ན་འཇམ་དབྱངས་མི་ཡི་རྣམ་རོལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་དེའི་དོན་གང་ཞེ་ན། འདི་ལ་རང་བཟོ་མ་ཡིན་པའི་ལན་དྲི་མ་མེད་པ་ཞིག་འདེབས་པར་བྱ་སྟེ། སྟོང་ཐུན་སྐལ་བཟང་མིག་འབྱེད་དུ། རྒྱན་ལས་དེ་ལྟར་གསུངས་པའི་དགོངས་པ་ནི། ཉན་རང་གི་རིགས་ཅན་དབང་བོ་ཡོངས་སུ་སྨིན་མ་སྨིན་གཉིས་གཉིས་ཡོད་པས། དེ་དག་གཉིས་ཀ་རྗེས་སུ་གཟུང་བའི་ཕྱིར་ཡིན་ནོ་ཞེས་བཤད་ཟིན་ཏོ ། ། ཞེས་གསུངས་པ་འདི་ལས་ལན་གཞན་ཅི་ཞིག་དགོས།
རྡོ་རྗེའི་ཚིག་གི་བཀའ་ལན་གནམ་ལྕགས་མདའ ། །
སྒྲིབ་བྲལ་བདེན་པའི་ཞལ་ནས་འཕངས་ལགས་ན ། །
རྒོལ་ངན་ལོག་རྟོག་ཨུ་ཚུགས་བྲག་གི་རི ། །
ཚར་བར་མི་འཐོར་རང་དབང་ཅི་སྟེ་ཡོད ། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ ། །
གཉིས་པ་ལ། གསེར་ཕྲེང་གི་བཞེད་པ། སྟོང་ཐུན་གྱི་བཞེད་པ། དེའི་ཤེས་བྱེད་ཀྱི་གཞུང་སྦྱར་བ་དང་གསུམ། དང་པོ་ནི། དེ་ཉིད་དུ། ཉན་རང་གིས་སྟོང་ཉིད་རྟོགས་པ་དང་མི་རྟོགས་པའི་ལུགས་སོ་སོར་བཀོད་ནས་དེ་ལ་རྩོད་པ་སྤང་བའི་སྐབས་སུ་ལན་འདི་ལྟར་གདབས་ཡོད་དེ། མ་རྟོགས་པར་བཤད་པ་དྲང་དོན་དང་། རྟོགས་པ་ངེས་དོན་དུ་བྱ་སྟེ། མི་རྟག་སོགས་ལས་གཞན་པའི་ལམ་མེད་པ་ཡིན་ན་ཉོན་མོངས་སྤངས་པ་སོགས་མི་སྲིད་པས་དེའི་སྒྲ་ཇི་བཞིན་པ་ལ་རིགས་པས་གནོད་ལ། ཕྱི་མའི་སྒྲ་ཇི་བཞིན་པ་ལ་རིགས་པས་གནོད་པ་མེད་པས་སོ།། གནོད་པ་རྒྱས་པར་ནི་འཇུག་ཊཱིག་དང་སྤྱོད་འཇུག་གི་འགྲེལ་ཆེན་ལས་བལྟའོ།། གལ་ཏེ་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་ན་ཐེག་ཆེན་དང་ཁྱད་མེད་དུ་འགྱུར་རོ་ཞེ་ན། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། ། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། ། སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། ། ཞེས་ལན་མཛད་ཅིང་། ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་པ་ཡང་མེད་དོ་ཞེས་བཤད་དོ། ། ཁྱད་པར་འདི་དག་ཤེས་ན་ཉན་རང་ལ་འཕགས་པ་མཚན་ཉིད་པ་འོང་མི་འོང་གི་དོགས་པ་ཡང་ལྡོག་པར་འགྱུར་རོ། ། ཞེས་སོགས་གསུང་།
གཉིས་པ་ནི། སྟོང་ཐུན་སྐལ་བཟང་མིག་འབྱེད་དུ། ཉན་རང་གི་རིགས་ཅན་རྒྱུད་མ་སྨིན་པས་ཟབ་མོ་དེའི་ཚེ་བསྟན་པའི་སྣོད་དུ་མ་གྱུར་པ་དག་ལ་སྨིན་བྱེད་ཀྱི་ལམ་མི་རྟག་སོགས་བཅུ་དྲུག་དང་གང་ཟག་གི་བདག་མེད་རགས་པ་ཙམ་བསྟན་པ་མང་དུ་མངོན་རྟོགས་རྒྱན་ནའང་ཡོད་ཅིང་། ཉན་རང་གི་རིགས་ཅན་རྒྱུད་སྨིན་པ་དེའི་ཚེ་ཟབ་མོ་དངོས་སུ་བསྟན་པའི་སྣོད་དུ་རུང་བ་དག་རྗེས་སུ་གཟུང་བའི་ཆེད་དུ་ཉན་རང་གིས་ཀྱང་བདེན་མེད་རྟོགས་དགོས་པའི་དབང་དུ་བྱས་པའི་རྣམ་གཞག་ཀྱང་མངོན་རྟོགས་རྒྱན་དུ་གསུངས་པ་སྟེ་དེ་ལྟར་སྟོན་ཚུལ་གཉིས་ཡོད་པར་འཕགས་སེང་ཡང་བཞེད་པར་སྟོན་པ་ཡིན་ནོ།། དེ་ལྟར་རྒྱུད་སྨིན་མ་སྨིན་གཉིས་སུ་འབྱེད་པ་ནི་སོ་སྐྱེ་ལ་ཡིན་གྱི་འཕགས་པ་རྒྱུད་མ་སྨིན་པ་ཁས་ལེན་པའི་ཤེས་ལྡན་སུ་ཞིག་ཡོད། འཕགས་སེང་གི་ལུགས་ལ་ཉན་རང་འཕགས་པ་ཆོས་ཉིད་མ་རྟོགས་པའང་ཡོད་ན་འཕགས་པའི་གང་ཟག་འགའ་ཞིག་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་ཞིང་འགའ་ཞིག་མ་ཕྱེ་བར་འདོད་དགོས་པས་འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་ཇི་ལྟར་འཆད། ཞེས་དང་། སློབ་དཔོན་སེང་གེ་བཟང་པོས་ཀྱང་། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ། འཕགས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་རྒྱུ་ཡི་ངོ་བོར་རྣམས་པར་འཇོག་པའི་སྒོ་ནས་རིགས་ཉིད་དུ་ཐ་སྙད་འདོགས་སོ།། ཞེས་གསུངས་ཏེ། འདི་དག་གིས་ནི་ཆོས་ཉིད་ཡོད་པ་ཙམ་གྱིས་ལམ་གྱི་སྐབས་ཀྱི་རིགས་ལ་གནས་པ་མིན་གྱི། ཆོས་ཉིད་ལ་ཐེག་པ་གསུམ་སོ་སོའི་ལམ་གྱིས་དམིགས་ནས་བསྒོམ་པ་ན་འཕགས་ཆོས་ཀྱི་རྒྱུ་ཁྱད་པར་ཅན་དུ་གྱུར་པའི་ཚེ་ཐེག་པ་སོ་སོའི་རིགས་ཁྱད་པར་ཅན་དུ་འཇོག་པར་བཤད་ཅིང་། ཞེས་མང་དུ་གསུངས་སོ ། །
གསུམ་པ་ལ་ནི། སྣང་བ་གཉིས་ཀར་འཕགས་པ་ལ་སྟོང་ཉིད་རྟོགས་པའི་ཁྱབ་པའི་ཤེས་བྱེད་དུ། རྡོ་རྗེ་གཅོད་པ་ལས། འཕགས་པའི་གང་ཟག་རྣམས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་སླད་དུའོ།། ཞེས་པའི་ལུང་འདི་ཁུངས་སུ་དྲངས་སོ ། །
མདོར་ན་དོན་འདི་ལ་ཡབ་སྲས་ཀྱི་དགོངས་པ་གཅིག་ཏུ་ཁེལ་བས་ན། ཇི་ལྟར་གཞན་དུ་འཆད་པའི་སྦྱོར་དངོས་ཀྱི་རྩོལ་བ་དག་ནི་བདུད་ལྷས་བྱིན་གྱི་བྱིན་བརླབས་ཞུགས་པ་ཉིད་དོ ། །
སུ་ཞིག་ལོག་རྟོག་ཞགས་པའི་བཀྱིག་པ་ལ ། །
གུས་འཁུལ་བློ་ཡིས་མི་བཏོང་མན་ངག་སྦྱིན ། །
སྐལ་ལྡན་ལམ་བཟང་སྩོལ་ལ་མཐུ་བོ་ཆེ ། །
དྲིན་ལྡན་བླ་མ་དགྱེས་ཕྱིར་ཟིན་འདི་ཕབས ། །
དེ་ཡང་དཔལ་ཆོས་ཀྱི་གྲགས་པས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་བ། ། དེ་འཆད་པ་ནི་དཀའ་བ་ཡིན། ། ཞེས་གསུངས་པ་ལྟར་རང་གི་ཇི་བཞིན་དུ་མ་རྟོགས་པར་གཞན་ལ་སྟོན་པར་མི་ནུས་པའི་ཆོས་ཉིད་ཀྱི་རིམ་པ་འདི་ཙམ་ཞིག་གུས་པས་ཀྱང་ཤེས་མོད། དྲིན་ལྡན་བཤེས་གཉེན་དམ་པའི་བཀའ་མ་བཅག་ཙམ་དུ་བོད་ཟླ་༩/༩ སྟེ་རེས་གཟའ་ཟླ་བར་ཟིན་བྲིས་སུ་བཏབས་པའོ ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn