ལེགས་བཤད་སྙིང་བོའི་གསུང་བཤད་ཟིན་བྲིས་སུ་བཀོད་པ་ཀུན་མཁྱེན་གསུང་གི་ཆུ་རྒྱུན་དག་བྱེད་མཆོད་ཡོན་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-11-20 19:26:35     རྩོམ་པ་པོ།   དཀོན་མཆོག་རྒྱལ་མཚན།    ཀློག་ཐེངས།  

༄༅། ། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པའི་སྣང་བརྙན་དད་པའི་མེ་ལོང་དུ་གཟུང་བར་བགྱིའོ། །ཚེ་རབས་ཀུན་ཏུ་ཞབས་པད་སྤྱི་བོའི་རྒྱན་དུ་མཛེས་པར་གྱུར་ཅིག །ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། ། མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ། །ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག །རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བསྣམས་ནས། །གྲངས་མེད་ཞིང་དུ་སྤྲུལ་བས་རྣམ་རོལ་བ། ། མི་ཕམ་འཇམ་པའི་དབྱངས་ལ་གུས་པས་འདུད། །ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། །ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །ཡོངས་སུ་གྲགས་པའི་ཞབས་ལ་གུས་ཕྱག་འཚལ། །ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པ། ། གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། །མཁས་པ་གཞོན་ནུའི་ལུས་འཆང་འཇམ་པའི་དབྱངས། །མགོན་དེའི་རྣམ་དཀར་འཕྲིན་ལས་ཀྱིས་བསྐྲུན་པའི། །དྲི་མེད་བློ་གྲོས་ཀུན་ཏུ་རབ་རྒྱས་པ། །རྗེ་བཙུན་བླ་མའི་ཞབས་ལ་གུས་བས་འདུད། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །བློ་བཟང་གྲགས་པའི་ཞབས་ལ་གུས་པས་འདུད། །རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན་ཞབས། །སྨྲ་བའི་ཉི་མ་མཁས་གྲུབ་དགེ་ལེགས་དཔལ། །མཁས་གྲུབ་ཆེན་པོ་ཤཱཀྱ་རྒྱལ་མཚན་ཏེ། །བསྟན་པའི་སྒྲོན་མེ་གསུམ་ལ་གུས་པས་འདུད། །སྨྲ་བའི་དབང་ཕྱུག་དོན་ཡོད་དཔལ་ལྡན་བ། །མདོ་སྔགས་ཀུན་མཁྱེན་བསོད་ནམས་གྲགས་པའི་དཔལ། །པད་དཀར་འཛིན་པ་བསོད་ནམས་རྒྱ་མཚོའི་སྡེ། །ཐུབ་བསྟན་གསལ་བྱེད་གསུམ་ལ་གུས་པས་འདུད། །མཁྱེན་བརྩེའི་མངའ་བདག་རིག་པ་སེང་གེ་དང་། །བསླབ་གསུམ་མཛོད་འཛིན་བཀྲ་ཤིས་རིན་ཆེན་པ། །བསྟན་པའི་མངའ་བདག་བློ་བཟང་ཆོས་རྒྱན་ཞབས། །མཚུངས་མེད་བླ་མ་གསུམ་ལ་གུས་པས་འདུད། །གདམས་པའི་མཛོད་འཛིན་བློ་བཟང་པད་མ་དང་། །མང་ཐོས་མཐར་སོན་སྦྱིན་པ་རྒྱ་མཚོའི་ཞབས། །ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་སྡེ། །རྗེ་བཙུན་བླ་མ་གསུམ་ལ་གུས་པས་འདུད། །རིགས་གྲོལ་དགེ་འདུན་འདུས་པའི་གཙུག་གི་རྒྱན། །ལུང་རིགས་རྒྱ་མཚོའི་དེད་དཔོན་ཆོས་ཀྱི་རྗེ། །ཐུབ་བསྟན་གསལ་མཛད་འཇིགས་མེད་དབང་བོའི་སྡེ། །བཀའ་དྲིན་མཉམ་མེད་གཉིས་ལ་གུས་པས་འདུད། །འཆད་མཁས་སྣང་བའི་དཔལ་གྱིས་གདུལ་བྱའི་བློ་མུན་སེལ་མཛད་ཅིང་། །རྩོད་ངག་རེག་བྱ་རྣོན་པོས་ལྟ་ངན་སྲིན་བྱ་ལོང་བར་བྱེད། །རྩོམ་ཚིག་ལེགས་བཤད་འོད་ཀྱིས་ཐུབ་བསྟན་པད་ཚལ་རྒྱས་མཛད་པའི། །འཇིགས་མེད་ཉིན་བྱེད་དབང་བོས་ཐུགས་རྗེའི་དྲོད་ཀྱིས་བདག་སྐྱོངས་ཤིག  །གང་གི་མཁྱེན་རབ་ཉིན་བྱེད་དབང་བོ་ཡིས། །བློ་བཟང་ལེགས་བཤད་འདབ་བརྒྱ་བཞད་པའི་དཔལ། །བློ་གསལ་སྙིང་གི་དཔྱིད་དུ་འབར་བ་གང་། །དུས་མཐའི་བློ་ལྡན་དད་པའི་རྟེན་དུ་སྤྲོ། །དེ་ཡང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང་འགྲོ་རྣམས་རྣམ་གྲོལ་ནོར་བུའི་གླིང་དུ་འཁྲིད་པའི་དེད་དཔོན་ཆེན་པོ། གངས་ཅན་མཁས་པ་ཀུན་གྱི་རལ་བའི་རྩེ་མོར་གང་གི་ཞབས་རྡུལ་གྱི་ཕྲེང་བ་ངལ་གསོ་བའི་ངེས་པ་དོན་གྱི་ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་འཇིགས་མེད་དབང་བོའི་ཞབས་ཀྱིས། འཇམ་མགོན་རྒྱལ་བ་གཉིས་པའི་ལེགས་བཤད་རྨད་དུ་བྱུང་བ། དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་བོའི་བཤད་ལུང་བསྩལ་སྐབས། ཕྲ་ཞིང་ཞིབ་ལ། རྒྱས་ཤིང་ངོ་མཚར་བའི་ལེགས་བཤད་གཏམ་གྱི་སྒོ་འཕར་བརྒྱ་ཕྲག་ཕྱེ་བ་ལས། རང་གི་བློར་ཟིན་ཚོད་ཡི་གེར་འགོད་པ་ལ། ཐོག་མར་སྤྱི་བཤད་འདི་ལྟར། དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་མིའི་གར་གྱི་རོལ་བ་འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་དང་བྲལ་བས་གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དུ་གྱུར་པ་མཉམ་མེད་རྒྱལ་བའི་དབང་བོ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་བསྟན་པ་རིན་པོ་ཆེའི་ཞབས་འདེགས་སུ་དགོངས་ཏེ་ཆེད་དུ་མཛད་པའི་གསུང་རབ་རྒྱ་མཚོ་ལྟ་བུའི་ནང་ནས་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་སྒོ་ནས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་སྟེར་བའི་བསྟན་བཅོས་ཆེན་པོ་ལེགས་པར་བཤད་པའི་སྙིང་བོ་ནི་འདིར་བཤད་པར་བྱ་བའི་ཆོས་སོ། །དེ་ཡང་རྗེ་ཐམས་ཅད་མཁྱེན་པ་ནི་ཐུན་མོང་མ་ཡིན་པ་ལྟར་ན་རྗེ་བཙུན་འཇམ་དབྱངས་དངོས་ཡིན་མོད། ཐུན་མོང་གི་དབང་དུ་བྱས་ན་ཡང་བོད་སྔ་ཕྱིའི་མཁས་པ་དག་གི་ཁྲོད་ན་རྗེ་འདིའི་འགྲན་ཟླར་འོས་པ་གཅིག་ཀྱང་མེད་པ་ནི་རང་རང་གི་བརྩམས་ཆོས་དག་གིས་ཤེས་ཏེ། གཞུང་ལུགས་ཀུན་ལ་སྦྱངས་པའི་མཁས་པ་ཆེན་པོ་བུ་སྟོན་གྱི་བཀའ་རྩོམ་པོ་ཏི་ཉེར་ལྔ་ཙམ་གྱི་ནང་ན་ཡང་རྗེའི་གསུང་རབ་དང་བསྡུར་ན་ཟླར་འོས་པ་གཅིག་ཀྱང་མི་འདུག་གཞན་སུས་བརྩམས་པ་མཐོང་ཡང་ཕྱོགས་ལྷུངས་སུ་མ་སོང་བར་ལེགས་པར་དཔྱད་ན་རྗེའི་གསུང་རབ་དང་མི་མཉམ། དེ་ལྟ་བུའི་གསུང་རབ་ཁྱད་པར་དུ་འཕགས་པ་རྨད་དུ་བྱུང་བ་ཐམས་ཅད་ཀྱི་ནང་ནས་ཀྱང་ལེགས་བཤད་སྙིང་བོ་འདི་དཔེར་ན་ལྕགས་ཀྱི་མདའ་གཞུ་འགེངས་དཀའ་ལ་འགེངས་ནུས་ན་ས་ཆོད་ཆེ་བ་བཞིན་དུ་དོན་ཕར་ཞོག་ཚིག་གི་གཅོད་མཚམས་ཙམ་ཡང་ཤེས་དཀའ་ཞིང་ཤེས་ན་བློ་སྐྱེད་ཆེ་བས་འདི་ལ་རྗེ་བླ་མའི་ལྕགས་མདའ་ལྕགས་གཞུར་ཡང་གྲགས། འདི་གང་གིས་བསྐུལ་བ་ནི་མཛད་བྱང་ན་གསལ་ཁ་མི་སྣང་ཡང་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་མཁས་གྲུབ་རིན་པོ་ཆེའི་རྣམ་ཐར་ལས། གཡག་ཕྲུག་སངས་རྒྱས་དཔལ་བའམ། མཚན་གཞན་གཡག་མི་ཕམ་ཆོས་ཀྱི་བླ་མར་གྲགས་པ་དེས་དྲང་ངེས་ལས་བརྩམས་པའི་དྲི་བ་མཛད་པའི་ལན་དུ་རྗེས་བརྩམས་ཏེ་བསྐུར་བས།ཁོང་ཐུགས་ངེས་ཆེན་པོ་འཁྲུངས་ཏེ་ཆོས་གསན་པར་དགོངས་ཀྱང་སློབ་མ་རྣམས་ཀྱིས་ཁྱེད་དགེ་བཤེས་བསྒྲེས་པོ་ཡིན་པས་དེ་ལྟར་མཛད་ན་མཚན་སྙན་གྲགས་ལ་གནོད་སོགས་ཞུས་ནས་གསན་དུ་མ་བཅུག་པར་གསུངས། མི་ཕམ་ཆོས་ཀྱི་བླ་མ་ནི་མཁན་པོ་གཡག་ཡུའི་སློབ་མ་ཡིན་པས་གཡག་ཕྲུག་ཟེར། ཀུན་མཁྱེན་རོང་བོས་ཀྱང་བླ་མར་བསྟེན་པའི་མཁས་པ་ཆེན་པོ་ཡིན་པས་དེ་དུས་སུ་རྗེ་རེད་མདའ་བ་དང་རྣམ་གཉིས་ལ་མཁས་པ་གཡག་གཞོན་གཉིས་ཞེས་ས་སྐྱ་ན་གྲགས་ཆེ། དེ་ལྟ་བུའི་ལེགས་བཤད་དེའི་བཤད་ལུང་འབུལ་བར་བྱེད་པ་ལ་ཐོག་མར་བརྒྱུད་རིམ་ནི། རྗེ་རེད་མདའ་བ་ལས་དབུ་ཚད་ཀྱི་དཀའ་གནད་རྙེད་པས་བླ་བརྒྱུད་ལ་བཅུག་པ་མ་གཏོགས། ལེགས་བཤད་སྙིང་བོ་རང་གི་བཤད་རྒྱུན་གྱི་དབང་དུ་བྱས་ན་རྗེའི་གོང་དུ་གཞན་འཇོག་རྒྱུ་མེད། རྗེ་བདག་ཉིད་ཆེན་པོ་ལ་རྒྱལ་ཚབ་མཁས་གྲུབ་གཉིས་ཀས་གསན། དེ་གཉིས་ཀ་ལ་ཉན་པོ་ཤཱཀྱ་རྒྱལ་མཚན་ཞེས་པ་འཁྲུངས་ས་འཕན་ཡུལ་བ། རྗེ་ཡབ་སྲས་གསུམ་ཀའི་སློབ་མ་དེས་གསན། དེ་ལ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱིས་གསན་ཏེ། དེ་སེ་ར་རྗེ་བཙུན་ཆོས་རྒྱན་ལས་སྔ་ཞིང་བློ་གྲོས་རིན་ཆེན་སེང་གེའི་སློབ་མ་ཡིན། ཡང་ཉན་པོ་ཤཱཀྱ་རྒྱན་ལ་སྨྲ་བའི་དབང་ཕྱུག་དོན་ཡོད་དཔལ་ལྡན་པས་གསན་པ་ནས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་བར་དང་། དེ་ལ་སློབ་མ་གནམ་གྱིས་ས་བཀབ་པ་དང་ཉི་ཟླ་ལྟར་གྲགས་པ་ཡོད་པ་ལས་བློ་བཟང་པད་མས་གསན། དེ་ལ་ཀུན་མཁྱེན་གོང་མའི་བླ་མ་པཎ་ཆེན་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོས་གསན་ཏེ་འཁྲུངས་ཡུལ་ནི། རྗེ་ཉིད་ཀྱི་འཁྲུངས་ས་སྣང་རའི་ཕྱོགས་སུ་བྱ་ཁྱུང་ཐག་ཆེ་བའི་ས་ཆར་ཉེ་བར་འཁྲུངས། འབྲས་སྤུངས་སུ་དགེ་བཤེས་ཐོབ་ཅིང་རྗེ་བླ་མའི་གདམས་ངག་ཟབ་མོ་རྣམས་དང་། བཀའ་འགྱུར་གྱི་ལུང་ཡང་རྩད་བཅད་ནས་གཞན་ལ་སྤེལ་བས་བསྟན་རྒྱུན་ལ་ཤིན་ཏུ་ཕན་འདོགས་བྱུང་། ལེགས་བཤད་སྙིང་བོའི་བཤད་ལུང་ཡང་འདི་ལས་ཀུན་མཁྱེན་ཆེན་པོས་གསན་ནས། ཕྱིས་ཕ་བོང་ཁར་བཞུགས་ཚེ་བྱ་བྲལ་བློ་བཟང་རིན་ཆེན། ལ་མོ་ནམ་མཁའ། ལ་མོ་བསྟན་འཛིན་སོགས་དགེ་བཤེས་བསྒྲེས་པ་མང་པོ་དང་། དཔོན་སློབ་དམ་ཆོས། མཁན་ཆེན་དགེ་འདུན་རྒྱ་མཚོ་སོགས་དགེ་བཤེས་གཞོན་པ་མང་པོ་ལ་གནང་ནས་དར་བར་མཛད་པ་མ་གཏོགས་བཤད་ལུང་གི་རྒྱུན་འདི་མིན་ཡོད་པའི་གཏམ་མེད། ཀུན་མཁྱེན་གྱིས་ཀྱང་བཤད་ལུང་གཅིག་ལས་མ་གནང་བའི་ཚོད་དུ་འདུག  །རྗེ་ཉིད་སྐུ་ན་ཕྲ་བའི་དུས་ནས་འདིའི་བཤད་རྒྱུན་ལྟ་བུའི་ཆོས་རྒྱུན་ཟབ་མོའི་རིགས་ཤིན་ཏུ་གསན་འདུན་ཆེ་ནའང་ལྷ་སར་མ་ཕེབས་གོང་དུ་རྒྱལ་དབང་བློ་བཟང་བསྐལ་བཟང་རྒྱ་མཚོས་ལན་གཅིག་གནང་། དེ་མིན་དབུས་སུ་བཞུགས་པའི་དུས་གནང་མཁན་མ་བྱུང་། ཕྱིས་མདོ་སྨད་དུ་ཕེབས་ནས་མཁན་ཆེན་རྡོ་རྗེ་འཆང་དགེ་འདུན་རྒྱ་མཚོའི་དྲུང་དུ་གཞན་གྱིས་ཞུས་གྲལ་དུ་བསྡད་པ་ཙམ་མ་ཡིན་པར་ཆེད་དུ་གཉེར་ནས་ནན་གྱིས་ཞུས་པས། རྡོ་རྗེ་འཆང་དགུང་ལོ་བརྒྱུད་ཅུ་ཡོལ་བའི་དུས་ཡིན་འདུག་ནའང་སྟག་གེ་སྐུ་སྐྱེ་ཚང་གིས་ཡི་གེ་ཀློག  རྡོ་རྗེ་འཆང་གིས་གསུང་བཤད་བསྩལ་ནས་ལེགས་པར་ཐོབ། དེ་ནས་བཟུང་ད་ལྟའི་བར་དུ་གཞན་ལ་རྒྱས་པ་གནང་མ་མྱོང་། མདོ་སྨད་འདིར་ཐེག་ཆེན་གྱི་རིགས་ཅན་མེད་པ་མིན་མོད་ཀྱང་། དབང་རྗེས་གནང་སོགས་མ་གཏོགས་འདི་འདྲའི་བཤད་པ་དགོས་པའི་གཏམ་ཙམ་ཡང་མེད། ད་ལན་ཡང་བློས་དཔོག་ཚོད་ཅིག་བཤད་པ་ལས་ཁྱེད་རྣམས་ཐུགས་ཁེངས་པ་དང་བློ་སྐྱེད་ཆེན་པོ་སྟེར་བ་བཤད་མི་ནུས།  འོན་ཀྱང་ཁོ་བོ་ལ་འཆད་རྒྱུ་དང་།   ཁྱེད་ཚོ་ལ་ཉན་རྒྱུ་བྱུང་བ་འདི་སྐལ་བ་བཟང་།  རང་རང་གིས་ཉམས་སུ་ལེན་པ་དང་གཞན་ལ་སྤེལ་ན་མཆོག དེ་མིན་ཀྱང་སྟོང་ཉིད་ལ་བག་ཆགས་བཟང་བོ་བཞག་པས་བཟང་། དེས་ན་ཉན་པའི་ཀུན་སློང་སྐྱོན་ཅན་དུ་མ་སོང་བ་དགོས་གསུངས་ནས་ཀུན་སློང་བཅོས་ཚུལ་མདོར་བསྡུས་གསུངས།    ༈དེ་ནས།  ན་མོ་གུ་རུ།  ཞེས་པ་ནས།  སྨྲ་བ་ཟླ་མེད་འདོད་རྣམས་གུས་པས་ཉོན། ། ཞེས་པའི་བར་གྱི་ཚིག་ཚང་མར་ཀློག་ནས་དེའི་གསུང་བཤད་ལ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ་ཞེས་པ་ནི། ཡ་དགོས་ཆེད་ཀྱི་བཞི་བར་བསྒྱུར་ཏེ་འོག་ནས་འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས་ཞེས་གསུངས་པ་ལྟར། དྲང་ངེས་ཀྱི་གནད་ཐམས་ཅད་གང་གི་དྲིན་ལས་རྙེད་པའི་བླ་མ་དང་འཇམ་པའི་དབྱངས་དབྱེར་མེད་པ་དེ་ལ་འདུད་ཅེས་པ་སྟེ། འགའ་ཞིག་འགྱུར་ཕྱག་དང་མཐུན་པའི་མཆོད་བརྗོད་ཀྱང་ཟེར་མོད། གང་ལྟར་ཡང་བླ་མ་ཡི་དམ་དབྱེར་མེད་པ་མཆོད་པར་བརྗོད་པའོ། །བདེ་འབྱུང་སྤྲིན་ལ་ཞོན་དང་ཞེས་སོགས་ལ། འཆི་མེད་མཛོད་ཀྱི་འགྲེལ་བ་འདོད་འཇོའི་བ་མོ་ལས། མཆོག་ཏུ་དགའ་བའི་ཞེས་སོགས་ལྟར་མཆོག་ཏུ་དགའ་བའི་གཟུགས་འཆང་བས་བདེ་འབྱུང་སྟེ་དབང་ཕྱུག་དང་། སྤྲིན་གྱི་ཤུགས་འཆང་བའི་གླང་བོ་ཞེས་ཆོས་གྲྭར་ངག་རྒྱུན་ལ་འབྱུང་ཡང་སྤྲིན་ཕལ་ཆེར་དཀར་བོའི་ཐལ་མདོག་ཡིན་ལ། དེས་ན་སྤྲིན་གྱི་མདོག་དང་འདྲ་བའི་གླང་བོ་ཆེ་ཞོན་པས་སྤྲིན་ལ་ཞོན་ཏེ་བརྒྱ་བྱིན་དང་། དྲན་པའི་གཞུང་ལས་བཤད་པ་ལྟར། འཇིག་རྟེན་ཆགས་པའི་ཐོག་མར་རྒྱ་མཚོར་སྒོང་དབྱིབས་ཀྱི་པདྨ་གསེར་མདོག་ཅན་ལས་སྐྱེས་པས་གསེར་གྱི་མངལ་སྟེ་ཚངས་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་ཐོག་མར་བྱུང་བའི་ཡང་མེས་ལྟ་བུ་ཡིན་པས་དེ་ལ་འཇིག་རྟེན་མེས་པོར་བཤད། དབང་ཕྱུག་ལྷའི་བུ་སྟོང་ཕྲག་དུ་མ་ལྷ་མོ་དང་བཅས་པ་རི་བོ་གངས་ཅན་ན་གནས་པའི་ཚེ། དགའ་རབ་དབང་ཕྱུག་བལྟ་རུ་ཕྱིན་ཏེ། མདའ་ལྔའི་དང་བོ་གཉིས་འཕངས་ཚེ་དབང་ཕྱུག་ལ་རྟོག་པ་ཙམ་ཡང་མ་སྐྱེས་དེ་ནས་གཉིས་འཕངས་པས་རྟོག་པ་ཙམ་སྐྱེས། དེ་ནས་གཅིག་འཕངས་པས་དབང་ཕྱུག་གི་དཀའ་ཐུབ་ཉམས་པ་ན། དྲག་པོས་ཟག་བཅས་མངོན་ཤེས་ཀྱིས་བརྟགས་པས་ཤེས་ཏེ་མིག་ལས་མེ་སྦར་ནས་དགའ་རབ་དབང་ཕྱུག་གི་ལུས་བསྲེགས་ཏེ་མེད་པར་བྱས་པས་ལུས་མེད་ཡང་ཡིན་ལ། འདོད་ཁམས་ཀྱི་བདག་པོ་ཡང་ཡིན་པས་ལུས་མེད་བདག་པོ་སྟེ་དགའ་རབ་དབང་ཕྱུག་དང་། བྱིས་པའི་ཚེ་ཐ་གུ་ལྟོར་དཀྲིས་པས་ཐ་གུའི་ལྟོ་སྟེ་ཁྱབ་འཇུག་དང་སོགས་ཁུངས་ནས་དབང་ཕྱུག་གི་བུ་གཞོན་ནུ་གདོང་དྲུག་དང་། ཚོགས་བདག་གཉིས། ཉི་ཟླ་གཉིས་རྣམས་འབྱུང་ཞིང་དེ་དག་གིས་བཅོམ་ལྡན་འདས་གང་གི་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ་མཐོང་བ་ན། རལ་བའི་ཅོད་པཎ་གྱིས་གཏུགས་པར་གྱུར་བས་ལྷ་དེ་དག་ལས་ཀྱང་ལྷར་གྱུར་པ་སྟེ་ལྷ་དང་བོ་འཇིག་རྟེན་པ་དང་། གཉིས་པ་བཅོམ་ལྡན་འདས་ལ་བྱས་ནས་ཕྱག་འཚལ་ཏེ་བསྟན་པའི་བདག་པོ་ལ་མཆོད་པར་བརྗོད་པའོ། །འགའ་ཞིག་ལྷ་འདི་དག་ལ་དྲེགས་པ་ལྷ་བརྒྱད་ཟེར་ཡང་ཚིག་ལ་ཐོན་པ་ལྔ་དང་སོགས་ཁུངས་ནས་བཞི་སྟེ་དགུར་སྣང་། འདིའི་ཁྱབ་འཇུག་ནི་བརྒྱ་བྱིན་ལས་ཀྱང་ཆེ་བའི་ལྷའི་གཙོ་བོ་གསུམ་གྱི་གཅིག་ཡིན་ཞིང་། ད་ལྟ་ཡོངས་གྲགས་ཀྱི་ཁྱབ་འཇུག་འདི་གཟའ་ཁྱབ་འཇུག་ཡིན་པས་འདི་གཉིས་མི་གཅིག་གོ  །ལྷ་གཙོ་གསུམ་ནི་སྟོང་གསུམ་གྱི་བདག་པོ་ཚངས་པ་དང་། ཐམས་ཅད་ལ་ཁྱབ་པར་འཇུག་པས་ཁྱབ་འཇུག་དང་། དབང་ཕྱུག་གསུམ་ལ་བཤད་ཅིང་དེ་ཡང་ལྷ་གཙོ་གསུམ་ཞེས་རིག་བྱེད་ཀྱི་གཞུང་ལས་བྱུང་བ་མ་གཏོགས་གསུང་རབ་དང་ལུང་རིགས་ཀྱིས་བརྟགས་ནས་བྱས་པ་མ་ཡིན་ཞིང་འདོད་གཟུགས་ཀྱི་ལྷ་གང་ཡིན་གྱི་བཤད་པ་མི་སྣང་ཡང་གནས་ནི། ཁྱབ་འཇུག་གྲོང་ཁྱེར་སྒོ་ལྡན་དང་། དབང་ཕྱུག་གངས་ཏི་སེར་གནས་པར་བཤད་དོ། །དེ་ནས་བྱམས་འཇམ་དབྱངས་གཉིས་ལ་སྙན་དངགས་ཀྱི་གཟུགས་ཅན་རྒྱན་གྱི་སྒོ་ནས་བསྟོད་དེ།  རྒྱ་མཚོ་ནི་གཏིང་དཔག་དཀའ་བ་དང་། རླབས་ཕྲེང་ཆལ་ཆིལ་གཡོ་བ་དང་། རིན་པོ་ཆེ་བེཌྰུརྱ་དང་། མར་རྒད་སོགས་ཀྱི་འབྱུང་ཁུངས་ཡིན་པ་དག་དང་སྦྱར་ནས་འདི་གཉིས་ཀྱང་མཁྱེན་བརྩེའི་གཏིང་མཐའ་དཔག་པར་དཀའ་བ་དང་། ཕྱིན་དྲུག་གིས་བསྡུས་པའི་བྱང་ཆུབ་ཀྱི་སྤྱོད་པའི་རླབས་གཡོ་བ་དང་། རིམ་བཞིན་ཟབ་མོ་ལྟ་བའི་སྐོར་གྱི་ལེགས་བཤད་རིན་ཆེན་གཏེར་དུ་གྱུར་པ་འཇམ་དབྱངས་དང་། རྒྱ་ཆེན་སྤྱོད་པའི་སྐོར་གྱི་ལེགས་བཤད་རིན་ཆེན་གཏེར་དུ་གྱུར་པ་རྒྱལ་བ་མི་ཕམ་པ་ཞེས་སྦྱར་ཏེ་དེ་གཉིས་ལ་འདུད་ཅེས་པའོ། །འདིར་དོགས་གཅོད་ནི། བྱང་ཆུབ་སྤྱོད་པའི་རླབས་ཕྲེང་ཆལ་ཆིལ་གཡོ་ཞེས་པ་འདི་དངོས་པོའི་གནས་ཚོད་ཀྱི་དབང་དུ་བྱས་ནས་གསུངས་པ་མ་གཏོགས་གཞན་གྱི་དོགས་པ་མེད་ལ། བྱང་ཆུབ་སྤྱོད་པ་ནི་རྒྱལ་སྲས་ཀྱི་སྤྱོད་པ་ལ་བྱེད་པས། འདིར་སྤྱི་བཤད་དང་མཆོད་བརྗོད་ཐལ་འགྱུར་བའི་ལུགས་མ་ཡིན་པར་ཁས་ལེན་ནམ། རྗེའི་བཞེད་པ་ལ་རྒྱན་རྩོམ་པ་པོ་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་བཞིན་པ་ཡིན་ཟེར། ཅི་སྟེ་སངས་རྒྱས་ཡིན་ཀྱང་བྱང་སེམས་ཀྱི་ཚུལ་བསྟན་པ་ལ་དགོངས་ཟེར་ན། དེ་ཆོས་ཅན། བྱང་སེམས་ཀྱི་ཚུལ་བསྟན་པའི་གང་ཟག་མ་ཡིན་པར་ཐལ། སངས་རྒྱས་ཀྱི་ཚུལ་བསྟན་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། མཆོག་གི་སྤྲུལ་སྐུའི་ཚུལ་བསྟན་པའི་གང་ཟག་ཡིན་པའི་ཕྱིར་ཏེ། མཆོག་གི་སྤྲུལ་སྐུའི་མཛད་པ་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར་ན། མ་ཁྱབ་ཟེར་ཚུལ་ཅུང་མེད། ཡང་ན་དབུ་མ་བ་ལ་ཐུན་མོང་བ་གཅིག་ཉམས་ལེན་དགོས་སམ་ཞེས་ཉིན་དང་བོ་ལ་དོགས་པ་ཙམ་བཀོད་ནས། ཉིན་གཉིས་པར་རང་རེའི་ཡིག་ཆར་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་ཟུར་དུ་བྱང་འཕགས་རྣམ་ཅན་སྨོས་པ་ལ་ཡང་རིགས་པ་དེ་འདྲ་འཕངས་ན། རྒྱན་རྩོམ་པ་པོ་དགའ་ལྡན་གྱི་གནས་སུ་རང་ལས་གཞན་སངས་འཕགས་ཀྱི་རྣམ་ཅན་སུ་མེད་པས་རང་མཆོག་སྤྲུལ་རྣམ་ཅན་དང་། གླིང་འདིར་སྟོན་པའི་འཁོར་དུ་བྱོན་ཚེ་རང་ལས་གཞན་གཙོ་བོ་མཆོག་སྤྲུལ་རྣམ་ཅན་ཡོད་པས་རང་གིས་འཁོར་གྱི་རྣམ་པ་འཛིན་དགོས་པས། དགའ་ལྡན་གྱི་གནས་ལ་ལྟོས་ཏེ་སངས་འཕགས་དང་། གླིང་འདི་ལ་ལྟོས་ཏེ་བྱང་འཕགས་རྣམ་ཅན་དང་། དེ་ཡང་དགའ་ལྡན་གྱི་ལྷའི་རྣམ་པའམ། ཆ་བྱད་སྤྲུལ་ནས་འོང་བྱས་ཆོག་གསུངས། རྗེའི་རྗེས་འཇུག་མཁས་པ་རྣམས་ཀྱི་བཞེད་པ་ལ་ཡང་། ཀུན་མཁྱེན་གོང་མས་རྒྱན་རྩོམ་པ་པོ་མཆོག་སྤྲུལ་དང་། སེ་ར་རྗེ་བཙུན་པ་ཡབ་སྲས་ཀྱིས་སྐྱེ་བ་སྤྲུལ་སྐུ་དང་། རྒྱལ་དབང་ལྔ་བ་ཆེན་མོས་བྱང་སེམས་སུ་བཞེད་པ་སོགས་མི་འདྲ་བ་མང་དུ་བྱུང་ངོ་། ། འདིའི་འོག་གི་བདེ་གཤེགས་ཞེས་སོགས་ཚིགས་བཅད་གཅིག་པོ་འདི་ཤིང་རྟའི་སྲོལ་འབྱེད་ཀྱི་གཞུང་གི་རྩ་བ་ཡིན་པས་རྒྱ་ཆེ་བ་ཞིག་སྟེ། བདེ་གཤེགས་ཀྱི་གསུང་རབ་སྟེ་རྒྱས་འབྲིང་བསྡུས་གསུམ་ཚུལ་གཉིས་ཏེ་དེའི་དོན་དགོངས་འགྲེལ་དང་བློ་གྲོས་མི་ཟད་པའི་མདོ་ལས་བཤད་པའི་དབུ་སེམས་ཀྱི་སྲོལ་སོ་སོར་ལེགས་པར་ཕྱེ་བའི་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ལ་འདུད་ཅེས་སོ། །སྒོ་མང་གི་གསུང་རྒྱུན་ལ་འདིར་དཔེ་དོན་གྱི་ཤིང་རྟ་གཉིས་ཕྱེ་ནས། འགའ་ཞིག་དོན་གྱི་ཤིང་རྟ་ལ་དགོངས་འགྲེལ་དང་བློ་གྲོས་མི་ཟད་པའི་མདོ་སོགས་འཇོག་ཀྱང་། ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི་ཞེས་པ་ལྟ་བུའི་ཚིག་རིས་མང་བས་ཀླུ་སྒྲུབ་ཐོགས་མེད་གཉིས་ཀྱང་འཇོག་གོ །རྗེ་བླ་མས་ཕར་ཕྱིན་གྱི་བཤད་པ་གསན་སའི་བླ་མ་ཉ་དཔོན་ཀུན་དགའ་དཔལ་བས་རྟ་བཞི་ལྔ་ཙམ་གྱིས་འདྲེན་དགོས་པའི་ཤིང་རྟའི་ལམ་དུ་སྐྱེ་བོ་ལོང་བས་ཀྱང་བསྒྲོད་པར་བྱས་ན་གཡང་སར་མི་ལྷུང་བ་བཞིན་དུ་ཤིང་རྟའི་སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་དག་ལ་སྐྱེ་བོ་ཆོས་ཀྱི་མིག་མ་ཐོབ་པ་དག་ཞུགས་ཀྱང་ལམ་བདེ་བར་བསྒྲོད་ཅེས་གསུངས། སྔ་རབས་པ་རྣམས་འགྲེལ་བྱེད་གཞན་ལ་མ་བརྟེན་པའི་གང་ཟག་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་དུ་འདོད་ལ། མིའི་ཤ་ཚུགས་ཅན་ཞེས་པ་དང་། བྱང་འཕགས་རྣམ་ཅན་ཞེས་པ་གཉིས་ཕྱིས་སུ་བསྣན་པ་ཡིན་ནོ། །དེའི་འོག་ཏུ་ཤིང་རྟའི་སྲོལ་འཛིན་ལ་མཆོད་པར་བརྗོད་དེ། འཕགས་པ་ལྷ་ནས་ཟླ་གྲགས་ཀྱི་བར་དབུ་མའི་སྲོལ་འཛིན་དང་། དབྱིག་གཉེན་ནས་ཆོས་གྲགས་ཀྱི་བར་སེམས་ཙམ་གྱི་སྲོལ་འཛིན་དང་གཞུང་ལུགས་མང་ཐོས་ཞེས་སོགས་ཀྱི་སོ་སོའི་མཚན་གཞི་བྲག་སྒོ་རབ་འབྱམས་པས་རྗེའི་རྣམ་ཐར་ཟུར་འདེབས་སུ་གཞུང་ལུགས་ལ་མང་དུ་ཐོས་པ་ནམ་མཁའ་ལྟར་རྒྱ་ཆེ་བ་ཆོས་རྗེ་བུ་སྟོན་སོགས་དང་། དཔེ་ཁ་ཅིག་ལས། ངལ་བ་མང་བསྟེན་ཞེས་བྱུང་བ་གོ་རྒྱུ་ཆེར་མེད་པས། རིག་པའི་ལམ་དུ་ངལ་བ་མང་བསྟེན་ཆ་བ་ཆོས་སེང་སོགས། བསླབ་གསུམ་རིམ་གཉིས་སོགས་མངོན་པར་རྟོགས་པའི་ཡོན་ཏན་གྱིས་མི་དམན་པ་མར་མི་སྒམ་པོ་བ་སོགས་ཞེས་བཤད་པ་གོ་རྒྱུ་ལེགས་པོ་འདུག  གང་ལྟར་ཡང་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་ཀྱང་ཚུལ་བཞིན་མ་རྟོགས་པའི་དྲང་ངེས་ཀྱི་གནས་དེ་ནི། འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས། ཞེས་མཁྱེན་པ་ཕུན་སུམ་ཚོགས་པའི་ཁྱད་པར་དང་། ཤིན་ཏུ་བརྩེ་བའི་བསམ་པས་ཞེས་བརྩེ་བ་ཕུན་ཚོགས་ཀྱི་ཁྱད་པར་དང་། བདག་གིས་བཤད་ཅེས་རྩོམ་པར་དམ་བཅའ་དང་། བསྟན་པ་ནི་ལུང་རྟོགས་གཉིས་ལས་ལུང་དང་། དེ་ཉིད་ནི་སྟོང་ཉིད་ཙམ་ལ་བཤད་ན་རྒྱ་ཆུང་བས་ལུང་གི་བརྗོད་བྱ་ལ་བྱས་ནས་དེ་རྟོགས་པའི་རྣམ་དཔྱོད་ཀྱི་སྒོ་ནས་སྨྲ་བ་ཟླ་མེད་འདོད་པ་ཁྱེད་རྣམས་ཉོན་ཅིག་ཅེས་ཉན་པར་བསྐུལ་ཞིང་། འདི་ཡན་ཆད་ཀྱིས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་སོགས་བསྟན་པ་ཡིན་གསུངས། ཀུན་སློང་བཅོས་བའི་གསུང་བཤད་དང་། བླ་མ་རྒྱུད་པ་དང་ཤིང་རྟའི་སྲོལ་འཛིན་གྱི་མཚན་སྨོས་བསྡུས་ཤིང་། གཞན་ཚིག་རེ་གཉིས་རེ་ཙམ་མ་འཁྲུལ་བའི་ཐེ་ཚོམ་མེད་དེས་དཀའ་ཡང་། ཇི་ལྟར་གསུངས་པའི་གསུང་རིས་ཀྱི་སྡེབ་སྦྱོར་མ་ནོར་བར་འདི་ཡན་ཆད་བཀོད་པའི་ཁུལ་ལགས།  དེ་ཡང་ཇི་སྐད་དུ།  ཞེས་པ་ནས། ཞེས་

གསུངས་སོ་ཞེས་པའི་བར་དུ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་སྟོང་བ་ཞེས་པས་རྣམ་པར་ཐར་བའི་སྒོ་སྟོང་བ་ཉིད་དང་ཞི་བ་ཞེས་པས་མཚན་མེད་དང་། སྐྱེ་བ་མེད་པ་ཞེས་པས་སྨོན་མེད་བསྟན། གསེར་ཕྲེང་གི་སྒྲས་ཟིན་ལྟར་ན་སྐྱེ་བ་མེད་པ་ཞེས་མཚན་མེད་དང་། ཞི་བ་ཞེས་སྨོན་མེད་བསྟན་པར་བཤད། དེ་གསུམ་འཇོག་ལུགས་ནི་མཚན་ཉིད་པ་རྣམས་ཀྱི་གསུང་སྒྲོས་ལ། སྔོན་པོ་ལས་དང་དེའི་སྟེང་ནས་སྟོང་བ་ཉིད་དང་། སྔོན་འཛིན་མིག་ཤེས་བྱེད་པ་པོ་དང་། དེའི་སྟེང་ནས་སྨོན་མེད་དང་། མིག་ཤེས་དེས་སྔོན་པོ་རྟོགས་པ་བྱ་བ་དང་། དེའི་སྟེང་ནས་མཚན་མེད་འཇོག དེ་ཡང་རྣམ་ཐར་གཏན་ལ་དབབ་པ་བསྡུ་བ་ལས། ཀུན་བཏགས། གཞན་དབང་། ཡོངས་གྲུབ་གསུམ་གྱི་སྟེང་ནས་རིམ་བཞིན་སྟོང་ཉིད་སྨོན་མེད་མཚན་མེད་གསུམ་བཤད་པ་དང་། མཛོད་ནས་མི་རྟག་སོགས་བཅུ་དྲུག་ལ་སྦྱར་བ་སོགས་གསུང་རབ་སོ་སོར་རྣམ་ཐར་སྒོ་གསུམ་འཇོག་ལུགས་མང་མོད་ཀྱང་བྱ་བྱེད་ལས་གསུམ་ལ་སྦྱར་བ་འདི་དག་རྒྱུན་མ་གཏོགས་གཞུང་ནས་གསལ་ཁ་མ་བྱུང་ཡང་གསང་འདུས་རྩ་རྒྱུད་ལས། དངོས་པོ་མེད་པས་སྒོམ་པ་མེད། ཅེས་སོགས་ཀྱིས་སྒོམ་བྱེད་དང་།སྒོམ་བྱ་དང་། བསྒོམ་པ་གསུམ་ཀྱི་སྟེང་ནས་དེ་གསུམ་སོ་སོར་བཞག་པའི་སྒོམ་བྱ་སྒོམ་བྱེད་བསྒོམ་པ་གསུམ་རིམ་བཞིན་དུ་བྱ་བྱེད་ལས་གསུམ་ལ་སྦྱར་ན་འགྲིག་པར་སྣང་། ཐལ་འགྱུར་བའི་སྐབས་འདིར་དེ་གསུམ་མ་རྟོགས་ན་མ་རིག་པའི་དབང་གིས་ལས་བསགས་ནས་འཁོར་བར་རིམ་གྱིས་འཁོར་བ་དེས་ན། ཐུགས་རྗེ་ཆེན་པོ་མངའ་བའི་སྟོན་པས། ཐབས་ཚུལ་ཏེ་ཐབས་ཤེས་ཀྱི་ཐབས་མ་ཡིན་པར་བདེན་གྲུབ་སྟོན་དགོས་ལ་བདེན་གྲུབ་སྟོན་པ་སོགས་ཐབས་དུ་མ་དང་། རིག་པ་བརྒྱ་ཕྲག་ཅེས་པ་ངེས་གཟུང་མ་ཡིན་པར་རིག་པའི་སྒོ་དུ་མ་ཞིག་གིས་དང་།འཛུད་པར་མཛད་ཅེས་པ་གོ་འཕང་དང་ལམ་ལ་འཛུད་པ་ལ་མི་བྱེད་པར་སྟོང་ཉིད་ཁོང་དུ་ཆུད་པ་ལ་འཛུད་པར་གསུངས་སོ། །ད་ལྟར་ཡང་ལེགས་བཤད་སྙིང་བོ་ཆུང་བ་ལས། ཁྱོད་ཀྱིས་ཇི་སྙེད་བཀའ་བསྩལ་བ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག། དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཅེས་གསུངས་སོ། །རྒྱལ་བའི་སྡེ་སྣོད་ཐམས་ཅད་དེ་བཞིན་ཉིད་ལ་འཛུད་པ། དེ་བཞིན་ཉིད་ལ་གཞོལ་བ། དེ་བཞིན་ཉིད་ལ་འབབ་པ་ཤ་སྟག་ཡིན་པས། བློ་ལྡན་རྣམས་ཀྱིས་དེ་རྟོགས་པའི་བློ་རྣམ་དག་སྐྱེད་པ་ཤིན་ཏུ་གལ་ཆེ་ལ། དེ་དྲང་ངེས་འབྱེད་པ་ལ་རག་ལས། རག་ལས་ཚུལ་ཡང་བརྗོད་བྱའི་དྲང་ངེས་ཕྱེད་ན་སྟོང་ཉིད་རྟོགས་དགོས་པས། བརྗོད་བྱེད་ཚིག་གི་དྲང་ངེས་ལ་བྱེད་དགོས། དེ་ལྟར་ན་སྟོང་ཉིད་སྟོན་པའི་མདོས་བསྟན་ཚུལ་ཇི་བཞིན་དུ་རྟོགས་ན་སྟོང་ཉིད་རྟོགས་པས་ཁྱབ་བམ་མ་ཁྱབ་སོགས་དོགས་པ་མང་པོ་ཞིག་མཛད་ནས། ཡང་ཉིན་ཕྱི་མར་ད་ལྟ་དྲང་ངེས་ཀྱི་ཕྱོགས་ཙམ་ཡང་མི་ཤེས་པར་སྟོང་ཉིད་རྟོགས་ཡོད་ཁུལ་བྱེད་པ་མང་མོད་ཀྱང་ཁོ་རང་རྣམས་རྗེས་དེ་ཡང་དྲང་ངེས་འབྱེད་པ་ལ་རག་ལས་ཤིང་ཞེས་པའི་གསུང་འདིའི་ཕྱོགས་སྔར་སོང་འདུག་མ་སོང་ཟེར་ན། འོ་ན་དྲང་ངེས་ཕྱེ་ཞེས་སྨྲས་ན་དེས་ཆོག  སྟོང་ཉིད་རྟོགས་པའི་སྔོན་དུ་འགྲོ་རྒྱུའི་དྲང་ངེས་འབྱེད་བྱེད་ཀྱི་བློ་དེ་ཚད་མ་དགོས་པ་མིན། དྲང་ངེས་ཀྱི་རྣམ་བཞག་ལ་ཡིད་དཔྱོད་ཙམ་གྱིས་གོ་བ་རྙེད་པ་དེ་དྲང་ངེས་བྱེད་པའི་དོན་དུ་བཞག་ནས་སྟོང་ཉིད་རྟོགས་པ་ལ་དེ་སྔོན་དུ་འགྲོ་དགོས་པར་གསུངས། དྲང་ངེས་ལ་ཡང་གསུང་རབ་དག་ལས་འཇོག་ཚུལ་མང་དུ་གསུངས་པས་ན་རིགས་པ་རྣམ་དག་ལ་མ་བརྟེན་པར་ལུང་ཙམ་གྱིས་དྲང་ངེས་འབྱེད་མི་ནུས་ཏེ། གང་ཟག་གི་བདག་ཡོད་པར་སྟོན་པའི་མདོ་ཡོད་ཀྱང་། དེས་དེ་ཡོད་པར་འཇོག་མི་ནུས་ཤིང་། བརྗོད་བྱ་ཀུན་རྫོབ་དང་དོན་དམ་སྤྱི་ལྡོག་ལ་འདི་འདིའོ་གསུང་བ་ཙམ་གྱིས་སྒྲུབ་བར་མི་ནུས་པས་སྤྱི་ལ་མ་ཁྱབ་པ་དེས་ན་བྱེ་བྲག་དྲང་ངེས་ལ་ཡང་འདི་འདིའོ་གསུངས་པ་ཙམ་གྱིས་འབྱེད་མི་ནུས་སོ། །དཔེར་ན་དགོངས་འགྲེལ་ལས། ཡུམ་འབུམ་པ་དྲང་དོན་དུ་བཤད་ཀྱང་དེ་ངེས་དོན་ཡིན་པ་ལྟ་བུ། དེས་ན་འཇམ་དཔལ་རྩ་རྒྱུད་སོགས་ལས་དྲང་ངེས་འབྱེད་པར་ལུང་བསྟན་པའི་ཀླུ་སྒྲུབ་ཐོགས་མེད་ལྟ་བུའི་ཤིང་རྟ་ཆེན་པོ་དག་གིས། དོན་གཞན་དུ་འདྲེན་མི་རུང་བའི་གསུང་རབ་དག་གི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་དང་། གཞན་དུ་འདྲེན་མི་རུང་བའི་སྒྲུབ་བྱེད་ཀྱི་རིགས་པས་ལེགས་པར་གཏན་ལ་ཕབ་པ་ཞིག་གི་རྗེས་སུ་འབྲང་ནས་དགོངས་པ་མ་བཙལ་བར་ལུང་ལས་གསུངས་པ་ཙམ་གྱི་རྗེས་སུ་འབྲང་ནས་སྟོང་ཉིད་ཚོལ་དུ་མི་རུང་བས། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་སོགས་རྟོན་པ་བཞི་དང་།ལྟོས་པའི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ། བྱ་བ་བྱེད་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་སྟེ་རིགས་པ་བཞི་སོགས་ཀྱིས་འབྱེད་དགོས་ཏེ་དངོས་པོའི་དེ་ཁོ་ན་ཉིད་ཀྱང་མྱུ་གུ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའི་འཐད་སྒྲུབ་ཀྱི་རིགས་པ་དང་ལྡན་པའི་ཕྱིར། འདིར་རིགས་པས་མཐའ་ཅན་དང་། ས་མཐའ་མེད་པའི་རིག་པ་ཞེས་པ་གཉིས་ཀྱི་སྔ་མ་གཏན་ཚིགས་དང་། ཕྱི་མ་བློ་ལ་བྱེད་ཅིང་འདི་འདྲེའི་ཚིག་གི་ཁྱད་པར་ཤེས་པ་གལ་ཆེ་ཞེས་དེའི་རྒྱུ་མཚན་ཡང་མང་དུ་གསུངས། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་བོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་ཞེས་པ་ལ་འགའ་ཞིག་གིས། ཐོགས་མེད་སྐུ་མཆེད་ཆོས་ཅན། ཚད་མའི་སྐྱེས་བུ་མ་ཡིན་པར་ཐལ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་པའི་ཕྱིར། དེར་ཐལ་བདེན་གྲུབ་ཁས་ལེན་པའི་ཕྱིར་ཟེར་ཡང་། ཚད་མའི་སྐྱེས་བུ་ནི་རང་རའི་རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་ལས་བདེན་བཞི་མངོན་སུམ་དུ་རྟོགས་པ་ཡན་ཆད་ལ་གསུངས་པས། དབྱིག་གཉེན་སོ་སྐྱེས་སུ་གསུང་བ་ཡོད་ཀྱང་དོན་ལ་སྐྱེ་འཕགས་གང་ཡིན་ཁ་ཚོན་མི་ཆོད་ལ། ཐོགས་མེད་འཕགས་པར་བཤད་ཅིང་འཕགས་པ་ལ་དབུ་མ་བ་དགོས་པས་དེས་བདེན་གྲུབ་ཁས་མི་ལེན་ནོ། ། དེས་ན་རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་མཁན་ལ་ཇོ་ནང་བ་ལྟ་བུ་འཇོག་དགོས། དགེ་སློང་དག་གམ་མཁས་རྣམས་ཀྱིས་ཞེས་སོགས་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་དུ་དྲངས་པ་ཡིན་ཞིང་། དགེ་སློང་དག་གམ་ཞེས་པས་རབ་ཏུ་བྱུང་བའི་མཁས་པ་རྣམས་དང་། མཁས་རྣམས་ཀྱིས་ཞེས་པས་ཁྱིམ་པའི་མཁས་པ་རྣམས་ཀྱིས་ཞེས་བཤད། ཚིག་ལྷག་མས་གསེར་བསྲེགས་བཅར་བརྡར་གསུམ་གྱིས་བརྟགས་པ་བཞིན་དུ། རྒྱལ་བའི་བཀའ་ལ་དཔྱད་པ་གསུམ་གྱིས་བརྟགས་པར་གསུངས། གསེར་བརྟགས་ལུགས་ཡང་དྲི་མ་རགས་པ་ལ་བསྲེགས། ཕྲ་བ་ལ་བཅད། ཤིན་ཏུ་ཕྲ་བ་ལ་བརྡར་བ་ན། ཁ་འཕྲོ་ཡང་བསྲེགས་བས་དམར་བཅད་པས་དཀར། བརྡར་བས་སེར་པོ་ལྷང་ལྷང་བ་འབྱུང་། དཔྱད་པ་གསུམ་ནི་གཉལ་སྟོན་གྱི་དཀའ་འགྲེལ་ལས། དངོས་སྟོབས་དང་། གྲགས་པའི་དང་། ཡིད་ཆེས་རྗེས་དཔག་གསུམ་ལ་སྦྱར་ནས་བཤད། རྣམ་འགྲེལ་སོགས་ལས། བརྗོད་བྱའི་བསྟན་ཚུལ་ལ་མཐོང་བ་མངོན་གྱུར་འཇལ་བའི་མངོན་སུམ་གྱིས་གནོད་པ་མེད་ཅིང་གྲུབ། མ་མཐོང་བ་ལྐོག་གྱུར་འཇལ་བའི་རྗེས་དཔག་གིས་གནོད་པ་མེད་ཅིང་གྲུབ། ཤིན་ཏུ་ལྐོག་གྱུར་འཇལ་བའི་ཡིད་ཆེས་རྗེས་དཔག་གིས་གནོད་པ་མེད་ཅིང་གྲུབ་པ་ལ་དཔྱད་གསུམ་གྱིས་དག་པར་གསུངས། དེ་ལྟར་འཇུག་མི་འཇུག་དཔྱོད་པའི་བློ་ནི། དབང་ཤེས་ཧྲིལ་ཧྲིལ་བོ་འདིས་དཔྱོད་པ་མི་འཇུག  རྣལ་འབྱོར་མངོན་སུམ་མཐོན་པོར་སླེབ་པའི་སྐབས་ལས་མེད་པས་འོང་དོན་མེད། རང་རིགས་མངོན་སུམ་ཁས་མི་ལེན་པས་དངོས་སྟོབས་རྗེས་དཔག་ལ་བྱེད་དགོས། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་ན་སྒྲ་ཇི་བཞིན་པ་ཡིན་པས་ཁྱབ་ཅིང་དཔྱད་གསུམ་གྱིས་དག་ཚུལ་བཤད་པ་མི་འདྲ་བ་འགའ་གནང་ཀྱང་ཧ་ཅང་མི་གསལ་བས་མ་བྲིས།བཀའ་ཡིན་ན་དཔྱད་གསུམ་གང་རུང་གིས་དག་པས་ཁྱབ་པོ། །འདི་ཡན་ཆད་ཀྱིས་བསྟན་བཅོས་ཀྱི་འབྲེལ་བསྟན་པའམ་གླེང་བསླང་བ་བྱས་ཆོག་གསུངས། གཉིས་པ་ལ་གཉིས།  ཞེས་པ་ནས། མི་བསྐྱུད་པ་ནི་མི་བརྗེད་པའོ་ཞེས་པའི་བར་དུ། དགོངས་འགྲེལ་གྱི་ལེའུ་བཅུའི་གྲངས་ལ། རྗེ་དགེ་འདུན་རྒྱ་མཚོས་དཀའ་འགྲེལ་དུ་གླེང་གཞིའི་ལེའུ་ཞེས་པ་གཅིག་ཟུར་དུ་བགྲང་། ད་ལྟའི་དགོངས་འགྲེལ་གྱི་དཔེ་ལ་དང་བོར་རབ་འབྱོར་གྱི་ལེའུ་ཞེས་པ་གཅིག་འདུག་པས་དཔྱད་གསུང་། དོན་ཟབ་དགོངས་པ་ངེས་འགྲེལ་དང་ཚུལ་བཞིན་ཀུན་ཏུ་འདྲི་བ་གཉིས་དྲི་བ་དང་ལན་ཡིན་པས་གཅིག་ཏུ་བགྲང་ཞིང་ལེའུ་དེ་ལས་རྣམ་རིག་ཙམ་གྱི་དེ་ཉིད་གཏན་ལ་འབེབས་པ་ནས་བཟུང་འཇམ་དབྱངས་ཀྱི་ལེའུས་ཆོས་སྐུའི་རྣམ་བཞག་གཏན་ལ་འབེབས་པའི་བར་རྗེ་དགེ་འདུན་རྒྱ་མཚོའི་དཀའ་འགྲེལ་གྱི་ཚིག་ལྟར་གསུངས་ནས་དེ་དག་ལས་འདིར་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུས་བཤད་པའི་དྲང་ངེས་ཀྱི་རྣམ་བཞག་གཏན་ལ་འབེབས་པ་ཡིན། དེ་ཡང་འདིར་བསྟན་འཁོར་ལོ་དང་བོར་ཉན་ཐོས་སྡེ་བ་རྣམས་ཀྱི་བློར་མི་ཆུད་པའམ་དེ་དག་གིས་མི་འདོད་པ་གང་ལྟར་ཡང་། ཕུང་བོ། སྐྱེ་མཆེད། རྟེན་འབྲེལ། ཟས། བདེན་པ། ཁམས། བྱང་ཕྱོགས་སོ་བདུན་ཏེ་འགྲེལ་རྐང་བདུན་ཙམ་གྱི་སྟེང་ནས་གཞི་ལམ་སོགས་གཏན་ལ་འབེབས་པར་མཛད་ལ་དྲི་བ་ཞུས་ཚུལ་ནི། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་སྟེ་ལན་གྲངས་དུ་མར་ཕུང་བོ་རྣམས་ལ་རང་གི་མཚན་ཉིད་དང་། སྐྱེ་བ་དང་འཇིག་པ་གཉིས་དང་། སྤང་བ་དང་ཡོངས་སུ་ཤེས་པ་གཉིས་ཏེ་ཁྱད་ཆོས་ལྔ་རེ་དང་། ཕུང་བོ་ལྔ་ལ་ཁྱད་ཆོས་ལྔ་སྦྱར་བ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་དང་། རྟེན་འབྲེལ་བཅུ་གཉིས་དང་། ཁམས་ཟས།  རེག་ཟས། སེམས་ཟས། ཏིང་ངེ་འཛིན་གྱི་ཟས་ཏེ་ཟས་བཞི་དང་བཅས་པ་ལ་ཁྱད་ཆོས་ལྔ་རེ་དང་། བདེན་བཞི་ལ་ཐུན་མོང་དུ་རང་མཚན་གྱི་ཁྱད་ཆོས་དང་། དེའི་སྟེང་དུ་སྡུག་བདེན་ལ་ཤེས་པ་དང་། ཀུན་འབྱུང་ལ་སྤངས་པ་དང་། འགོག་པར་མངོན་དུ་བྱ་བ་དང་། ལམ་ལ་བསྒོམ་པ་སྟེ་ཁྱད་ཆོས་གཉིས་རེ་དང་། ཁམས་ལ་རང་མཚན་དང་། སྤང་བ་དང་། ཡོངས་སུ་ཤེས་པ་གསུམ་རེ་སྦྱོར་ཞིང་། བྱང་ཕྱོགས་སོ་བདུན་ལ་རང་གི་མཚན་ཉིད་དང་། མ་དད་པ་དང་ལེ་ལོ་སོགས་མི་མཐུན་ཕྱོགས་དང་། དྲན་པ་ཉེར་བཞག་བཞི་སོགས་དེ་དང་དེའི་གཉེན་པོ་དང་། དགེ་བའི་ཆོས་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་གནས་པ་དང་། མི་བསྐྱུད་པ་སྟེ་དམིགས་རྣམ་མི་བརྗེད་པའི་དྲན་པ་དང་། སླར་ཞིང་འབྱུང་བ་སྟེ་མ་སྐྱེས་པ་སྐྱེ་བ་དང་། འཕེལ་ཞིང་ཡངས་པ་ནི་སྐྱེས་པ་གནས་པ་སྟེ་ཁྱད་ཆོས་བརྒྱད་རེ་སྦྱོར། དེ་ལྟར་འདིར་བསྟན་འཁོར་ལོ་དང་བོར་བཀའ་སྩལ་བའི་རང་མཚན་དེ་ཡང་མེད་པ་ཡིན་མོད་ཀྱང་སྐྱོན་ཆེར་མི་འདུག བར་བར་ངོ་བོ་ཉིད་མེད་སོགས་བཀའ་སྩལ་པ་འདི་སྒྲས་ཟིན་ལྟར་ན་ཧ་ཅང་གཏན་མེད་དུ་འགྲོ་བས་སྒྲ་འགལ་བ་ལྟར་སྣང་ཡང་དོན་ལ་འགལ་བ་མེད་དགོས་པས་གང་ལ་དགོངས་ནས་གསུང་སྙམ་དུ་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་ལ་དོགས་པ་སྐྱེ་ལ། སྟོན་པའི་འཁོར་དུ་དྲང་ངེས་འབྱེད་ཐུབ་མཁན་ཡོད་ཀྱང་། སྟོན་པ་ལ་མ་ཞུས་པར་དྲང་ངེས་ཕྱེ་ན་རང་བཟོ་སྙམ་དུ་གཞན་གྱི་དོགས་པ་མི་བཟློག་པས་བཅོམ་ལྡན་འདས་ལ་ཞུས་པ་ཡིན་ནོ། །ཕུང་པོའི་མཚན་ཉིད་ལྔའི་ནང་གི་སྤངས་པའི་མཚན་ཉིད་ནི། དེར་གྱུར་པའི་སྤང་བྱ་དག་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་སྐྱེ་འཇིག་གི་མཚན་ཉིད་ནི། དེར་གྱུར་པའི་འདུ་བྱས་དག་དང་སྦྱར་ན་འགྲིག་ལ། མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་གནས་པ་གཉིས་དགེ་བའི་ཆོས་སྤྱི་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་ཡངས་པ་གཉིས་བྱང་ཕྱོགས་སོ་བདུན་གྱི་སྐབས་འདིར་སྦྱར་ན་ཟློས་སྐྱོན་སྤོང་ནུས། ཐུན་མོང་མ་ཡིན་པའི་མཚན་ཉིད་ཅེས་པ་མཚན་མཚོན་གྱི་སྐབས་ཀྱི་མཚན་ཉིད་དེ་ལ་བྱ། རིན་ཆེན་ཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། མེ་མིན་རླུང་མིན་ནམ་མཁའ་མིན། རྣམ་ཤེས་མ་ཡིན་ཀུན་མིན་ན། དེ་ལས་གཞན་ན་སྐྱེས་བུ་གང་། ཞེས་སྐྱེས་བུའི་གདགས་གཞིར་ཁམས་དྲུག་བཤད་པས་གཞན་གོ་སླ་ལ། ནམ་མཁའི་ཁམས་ནི་ཁ་སྣའི་ཁོངས་སྟོང་སོགས་ཡིན། ཁམས་བཅོ་བརྒྱད་ནི་གོ་སླ་གསུངས། གོང་གི་གསུང་བཤད་ཚན་གསུམ་མ་བྲིས་ཤིང་འགྲེལ་རྐང་བདུན་གྱི་རྣམ་གྲངས་སོ་སོའི་བཤད་པ་རྣམས་ཕྱོགས་སྒྲིགས་ཙམ་མ་གཏོགས་གཞན་ཕལ་ཆེར་ཇི་ལྟར་གསུངས་པའི་སྡེབ་སྦྱོར་དང་གསུང་ཟུར་མ་ཉམས་པར་བཀོད་ཁུལ་ལགས། གཉིས་པ་ལ་གཉིས། ངོ་བོ་ཉིད་མེད་ཚུལ་གང་ལ་དགོངས་ནས་ཞེས་པ་ནས། སེམས་དང་ལྡན་པ་སུ་ཞིག་སྨྲ་ཞེས་པའི་བར་དུ། འདི་ལན་ལ་མདོར་བསྟན་རྒྱས་བཤད་གཉིས་བྱས་པའི་མདོར་བསྟན་ཡིན་ལ། འདིར་མེད་རྒྱུ་ནི་ཀུན་བཏགས་གང་གིས་སྟོང་བ་ཡོངས་གྲུབ་ཏུ་འཇོག་པའི་སྐབས་སུ་མཁོ་བའི་ཀུན་བཏགས་ལ་བྱས་ནས་དེ་མེད་པ་བྱས་པ་ཡིན་པས། མདོར་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། དེ་མེད་པའི་དོན་ཡང་ཡོངས་གྲུབ་ཏུ་གུང་རུ་ཆོས་འབྱུང་གི་ཡིག་ཆར་གསུངས་ཤིང་རང་རེའི་ཡིག་ཆར་ཡང་དེ་བསྟུན་མཛད་ལ། སྒོ་མང་གི་གསུང་རྒྱུན་ལ་ཡང་དེ་འདྲ་གསུངས་པ་ཡིན། བསོད་གྲགས་པ་དང་རྗེ་བཙུན་པ་སོགས་ཀྱིས་གསལ་ཁ་ཆེར་མ་བཏོད་ཀྱང་དོགས་པ་འདི་ལྟར་ཡོད་དེ། མདོར་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ན་དེ་དོན་དམ་པ་ངོ་བོ་ཉིད་མེད་པ་ཡིན་དགོས། དེ་ལྟར་ན་མདོར་བསྟན་འདིར་དོན་དམ་པ་ངོ་བོ་ཉིད་མེད་པ་ལན་གཉིས་བཤད་ཅིང་མཚན་ཉིད་ངོ་བོ་ཉིད་མེད་པ་གཏན་མ་བཤད་པར་འགྱུར་རོ། །གལ་ཏེ་མེད་རྒྱུའི་མཚན་ཉིད་ཀུན་བཏགས་ཡིན་པས་དེ་བཤད་པས་ཆོག་ཟེར་ན། འདི་ཀུན་བཏགས་འཆད་བྱེད་ཀྱི་གཞུང་མ་ཡིན་པར་ཐལ། དེ་འགོག་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། མཚན་ཉིད་ངོ་བོ་ཉིད་མེད་པ་མདོར་བསྟན་གྱི་གཞུང་མ་ཡིན་པར་ཐལ། དོན་དམ་པ་ངོ་བོ་ཉིད་མེད་པ་མདོར་བསྟན་གྱི་གཞུང་ཡིན་པའི་ཕྱིར། དེར་ཐལ། སྐབས་འདིའི་མཚན་ཉིད་ངོ་བོ་ཉིད་མེད་པ་དེ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། གཞན་ཡང་། རྒྱས་བཤད་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ལན་དུ། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ། ། ཞེས་གསུངས་པ་དང་། དཔེའི་སྐབས་སུ་ནམ་མཁའི་མེ་ཏོག་བཞིན་དུ་རྟོག་པས་བཏགས་ཙམ་དུ་བཤད་པ་དང་ཡང་མི་འགྲིག་པ་འདྲ། མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་པའི་མེད་རྒྱུ་ནི་རང་མཚན་གྱིས་གྲུབ་པ་ལ་བཤད་ན་མདོ་ཡིས་རྒྱུ་མཚན་བཤད་པའི་ཚིག་དང་། འདིར་མེད་རྒྱུའི་མཚན་ཉིད་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པའམ་གནས་པ་ལ་བྱའོ་ཞེས་པ་དང་མཐུན་འགྲོ་བས་དཔྱད། འདི་བློར་མི་བདེ་ཞིང་གོ་དཀའ་བས་དོགས་པ་སློང་བ་ཡིན་གྱི་ཡིག་ཆ་འགོག་པ་མིན། ཁོ་བོས་འདི་ལྟར་བཤད་པའི་རྐྱེན་གྱིས་ཁྱེད་ཚོས་ཡིག་ཆའི་དེ་མི་འཐད་ཟེར་ལས་ཆེ། ཡིག་ཆ་ལ་དོགས་པ་བཀོད་མི་ཆོག་པ་མིན། རྗེ་རིན་པོ་ཆེའི་གསུང་ལ་ཡང་དོགས་པ་བཀོད་ཆོག སངས་རྒྱས་ཀྱི་གསུང་ལ་ཡང་དོགས་པ་བཀོད་ཆོག་པ་མངོན་སུམ་མཐོང་བ་འདི་ཡིན་པས་ཁྱེད་རྣམས་ཀྱིས་དོགས་གཅོད་མཛོད། ཇོ་ནང་བས་ཀུན་རྫོབ་པའི་ཆོས་རྣམས་རང་གི་ངོ་བོ་བདེན་གྲུབ་ཀྱིས་སྟོང་པས་རང་སྟོང་དོན་དམ་པའི་ཆོས་རྣམས་རང་གི་ངོ་བོ་བདེན་པར་གྲུབ་ཅིང་།ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་བའི་ཕྱིར་ན་གཞན་སྟོང་ཡིན་པས། ཤེར་མདོ་ལས་ངོ་བོ་ཉིད་མེད་པར་བཤད་པ་ཀུན་རྫོབ་ལ་དགོངས་པ་ཡིན་གྱི། དོན་དམ་ལ་དགོངས་པ་མིན་ནོ་ཞེས་འདོད་པ་ནི། ཁུངས་གཏད་ས་གནོད་འཇོམས་ཁོ་ན་ཡིན། དེ་དགོངས་འགྲེལ་དང་འགལ་ཞེས་སོགས་ཀྱིས་འགོག་པར་མཛད་ཅིང་འདི་ཙམ་དུ་མ་ཟད་ལེགས་བཤད་སྙིང་བོ་འདིའི་ཕྱོགས་སྔའི་གཙོ་བོ་ཇོ་ནང་བའོ། ། དེ་ནི་རུས་དོལ་བོ་ཡིན་པས་དོལ་བོ་བ་ཟེར་ཞིང་། མཚན་དངོས་ལ་ཤེས་རབ་རྒྱལ་མཚན་ཟེར། བུ་སྟོན་རིན་པོ་ཆེ་དང་ཁོང་རྣམ་གཉིས་ལ་བུ་དོལ་གཉིས་ཞེས་ཟེར། བདེ་གཤེགས་སྙིང་བོའི་མདོའི་དགོངས་པར་བསམས་ནས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་གཤེགས་སྙིང་པོ་རྟག་བརྟན་ཐེར་ཟུག་ཐོག་མ་ནས་རྣམ་པར་དག་པ་མཚན་དཔེས་བརྒྱན་པའི་སངས་རྒྱས་རང་ཆས་སུ་ཡོད་ཀྱང་མ་རིག་པས་བསྒྲིབས་ནས་སངས་རྒྱས་ཀྱི་བྱ་བ་བྱེད་མི་ནུས་པར་བཤད་པ་ལ་ངེས་དོན་རྒྱ་མཚོ་ཆ་ལག་བཅས་བཛད། དེ་འགོག་པ་ལ་ཡར་འབྲོག་པས་ཐོག་མར་རྡོ་རྗེའི་ཐོག་ཏོག་བརྩམས་པའི་ལན་ཇོ་ནང་བ་རང་གི་སློབ་མ་ཉ་དཔོན་གྱིས་མཛད། དེའི་ལན་དུ་ཡར་འབྲོག་པས་སླར་ཡང་དབང་བོའི་རྡོ་རྗེ་ཞེས་པ་ཅིག་མཛད། དེ་ཡང་རྡོ་རྗེའི་ཐོག་ཏོག་ལས། དོལ་བོ་དོལ་ངན་བདུད་ཀྱི་ཕོ་ཉ་ཞེས་སོགས་ངན་སྨྲས་པོ་ཏི་སང་བ་འདུག་ཀྱང་ལེགས་པར་བརྟགས་ན་ཕྱོགས་སྔ་བཀོད་ནས་དགག་པ་གནད་དུ་འགྲོ་བ་བཏང་བ་ཟད་པར་སྣང་། ཡང་དོལ་བོ་བས་ཟླ་གྲགས་སོགས་རྩོད་ལྡན་གྱི་པཎྚི་ཏ་ཡིན། ཐོགས་མེད་སྐུ་མཆེད་སོགས་རྫོགས་ལྡན་གྱི་པཎྚི་ཏ་ཡིན། ཤེས་པ་དང་རྟག་པའི་གཞི་མཐུན་ཡོད་པས། གཉིས་སྟོང་གི་ཤེས་པ་བདེན་གྲུབ་རྟག་པ་ཡིན་པར་འདོད། དེ་ལ་མཁས་གྲུབ་རྗེས་ཊྰིག་ཆེན་དུ། ཡུལ་འཛིན་པའི་བྱ་བ་བྱེད་དམ་མི་བྱེད། ཡུལ་འཛིན་པའི་དོན་བྱེད་ནུས་སམ་མི་ནུས་སོགས་ཀྱིས་བཀག་ལ། ཁོས་ཡུལ་འཛིན་པའི་བྱ་བ་བྱེད་ཀྱང་རྟག་པར་ཁས་ལེན་པ་འདྲ། དོལ་བོ་བ་དེ་བཤད་མཁས་པས་འབུམ་དང་དུས་འཁོར་སྦྱར་ནས་བཤད། སྙིང་བོའི་མདོ་དང་ཡང་དུས་འཁོར་སྦྱར་ནས་བཤད་པ་སོགས་ཀྱིས་བུ་སྟོན་གྱི་སློབ་མ་དུ་མས་ཀྱང་ཀུན་མཁྱེན་ཟེར་ནས་ཞབས་ལ་གཏུགས་ཤིང་ཆོས་ཉན་པ་སོགས་མཛད་ལ། ཕྱིས་ཀྱི་དགེ་བཤེས་ཁ་ཅིག་གིས་ཀྱང་དེས་རྒྱ་མ་ལ་ཡང་ཡང་བལྟས་བས་ལེགས་པོ་འདུག་སྙམ་དུ་ཐུགས་ལ་ཤར་བས་བར་ཆད་ཀྱི་མཚན་མ་བྱུང་བར་གྲགས་གསུང་།གཉིས་པ་ནི། གལ་ཏེ་ཞེས་པ་ནས། མི་བཞེད་པའི་ལུགས་སོ་ཞེས་པའི་བར་དུ། ཚིག་དང་པོ་གཉིས་ཞེས་པ་ནི། དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ་ཞེས་པའི་དྲིས་ལན་གཉིས་ལ་བྱ་ཞིང་། མདོའི་དམིགས་འབྱེད་པ་ནི་འཚམས་འབྱེད་པ་སྟེ་དྲིས་ལན་གཉིས་དང་།ཅིའི་ཕྱིར་ཞེས་ན་ཞེས་པ་དང་། དེའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱའོ་ཞེས་པ་འདི་དག་ལ་བྱའོ། །རང་གི་མཚན་ཉིད་ཀྱིས་ཡོད་མེད་ཀྱི་དོན་ཡང་མི་མཐུན་ཞེས་པ། ཐལ་འགྱུར་བས་བུམ་པ་ལ་བུམ་པ་ཞེས་རྟོག་པས་ཕར་བཏགས་ཙམ་ལས་བུམ་པ་རང་གི་ངོས་ནས་མ་གྲུབ་པར་འདོད་ལ། སེམས་ཙམ་པས་བུམ་པ་རང་གི་ངོས་ནས་མ་གྲུབ་ན་རྟོགས་པས་ཕར་བཏགས་ཙམ་གྱིས་ཡོད་པར་འཇོག་མི་ནུས་པར་འདོད་པས་ན་དེ་གཉིས་ཀའི་རང་མཚན་གྱིས་ཡོད་མེད་ཀྱི་དོན་ཡང་མི་མཐུན་མོད། འོན་ཀྱང་སེམས་ཙམ་པའི་རང་མཚན་གྱིས་གྲུབ་འཛིན་གྱི་བློ་ལ། ཐལ་འགྱུར་པའི་རང་མཚན་གྱིས་གྲུབ་པའི་འཛུན་ཚུལ་ཚང་དགོས་ལ། སེམས་ཙམ་པའི་རྒྱུད་ལ་ཀུན་བཏགས་སྔ་མ་སྟེ། སེམས་ཙམ་ལྟར་གྱི་རང་མཚན་གྱིས་གྲུབ་འཛིན་མེད་ཀྱང་། ཕྱི་མ་སྟེ་ཐལ་འགྱུར་བས་བཏགས་དོན་བཙལ་ན་རྙེད་པ་དེ་རང་བཞིན་དུ་གྲུབ་ཆེད་དུ་བཤད་པ་ལྟར་གྱི་རང་མཚན་གྱི་གྲུབ་འཛིན་ཡོད་དོ། ། གཞན་དབང་རང་དབང་གིས་སྐྱེ་བ་མེད་པས་སྐྱེ་བ་ངོ་བོ་ཉིད་མེད་པར་བཞག་གི་ཇོ་ནང་བ་ལྟར་རང་མཚན་གྱི་སྐྱེ་མེད་ཀྱིས་དེར་བཞག་པ་མིན་ནོ། ། འདིའི་མེད་རྒྱུའི་སྐྱེ་བ་ལ་རྒྱུ་མེད་དང་། བདག་སྐྱེ་འདམ་ཁ་མཛད་མཁན་ཡོད། རྒྱ་གར་པཎ་ཆེན་གྱི་གསུང་ལ་རྫས་སྤྱི་གཉིས་མགོ་སོགས་འཕེན་པའི་གྲོས་མེད་པས། གཞི་གྲུབ་ན་མཚན་ཉིད་གསུམ་པོ་གང་རུང་གིས་ཁྱབ་བྱས་པ་ལ། གཞན་དབང་ཡོངས་གྲུབ་གཉིས་ཆོས་ཅན་ཟེར་ན་སྦྱོར་ལུགས་སྐྱོན་ཅན་གྱི་ལན་འདེབས་ཞེས་ཁྲི་རིན་པོ་ཆེ་ངག་དབང་བཀྲ་ཤིས་པའི་གསུང་བཤད་ཟིན་བྲིས་སུ་བྱས་པ་ཞིག་ན་འདུག་པ་ལགས། དོན་དམ་པ་ངོ་བོ་ཉིད་མེད་པ་ལ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་མེད་རྒྱུའི་དོན་དམ་དུ་བྱས་ནས་བཞག་པ་དང་། ཆོས་བདག་མེད་རྒྱུའི་དོན་དམ་དུ་བྱས་ནས་བཞག་པ་གཉིས་ལས་དང་པོ་ལ་གཞན་དབང་འཇོག་པ་ནི། དེ་བདེན་གྲུབ་ཡིན་པས་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་མིན་གྱི་དོགས་པ་ཆེ་ལ། ཀུན་བཏགས་བདེན་མེད་ཡིན་པས་དེ་འདྲའི་དོགས་པ་སྐྱེ་དོན་མེད་པས་སོ། ། གཉིས་པ་ལ་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་འཇོག་གོ།  དགོངས་འགྲེལ་གྱི་འདུ་བྱེད་ཀྱི་མཚན་ཉིད་དང་ཞེས་སོགས་ཀྱིས་འདུ་བྱེད་རྣམས་ཀྱི་སྟེ་འདུས་བྱས་ཀྱི་སྟེང་གི་དགག་བྱའི་བདག་བཅད་ཙམ་གྱི་མེད་དགག་ལ་ཡོངས་གྲུབ་ཏུ་འཇོག་པར་གསུངས་པས། ཇོ་ནང་བས་དགོངས་འགྲེལ་ངེས་དོན་དུ་འདོད་པ་ནི་རང་གིས་ཡོང་གྲུབ་སྒྲུབ་པར་ཁས་བླང་བ་དང་འགལ་ལོ། ། དེས་ན་ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པའི་དོན་དགག་བྱའི་བདག་བཅད་ཙམ་ལ་འཇོག་གི  །དགག་པ་ཡོངས་གྲུབ་རང་གི་ངོ་བོ་ལ་རང་མཚན་གྱིས་གྲུབ་པ་མེད་པས་ངོ་བོ་ཉིད་མེད་པར་མི་བཞེད་པའི་ལུགས་སོ། ། སྔོན་བོད་ཀྱི་མཁས་ཆེན་མང་པོས། སྟོང་ཉིད་མེད་དགག་ཡིན་པ་མ་ཤེས་པར་མ་ཡིན་དགག་ཏུ་འདོད་པ་དང་སྒྲུབ་པར་འདོད་པ་སྣ་ཚོགས་བྱུང་ལ། ད་ལྟ་སྟོང་ཉིད་མེད་དགག་མིན་བྱས་ན་ཐམས་ཅད་ཀྱིས་གད་མོ་བྱེད་པ་འདི་རྗེ་བླ་མའི་ཐུགས་རྗེ་ཡིན་གསུངས། གསུམ་པ་ནི། ངོ་བོ་ཉིད་མེད་པ་གསུམ་པོ་དེ་དཔེ་ཅི་དང་འདྲ་བ་ནི། ཞེས་པ་ནས། སྐྱེ་འགག་མེད་པར་འགྱུར་བའི་ལུགས་སོ། ། ཞེས་པའི་བར་དུ། ནམ་མཁའི་མེ་ཏོག་ཀུན་བཏགས་རྟོག་པས་བཏགས་ཙམ་གྱི་དཔེ་དང་། གཞན་དབང་སྒྱུ་མ་དང་འདྲ་ཚུལ་འོག་ཏུ་འབྱུང་། དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ལས་གཅིག་ཀྱང་བལྟ་བར་བྱའོ་ཞེས་པ་གོང་དུ་གསལ་གསུངས་པ་འདྲ་ཞིག་དང་། ནམ་མཁའ་གཟུགས་ཅན་ཐམས་ཅད་ལ་ཁྱབ་པ་དང་ཐོག་རེག་བཀག་ཙམ་ཡིན་པ་བཞིན་དུ་ཡོང་གྲུབ་ཀྱང་ཆོས་ཐམས་ཅད་ལ་ཁྱབ་བ་དང་དགག་བྱ་བཀག་ཙམ་ཡིན་ནོ་ཞེས་དེ་གསུམ་གྱི་དཔེར་བཤད་དགོས། འདིར་ཨང་ཀ་ཞབས་དྲུང་གི་བསྡུས་གྲྭ་ན། ནམ་མཁའི་མེ་ཏོག་ཡོད་པར་ཐལ། སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་ཚེ་ནམ་མཁའི་མེ་ཏོག་བབས་པའི་ཕྱིར་བྱས་ནས་མདོ་ལུང་མང་པོ་དྲངས་འདུག་ཀྱང་། དེ་ནི་ལྷ་ཡུལ་དུ་སྐྱེས་པ་ལྷ་རྣམས་ཀྱིས་ཕབ་པའམ་སྤྲུལ་བའི་དེ་འདྲ་ཡིན་ལ། ནམ་མཁའི་མེ་ཏོག་ཡོད་ན་ནམ་མཁའ་སྟོང་བ་ནས་སྐྱེས་པའི་དེ་ཡོད་དགོས་ཤིང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནས་ད་ལྟའི་བར་མེད་ཟེར་བཞིན་པ་ཞིག་ཡོད་བྱས་ན་དགོས་པ་མེད་དོ། ། ཤེར་མདོར་ངོ་བོ་ཉིད་མེད་པར་བཤད་པའི་མེད་ཚུལ་གོང་དུ་བཤད་པ་དེ་ལྟར་མ་བྱས་པར་རང་མཚན་གྱིས་མེད་པ་ལ་བཤད་ན་རང་མཚན་གྱིས་མེད་པ་ལ་སྐྱེ་འཇིག་མི་རུང་བས་གཞན་དབང་མེད་དགོས། རྟོག་བས་ཕར་བཏགས་ཙམ་ཞིག་ལ་དངོས་པོའི་སྡོད་ལུགས་སམ་གྲུབ་ལུགས་མི་རུང་བས་ཡོངས་གྲུབ་ཀྱང་མེད་དགོས་པས་མཚན་ཉིད་གསུམ་ལ་ཆད་ལྟ་དང་སྐུར་འདེབས་སུ་འགྱུར་རོ། ། གལ་ཏེ་ཞེས་པ་དོགས་པ་འདྲེན་པའི་ཚིག་ཡིན་པས། གཞན་དབང་ཡོངས་གྲུབ་གཉིས་རང་མཚན་གྱིས་མེད་པར་ལྟ་བ་ཀུན་བཏགས་ལ་སྐུར་འདེབས་སུ་ཇི་ལྟར་འགྲོ་སྙམ་ན། གཞན་དབང་རང་མཚན་གྱིས་མེད་ན་ཀུན་བཏགས་འདོགས་པའི་གཞི་གཞན་དབང་དང་། འདོགས་པ་པོ་སྒྲ་རྟོག་གིས་བསྡུས་པའི་ཐ་སྙད་ཀྱང་མེད་དགོས་པས་ཀུན་བཏགས་མེད་དགོས་དེས་ན་དེ་ལ་སྐུར་འདེབས་སུ་འགྱུར་རོ། །གཞན་དབང་མེད་ན་ཀུན་བཏགས་མེད་དགོས་ཚུལ་ནི། དཔེར་ན་ནམ་མཁའ་རང་གི་རྟེན་གྱི་དངོས་པོ་བར་སྣང་སྐྱ་སེང་དང་སྦྱར་ནས་འཇོག་པ་བཞིན་དུ། ཀུན་བཏགས་གཞན་གྱི་རྟེན་དུའང་དངོས་པོར་འགྲོ་དགོས་པས་ཡིན། དོན་ལ་སྒྲ་ཇི་བཞིན་དུ་ཞེ་ན་སོགས་ཀྱིས་ཐལ་འགྱུར་བའི་འདོད་ཚུལ་བཀོད་ནས། རང་གི་མཚན་ཉིད་ཀྱིས་སྐྱེ་བ་དང་སོགས་ཀྱིས་སེམས་ཙམ་པའི་འདོད་ཚུལ་བཤད་པ་ཡིན་གསུངས། གཉིས་པ་ནི། ངོ་བོ་ཉིད་མེད་ཚུལ་དེ་ལྟར་ཡིན་ན། ཞེས་པ་ནས་དེ་ལྟར་བཤད་དོ་ཞེས་པའི་བར་དུ། ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞི་ངོ་བོ་ཉིད་མེད་པ་གསུམ་ཀ་ལ་མཛད་ལ། སྐྱེ་འགག་མེད་པར་བཤད་པའི་དགོངས་གཞི་ངོ་བོ་ཉིད་མེད་པ་བར་བ་ལ་མི་མཛད་པ་ནི། ངོ་བོ་ཉིད་མེད་པ་བར་བ་གཞན་དབང་ལ་བྱེད་ཅིང་། དེའི་རྟེན་འབྲེལ་ཡིན་པས་མ་སྐྱེས་སོགས་ཟེར་ཚུལ་མེད་པའི་ཕྱིར་ན་སྐྱེ་འགག་མེད་པ་སོགས་ཀྱི་དགོངས་གཞིར་དངོས་སུ་མ་གསུངས་ལ། ཀུན་བཏགས་རང་མཚན་གྱིས་མེད་པའི་ཕྱིར་ན་སྐྱེ་འགག་མེད་ཅིང་། སྐྱེ་འགག་མེད་པས་ཀུན་ཉོན་གྱི་ཆོས་སུ་གཟོད་མ་ནུས་ཞི་ཞིང་། ཀུན་ཉོན་གྱི་ཆོས་ལས་འདས་པའི་ཕྱིར་དང་།ཆོས་ཉིད་ནི་རྒྱལ་བས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། སོགས་ལྟ་བུས་ཇི་ཙམ་བསྟོད་ཀྱང་ཇེ་བཟང་ལ་མི་འགྲོ།དུས་ཀྱི་ཆགས་འཇིག་སོགས་ལ་ཡང་འགྱུར་རྒྱུ་མེད་པར་རྟག་པ་སྟེ་སྔ་མའི་དུས་དང་། ཐེར་ཟུག་སྟེ་ཕྱི་མའི་དུས་སུ་ཡང་འགྱུར་བ་དང་སྐྱེ་འཇིག་མེད་པར་རང་གི་རང་བཞིན་གྱིས་གནས་བ་ཁོ་ན་ཡིན་པས། འདུས་མ་བྱས་པ་ཉོན་མོངས་དང་འགལ་བའི་ཕྱིར་ན་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་དགོངས་གཞིའོ། ། ཕལ་སྐད་ལ་གཟོད་ཅེས་པ་ད་གཟོད་སྟེ་འབྱུང་འགྱུར་རམ་མ་འོང་བ་ཞིག་ལ་བྱེད་ཀྱང་། འདིར་གདོད་ནས་སམ་གདོད་མ་ནས་ཟེར་རྒྱུ་ཡིན། གཞན་དབང་ཕལ་ཆེར་ཀུན་ཉོན་གྱིས་བསྡུས་ཞེས་པ་དེ་ལ་ཀུན་བྱང་གྲངས་མཉམ་ཡོད་པས་ཀུན་ཉོན་ཕྱོགས་ལ་བཤད་དགོས། ཐེར་ཟུག་ནི་བརྡ་རྙིང་ལ་རྟག་པའི་མིང་ཡིན་ཀྱང་། འདིར་རྟག་ཐེར་སོ་སོར་བཤད་པ་བརྡའི་གསར་རྙིང་གི་ཁྱད་ཡིན། སྔ་མའི་དུས་དང་། ཕྱི་མའི་དུས་ཞེས་པ་འདས་མ་འོངས་ཀྱི་དུས་གཉིས་དང་། དུས་དེ་གཉིས་སུ་འགྱུར་མེད་དུ་བཤད་པས་ད་ལྟར་གྱི་དུས་སུའང་འགྱུར་བ་མེད་པར་གོ་ནུས་གསུངས། ཀུན་བཏུས་ལས་གཞན་དབང་རང་དབང་གིས་མ་སྐྱེས་པས་རང་དབང་གིས་མ་འགགས། རང་དབང་གིས་སྐྱེ་བའི་གཟོད་ནས་ཞི། རང་དབང་གིས་སྐྱེ་བའི་མྱ་ངན་ལས་འདས་ཞེས་གཞན་དབང་སྐྱེ་འགག་མེད་པ་སོགས་ཀྱི་དགོངས་གཞིར་དངོས་སུ་གསུངས། ཡང་ཉིན་སྔ་མ་ཞིག་ལ་འདོད་ཆགས་མེད་པ་སོགས་སེམས་བྱུང་ཡིན་པའི་རིགས་པས་སྐྱེ་བ་ངོ་བོ་ཉིད་མེད་པ་དངོས་པོ་ཡིན་བྱས་ཆོག་པ་འདྲ་གསུངས་ནས་ཉིན་ཕྱི་མར་འདི་སྐབས་སུ། དཔལ་ལྡན་བཀྲ་ཤིས་སྒོ་མང་གི་གསུང་རྒྱུན་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་རྟག་པ་ཡིན་གསུང་གིན་ཡོད་ཅིང་། འདིར་ཡང་དེ་རྟག་པར་བཞེད་ནས་མིན་ནམ་རྗེ་བླ་མ་ཐུགས་རིག་ཞིབ་ཅིང་གསུང་ཟུར་རེས་ཀྱང་གོ་བ་རྒྱ་ཆེན་པོ་སྟེར་བར་འདུག་པས་འདིར་སྐྱེ་བ་ངོ་བོ་ཉིད་མེད་པ་མ་གསུངས་པར་ངོ་བོ་ཉིད་མེད་པ་བར་བ་སྐྱེ་འགག་མེད་པ་སོགས་ཀྱི་དགོངས་གཞིར་དངོས་སུ་མ་གསུངས་ཞེས་པ་དང་། རང་རེའི་ཡིག་ཆར་ཡང་སྐྱེ་བ་སོགས་མ་སྨོས་པར་གཞན་དབང་སྐྱེ་འགག་མེད་པ་སོགས་ཀྱི་དགོངས་གཞིར་དངོས་སུ་མ་གསུངས་ཞེས་པ་འདི་གཉིས་བསྡུར་ན་གོ་རྒྱུ་ཆེན་པོ་ཞིག་ཡོད་ཚོད་དུ་འདུག་གསུངས། གསུམ་པ་ནི། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་ན། ཞེས་པ་ནས། སྟོན་པ་ལ་གསོལ་བའོ་ཞེས་པའི་བར་དུ། ཚིག་དང་བོ་གསུམ་ཞེས་པ་ནི། རྣམ་པར་རྟོག་པའི་སྦྱོར་ཡུལ་ཞེས་པ་དང་། ཀུན་བཏགས་ཀྱི་མཚན་ཉིད་གྱི་གནས་ཞེས་པ་དང། འདུ་བྱེད་ཀྱི་མཚན་མ་ཞེས་པ་གསུམ་སྟེ། རྣམ་པར་རྟོག་པ་ནི་རྣམ་རྟོག་ཐམས་ཅད་ལ་མི་བྱེད་པར། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་འཛིན་ལྟ་བུའི་ཆོས་ཀྱི་བདག་འཛིན་ལ་བྱེད། སྤྱོད་ཡུལ་ནི་དེའི་འཛིན་སྟངས་ལ་བྱས་ན་མེད་དགོས་པས་དམིགས་ཡུལ་དང་། ཀུན་བཏགས་འདོགས་པའི་གཞི་ཡིན་པས་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་དང་། འདུ་བྱེད་ནི་ཕུང་བོ་ལྔའི་ཡ་གྱལ་གྱི་དེ་ལ་མི་བྱེད་པར་སྟོང་ཉིད་ཀྱི་སྟོང་གཞིར་འདུ་བྱེད་པ་དང་། མཚན་མ་ནི་བྱ་རོག་གིས་ཁང་བཟང་མཚོན་པ་ལྟར་རང་སྟེང་ནས་སྟོང་ཉིད་ཐུན་མོང་མ་ཡིན་པར་མཚོན་པར་བྱེད་པའམ་གོ་བྱེད་ཀྱི་མཚན་མ་སྟེ་གཞན་དབང་དང་། དེ་འདྲའི་མཚན་མ་གཟུགས་ཕུང་ལྟ་བུ་གཟུགས་ཕུང་ཞེས་སོགས་ངོ་བོ་དང་། ཁྱད་པར་དུ་བཏགས་པ་ཀུན་བཏགས་དང་། ཇོ་ནང་བས་འདོད་པ་ལྟར་ཡོངས་གྲུབ་ལ་མཚན་ཉིད་དང་བོ་གཉིས་ཀྱིས་སྟོང་བ་སྟོང་ཉིད་ལ་མི་འཇོག་པར་ཀུན་བཏགས་ཁོ་ནས་སྟོང་བ་ཡོངས་གྲུབ་ཏུ་འཇོག་པ་ཡིན་ནོ། ། འདིར་ཁོ་ནའི་ཞེས་དྲུག་སྒྲ་བྱས་འདུག་ཀྱང་། ཁོ་ནས་ཞེས་འོང་ན་གོ་བདེ་བས་དེ་ལྟར་བྱ་ཞིང་། ཇོ་ནང་བའི་འདོད་ཚུལ་ལ་གཞན་མི་དགོས་པར་ཀུན་བཏགས་ཁོ་ནས་ཞེས་པ་འདི་ཙམ་ཡང་ཤིན་ཏུ་གནོད། སྟོང་ལུགས་ཀྱང་ཇོ་ནང་བ་བཞིན་དུས་ཕྱོགས་བུམ་པས་སྟོང་བ་ལྟར་དོན་གཞན་དུ་གྲུབ་པས་སྟོང་བ་མིན་གྱི། ཐག་པ་སྤྲུལ་གྱིས་སྟོང་པ་ལྟར་ཀུན་བཏགས་ཀྱི་ངོ་བོ་ཉིད་དུ་གྲུབ་པས་སྟོང་བ་ཡིན་ནོ། ། ཀུན་བཏགས་ངོས་བཟུང་བའི་སྐབས་གཉིས་ནི། གོང་གི་རྒྱས་བཤད་དང་སྐབས་འདི་གཉིས་ལ་བྱ། གཟུགས་ཕུང་ལ་ཇི་ལྟར་སྦྱར་བ་བཞིན་དུ་ཞེས་སོགས་ཀྱི་སྐབས་སུ་གཟུགས་གཟུགས་ཀྱི་གཞན་དབང་། གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་གཟུགས་ཀྱི་ཀུན་བཏགས། དེ་དེས་སྟོང་བ་གཟུགས་ཀྱི་ཡོངས་གྲུབ་ལ་འཇོག་པ་བཞིན་དུ་ཆོས་ཐམས་ཅད་ལ་སྦྱོར་བར་བཤད་ཅིང་། སེ་ར་རྗེ་བཙུན་པ་ཡབ་སྲས་དང་།པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱིས་རྩ་ཤེས་ཊྰིཀ་ཆེན་ལས། ཆོས་ཉིད་བདེན་པར་གྲུབ་པ་ལ་ནི་དེའི་ཆོས་ཅན་བདེན་པར་གྲུབ་པ་ཞིག་དགོས་ཏེ། བདེན་པར་གྲུབ་པའི་རྟེན་རྫུན་པས་བྱེད་པ་འགལ་བའི་ཕྱིར་ཞེས་པ་ལ་འཁྲིས་ནས་ཆོས་ཉིད་བདེན་གྲུབ་ལ་ཆོས་ཅན་བདེན་གྲུབ་དགོས་པར་གསུངས་ལ། རྒྱས་བཤད་ཀྱི་ཚིག་ཟིན་ལ་དགོངས་ནས་ནམ་མཁའ་ནམ་མཁའི་གཞན་དབང་ཡིན་ན་ནམ་མཁའ་འདུ་བྱས་སུ་འགྱུར་བས་ནམ་མཁའ་འཛིན་པའི་ཚད་མ་ནམ་མཁའི་གཞན་དབང་ཡིན་གསུངས་ཤིང་། ཡང་ནམ་མཁའ་དང་ནམ་མཁའ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་བ་དེ་དེ་གཉིས་ཀའི་སྟོང་ཉིད་ཡིན་པ་རྣམ་འགྲེལ་ལས། དེ་ཕྱིར་གཉིས་སྟོང་གང་ཡིན་པ། དེ་ནི་དེ་ཡིའང་དེ་ཉིད་ཡིན། ཞེས་པའི་དོན་ཡིན་ཟེར། དེ་ལ་འོ་ན་ནམ་མཁའ་བདེན་གྲུབ་ཡིན་པར་ཐལ། དེའི་སྟོང་ཉིད་བདེན་གྲུབ་གང་ཞིག་ནམ་མཁའ་དེའི་སྟོང་གཞི་ཡིན་པའི་ཕྱིར་ཏེ། དེ་ནམ་མཁའི་སྟོང་ཉིད་ཡིན་པའི་ཕྱིར། དེར་ཐལ། ནམ་མཁའ་དང་དེ་འཛིན་ཚད་མ་གཉིས་ཀའི་སྟོང་ཉིད་ཡིན་པའི་ཕྱིར། གཞན་ཡང་སྟོང་ཉིད་དེ་ཆོས་ཅན། འདུ་བྱས་སྟོང་ཉིད་དང་འདུ་མ་བྱས་སྟོང་ཉིད་གཉིས་ཀ་ཡིན་པར་ཐལ། དེ་གཉིས་ཀའི་སྟོང་ཉིད་ཡིན་པའི་ཕྱིར། གཞན་ཡང་། ཁྱི་རྒན་རྒྱ་བོ་དང་དེ་རྟོགས་ཀྱི་རྣམ་མཁྱེན་གཉིས་རྫས་གཞན་གྱིས་སྟོང་བ་ཆོས་ཅན། ངོ་བོ་ཉིད་སྐུ་དང་རང་བཞིན་གནས་རིགས་གཉིས་ཀ་ཡིན་པར་ཐལ། དེ་གཉིས་ཀའི་སྟོང་ཉིད་ཡིན་པའི་ཕྱིར་སོགས་རིགས་པའི་རྣམ་གྲངས་མང་དུ་སྤྲོས་ནས་གུང་རུ་ཆོས་འབྱུང་གི་ཡིག་ཆ་དང་རང་རེའི་ཡིག་ཆ་སོགས་ཀྱི་ལུགས་ལ། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་བ་གཟུགས་ཀྱི་ཆོས་ཉིད་དང་། གཟུགས་འཛིན་ཚད་མ་དང་གཟུགས་རྫས་གཞན་གྱིས་སྟོང་བ་གཟུགས་འཛིན་ཚད་མའི་ཡོངས་གྲུབ་ཡིན་གསུངས། སྐབས་འདིའི་གོང་འོག་ཅི་རིགས་ཞིག་ཏུ་སྟོང་ཐུན་གྱི་གསུང་ཟིན་མི་འདྲ་ཙམ་དང་རྗེ་དབོན་བློ་བཟང་ཉི་མའི་དཀའ་འགྲེལ་གྱི་བཤད་པ་ཞིག་གསུངས་ཀྱང་བློར་མ་ངེས། བཞི་བ་ལ་གཉིས། མདོ་དགོད་པ་དང་ཞེས་པ་ནས། རྩོད་པར་སྣང་ངོ་ཞེས་པའི་བར་དུ། སྟོན་པའི་གསུང་རབ་ཐམས་ཅད་ངོ་བོ་ཉིད་ཡོད་མཉམ་དུ་གསུངས་པ་དང་། མེད་མཉམ་དུ་གསུངས་པ་དང་། ཡོད་མེད་ལེགས་པར་ཕྱེ་བ་གསུམ་དུ་འདུ་ཞིང་།དེ་ཡང་ངོ་བོ་ཉིད་མེད་ཚུལ་ཕྱེ་མ་ཕྱེ་གཉིས་སུ་འདུ་ལ། དེ་ལྟར་ཕྱེ་བ་ངེས་དོན་དང་།མ་ཕྱེས་བ་དྲང་དོན་དུ་དྲི་ཞུས་ཀྱི་ཤུགས་ལ་གནས་ཏེ། དྲི་ཞུས་ཀྱི་ཚིག་གིས་འཁོར་ལོ་དང་བོ་དང་བར་བ་གཉིས་དྲང་དོན་དུ་འགྲེལ་ཚུལ་དྲིས་ཤིང་། ཐ་མ་ལ་དྲི་བ་མ་ཞུས་པ་དེ་གསུམ་གྱིས་ངོ་བོ་ཉིད་མེད་ཚུལ་ཕྱེ་མ་ཕྱེའི་དབང་གིས་ཡིན་པས་སོ། །དེས་ན་དྲི་ཞུས་ཀྱི་ཤུགས་ལ་གནས་པའི་དོན་སྒྲ་ཇི་བཞིན་པ་ཡིན་མིན་གྱི་མདོ་གཉིས་པོ་དེ་དུས་ཀྱི་སྒོ་ནས་འཁོར་ལོ་གསུམ་དང་སྦྱར་བ་ནི། དུས་དང་བོར་གྲོང་ཁྱེར་ཆེན་པོ་དྲུག་གནས་པའི་ཕྱོགས་ལ་རྒྱ་གར་ཞེས་འདོད་རྒྱལ་དུ་བཏགས་པའི་ཡུལ། ཆུ་ཀླུང་ཝ་ར་ཎཱ་དང་། ཨ་སི་གཉིས་གཡས་གཡོན་དུ་འབབ་པས་ཝ་ར་ཎཱ་སི་དང་། དེའི་ཆ་ཞིག་ཏུ་རང་རྒྱལ་ལྔ་བརྒྱས་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ཐོས་ནས་མེ་ཁམས་ལ་ཞུགས་པས་རང་བསྲེལ་ལྷུང་བས་ན་དྲང་སྲོང་ལྷུང་བ་དང་། རྒྱལ་བོ་ཚངས་བྱིན་གྱིས་རི་དྭགས་གསོད་དུ་མ་བཅུག་པའི་ཁྲིམས་ཀྱིས་རི་དྭགས་མང་པོ་འདུས་པས་ན་རི་དྭགས་ཀྱི་ནགས་སུ་གྲགས་པ་དེར་བརྗོད་བྱ་བདེན་བཞི་ལས་བརྩམས་ཏེ་འོད་སྲུང་མྱ་ངན་ལས་འདས་ཕྱིན་ཆད་དབང་ཕྱུག་ཁྱབ་འཇུག་སོགས་ལྷར་གྱུར་པ་དང་། སེར་སྐྱ་གཟེགས་གཟན་སོགས་མིར་གྱུར་པ་སུས་ཀྱང་སྐོར་མ་ནུས་པའི་ངོ་མཚར་རྨད་བྱུང་གི་ཆོས་འཁོར་དང་བོ་དང་། བླ་ན་མཆིས་པ་སོགས་ཡིག་ཆ་རྣམས་སུ་གསལ་བ་ལྟར་གསུངས། འཁོར་ལོ་གཉིས་པ་ལ་བརྗོད་བྱའི་ཁྱད་པར་ནི་མི་མངོན་པའི་རྣམ་པས་ཏེ་ངོ་བོ་ཉིད་ཡོད་མེད་གསལ་བར་མ་བསྟན་པའི་དོན་ནོ། ། འདིའི་འགྱུར་ལ། སྟོང་ཉིད་སྨོས་པའི་རྣམ་པས་ཞེས་པ་དང་།མི་མངོན་པའི་རྣམ་པས་ཞེས་པ་གཉིས་ལས་རྗེའི་ཐུགས་ལ་ཕྱི་མ་འདི་བབས་ནས་ལེགས་ཤིང་གསུངས་པ་ཡིན། འཁོར་ལོ་གསུམ་པའི་གདུལ་བྱ་ནི། ཐེག་པ་ཐམས་ཅད་ལ་ཞུགས་པ་སྟེ། འཁོར་ལོ་ཐ་མ་ལ་བརྟེན་ནས་ཆོས་ཀྱི་བདག་མེད་གྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་འཁོར་ལོ་བར་བའི་དགོངས་པར་དངོས་སུ་གོ་བའི་ཤུགས་ལ་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་འཁོར་ལོ་དང་བོའི་དགོངས་པར་གོ་བའི་དོན་ནོ། །ཐེག་པ་ཐམས་ཅད་ལ་ཞུགས་པའི་དོན་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་རིགས་ཅན་གསུམ་ཡོད་པའི་དོན་ཡིན་ཟེར་མཁན་ཡོད་ཀྱང་སྔགས་རིམ་སོགས་ལས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀྱི་ཁྱད་པར་གདུལ་བྱས་འབྱེད་པར་ཡང་ཡང་གསུངས་པས་མི་འཐད། ལེགས་པར་ཕྱེ་བ་ནི། མཚན་ཉིད་གསུམ་གྱི་སྟེང་ནས་ངོ་བོ་ཉིད་མེད་ཚུལ་གསལ་བར་ཕྱེ་བའོ། འཁོར་ལོ་དང་བོ་ལ་བདེན་བཞིའི་ཆོས་འཁོར་དང་། བར་བ་ལ་མཚན་ཉིད་མེད་པའི་ཆོས་འཁོར་དང་། ཐ་མ་ལ་ལེགས་ཕྱེའི་ཆོས་འཁོར་ཟེར་ཞིང་། བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་སུ་བསྐོར་བའི་བདེན་བཞིའི་ཆོས་འཁོར་འདི་ཆ་ཚང་དགོངས་འགྲེལ་གྱི་འཁོར་ལོ་དང་པོར་འཇོག་མི་རུང་ལ། ཕུང་བོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ་ཅེས་སོགས་ཀྱི་མདོའི་མཚན་གཞིར་རང་རེའི་ཡིག་ཆ་སོགས་སུ་རྒྱལ་བོ་ལ་གདམས་པའི་མདོ་ལས་ཞེས་དྲངས་འདུག་ཅིང་། ད་ལྟ་རྒྱལ་བོ་ལ་གདམས་པའི་མདོ་ཞེས་པ། གཟུགས་ཅན་སྙིང་བོ་འཆར་བྱེད་གསལ་རྒྱལ་མ་སྐྱེས་དགྲ་སྟེ་བཞི་ལ་གདམས་པའི་མདོ་བཞི་སྣང་ཞིང་། དེའི་ནང་ན་ཡིག་ཆར་དྲངས་པའི་ཚིག་དེ་འདྲའི་ཟུར་ཙམ་ཡང་མི་འདུག  མངོན་པར་འབྱུང་བའི་མདོ་ན་བཟོ་སྦྱངས་གཟུགས་ཅན་སྙིང་བོ་ལ་གདམས་པ་ཞེས་པ་སྣང་སྟེ། དེ་ལས་བཅོམ་ལྡན་འདས་ཀྱིས་གཟུགས་ཅན་སྙིང་བོ་ལ་བཀའ་སྩལ་བ། རྒྱལ་བོ་ཆེན་པོ་གཟུགས་ལ་སྐྱེ་བ་ཡང་ཡོད་ཅེས་སོགས་ཕུང་བོ་ལྔ་ཙམ་ལ་སྦྱར་ཞིང་གཞན་མ་གསུངས་པས། ཁྱེད་རྣམས་ཀྱི་ནང་ན་མདོ་སོ་སོའི་མཚན་གཞི་མཐོང་མཁན་ཡོད་ན་ལེགས་པོ་འདུག་དེ་མིན་ཀྱང་ཤེས་རབ་ཆེ་བ་རྣམས་ཀྱིས་སོ་སོར་བཙལ་ནས་བལྟ་དགོས་ཞེས་གསུངས། དུས་དང་བོར་གསུངས་པའི་མདོ་འཁོར་ལོ་དང་བོའི་མཚན་ཉིད་སོགས་སུ་རང་རེའི་ཡིག་ཆར་གསུངས་པ་ལ་དགག་པ་མཛད་མཁན་ཡོད་ཀྱང་། འདིར་དུས་དང་བོར་གསུངས་པའི་མདོ་འཁོར་ལོ་དང་བོར་འཇོག་ཀྱང་། དེ་ཐམས་ཅད་དྲི་ཞུས་ཀྱི་འཁོར་ལོ་དང་བོར་མི་རུང་སྟེ། དཔེར་ན་ལྔ་སྡེ་ལ་ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་བར་བྱའོ་ཞེས་པ་ལྟ་བུ་ལ་འདིར་དོགས་པ་མེད་པའི་ཕྱིར་རོ། ། དྲི་ཞུས་ཀྱི་འཁོར་ལོ་བར་བ་ཡང་ངོ་བོ་ཉིད་མེད་པར་གསུངས་པ་ལ་བྱའི།དུས་གཉིས་པར་གསུངས་ཚད་ལ་མི་བྱའོ། །དྲི་ཞུས་ཀྱི་འཁོར་ལོ་གསུམ་པ་ལ་ཡང་ལེགས་ཕྱེ་རྣམས་འཇོག་དགོས་ཀྱི་ཐ་མར་གསུང་ཚད་དེ་ལ་མི་བྱ་སྟེ། དཔེར་ན་འདུལ་བ་མདོར་བསྡུས་རུང་མཐུན་དུ་གྲགས་པ་བཞིན་ནོ། ། ཞེས་གསལ་བར་གསུངས་པས། འཁོར་ལོ་གསུམ་དུས་ཀྱིས་འཇོག་པ་ནི་ལེགས་བཤད་སྙིང་བོའི་དགོངས་པར་སྣང་། དགོངས་འགྲེལ་གྱིས་དྲང་ངེས་ཕྱེ་བའི་དགོས་པ་ནི། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་འཛིན་གྱི་སྒྲོ་འདོགས་དང་། ཆོས་ཐམས་ཅད་རང་མཚན་གྱིས་མ་གྲུབ་པར་འཛིན་པའི་སྐུར་འདེབས་གཉིས་བཟློག་ནས། གཞན་དབང་ཡོངས་གྲུབ་གཉིས་བདེན་གྲུབ་དང་། ཀུན་བཏགས་རང་མཚན་གྱིས་མ་གྲུབ་པའི་དབུ་མའི་ལམ་དང་། གཞན་དབང་ཀུན་བཏགས་ཀྱིས་སྟོང་བ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་སྟོན་ཆེད་དོ། །དེའི་ཕྱིར་ཞེས་སོགས་ནི་ཇོ་ནང་བ་ཤེས་རབ་རྒྱལ་མཚན་གྱིས་གཞན་སྡེའི་རིགས་ཅན་བདག་ཏུ་སྨྲ་བ་ལ་ཞེན་པ་སྟེ་སྙིང་བོ་རྟག་བརྟན་སྨྲ་བ་ལ་ཞེན་པ་དང་། དགོངས་འགྲེལ་ངེས་དོན་དུ། སྨྲ་བཞིན་ཆོས་ཉིད་མ་གཏོགས་ཆོས་ཅན་ཐམས་ཅད་འཁྲུལ་བློས་བཏགས་ཙམ་ལས་མེད་ཅིང་ཆོས་ཉིད་བདེན་པར་གྲུབ་མ་གྲུབ་ཕྱེ་བ་ནི་ལེགས་ཕྱེའི་དོན་དུ་འདོད་པ་དེ་བཀོད་ནས། ཚིག་ལྷག་མས་དགག་པ་མཛད་དོ། ། རྒྱ་ནག་འགྲེལ་ཆེན་དུ་བདེན་པ་རྣམས་ངེས་ཀྱི་ཐ་སྙད་ཅེས་སོགས་ཀྱི་གསུང་བཤད་རིག་བློར་མ་ངེས། བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་དེ་དུས་དང་བོ་དང་། ཤེར་མདོ་བསྐོར་བའི་དུས་དེ་དུས་གཉིས་པ་དང་། དགོངས་འགྲེལ་བསྐོར་བའི་དུས་དེ་དུས་གསུམ་པར་འཇོག་གོ། འཁོར་ལོ་གཉིས་པ་བསྐོར་བའི་དུས་ལ་གཙང་ཆུང་ཆོས་གྲགས་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ་སྟེ། དུས་འཁོར་ལུགས་ཀྱི་རྩིས་ལ་མཁས་པའི་རྒྱ་མཚོ་རྣམ་གསུམ་དུ་གྲགས་པ་དེ་དག་གིས་མྱ་ངན་ལས་འདའ་བར་གསུངས་པར་བཞེད་ཀྱང་། སྟོན་པ་ཆོས་འཁོར་གྱི་ཆེད་དུ་སངས་རྒྱས་པ་ཡིན་ལ། ཆོས་འཁོར་གྱི་གཙོ་བོ་ཤེར་མདོ་མྱ་ངན་འདའ་ཁ་ལས་མ་གསུངས་པ་མི་འཐད་དོ། །རྗེ་བདག་ཉིད་ཆེན་པོ་དང་བུ་སྟོན་རྗེ་དང་། དོལ་བོ་ཤེར་རྒྱན་སོགས་ཀྱིས་སངས་རྒྱས་པའི་ས་ག་ཟླ་བ་ནས་བརྩིས་པའི་ཟླ་བ་བཅུ་གཉིས་པ་ནག་པ་ཉ་ལ་གསུངས་པར་བཞེད། འོན་ཀྱང་ཤེར་མདོ་གསུངས་པའི་ཚེ་གང་ཟག་གཅིག་མ་གཏོགས་པ་འདི་ལྟ་སྟེ་ཚེ་དང་ལྡན་པ་ཀུན་དགའ་བོའོ། །ཞེས་ཀུན་དགའ་བོ་འཁོར་དུ་ཡོད་པར་བཤད་ལ། སྟོན་པ་སངས་རྒྱས་པའི་མཚན་མོ་ཟླ་བ་གཟའ་འཛིན་གྱི་དུས་གྲགས་འཛིན་མ་ལ་སྲས་གཅིག་བཙས་པ་སྒྲ་གཅན་འཛིན་དང་། བདུད་རྩི་ཟས་ལ་སྲས་གཅིག་བཙས་པ་ཀུན་དགའ་བོ་ཡིན་པས་ཕྱི་དེ་ལོ་ཤེར་མདོ་གསུངས་པའི་འཁོར་དུ་འོང་མི་རིགས་ཞེ་ན། ཤེར་མདོ་ལན་གཅིག་ཙམ་མ་ཡིན་པར་ཡང་ཡང་གསུངས་པས་ན། དང་བོ་གསུངས་པའི་འཁོར་དུ་མེད་ཀྱང་། ཕྱིས་གསུངས་པའི་འཁོར་དུ་ཡོད་བྱས་ན་འཐད་པར་གོ སྒྱུ་རྩལ་གྱི་ཚེ། ལྷས་བྱིན་གྱིས་རྒྱང་གྲགས་གཉིས་ཀུན་དགའ་བོས་རྒྱང་གྲགས་བཞི། མཛེས་དགའ་བོས་རྒྱང་གྲགས་དྲུག་ཏུ་མདའ་འཕངས་པར་བུ་སྟོན་ཆོས་འབྱུང་དུ་བཤད་པ་འགའ་ཞིག་གིས་མ་དག་པ་ཡིན་ཟེར་མོད་ཀྱང་རྒྱ་ཆེར་རོལ་བར་ཡང་དེ་འདྲ་འདུག་གོ དུས་ན་སྟོན་པའི་རྣམ་ཐར་ཞིག་ལས་ཉེ་བའི་ལྔ་སྡེའི་ནང་ཚན་གྱི་ཀུན་དགའ་བོར་བཤད་པ་འཐད། ཕུག་པ་ལྷུན་གྲུབ་རྒྱ་མཚོས་པད་དཀར་ཞལ་ལུང་ཟེར་བའི་རྩིས་ཀྱི་བསྟན་བཅོས་ཆེན་པོ་ཞིག་མཛད་ལ་མཁས་གྲུབ་ནོར་བཟང་བ་སོགས་ཀྱིས་དེའི་ཁ་སྐོང་མང་དུ་མཛད། མཁས་པ་དེ་དག་གི་བཞེད་པ་ལེགས་པར་ཤེས་ན་རང་ལུགས་ལ་ངེས་པ་རྙེད་པ་ལ་ཁྱད་ཆེ་གསུངས་ནས། དེ་རྣམས་ཀྱིས་མར་ངོ་སྔོན་འགྲོའི་ལོ་མགོ་འཛིན་ཚུལ་རྒྱས་པར་བསྩལ་མོད་ཀྱང་ཆེར་མ་ཟིན་ལ་གནད་འགག་ནི་འདི་འདྲ་ཞིག་གསུངས་ཏེ། སྤྱིར་ཉི་མ་ལུག་ཁྱིམ་དུ་སླེབ་པའི་ཉི་པར་གྱི་རི་མོ་ནམ་འཆར་ཚེ་ལོ་མགོ་འཛིན་དགོས། དེ་ནག་ཟླའི་ཡར་ངོ་མར་ངོ་གང་རུང་དུ་འཆར་ངེས་ཤིང་། ཡར་ངོ་ལ་ཤར་ན་ཡར་ངོ་སྔོན་འགྲོའི་ནག་ཟླ་དང་། མར་ངོ་ལ་ཤར་ན་མར་ངོ་སྔོན་འགྲོའི་ས་ག་ཟླ་བ་ནས་འཛིན་དགོས་ཤིང་། དེ་འདྲའི་ས་ག་ཟླ་བ་ནས་བརྩིས་པའི་བཅོམ་ལྡན་འདས་དགུང་ལོ་བརྒྱད་ཅུ་བ་ལྕགས་འབྲུག་གི་ནག་པའི་ཉ་ལ་ཤེར་མདོ་བསྐོར་བར་བཞེད་པ་ཡིན་གསུངས། གཉིས་པ་ལ་གཉིས། ཞེས་པ་ནས། རྩ་བར་སྣང་ངོ་ཞེས་པའི་བར་དུ། དོན་དམ་པ་མཚན་ཉིད་ལྔ་ལྡན་ནི་མདོ་སྡེ་རྒྱན་ལས་ཞེས། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན་སོགས་དྲངས་ནས་ཉིན་སྔ་མར་རྒྱས་པར་བསྩལ་པ་བློ་ལ་ཆེར་མི་གསལ་བར་འདུག་པ་ལ། ཉིན་ཕྱི་མར་དཔོན་སློབ་རིན་པོ་ཆེ་ནས་དྲི་བ་ཞུས་པར། ཀུན་བཏགས་ཀྱི་ངོ་བོར་ཡོད་པ་མ་ཡིན་ཞིང་། གཏན་ནས་མེད་པ་མ་ཡིན་པ་དང་གཅིག  སྟོང་གཞི་དང་གཅིག་མ་ཡིན་ཞིང་དེ་དང་ངོ་བོ་ཐ་དད་མ་ཡིན་པ་དང་གཉིས། སྐྱེ་འཇིག་མེད་པ་དང་གསུམ། འབྲི་འཕེལ་མེད་པ་དང་བཞི། རང་ལ་དམིགས་ནས་བསྒོམས་པས་ཤེས་སྒྲིབ་དག་པར་འགྱུར་བ་སྟེ་ལྔ་གསུངས། ཁྱད་ཆོས་ཐ་མ་འདི་ལ་ཉིན་སྔ་མར་སློབ་པའི་དུས་དྲི་མས་མ་དག་ལ་སངས་རྒྱས་པའི་ཚེ་དྲི་མས་དག་པའི་ཁྱད་པར་སྦྱང་བ་སྟེ་ལྔའོ། ། འདིར་ཤེས་སྒྲིབ་དག་པ་ཞེས་སྦྱར་བ་དང་། འདིའི་གོང་འོག་ཀུན་ཏུ་ཡོངས་གྲུབ་བཤད་ཚེ་ཆོས་ཀྱི་བདག་མེད་དམིགས་ཀྱིས་བཀར་ནས་གསུངས་པ་དང་། སྟོང་ཐུན་དང་ཆོས་འབྱུང་གི་ཡིག་ཆ་དང་། རང་རའི་ཡིག་ཆ་སོགས་སུ་ཡང་གང་ཟག་གི་བདག་མེད་ཡོངས་གྲུབ་ཡིན་མིན་གྱི་ཕྱོགས་གཉིས་ཀ་གསུངས་པས་དཔྱད་རྒྱུ་ཆེ་གང་ཟག་གི་བདག་མེད་ཡོངས་གྲུབ་ཏུ་འདོད་མི་འདོད་གང་ལྟར་ཡང་རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ། ། གཅིག་པུ་ཁོ་ནས་བརྗོད་པ་ཡིན། ། ཞེས་པ་འདི་ཤེས་བྱེད་དུ་འདྲེན་དགོས་ཏེ། རྣམ་དག་སྤྱོད་ཡུལ་ལ་བདག་མེད་གཉིས་འབྱེད་ཀྱང་། ཡོངས་གྲུབ་ནི་ཆོས་ཀྱི་བདག་མེད་གཅིག་པུར་བརྗོད་པ་ཡིན་ཞེས་པ་དང་། རྣམ་དག་སྤྱོད་ཡུལ་གཉིས་ཀ་ཡོངས་གྲུབ་གཅིག་པུར་བརྗོད་པ་ཡིན་ཞེས་བཤད་ཚུལ་གཉིས་བྱེད་དགོས་གསུངས། གཉིས་པ་ལ་གསུམ། ཞེས་པ་ནས། སྐུར་འདེབས་སུ་གསུངས་པ་ལྟར་རོ་ཞེས་པའི་བར་དུ། ཆོས་ཐམས་ཅད་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའི་ཆོས་བདག་ཏུ་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་ནས་ཡོད་དོ་ཞེས་ལེགས་པར་མ་ཟིན་པ་སྟེ་ཕྱིན་ཅི་ལོག་ཏུ་བཟུང་བ་དང་། གཞན་དབང་བདེན་གྲུབ་མེད་དོ་ཞེས་སྐུར་བ་བཏབ་པས་ལེགས་པར་མ་ཟིན་པ་སྟེ་ཕྱིན་ཅི་ལོག་ཏུ་བཟུང་བ་སྤངས་པའི་ཚུལ་གྱིས་ཡོད་དོ། །གཟུགས་ལ་སོགས་པའི་ཆོས་རྣམས་ཞེས་སྤྱིར་བསྟན། གཟུགས་ལ་སོགས་པའི་ཕུང་བོ་རྣམས་ཞེས་བྱེ་བྲག་ཏུ་བཀར་ནས་ཚིག་གིས་བཏགས་པའི་ངོ་བོ་ཉིད་དེ་དེའི་འཇུག་གཞིར་རང་མཚན་གྱིས་ཡོད་པར་ཞེན་པ་ཉན་ཐོས་སྡེ་བ་དང་། ཀུན་བཏགས་ཀྱི་གདགས་གཞི་བརྗོད་དུ་མེད་པའི་དངོས་པོ་གཞན་དབང་དོན་དམ་པར་མེད་དོ་ཞེས་སྐུར་བ་འདེབས་པ་ཐལ་འགྱུར་བ་གཉིས་ནི་ཐེག་ཆེན་གྱི་མདོ་སྡེ་ཆུད་གསོན་ཅིང་ཆོས་འདུལ་བ་དགོངས་འགྲེལ་འདི་ལས་ཉམས་པར་བཤད་དོ། །བརྗོད་དུ་མེད་པའི་དངོས་པོ་ནི་བརྡ་སྦྱོར་མཁན་པོས་བརྡ་སྦྱོར་དགོས་ཀྱི་གང་ཟག་གི་ངོར་བརྡ་མ་སྦྱར་གོང་གི་དངོས་པོ་དེ་ལ་བྱ་གསུངས། གཉིས་པ་ནི་གལ་ཏེ་ཞེས་པ་ནས་འཆད་པར་འགྱུར་རོ་ཞེས་པའི་བར་ནི་གོ་སླ་བས་བརྗོད་མི་དགོས་གསུངས། གཟུགས་ལ་སོགས་པའི་ཕུང་བོ་ཡོད་ན་ཞེས་པ་ནས་བླ་ན་མེད་པ་ཞེས་བྱ་སྟེ་ཞེས་པའི་བར་དུ། གཟུགས་ལ་སོགས་པའི་ཕུང་བོ་ཞེས་སོགས་ཀྱིས་སྐུར་འདེབས་འགོག་ཚུལ་བསྟན་ལ། འགོག་ཡུལ་ནི་དེ་ཁས་ལེན་པའི་ཐལ་འགྱུར་བ་རྣམས་སོ། །  ཁས་ལེན་ཚུལ་ཡང་སྤྱིར་ཆོས་ཐམས་ཅད་ཡེ་མེད་དང་། ཐ་སྙད་དུ་མེད་པར་ཁས་ལེན་པ་མིན་གྱི། དོན་དམ་པར་མ་གྲུབ་ཅེས་སྨྲའོ། །དེས་ན་དངོས་པོ་ཙམ་མེད་ན་ཞེས་པ་ཚིག་ལ་གསལ་བར་མི་འདུག་ཀྱང་། གོང་དུ་དངོས་པོ་ཡོད་ན་ཞེས་པ་འོག་གི་མེད་དུ་ཟིན་ན་ཞེས་པ་ལ་ཡང་སྦྱར་ནས་འགོག་པ་ཡིན་ཏེ། འདིའི་ལུགས་སྟེ་རྣམ་རིག་པའི་ལུགས་འདིར་ཀུན་བཏགས་རང་མཚན་གྱིས་མེད་ན་མེད་མི་དགོས་ཤིང་གཞན་དབང་ཡོངས་གྲུབ་གཉིས་རང་མཚན་གྱིས་མེད་ན་མེད་དགོས་སོ། ། དེའི་རྒྱུ་མཚན་རང་མཚན་གྱིས་མི་སྐྱེ་ན་རྟོག་པས་སྐྱེ་བར་བཏགས་པ་ཙམ་གྱིས་སྐྱེ་བར་འཇོག་མི་ནུས་ཤིང་། རང་མཚན་གྱིས་སྐྱེ་ན་དོན་དམ་པའི་སྐྱེ་བར་འགྱུར་ཞེས་ཟེར། དེ་ལ་ཐལ་འགྱུར་བས་གཞན་དབང་བདེན་གྲུབ་གྱི་སྐྱེ་འགགས་བདེན་འཛིན་གྱི་ངོ་ཙམ་ལས་མེད་ནའང་ཐ་སྙད་དུ་སྐྱེ་འགགས་ཡོད་དོ་ཞེས་ལན་འདེབས་ཀྱང་ལན་མི་ཐེབས་ཏེ། ཐག་པ་སྦྲུལ་ཞེན་གྱི་ངོར་དེ་སྦྲུལ་ཡིན་གྱི་སྤྱིར་དེར་གྲུབ་མ་མྱོང་། ཞེས་པ་དང་འདྲ་བར་རྒྱུ་འབྲས་ཀྱང་བདེན་འཛིན་གྱི་ངོ་ཙམ་ལས་མེད་ན་ལས་འབྲས་བཞག་པ་མེད་སོང་བས་སྐུར་འདེབས་སྤོང་མི་ནུས་ལ། དེའི་ངོ་ཙམ་མ་ཡིན་པའི་རྒྱུ་འབྲས་འདོད་ན་རང་མཚན་གྱི་རྒྱུ་འབྲས་སུ་འགྱུར་བས་དོན་དམ་པ་ཡིན་ནོ། ། ཞེས་རིགས་པས་བསྒྲུབས་པའི་དོན་དེ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་ཙམ་པ་འདིས་བསམ་མོ། ། གདགས་གཞི་གཞན་དབང་བདེན་པར་མེད་ན་དེ་མེད་དགོས། དེ་མེད་ན་འདོགས་པ་པོ་སྒྲ་རྟོག་ཡང་མི་རུང་བས། ཆོས་ཐམས་ཅད་སྒྲ་རྟོག་གིས་བཏགས་ཙམ་ཡིན་པ་དང་། སྒྲ་རྟོག་གིས་བཏགས་ཙམ་ལས་རང་མཚན་གྱིས་མེད་པ་དེ་ཉིད་དེ་ཁོ་ན་ཉིད་ཀྱི་དོན་དུ་ཁས་བླངས་པ་འགལ་ཞིང་མཚན་ཉིད་གསུམ་ལ་ཆད་ལྟར་འགྱུར་ཞེས་བཤད་དེ། འདིའི་འོག་གི་བྱང་སའི་ལུང་དོན་ཡང་འདིའོ། །དེ་ལ་གང་ཟག་ཏུ་ལྟ་བ་སྟེ་རང་སྐྱ་ཐུབ་པའི་རྫས་ཡོད་དུ་ལྟ་བས་ནི་ཤེས་བྱ་ཐམས་ཅད་ལ་སྐུར་བ་མི་འདེབས་ཤིང་། དམྱལ་བར་ཡང་མི་འཕེན་ལ། གཞན་ཆོས་འདོད་པ་ཡང་ཕུང་བར་མི་བྱེད། ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཡང་མི་གཡེལ་ཞིང་། སྟོང་ཉིད་ལ་ལོག་པར་བཟུང་བས་སྔ་མ་ལས་བཟློག་ཅིང་། བསླབ་པ་ལས་གཡེལ་བ་སྟེ་ཤེས་རབ་འཆལ་བར་འགྱུར་རོ། །འདིར་གང་ཟག་ཏུ་ལྟ་བ་དང་སྟོང་ཉིད་ལ་ལོག་པར་ཞུགས་པ་སོ་སོར་བཤད་པ་ལྟར་ན་ཡང་གང་ཟག་གི་བདག་མེད་སྟོང་ཉིད་ཡིན་མིན་དཔྱད། དེ་ལྟར་བྱས་ན་གང་ན་གང་མེད་པ་དེ་ནི་དེས་སྟོང་ཞིང་ལྷག་མ་གང་ཡིན་པ་ནི་ཡོད་པ་ཡིན་ལ་ཞེས་པས་སྟོང་གཞིའི་གཞན་དབང་གང་ལ་སྟོང་རྒྱུའི་ཀུན་བཏགས་གང་མེད་པ་དེ་ནི་ཀུན་བཏགས་དེས་སྟོང་ཞིང་ཞེས་རྟག་མཐའ་བཀག་ནས་སྟོང་བ་ཡོངས་གྲུབ་དེའི་ཤུལ་དུ་ལྷག་མ་གང་ཡང་མེད་ན་ཆད་མཐར་ལྷུང་ནས་དབུ་མར་གནས་མི་ཐུབ་པས་གདགས་གཞིའི་གཞན་དབང་ཙམ་དང་འདོགས་པ་པོ་སྒྲ་རྟོག་ཙམ་ལྷག་མར་ཡོད་པ་ཡིན་ནོ། །ཞེས་ཆད་མཐའ་བཀག་ནས་དེ་འདྲའི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ལ་སེམས་ཙམ་པ་རང་ཉིད་གནས་པར་གསུངས་ཤིང་། དེ་འདྲའི་སྟོང་ཉིད་ཀྱང་དབུ་མའི་ལམ་མཐར་ཐུག་ཏུ་བཤད་པ་ཡིན་གསུངས། གཉིས་པ་ལ་གཉིས། ཕྱོགས་སྔ་མ་དགོད་ཅིང་དྲིས་ལན་བྱ་བ་ཞེས་པ་ནས། བདེན་པའི་ངོ་བོ་ཉིད་ལ་བྱ་དགོས་པའི་ཕྱིར་རོ། ། ཞེས་པའི་བར་དུ། ཐེག་པ་ཆེན་པོ་ལ་ལ་ཞེས་ཕྱོགས་སྔ་བཀོད་ནས། སེམས་ཙམ་པས་ཚེ་དང་ལྡན་པ་ངོ་བོ་ཉིད་མེད་སྨྲ་ལ་དོན་དམ་དང་ཀུན་རྫོབ་གང་ཡིན་དྲིས་པ་ནི་ལན་འདེབས་ཚུལ་ལ་དཔྱད་ན། དོན་དམ་དུ་མེད་པའི་མེད་པ་དང་། ཀུན་རྫོབ་ཏུ་ཡོད་པའི་ཡོད་ས་དྲིས་པ་མ་ཡིན་པར། དོན་དམ་གྱི་མཚན་གཞི་དང་། གང་གི་ངོར་བདེན་པའི་ཀུན་རྫོབ་དྲིས་པ་ཡིན་འདུག  །བསྡུ་བ་ལ་རྣམ་པར་གཏན་ལ་དབབ་པ་བསྡུ་བ། རྣམ་གྲངས་བསྡུ་བ། གཞི་བསྡུ་བ་རྣམ་པར་བཤད་པའི་སྒོ་བསྡུ་བ་སྟེ་བཞི་ལས་འདིར་ཡང་ཡང་དྲངས་པ་ནི་དང་པོ་ཡིན་གསུངས། གཉིས་པ་ལ་གཉིས། གཞན་གྱི་གྲུབ་མཐའ་ལ་འགལ་བ་བསྟན་པ་ཞེས་པ་ནས། སྤང་དུ་མེད་པའི་འགལ་བར་ཤེས་པར་གྱིས་ཤིག་ཅེས་པའི་བར་དུ་ངོ་བོ་ཉིད་དུ་དམིགས་པའི་བདེན་འཛིན་དེ་ཕྱིའི་མངོན་བརྗོད་སྒྲ་དང་། ནང་གི་མངོན་བརྗོད་རྟོག་པ་གཉིས་ལས་ནང་གི་དེ་ཡིན་པས། རིགས་འདྲ་སྔ་མས་བསྐྱེད་བར་འདོད་ན་དོན་དམ་དུ་འགྱུར་ལ། རྟོག་བཏགས་ཙམ་ཞིག་ཡིན་ན་ནི་གཞན་དབང་གཞན་རྣམས་ཀྱང་དེ་ཙམ་དུ་འགྱུར་བ་སྟེ། རྟོགས་བཏགས་ཙམ་དུ་འགྱུར་བས་མེད་དགོས་སོ་ཞེས་ཀུན་རྫོབ་པའི་ངོས་འཛིན་བཀག་ནས། ངོ་བོ་ཉིད་མེད་པ་དོན་དམ་དུ་མི་རུང་སྟེ། དོན་དམ་དུ་འཛིན་པའི་བློས་གནོད་པའི་ཕྱིར། གལ་ཏེ་བློ་དེ་འཁྲུལ་བའི་ཕྱིར་སྐྱོན་མེད་དོ་ཞེ་ན། བློ་འཁྲུལ་པ་དོན་དམ་དུ་ཡོད་ན་དེའི་འཛིན་སྟངས་མེད་པ་དོན་དམ་དུ་མི་རུང་ལ། རྟོགས་བཏགས་ཙམ་ཞིག་ཡིན་ན་མེད་དགོས་པས་དེས་བཟུང་བ་དང་སྣང་བ་ལྟར་དུ་གྲུབ་དགོས་མི་དགོས་ཀྱི་ཐ་སྙད་མི་རུང་ངོ་ཞེས་དོན་དམ་གྱི་ངོས་འཛིན་འགོག་པའོ། །འདིར་དབུ་སེམས་གཉིས་བདེན་འཛིན་ཆོས་ཅན་དུ་བཟུང་ནས་དེ་དོན་དམ་དུ་ཡོད་མེད་བཏགས་པ་མ་གཏོགས་ཀུན་བཏགས་ཡོངས་གྲུབ་གཉིས་ཀྱི་སྟེང་དུ་དོན་དམ་དུ་ཡོད་མེད་སོགས་མ་བརྟགས་པ་ནི་གཞི་གཞན་དབང་གི་སྟེང་ནས་དེ་དག་ཁེགས་ན། ཁྱད་ཆོས་ཀུན་བཏགས་དང་ཡོངས་གྲུབ་གཉིས་ཀྱི་སྟེང་ནས་ཁེགས་སླ་བ་ལ་དགོངས་སོ། ། བསྡུ་བ་ལས་སྒྲོ་སྐུར་གསུངས་ལུགས་བྱང་ས་དང་དོན་མཐུན་ནོ། ། མངོན་པར་རྟོགས་པ་དེ་དག་ཅེས་པ་གོང་དུ་བྱང་ཕྱོགས་སོ་བདུན་བཤད་པའི་མུར་འདུག་པས་བྱང་ཕྱོགས་སོ་བདུན་ལ་བྱས་ནས་སོ་བདུན་པོ་དེ་དག་མིང་སྟེ་རང་བརྗོད་པའི་སྒྲ་དང་། མངོན་བརྗོད་དེ་རང་འཛིན་པའི་རྟོག་པ་གང་གིས་རྣམ་པར་འཇོག་པ་དེའི་ངོ་བོ་ཉིད་དེ་དེས་བཞག་པའི་ཡུལ་ཡིན་པ་དེའི་ཐ་སྙད་དུ་ཡོད་པར་བརྗོད་པར་བྱའོ། ། དོན་དམ་པར་སྟེ་རང་མཚན་དུ་དེའི་ཡུལ་མ་ཡིན་པར་བརྗོད་པར་བྱའོ་ཞེས་ཀུན་བཏགས་ཐ་སྙད་དུ་ཡོད་ཀྱང་དོན་དམ་དུ་མེད་པར་བཤད་པས། ཐོགས་མེད་ཀྱིས་མཛད་ཟེར་བའི་དགོངས་འགྲེལ་ཁ་ཅིག་ཏུ་ཀུན་བཏགས་དོན་དམ་ཐ་སྙད་གང་དུ་ཡང་མེད། གཞན་དབང་ཐ་སྙད་ཙམ་དུ་ཡོད། ཡོངས་གྲུབ་དོན་དམ་དུ་ཡོད་པར་འཆད་པ་ནི་ཐེག་བསྡུས་སོགས་དང་འགལ་ཞིང་སློབ་མའི་ལུང་སློབ་དཔོན་གྱིས་ཁུངས་སུ་བྱེད་མི་རུང་བ་དང་། འདིར་དབྱིག་གཉེན་གྱིས་མཛད་པའི་ཉི་ཁྲི་དེ་ཉིད་རྣམ་ངེས་ཀྱི་ལུང་དྲངས་པས་ཐོགས་མེད་ཀྱིས་མཛད་པ་མིན་ནོ། ། ཕྱིས་ཀྱི་ཁ་ཅིག་དེ་ལྟར་སྨྲས་པ་ནི་སྐབས་འདིའི་ཆད་ལྟའི་གཙོ་བོ་ཁས་བླངས་པས་ལུགས་འདི་ལས་ཕྱི་རོལ་ཏུ་གྱུར་ཅིང་། དགོངས་འགྲེལ་ངེས་དོན་དུ་འདོད་པ་དང་འགལ་བ་སྤང་དུ་མེད་དོ་ཞེས། དོལ་བོ་ཤེར་རྒྱན་འགོག་པ་ཡིན་གསུངས། གཉིས་པ་ནི་གལ་ཏེ་བྱང་ས་དང་ཞེས་པ་ནས་དགའ་བ་ཙམ་དུ་ཟད་དོ་ཞེས་པའི་བར་དུ། གཞན་དབང་དོན་དམ་དུ་ཁས་ལེན་ན་དགོངས་འགྲེལ་ལས་འདུས་བྱས་ཡིན་ན་དོམ་དམ་པ་ཡིན་པར་ཡང་མི་འགྱུར་སོགས་དང་ཇི་ལྟར་མི་འགལ་ཞེ་ན། ཀུན་རྫོབ་དང་དོན་དམ་ལ་འཇོག་ཚུལ་གཉིས་ལས། བདེན་གྲུབ་ལ་དོན་དམ་དང་། རྟོགས་པས་བཏགས་ཙམ་ལ་ཀུན་རྫོབ་ཏུ་བཤད་པ་ལྟར་ན་ཀུན་བཏགས་ཀུན་རྫོབ་དང་གཞན་གཉིས་དོན་དམ་དུ་ཡོད་དོ། ། ཀུན་རྫོབ་དང་དོན་དམ་འཇོག་པ་ལ་རྫས་བཏགས་གཉིས་ཤེས་དགོས་བས་བསྡུ་བའི་ལུང་འདི་ལྟར་བཤད་པ་ཡིན་གསུངས་ནས་རྫས་བཏགས་སོ་སོའི་མཚན་ཉིད་རང་རེའི་ཡིག་ཆ་ལྟར་གསུངས་ནས་རྣམ་མཁྱེན་རྫས་ཡོད་དུ་འཇོག་ཚུལ་ཤིན་ཏུ་དཀའ་བར་ཡོད་གསུངས། ཤེས་པ་དང་གཟུགས་ཀྱི་སྐྱེ་མཆེད་གང་རུང་ལ་རྫས་ཡོད་ཀྱིས་ཁྱབ་པར་བཤད་པ་ལ་གཉིས་སྟོང་གིས་ཁྱད་པར་དུ་བྱས་པའི་གཟུགས་ཀྱི་སྐྱེ་མཆེད་འཕངས་ན་འདོད་ལན་དང་རྣམ་པ་གཅིག་ཏུ་མ་ཁྱབ་ཀྱི་ལན་གཉིས་རང་རེའི་ཡིག་ཆར་གསུངས་པས་ཕྱི་མ་དོགས་བདེ་གསུངས། འདིར་ས་པཎ་གྱིས་འདོད། རྟགས་མ་གྲུབ། ཁྱབ་པ་མ་ངེས། ཁྱབ་པ་འགལ་གྱི་ལན་བཞི་མཛད། རྗེ་ཡབ་སྲས་ཀྱིས་ཕྱི་མ་གཉིས་གཅིག་ཏུ་བསྡུས་ཏེ་དེའི་སྟེང་དུ་ཐེ་ཚོམ་ཟ་བའི་ལན་མཛད། ཕྱིས་སུ་མཚན་ཉིད་ཀྱི་ཡིག་ཆ་རྣམས་ལས་སྦྱོར་ལུགས་སྐྱོན་ཅན་དང་། རྩོད་གཞི་སྐྱོན་ཅན་སོགས་ཀྱི་ལན་མཛད་པ་མ་གཏོགས། ད་ལྟ་མཚན་ཉིད་པ་འགའ་ཞིག་གིས་རྩོད་གྲྭའི་ཚེ་གང་ཡིན་སར་དམིགས་བསལ་གྱི་ལན་གཅིག་མཛད་གིན་འདུག་པ་འདི་རྒྱུད་རྒྱ་གཞུང་བོད་སྔ་ཕྱིའི་མཁས་པ་སོ་སོའི་ཡིག་ཆ་གང་ནས་ཀྱང་མི་འབྱུང་བ་ཞིག་ཡིན་འདུག་བས་མ་མཛད་ན་ལགས། དཔེར་ན་ཡང་དག་མཐའི་སྐབས་སུ། དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ་ཞེས་པ་ཡང་སྤྱིར་བཏང་དང་། ཆོས་གསུམ་མ་རྫོགས་བར་དུ་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ་ཞེས་པ་དམིགས་ཀྱིས་བསལ་བར་གསུངས་པ་ལྟ་བུ་གཞུང་ཆེན་མོར་མང་པོ་ཡོད་ཀྱང་དེ་དང་རིགས་པ་འགོག་ཐབས་འདི་གཉིས་ག་ལ་གཅིག་རང་སྐྱ་ཐུབ་པའི་རྫས་ཡོད་དང་། རང་སྐྱ་འཛིན་ཐུབ་པའི་རྫས་ཡོད་ལ་ཁྱད་པར་མི་བཞེད་པའི་ལུགས་ཡོད་ཀྱང་། རང་སྐྱ་ཐུབ་པ་ནི་གང་ལའང་ལྟོས་མེད་དུ་གྲུབ་པ་གཅིག་དང་། རང་སྐྱ་འཛིན་ཐུབ་པ་ནི་བློས་གང་ལའང་ལྟོས་མེད་དུ་འཛིན་པ་ཞིག་བྱས་ན་བློ་ལ་བདེ། འཇོག་ཚུལ་གཉིས་པའི་དོན་དམ་ནི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ལ་འཇོག་པར་གསུངས་པས་དེའི་དབང་དུ་བྱས་ན་དོན་དོན་དམ་སྟོང་ཉིད་ཐོབ་པ་དོན་དམ་མྱང་འདས། སྒྲུབ་པ་དོན་དམ་མཉམ་བཞག་གསུམ་གྱི་དང་པོ་ཁོ་ན་དོན་དམ་དུ་ཡོད་དོ། ལུགས་འདིས་ཞེས་པའི་ཁོངས་ནས་རྣམ་རིག་པ་མ་གཏོགས་གཞན་གྱིས་མི་བཞེད་པ་ཞིག་བྱུང་དགོས་པ་འདྲ་བའི་དོགས་ཡོད་ནའང་ལུགས་འདིའི་དགག་བྱ་ལ་གཉིས་ཡོད་པའི་ཞེས་པའང་འབྱུང་ལ་ལུགས་གཞན་གྱིས་ཀྱང་དེ་བཞེད་པས་སྐྱོན་མེད་དོ། དེ་ན་རྣམ་དག་ཡེ་ཤེས་དེ་ལུགས་འདིས་སོ་སོ་རང་རིག་པའི་ཡེ་ཤེས་སུ་འདོད་ལ། རང་མི་འཇལ་ན་རང་རིག་གི་དོན་མེད་པས་ཡེ་ཤེས་དེ་ཡེ་ཤེས་དེའི་ཡུལ་དུ་འགྱུར་རོ་ཞེ་ན། ཡུལ་ཆོས་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་ཆུ་ལ་ཆུ་བཞག་གི་ཚུལ་དུ་སོང་བ་ལ་ལྟོས་ནས་རང་རིག་ཏུ་བཤད་པས་སྐྱོན་མེད་དོ། འཇོག་ཚུལ་གཉིས་པའི་ཀུན་རྫོབ་ནི། ཀུན་ནས་ཉོན་མོངས་སྐྱེ་བའི་གཞིའི་གནས་སུ་གྱུར་བ་ལ་བཤད་པ་དང་། འཇིག་རྟེན་ན་ཆུར་རྒལ་བའི་ཚེ་རྐང་བ་འདེགས་འཇོག་དང་། རྟས་བསྒྲོད་པར་ནུས་པའི་ལམ་སོ་སོར་རྐང་བའི་འབབ་སྟེགས་སམ་རྐང་ལམ་དང་། རྟ་རབས་སོགས་ཟེར་བ་བཞིན་དུ་བརྡའི་ཐ་སྙད་དམ་བརྗོད་པ་ཀུན་རྫོབ་ཀྱི་ཁོངས་སུ་ཆུད་པར་བྱ་བའི་བདེན་པ་ལ་ཡང་བཤད་དོ། ། འདིར་རྒྱུ་མཚན་དང་རྣམ་རྟོག་ཅེས་པའི་ནང་གི་རྒྱུ་མཚན་ནི་ཀུན་བཏགས་འདོགས་པའི་གཞིའི་གཞན་དབང་དང་། རྣམ་རྟོག་ནི་དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་པ་ལྟར་ཁམས་གསུམ་གྱི་སེམས་སེམས་བྱུང་གཉིས་སྣང་ཅན་རྣམས་སོ། །བཏགས་པ་དང་ནི་ཤེས་པ་དང་། །དེ་བཞིན་བརྗོད་པ་རགས་པ་ཡིན། ། ཞེས་སྒྲ་རྟོག་གིས་བཏགས་ཙམ་ཡིན་པས་བཏགས་པའི་ཀུན་རྫོབ་ཀུན་བཏགས་དང་། གཞན་དབང་གི་གཙོ་བོ་ཤེས་པ་ཡིན་པས་གཞན་དབང་ཤེས་པའི་ཀུན་རྫོབ་དང་། བརྗོད་དུ་མེད་ཀྱང་དོན་དམ་སྟོང་ཉིད་ཡང་དག་མཐའ། དྲི་མ་མེད་པ་སོགས་ཚིག་སྣ་ཚོགས་ཀྱིས་བསྟན་པས་ན་ཡོངས་གྲུབ་བརྗོད་པའི་ཀུན་རྫོབ་ཏུ་བཞག་ཅིང་། དེ་གསུམ་གྱི་ཡོངས་གྲུབ་རགས་པ་མིན་ཀྱང་ཀུན་རྫོབ་བདེན་པའི་རང་ལྡོག་དོན་དམ་ལས་རགས་པས་རགས་པ་ཞེས་སྦྱར་དགོས་གསུངས། གསུམ་པ་ལ་གཉིས། མདོ་སྡེ་རྒྱན་ནས་བཤད་པའི་ཚུལ་ཞེས་པ་ནས་མ་འདྲེས་པར་བྱེད་པར་བྱའོ་ཞེས་པའི་བར་དུ། རང་དང་རང་གི་མཚན་ཉིད་དུ་ཞེས་སོགས་ཀྱིས་འདུས་བྱས་མ་འོངས་པ་ལྟོས་མེད་དང་། འདས་པ་རྣམས་སླར་ཡང་འབྱུང་བ་དང་། ད་ལྟ་བ་རྣམས་རང་གི་ངོ་བོར་དུས་སྐད་ཅིག་གཉིས་པར་གནས་པ་སྟེ། དུས་གསུམ་གྱི་ངོ་བོ་ཉིད་མེད་པ་གསུམ་དང་བྱིས་པས་ཞེན་པ་ལྟར་གྱི་གཙང་བདེ་རྟག་བདག་གི་ངོ་བོ་ཉིད་མེད་པ་དང་། ཀུན་བཏགས་ཀྱི་མཚན་ཉིད་གཞན་ཏེ། གཟུང་འཛིན་རྫས་གཞན་གྱི་ངོ་བོ་ཉིད་མེད་པ་སྟེ་འདི་ལ་བྱེ་བྲག་སྨྲ་བས། དང་བོར་སྐྱེས་ཟིན་པའི་བྱ་བ་དེའི་འོག་ཏུ་གནས་པའི་བྱ་བ། དེའི་འོག་ཏུ་འཇིགས་པའི་བྱ་བ་འཇུག་པར་འདོད་པ་སོགས་ཡོད་ཀྱང་ལྔ་བོ་འདིའི་ཕལ་ཆེར་ཉན་ཐོས་སྡེ་གཉིས་དང་ཐུན་མོང་བ་ཡིན་པས་དེ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པར་བཤད་དོ། ། གལ་ཏེ་དགོངས་འགྲེལ་ལས་ཞེས་སོགས་ཀྱིས་སྒྱུ་མའི་སྤྲུལ་གཞིའི་ཤིང་སོགས་སྔགས་རྫས་ཀྱིས་བསླད་ནས་རྟ་གླང་སོགས་མེད་བཞིན་དུ་དེར་སྣང་བ་དང་། གཞན་དབང་གཟུང་འཛིན་རྫས་གཞན་གྱི་འཁྲུལ་ཤེས་ཀྱིས་བསླད་ནས་རྫས་གཞན་དུ་མེད་བཞིན་དུ་དེར་སྣང་བ་གཉིས་དཔེ་དོན་སྦྱར་བ་སྟེ། གོང་དུ་དཔེའི་སྐབས་སུ་གཞན་ཡང་སྒྱུ་མ་དང་འདྲ་ཚུལ་འོག་ཏུ་འཆད་ཅེས་པ་ནི་སྐབས་འདིར་ཡིན་གསུངས། གཉིས་པ་ནི་དབུས་མཐའ་ལས་ཞེས་པ་ནས་མ་བྲིས་སོ་ཞེས་པའི་བར་དུ་ཡང་དག་མ་ཡིན་པའི་ཀུན་རྟོག་གཞན་དབང་རང་མཚན་གྱིས་ཡོད་ཀྱང་དེ་གཉིས་པོ་སྟེ་ཕྱི་དོན་གྱིས་སྟོང་བར་བཤད་པ་ལ། དེ་རང་མཚན་གྱིས་མ་གྲུབ་པ་སྟོང་ཉིད་མིན་ན་དེ་ལ་སྟོང་ཉིད་མེད་པར་འགྱུར་རོ་ཞེ་ན། ཕྱི་དོན་མེད་པའི་སྟོང་ཉིད་དེ་གཞན་དབང་འདི་ལ་གནས་ལུགས་མཐར་ཐུག་ཏུ་ཡོད་ཅེས་བསྟན་ནོ། །དེ་འདྲའི་སྟོང་ཉིད་རང་ཆས་སུ་ཡོད་ན་ཐམས་ཅད་ཀྱི་མི་མཐོང་བ་ཅི་ཞེ་ན། སྟོང་ཉིད་དེ་ལ་སྒྲིབ་བྱེད་ཀྱི་ཀུན་རྟོག་གཞན་དབང་ཡོད་དོ་ཞེས་བསྟན་ནོ། །གཞན་དབང་དེ་ཡོངས་གྲུབ་ཀྱིས་སྟོང་བ་མ་ཡིན་ཞིང་ཀུན་བཏགས་ཀྱིས་མི་སྟོང་བ་མ་ཡིན་པ་དེས་ན་ཆོས་ཐམས་ཅད་བཤད་དོ། །གཞན་དབང་ཡོད་ཀྱང་གཉིས་པོ་མེད་པའི་ཚུལ་གྱིས་སྟོང་ཉིད་ཡོད་དེ་དེ་ནི་དབུ་མའི་ལམ་ཡིན་ནོ་ཞེས་བཤད་དགོས། རྐང་བ་དང་བོས་གཞན་དབང་རང་མཚན་གྱིས་ཡོད་པར་བསྟན་ནས་འཁོར་ལོ་དང་བོའི་དགོངས་གཞི་དང་། བར་བའི་དངོས་ལ་གནོད་བྱེད་བསྟན་ཅིང་། རྐང་བ་གཉིས་པས་དེ་ལ་ཕྱི་དོན་མེད་པར་བཤད་ནས་བར་བའི་དགོངས་གཞི་དང་དང་བོའི་ངོས་ལ་གནོད་བྱེད་བསྟན་གསུངས་པ་འདྲ་ཞིག་ཐོས་གང་ན་གང་མེད་པ་འདི་ནི་དེས་སྟོང་ཞིང་ལྷག་མ་གང་ཡིན་པ་ནི་ཡོད་པ་ཡིན་ལ་ཞེས་པ་དང་། གཞུང་འདི་གཉིས་དོན་གཅིག་སྟེ། གང་ན་ཞེས་པ་དང་། ཡང་དག་མ་ཡིན་ཀུན་རྟོག་ཅེས་པ་དོན་འདྲ། གང་མེད་པ་དེ་ནི་དེས་སྟོང་བ་དང་། དེ་ལ་གཉིས་པོ་ཡོད་པ་མ་ཡིན་ཞེས་པ་འདྲ་། ཀུན་རྟོག་ཡོད་ཅེས་པ་དང་། འདི་ལ་ཡོད་ཅེས་པ་དང་། ལྷག་མ་གང་ཡིན་པ་ཡོད་ཅེས་པ་དོན་འདྲ་བ་གོ་དགོས་གསུངས། གཉིས་པ་ལ་གཉིས་ཞེས་པ་ནས། རྩོད་པ་ལྷག་མའི་ལན་ནི་འཆད་པར་འགྱུར་རོ་ཞེས་པའི་བར་དུ་རྣམ་རིག་པའི་ལུགས་ཀྱི་རིགས་པའི་དགག་བྱ་ལ་སྒྲོ་སྐུར་གཉིས་དང་། སྒྲོ་འདོགས་ལ་ཡང་གཉིས་ཡོད་པས་སྐབས་འདིའི་རིགས་པའི་དགག་བྱའི་གཙོ་བོ་ནི་གྲུབ་མཐས་བཏགས་པ་ལ་མ་ལྟོས་པར་རང་ཤུགས་ཀྱིས་འཛིན་པའི་ལྷན་སྐྱེས་དེ་ཡིན་ནོ། །གལ་ཏེ་ཞེས་དོགས་པ་བསུས་ནས་གཟུགས་སོགས་མིང་བརྡའི་ཡུལ་དུ་རང་མཚན་གྱིས་གྲུབ་པ་འགོག་པ་ན་དེ་བརྗོད་བྱེད་ཀྱི་དངོས་ཡུལ་ཡིན་པ་འགོག་ན། བརྗོད་བྱ་བརྗོད་བྱེད་སྒྲ་སྤྱི་དོན་སྤྱི་རྣམས་ཉན་ཐོས་སྡེ་བས་དངོས་མེད་དུ་གྲུབ་ཟིན་པས་སྒྲུབ་ཀྱང་མི་དགོས་ལ། གྲུབ་ཀྱང་ཆོས་ཀྱི་བདག་འཛིན་ལ་ཅི་ཡང་མི་གནོད་པས་དགོངས་འགྲེལ་ལས་དེ་ཤེས་སྒྲིབ་དག་བྱེད་དུ་བཤད་པ་དང་འགལ་དགོས་སོ། ། ཞེན་ཡུལ་གྱི་སྟེང་ནས་འགོག་པ་ལ་གཞི་ལྡོག་གཟུགས་སོགས་རང་མཚན་གྱིས་གྲུབ་པ་འགོག་ན། གཞན་དབང་དེར་གྲུབ་པ་བཀག་པར་འགྱུར་ལ། རང་ལྡོག་དངོས་མེད་དུ་མདོ་སྡེ་བས་གྲུབ་ཟིན་པས་སྒྲུབས་མི་དགོས་སོ་ཞེས་སོགས་ཀྱིས་དོགས་པ་འགོད་པར་མཛད་པ་ཡིན། འདིར་བརྗོད་བྱེད་དངོས་མེད་དུ་མདོ་སྡེ་བས་གྲུབ་ཟིན་ཞེས་པ་བརྗོད་བྱེད་དངོས་པོ་ཡིན་འདུག་ཀྱང་བརྗོད་བྱ་བརྗོད་བྱེད་ཀྱི་ཆ་ལ་བྱེད། སྒྲ་སྤྱི་དང་དོན་སྤྱི་ལ་ད་ལྟ་ངག་རྒྱུན་དུ་བུམ་པ་ཞེས་བརྗོད་པའི་སྒྲས་བུམ་པ་བརྗོད་པའི་ཆ་བུམ་པའི་སྒྲ་སྤྱི་ཟེར་ཡང་། ཁོ་བོས་བསམ་པ་ལྟར་ན། བུམ་པ་སྒྲ་སྤྱི་ཙམ་གྱིས་འཛིན་པའི་རྟོག་པ་ལ་བུམ་པ་ཞེས་བརྗོད་པའི་སྒྲ་མ་ཡིན་པ་ལས་ལོག་པར་སྣང་བ་བུམ་པའི་སྒྲ་སྤྱི་བྱས་ན་བློ་ངོར་བདེ་གསུངས། འགའ་ཞིག་གིས་བུམ་པ་ཞེས་བརྗོད་པའི་སྒྲ་འཛིན་པའི་རྟོག་པ་གསུངས་ཟེར་བ་དང་། འགའ་ཞིག་གིས་བུམ་པ་ཞེས་བརྗོད་པའི་སྒྲ་སྣང་བ་གསུངས་ཟེར་བ་སོགས་གོ་ཚུལ་མི་འདྲ་བ་མང་བོ་བྱུང་། ལན་ལ་བཤད་པར་བྱ་སྟེ་ཞེས་དམ་བཅས་ནས། བྱང་ས་ལས་ལུང་གིས་བཀག་པས་འགོག་ཡུལ་རང་སྡེ་དང་། དེའི་ནང་ནས་ཀྱང་ཆོས་ཐམས་ཅད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་གནས་ཚོད་ཀྱིས་གྲུབ་པར་འདོད་པའི་ཉན་ཐོས་སྡེ་བའོ། །འགོག་ཚུལ་ནི་ཐོག་མར་ལྷན་སྐྱེས་ངོས་འཛིན་བསྡུ་བའི་ལུང་འདི་ཡིན་ཞིང་། བརྗོད་པར་བྱ་བའི་དངོས་པོ་ལ་རྒྱུ་ལྔས་ཞེས་པ་འོག་ཏུ་ཡང་འབྱུང་སྟེ་རྒྱུ་མཚན་ལྔའོ། ། དེ་ཡང་སྔོན་པོ་སོགས་ལ་ཐོག་མེད་ནས་འདི་སྔོན་པོའོ་ཞེས་སོགས་ངོ་བོ་དང་ཁྱད་པར་ཐ་སྙད་རྟོག་པས་ལན་མང་དུ་བྱས་པ་གོམས་པས་བཞག་པའི་བག་ཆགས་དེ་ལ་མངོན་བརྗོད་ཀྱི་བག་ཆགས་ཟེར་ཞིང་རྣམ་རིག་པའི་སྐབས་འདིར་བརྡའ་ལ་བྱང་མ་བྱང་གང་གིས་ཀྱང་སྔོན་པོ་ལྟ་བུ་ལ་ཡིད་གཏད་པའི་ཚུལ་གྱིས་མཐོང་བ་ན། མངོན་བརྗོད་ཀྱི་བག་ཆགས་དེའི་དབང་གིས་འདི་སྔོན་པོའོ། །འདི་སྔོན་པོའི་སྐྱེ་བའོ་ཞེས་སོགས་ཀྱི་འཇུག་གཞིར་རང་མཚན་གྱིས་གྲུབ་པར་སྣང་བའི་སྣང་ཚུལ་ཡོད་དོ། །དེའི་རྟགས་གང་ཞེ་ན། མིག་ཤེས་དེའི་ཡུལ་གྱི་སྔོན་པོ་ལ་ཞེན་ནས་འདི་སྔོན་པོའོ་ཞེས་ཐ་སྙད་འདོགས་པའི་རྟོག་པ་མིག་ཤེས་དེའི་རང་སྟོབས་ཀྱིས་འདྲེན་པ་དང་། དེ་འདྲ་བའི་བྱིས་པ་དེ་ལ་སྔོན་པོ་ཞེས་པའི་དོན་གྱི་ངོ་བོ་ཉིད་གང་ཡིན་དྲིས་ན། མིག་ཤེས་ལ་སྒྲ་རྟོག་དང་བག་ཆགས་ཀྱི་དབང་གིས་ཤར་ཙམ་མ་ཡིན་པར་རང་ངོས་ནས་ཚུར་རྣམ་པ་གཏད་པ་ལྟ་བུར་སྣང་བའི་སྔོན་པོ་དྲན་ལམ་ན་འདུག་པ་དེ་ཞེ་ལ་བཞག་ནས་སམ་དེ་ལ་ཞེན་ནས་དེའི་ངོ་བོ་ཉིད་སྔོན་པོ་ཡིན་ནོ་ཞེས་ལན་འདེབས་ཀྱི་བག་ཆགས་ཀྱི་དབང་གིས་ཤར་ཙམ་མམ་སྔོན་པོ་ཞེས་མིང་དུ་བཏགས་པ་ཙམ་ཞིག་དེའི་ངོ་བོ་ཉིད་ཡིན་ནོ་ཞེས་ལན་མི་འདེབས་པ་སྟེ་གཉིས་པོ་དེ་དེའི་རྟགས་ཡིན་ནོ། ། དབང་ཤེས་ལ་ཡུལ་གང་ནང་གི་བག་ཆགས་ཀྱིས་མ་ཡིན་པར་ཡུལ་རང་ངོས་ནས་ཚུར་རྣམ་པ་གཏད་པ་ལྟ་བུར་སྣང་བ་ནི་ཡུལ་དེ་རྒྱངས་ཆད་དུ་སྣང་ཚུལ་དང་། ཡུལ་གྱི་ངོས་ནས་གྲུབ་པ་དེ་ལྟར་འཛིན་པ་ནི་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་འཛིན་ཚུལ་ཡིན་ལ་དེ་བྱིས་པ་རྣམས་ལ་སྣང་བ་དེ་ལྟར་འཐད་པར་དོན་སྨྲ་གཉིས་ཀྱིས་ཁས་ལེན་ནོ། ། དབང་ཤེས་ལ་ཡུལ་གྱི་ངོས་ནས་ཚུར་རྒྱངས་ཆད་དུ་སྣང་པ་དེ་ལ་དམིགས་ནས་རྟོག་པས་རང་མཚན་གྱིས་གྲུབ་པར་ཞེན་པས་རང་མཚན་གྱིས་ཞེན་ཚུལ་དང་སྣང་ཚུལ་ཡང་དེ་ཡིན་ལ། དེ་ལྟར་ཞེན་པའི་སྒོ་ནས་ཡང་ཡང་གོམས་པ་དེ་ལ་མངོན་བརྗོད་ཀྱི་བག་ཆགས་གསོ་བ་ཟེར་བས། དེས་ན་སྔོན་པོ་སྔོ་འཛིན་མིག་ཤེས་ཀྱི་ཡུལ་ལ་འཇོག་ཀྱང་སྔོ་འཛིན་རྟོག་པའི་ཞེན་གཞིར་ནི། མདོ་སྡེ་བས་ཞེན་གཞིར་དང་ཞེན་ས་དང་། འཁྲུལ་ས་སོགས་རྣམ་འགྲེལ་ལྟར་དང་། འདིར་སྔོན་པོ་སྤྱི་ཙམ་གྱིས་ཧ་ལས་ལས་བྱེད་རྒྱུ་མ་ཡིན་པར་རྟོག་པས་འདི་སྔོན་པོའོ་ཞེས་བརྡའ་མ་སྦྱར་གོང་དེ་མ་ཐག་གི་དབང་ཤེས་ཀྱི་ཡུལ་གྱི་སྔོན་པོ་ཞེས་མིག་ཤེས་དང་སྦྲེལ་ནས་བཞག་ན་སྙམ་དེ་ལྟར་བཞག་ན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་ཁེགས་ན་དབང་ཤེས་ལ་རྫས་གཞན་དུ་སྣང་བ་ཁེགས་སླ་གསུང་ང་འདྲ་ཞིག་འཆར་འདི་གོ་དཀའ་བ་ཞིག་འདུག  འདི་སྐོར་ལ་ཡིག་ཆ་གང་ནའང་སྟོང་ཐུན་ལས་རྒྱས་པོ་མི་འདུག་པས་ཞིབ་ཏུ་ཤེས་པར་འདོད་ན་སྟོང་ཐུན་ལ་བལྟ་དགོས་གསུངས་པ་དེ་ཙམ་ཟིན། གཉིས་པ་ལ་གཉིས་ཞེས་པ་ནས། བློ་གྲོས་ཅན་རྣམས་ལ་དཔྱོད་པའི་སྒོ་ཙམ་ཞིག་བསྟན་ནོ་ཞེས་པའི་བར་དུ་། དགོངས་འགྲེལ་ལས་གསལ་བར་མ་གསུངས་པའི་རིགས་པ་གསལ་བར་བྱ་བའི་ཕྱིར་དུ་བྱང་ས་དང་བསྡུ་བ་དང་ཐེག་བསྡུས་ལས་རིགས་པ་གསུམ་གསུམ་གསུངས་པ་ལས་གསུམ་ཚན་དང་བོ་གཉིས་དཀའ་འགྲེལ་དུ་གསལ་བར་བཤད་ཡོད་པས་འདིར་ཐ་མ་བཤད་ན་ལྟོ་ལྡིར་བ་ཆོས་ཅན། ཁྱོད་ལ་བུམ་པའི་མིང་མ་བཏགས་པའི་སྔ་རོལ་ནས་རྟོག་པ་ལ་བུམ་པའོ་སྙམ་པའི་བློ་སྐྱེ་པར་ཐལ། ཁྱོད་བུམ་པ་ཞེས་པའི་མིང་འཇུག་གཞིར་གནས་ཚོད་ཀྱིས་གྲུབ་པའི་ཕྱིར། ཞེས་སྟོན་པར་ཐེག་བསྡུས་ལས་མིང་གི་སྔ་རོལ་བློ་མེད་ཕྱིར། བདག་ཉིད་འགལ་བས་འགྲུབ་པར་འགྱུར། །ཞེས་བྱུང་། བརྒྱ་བྱིན་ཆོས་ཅན། དུ་མ་ཡིན་པར་ཐལ། ཁྱོད་རི་འཇོམས་གྲོང་འཇོམས་སོགས་མིང་དུ་མའི་འཇུག་གཞིར་གནས་ཚོད་ཀྱིས་གྲུབ་པའི་ཕྱིར། ཞེས་སྟོན་པར་་་་་་་་་་མང་བའི་ཕྱིར། བདག་མང་འགལ་བས་འགྲུབ་པར་འགྱུར། ཞེས་བྱུང་། ཤར་ནུབ་ཀྱི་ཉེ་སྦས་གཉིས་ཆོས་ཅན། གཅིག་ཡིན་པར་ཐལ། ཁྱོད་གཉིས་མིང་གཅིག་གི་འཇུག་གཞིར་གནས་ཚོད་ཀྱིས་གྲུབ་པའི་ཕྱིར། ཞེས་སྟོན་པར། མ་ངེས་ཕྱིར། བདག་འདྲེས་འགལ་བས་འགྲུབ་པར་འགྱུར། ཞེས་བྱུང་།  འདི་གསུམ་ལ་བདག་ཉིད་འགལ་བའི་རིགས་པ། བདག་མང་འགལ་བའི་རིགས་པ། བདག་འདྲེས་འགལ་བའི་རིགས་པ་ཟེར།  རིགས་པ་འདི་དག་ལ་དོན་སྨྲས་ལྟོ་ལྡིར་བ་བུམ་པ་ཞེས་བརྗོད་པའི་སྒྲའི་འཇུག་གཞིར་གནས་ཚོད་ཀྱིས་གྲུབ་ཀྱང་། བུམ་སྒྲའི་དངོས་ཡུལ་ལྟོ་ལྡིར་བར་མ་གྲུབ་པས་སྐྱོན་མེད་ཟེར། རྩོད་པ་ལྷག་མའི་ལན་ནི་འོག་ཏུ་འཆད་པར་འགྱུར་བ་ནི། རིགས་པ་འདི་དག་གིས་རྣམ་པར་རིག་པ་ཙམ་ལ་ཇི་ལྟར་འཇུག་སྙམ་ནས་སེམས་ཀྱིས་འཆད་ལ། འདིའི་རྣམ་རིག་ཙམ་ནི་རྟོག་བྲལ་གྱི་ཤེས་པ་ལ་བྱེད། དེ་ཡང་ཡིད་ཤེས་རྟོག་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་དང་། རྟོག་མེད་དབང་ཤེས་ལ་ལྟོས་པའི་གཟུང་རྫས་གཞན་ཁེགས་པ་གཉིས་ལ་ཕྲ་རགས་མེད་ཀྱང་། རྟོགས་དཀའ་སླའི་ཁྱད་པར་ཡོད་པར་གསུངས་པ་འདི་སྣང་ཚུལ་གཉིས་འདྲ་ལ་ཕྱི་མའི་འཛིན་ཚུལ་སྔ་མ་ལ་ཚང་བ་སོགས་ཤིན་ཏུ་ཕྲ་བས་གོ་དཀའ་བ་ཅིག་འདུག་ཀྱང་། རྟོག་བའི་ཞེན་ཚུལ་དང་། དབང་ཤེས་ཀྱི་སྣང་ཚུལ་གཉིས་ལས། དབང་ཤེས་ཀྱི་སྣང་ཚུལ་ངོས་ཟིན་དཀའ་བས་ཡིན་པར་འདུག་ཅིང་། རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་ཁེགས་པ་ན། རང་མཚན་སྣང་བའི་དབང་ཤེས་འཁྲུལ་ཤེས་སུ་ངེས་ཤིང་། དེ་ལས་གཟུང་འཛིན་གཉིས་མེད་པའི་རྣམ་རིག་ཙམ་ལ་འཇུག་པར་འགྱུར་བ་ཡིན་གསུངས་པ་དེ་འདྲ་ཐོས། འདི་དག་ལ་གསུང་བཤད་ཕྲ་ཞིང་ཞིབ་རྒྱས་སུ་སྩལ་མོད་ཀྱང་། གཞུང་གི་གོ་རྒྱུ་ཆུང་བ་དང་ཤེས་རབ་ཞན་པའི་རྐྱེན་གྱིས་དེ་ཙམ་ལས་མ་ཟིན། རང་རེའི་ཡིག་ཆ་ལྟར་ན། མཉམ་གཞག་པའི་རྒྱུད་ན་ཀུན་རྫོབ་རྣམ་ཅན་གྱི་ཤེས་པ་ཡོད་པས། གཉིས་སྣང་ནུབ་པའི་གང་ཟག་མི་སྲིད་ཟེར་དགོས། དེས་ན་གཉིས་སྣང་ནུབ་པའི་རང་རིག་ལ་སོགས་པ་ཞེས་པའི་སོགས་སྒྲས་མཉམ་བཞག་ཡེ་ཤེས་བསྡུ་དགོས།  ཀུན་བཏགས་ལ་སྤྱི་མཚན་དང་ནམ་མཁའ་ལ་སོགས་པ་དུ་མ་ཞིག་ཡོད་ཀྱང་། དགོངས་འགྲེལ་ལས་མ་གསུངས་པ་ནི་ཀུན་བཏགས་གང་གིས་སྟོང་པ་ཡོངས་གྲུབ་ཏུ་འཇོག་པའི་སྐབས་སུ་དེ་དག་མི་མཁོ་བས་སོ་ཞེས་པ་འདི་མདོར་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པའི་མེད་རྒྱུ་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཀུན་བཏགས་ལ་བཤད་པ་དང་འགྲིག་པར་འདུག ཕྱི་དོན་འགོག་པའི་རིགས་པ་རྣམས་རང་རེའི་ཡིག་ཆར་ཉི་མ་འཆར་འཆར་བྱས་ཡོད་པས་བཤད་མི་དགོས་གསུངས། གཉིས་པ་ནི་དགོངས་འགྲེལ་ལས་ཞེས་པ་ནས། གྲགས་པ་ལྟར་ཡིན་ནོ་ཞེས་པའི་བར་དུ། འདིར་ཉན་རང་བྱང་སེམས་གསུམ་ཀས་སྟོང་ཉིད་རྟོགས་པར་བཞེད་པས་རྣམ་དག་གི་ལམ་དང་། རྣམ་པར་དག་པ་སྟེ་ཉོན་མོངས་སྤངས་པའི་ཐར་བ་ཙམ་ལ་ཁྱད་པར་མེད་དོ། །ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཐེག་པ་ཐམས་ཅད་ལ་ཞུགས་པའི་ཆེད་དུ་གསུངས་པའི་དོན་ནི་དེའོ་ཞེས་པ་འདིས་ཀྱང་ཐེག་པ་ཐམས་ཅད་ལ་ཞུགས་པ་ཞེས་པའི་ཐེག་པ་ནི་བརྗོད་བྱེད་ཚིག་གི་ཐེག་པ་ལ་གསལ་བར་བཤད་འདུག་གསུངས། གསུམ་པ་ནི་དངོས་པོའི་དེ་ཁོ་ན་ཉིད་ཀྱང་ཞེས་པ་ནས། དབུ་མའི་སྐབས་སུ་བཤད་པར་བྱའོ་ཞེས་པའི་བར་དུ་འཁོར་ལོ་དང་བོར་ཕྱི་དོན་ཡོད་པར་སྟོན་པའི་དགོངས་གཞི་ནི། ཉི་ཤུ་བ་ལས། རང་གི་ས་བོན་གང་ལས་སུ་ཞེས་སོགས་ཀྱིས་བསྟན་ཞིང་། དགོས་པ་ནི། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི་ཞེས་སོགས་ཀྱི་བསྟན་ལ། རྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན་ཞེས་པས། ལས་འབྲས་མྱོང་བ་བོའི་གང་ཟག་མེད་པར་ལྟ་བའི་དོན་དུ་བར་སྲིད་ཀྱི་དུས་སུ་གང་ཟག་གི་རིགས་རྒྱུན་མི་འཆད་པ་ལ་དགོངས་ནས་རྫུས་སྐྱེས་ཀྱི་སེམས་ཅན་ཚིག་ལ་ཐོན་ཏེ་བཤད་པ་དཔེར་བྱས་པ་ཡིན་གསུངས་པ་འདྲ་ཞིག་ཐོས། སྤྱིར་འདིར་བསྟན་འཁོར་ལོ་དང་བོའི་དགོངས་གཞིར་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་ཡང་འཇོག་མོད། རང་འཛིན་རྟོག་པའི་ཞེན་གཞིར་ཐ་སྙད་དུ་ཡོད་པའང་བཞག་ཆོག  གཞན་དབང་དང་རྣམ་པར་བྱང་བ་བཞི་ཞེས་པ་སྐྱེ་བ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་ཡོངས་སུ་མྱ་ངན་འདས་པ་བཞི་ལ་བྱེད་དོ། ། སྔོ་སྣང་དབང་ཤེས་ལ་སྔོན་པོ་རྒྱངས་ཆད་དུ་སྣང་ཚུལ་དང་། སྔོན་འཛིན་རྟོག་པའི་ཞེན་གཞིར་སྔོན་པོ་རྒྱངས་ཆད་དུ་སྣང་བ་གཉིས་འདྲ་བས། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་འཁོར་ལོ་དང་བོ་དང་། ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་གཉིས་འདྲ་བ་ཡིན་ནམ། ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་བོ་ཟུར་དུ་མ་མཐོང་བས་ཁྱེད་རྣམས་ཀྱིས་རྩད་གཅོད་མཛད། གསུང་བཤད་གཞན་གྱི་ཚེ་ཕྱི་དོན་ཡོད་པར་སྟོན་པའི་འདིར་བསྟན་འཁོར་ལོ་དང་བོ་མེད་ཀྱང་དེའི་ཚིག་ལ་ཕྱི་དོན་ཡོད་པར་སྟོན་པ་ཡོད་གསུངས་ཟེར་བ་ཐོས། དྲང་དོན་དུ་འགྲེལ་ལུགས་ལ་སྒོ་མང་བོ་ཡོད་ཀྱང་ཞེས་པ་ནི། བདེན་གཉིས་བསྟན་ཚུལ་གྱིས་དྲང་ངེས་སུ་བཞག་པ་དང་། སྒྲ་ཇི་བཞིན་པ་ཡིན་མིན་གྱིས་དྲང་ངེས་སུ་བཞག་པ་སོགས་ལ་བྱེད། དང་བོར་ཝ་ར་ཎཱ་སིར་གང་ཟག་གི་བདག་མེད་གསུངས་ཤིང་ཕུང་བོ་ལ་སོགས་པའི་ཆོས་ལ་ཉུང་ཤས་ཤིག་མ་གཏོགས་པ་བདེན་པར་གྲུབ་པ་མ་བཀག་ཅིང་། བདེན་པར་ཡོད་པ་མང་དུ་གསུངས་པའི་སྐོར་གཅིག་གོ་ཅེས་པ་ནི། ཕུང་བོ་ལ་སོགས་པའི་ཆོས་ལ་སྟེ། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ལས་ཉུང་ཤས་མ་གཏོགས་ཏེ་འགྲེལ་རྐང་བདུན་ཙམ་གྱི་སྟེང་ནས། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་མ་བཀག་ཅིང་། འདུ་བྱས་རྣམས་ཀྱི་སྟེང་ནས་མང་དུ་གསུངས་ཞེས་པའི་དོན་ཡིན་གྱི་པཎ་ཆེན་བསོད་གྲགས་པས་འདིར་ཐལ་འགྱུར་བའི་ཤན་ཤོར་བ་ཡིན་བྱས་པ་དེ་ཟེར་ལུགས་མེད་པ་ཞིག་སྟེ། རྗེ་བླ་མས་མཁྱེན་བཞིན་དུ་ཤན་འཆོར་དོན་མེད་པས། མ་མཁྱེན་པར་ཤོར་བ་ཡིན་བྱས་ན་རྗེ་བླ་མའི་ལུགས་ལས་ཕྱི་རོལ་ཏུ་གྱུར་པའོ། །འདི་ལ་དགོངས་ནས་རང་རེའི་ཡིག་ཆར་ཡང་སྔ་མ་ནི་བླུན་པོ་སྙིང་ཁམས་ཅན་གྱི་ཚིག་དང་ཞེས་གསུངས་འདུག  ཤནྟི་པས།  ཤེར་ཕྱིན་མན་ངག་ཏུ་བྱམས་ཞུས་ཀྱི་ལེའུ་དང་། དགོངས་འགྲེལ་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག་མཐུན་པར་གསུངས་མོད་ཀྱང་། སྐུ་མཆེད་གཉིས་ཀྱི་དགོངས་པར་མ་སོན། འོན་ཀྱང་ཁྱད་པར་འབྱེད་དཀའ་བས། དཔྱད་གཞི་འགངས་ཆེ་སྟེ་དབུ་མའི་སྐབས་སུ་བཤད་པར་འགྱུར་གསུངས། དེས་རྣམ་རིག་པའི་སྐབས་ཀྱི་གསུང་བཤད་རགས་རིམ་ཙམ་སོང་ནས། དབུ་མའི་སྐབས་སུ། གཉིས་པ་བློ་གྲོས་མི་ཟད་པས་བསྟན་པ་ལ་བརྟེན་པའི་ཕྱོགས་ལ་ཞེས་པ་ནས། སྒྲ་ཇི་བཞིན་པ་ཡིན་ནོ་ཞེས་པའི་བར་དུ། ཡབ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། སྲས་ནི་འཕགས་པ་ལྷ་སྟེ། ངོ་བོ་ཉིད་མེད་པ་གསུམ་མདོར་བསྟན་མན་ཆད་ལ་ཡི་གེ་རེ་གཉིས་ཀྱི་འབྲུ་བསྣན་མང་དུ་མཛད་པ་རྣམས་རྩ་བ་དང་ལྷན་ཅིག་བཀོད་ན་གླེགས་བམ་ཆེར་དོགས་ཤིང་། གོང་དུ་ཟུར་ཙམ་སྨྲས་པ་དག་གིས་མཚོན་གཞན་ཡང་དྲན་པས་མ་ཟིན་པར་དཀའ་གནད་སོགས་ཀྱི་ཞིབ་ཆ་མ་ངེས་པའི་རིགས་མ་བྲིས་ཤིང་འཕྲོས་ནས་གསུངས་པ་དང་། སྙིང་བོར་དྲིལ་ནས་གསུངས་པ་རྣམས་ཕལ་ཆེར་ལེགས་པར་བཀོད་སྙམ་པས་གཞུང་ཉིད་དང་བསྡུར་ནས་གཟིགས་པར་ཞུ་ལགས། ཡབ་སྲས་དེ་གཉིས་ཀྱིས་དྲང་ངེས་འབྱེད་པའི་མདོའི་ཁུངས་དངོས་སུ་སྨོས་ནས་དྲང་ངེས་ཕྱེས་མེད་ཀྱང་། ངེས་དོན་གྱི་མདོའི་དོན་བཤད་ཚུལ་ལ་བརྟགས་ན་བློ་གྲོས་མི་ཟད་པའི་མདོ་ལ་བརྟེན་པར་འདུག་པས་དོན་གྱིས་དེ་ལྟར་བཤད་པ་ཡོད་ཅིང་། དཔལ་ལྡན་ཟླ་གྲགས་ཀྱི་ཚིག་གསལ་དང་། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེར་སྒྲོན་འགྲེལ་བཤད་དང་། ཀཱ་མ་ལ་ཤཱི་ལའི་དབུ་མ་སྣང་བ་རྣམས་ལས་བློ་གྲོས་མི་ཟད་པའི་མདོ་དངོས་སུ་ཁུངས་མཛད་ནས་གསུངས་པས་དྲང་ངེས་འབྱེད་ཚུལ་གྱི་སྐབས་འདིར་ཡང་དེ་ཁུངས་སུ་བྱེད་དོ་ཞེས་དྲང་ངེས་འབྱེད་པའི་མདོའི་ཁུངས་ངོས་བཟུང་ནས་དྲང་ངེས་འཇོག་ལུགས་ནི། ངེས་པའི་དོན་གྱི་མདོ་སྡེ་ནི་གང་ཡིན་ཞེས་སོགས་དྲིས་ལན་དང་བོ་གཉིས་ཀྱིས་བརྗོད་བྱའི་སྒོ་ནས་དྲང་ངེས་གཉིས་བཞག་པ་སོགས་ཚིག་ཟིན་ལྟར་དང་། བལྟ་དཀའ་བ་རྟོགས་པར་དཀའ་བ་གཉིས་དོན་འདྲ་མོ་ཡོད་ཀྱང་ཟློས་སྐྱོན་སྤོང་ཆེད་དུ་ཐོས་བས་བལྟ་དཀའ་བ། སྒོམ་བྱུང་གིས་རྟོགས་དཀའ་བ་ཞེས་སྦྱར་དགོས། སྤྱིར་སྲོག་ནི་སྲོག་དབང་ལ་བྱེད་ཀྱང་། འདིར་སྲོག་དང་གསོ་བ་ཞེས་པའི་སྲོག་ནི་གང་ཟག་ལ་བྱ་སྟེ། སེམས་ཅན་དང་སྲོག་དང་ཤེད་ལས་སྐྱེས་དང་ཤེད་བུ་སོགས་བསྐལ་བ་དང་བོའི་དུས་སུ་བཏགས་པར་མངོན་པ་ལས་བཤད་པ་ལྟར་རོ། ། དྲང་དོན་གྱི་མདོ་སྡེ་གདུལ་བྱ་ཁ་དྲང་བའི་ཕྱིར་དུ་གསུངས་པ་ཡིན་ཀྱང་། དྲང་དོན་ཞེས་པའི་ཚིག་ཟུར་གྱི་དྲང་བ་ནི་ཁ་དྲང་བ་ལ་མི་བྱེད་པར་དོན་དྲང་བ་ལ་བྱེད་ལ། དེ་ལ་གཉིས་ལས། ཕ་དང་མ་ནི་བསད་བྱ་ཞིང་ཞེས་པ་དངོས་ཟིན་གྱི་དོན་ཕ་མ་ལས་གཞན་དུ་སྲིད་སྲེད་གཉིས་ལ་གོ་དགོས་པ་དང་། དེར་དྲང་དགོས་པ་ལྟ་བུ་ཚུལ་གཅིག་དང་། ལས་དགེ་བ་ལས་བདེ་བ་འབྱུང་བ་དང་མི་དགེ་བ་ལས་སྡུག་བསྔལ་འབྱུང་བར་སྟོན་པའི་མདོ་སྒྲ་ཇི་བཞིན་པ་ཡིན་ཀྱང་། དེའི་དངོས་ཟིན་དེ་ཁོ་ན་ཉིད་ལ་མ་ཐུག་པས་དེ་ཁོ་ན་ཉིད་དུ་དྲང་དགོས་པ་ལྟ་བུ་ཚུལ་གཅིག་གོ རང་རེའི་ཡིག་ཆར་ཕ་མ་བསད་བྱ་ཡིན་པ་མདོའི་སྒྲས་ཟིན་ཙམ་ཡང་མིན་གསུངས་པ་དང་། འདིར་ཡང་དངོས་ཟིན་གྱི་དོན་ཕ་མ་ལས་གཞན་དུ་ལས་ཀྱི་སྲིད་པ་དང་སྲེད་པ་ལ་དྲང་དགོས་པ་ལྟ་བུ་ཞེས་གསུངས་འདུག་པ་འདི་ལ་དཔྱད་རྒྱུ་ཆེ་སྟེ། དེ་དེའི་སྒྲས་ཟིན་ཙམ་ཡང་མིན་ན་དེའི་སྒྲས་ཟིན་ལ་གནོད་བྱེད་མེད་དགོས་པས་དེ་སྒྲས་ཟིན་སྒྲ་ཇི་བཞིན་པར་འགྱུར་རོ། །དངོས་ཟིན་ལ་ཚད་མས་གནོད་པ་མི་འབབ་ཅིང་སྒྲུབ་བྱེད་ཡོད་པ་ལ་ངེས་དོན་དང་། ཚད་མས་གནོད་པ་འབབ་པ་ལ་དྲང་དོན་དུ་བྱེད་ན་དབུ་མ་སྣང་བར་ཚད་མ་དང་བཅས་པ་ཙམ་སྨོས་པས་ཆོག་ཀྱང་། དངོས་ཟིན་ཡོད་ཙམ་གྱིས་མི་ཆོག་པས་དོན་དམ་པའི་དབང་དུ་མཛད་པ་ཞེས་དོན་དམ་སྟོན་པ་དགོས་པར་གསུངས་སོ། ། དེས་ན་དངོས་པོ་རྣམས་བདེན་གྲུབ་ཀྱི་སྐྱེ་མེད་བཤད་པའི་མདོ་ནི་དངོས་ཟིན་ཚད་མ་དང་ཡང་ལྡན་ལ། དེ་ཁོ་ན་ཉིད་ལ་ཡང་ཐུག་པས་འདྲེན་ཚུལ་གཉིས་གང་གིས་ཀྱང་དྲང་མི་ནུས་པའི་ངེས་དོན་ནོ། །རྣམ་རིག་པ་ལྟར་དོན་གཞན་དུ་དྲང་དགོས་མི་དགོས་ཀྱི་དབང་དུ་བྱས་ནས་དྲང་ངེས་འཇོག་པ་ན། གསུང་རབ་སྟེ་བསྟན་ཆོས་ཉིད་དྲང་ངེས་ཀྱི་མཚན་གཞིར་གཟུང་ལ། དབུ་མ་བ་ལྟར་གཞན་དུ་དྲང་དགོས་མི་དགོས་ཀྱི་དོན་ལ་དྲང་ངེས་འཇོག་པ་ན་བདེན་པ་གཉིས་དྲང་ངེས་སུ་འཇོག་དགོས་གསུངས། གཉིས་པ་ལ་གཉིས་ཞེས་པ་ནས་ཁོང་དུ་ཆུད་པར་བྱའོ་ཞེས་པའི་བར་དུ་རྣམ་རིག་བས་རྟེན་འབྱུང་གི་དོན་བདེན་གྲུབ་དང་། དབུ་མ་བས་བདེན་མེད་ལ་འཇོག་པས། རང་མཚན་གྱིས་མེད་པར་ལྟ་བ་མཚན་ཉིད་གསུམ་ལ་སྐུར་འདེབས་སུ་དགོངས་འགྲེལ་ལས་བཤད་པ་ནི་བློ་མཆོག་སྟེ་སྟོང་བ་རྟེན་འབྱུང་གི་དོན་དུ་འཆར་བའི་བློ་དང་མི་ལྡན་པའི་གདུལ་བྱ་སེམས་ཙམ་པ་ལྟ་བུའི་བསམ་པའི་དབང་གིས་ཡིན།  མདོ་ལས་ཀུན་བཏུས་པ་ལས་ཆོས་ཟབ་མོ་གང་ཡིན་ཞེས་པའི་ལན་དུ་ཟབ་མདོ་རྣམས་དྲངས་ཞེས་པ་འདི། ཡབ་སྲས་གཉིས་ཀའི་ཀུན་བཏུས་གཉིས་ཡོད་པ་ལས་ཀླུ་སྒྲུབ་ཀྱི་ཡིན། རིན་ཆེན་ཕྲེང་བའི་ལུང་འདིས། བྱིས་པ་ཀློག་སློབ་པའི་ཚེ་ཀ་ཁ་སོགས་ནས་རིམ་གྱིས་སློབ་པ་བཞིན་དུ་རྒྱལ་བས་གདུལ་བྱ་རིགས་ཅན་སོ་སོ་ལ་རང་རང་གི་བློས་ཆུམས་ཚོད་ཀྱི་ཆོས་སྟོན་པར་གསུངས་པ་ཡིན། རྟེན་འབྱུང་རང་བཞིན་མེད་པའི་དོན་དུ་ཤེས་པ་ན་ཆོས་ཁ་ཅིག་བདེན་ལ། ཁ་ཅིག་མི་བདེན་པའི་རྣམ་དབྱེ་མཛད་དགོས་པ་མེད་ལ། བདེན་མེད་ལ་བཅིངས་གྲོལ་ཏེ་བཅིངས་པ་འཁོར་བ་དང་། གྲོལ་བ་མྱང་འདས་ཀྱི་རྣམ་བཞག་འཇོག་མི་ཤེས་པ་དེ་སྲིད་དུ་དེ་འདྲའི་རྣམ་དབྱེ་མཛད་དགོས་པས། དགོངས་འགྲེལ་གྱི་དྲང་ངེས་ཕྱེ་བ་དེ་ནི་གདུལ་བྱ་ཤིན་ཏུ་མང་པོ་ཞིག་དབུ་མར་བཀྲི་བའི་ཐབས་མཁས་ཆེན་པོར་རྗེ་རང་གིས་མཁྱེན་ནས་ཐབས་མཁས་ཆེན་པོར་སྣང་ཞེས་གསུངས་པ་ཡིན་གསུངས། གཉིས་པ་ནི་དེ་ལྟར་རྒྱུ་དང་ཞེས་པ་ནས་མི་སྤྲོའོ་ཞེས་པའི་བར་དུ། རང་བཞིན་གྱིས་སྟོང་བ་རྟེན་འབྱུང་གི་དོན་དུ་གསུངས་པ་འདི་ཉིད་རང་གི་སྟོན་པ་སྟོན་པ་གཞན་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་བླ་ན་མེད་པ་ཡིན་ནོ་ཞེས་བཤད་ནས་དེའི་ཤེས་བྱེད་དུ་རྩ་ཤེས། རིགས་པ་དྲུག་ཅུ་བ། རྩོད་ཟློག   བསམ་གྱིས་མི་ཁྱབ་པར་བསྟོད་པ་རྣམས་ཀྱི་ལུང་འདྲེན་པར་མཛད་པ་ཡིན། དེའི་འོག་ཏུ་བདེན་གཉིས་གང་རུང་ལས་བརྩམས་ཏེ་མི་འཇུག་པའི་སྟོན་པའི་གསུང་རབ་མེད་པས། བདེན་གཉིས་ཀྱི་རྣམ་བཞག་མི་ཤེས་ན་བསྟན་པའི་དེ་ཁོ་ན་ཉིད་དེ་གནས་ཚུལ་མི་ཤེས་པས་ན་བདེན་གཉིས་ཀྱི་སྒོ་ནས་གསུང་རབ་འགྲེལ་ཚུལ་རྗེ་བདག་ཉིད་ཆེན་པོ་བདག་གིས་ལེགས་པར་བཤད་པར་གསུངས། དབུ་སེམས་གཉིས་དོན་དམ་བདེན་པ་དགག་བྱ་བཀག་ཙམ་གྱི་མེད་དགག་ཏུ་འཇོག་པར་མཐུན་ཀྱང་དེའི་དགག་བྱ་འཇོག་ཚུལ་མི་འདྲ་ལ། རྟེན་རྟེན་འབྲེལ་དང་བརྟེན་པ་ཆོས་ཉིད་གཉིས་ཐ་སྙད་ཤེས་ངོར་ཡན་གར་མི་རུང་ཡང་མཉམ་བཞག་ཟག་མེད་ཀྱི་ངོར་ཆོས་ཅན་མེད་ཀྱང་ཆོས་ཉིད་ཡོད་པ་མི་འགལ་བ་དང་། ཆོས་རྣམས་རང་གི་མཚན་ཉིད་ཀྱི་གནས་ཚུལ་ལ་ཇི་ལྟར་ཡོད་དཔྱོད་པའི་དོན་དམ་བདེན་གྲུབ་དེར་གཞན་དབང་ཡོངས་གྲུབ་གཉིས་གྲུབ་ན་གྲུབ་མཉམ་དང་། མ་གྲུབ་ན་མ་གྲུབ་མཉམ་དགོས་པར་ལུགས་སྔ་མ་སེམས་ཙམ་དང་། ལུགས་འདི་དབུ་མ་བས་ཀྱང་འདོད་དོ། །རིགས་པ་དྲུག་ཅུ་བ་ལས། མྱ་ངན་འདས་པ་བདེན་གཅིག་པུ་ཞེས་པའི་བདེན་པ་ནི་རང་མཚན་གྱི་བདེན་པ་ལ་མི་བྱེད་པར་མི་བསླུ་བ་ལ་བྱས་ནས་གཅིག་བུའི་སྒྲས་མྱང་འདས་དོན་དམ་གཅིག་པུ་བདེན་པ་སྟེ་མི་བསླུ་བ་དང། འདུས་རྣམས་རྫུན་པ་སྟེ་བསླུ་བར་གསུངས་པས། བསླུ་ལུགས་དང་མི་བསླུ་ལུགས་ནི་མྱང་འདས་དོན་དམ་རང་མངོན་སུམ་དུ་རྟོགས་པའི་ངོར་སྣང་ཚུལ་དང་གནས་ཚུལ་མཐུན་པས་ན་མི་བསླུ་བ་དང་། འདུས་བྱས་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ་དེར་གྲུབ་པར་སྣང་ཞིང་བྱིས་པ་རྣམས་དེའི་རྗེས་སུ་ཞུགས་ནས་ཕོངས་པར་འགྱུར་བས་ན་རྫུན་པའི་བསླུ་བ་ཡིན་ཏེ། འཇིག་རྟེན་ན་ཕན་འདོགས་པ་ལྟར་བཅོས་ནས་ཁ་བྲིད་དེ་མཇུག་ཏུ་གནོད་པ་བྱས་པ་ཡིན་ན་བསླུས་ཟེར་བ་ལྟར་རོ། །སྟོང་ཉིད་དང་བུམ་པ་གཉིས་རྟོག་པ་ལ་རང་མཚན་དུ་སྣང་བར་ཁྱད་པར་མེད་ཀྱང་སྣང་བྱེད་ཀྱི་བློ་གཙོ་ཆེ་ཆུང་གིས་སྟོང་ཉིད་རང་མཚན་དུ་སྣང་བ་མིན་ཟེར་དགོས། དེས་ན་རྗེ་བླ་མས་སྟོང་ཉིད་གཅིག་པུ་མི་བསླུ་བར་གསུངས་པ་ལ་སྟག་ཚང་བས། རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། ། རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། ། ཞེས་སྨོན་ལམ་བཏབ་པ་དང་འགལ་ཞེས་སྐྱོན་བརྗོད་མཛད་པ་ནི། ཁོང་མཁས་པ་ཆེན་པོ་ཡིན་ཀྱང་ལས་འབྲས་མི་བསླུ་བ་དང་མི་བསླུ་བའི་ཚད་མ་སོགས་ཡོད་ལ་དེ་དག་མི་བསླུ་བ་མིན་པའི་ཞིབ་ཆ་འདི་ཐུགས་ལ་མ་བདེ་བ་རེད་དོ། །   རྟེན་འབྲེལ་མི་འདོད་པའི་གཞན་སྡེ་རྣམས་དང་རྟེན་འབྲེལ་འདོད་ཀྱང་དེ་བདེན་གྲུབ་ཏུ་འདོད་པའི་རང་སྡེ་དག་ཀྱང་རྟག་ཆད་ཀྱི་གཡང་དུ་ལྷུང་བས། རྟག་ཆད་དང་བྲལ་བར་འདོད་ན་རྟེན་འབྱུང་རང་བཞིན་གྱིས་སྟོང་བ་ཁས་བླངས་དགོས་པས་ཚུལ་འདི་ཉིད་རྟག་ཆད་སྤོང་པའི་སྒོ་དང་འཇུག་ངོགས་དམ་པར་རིགས་པ་དྲུག་ཅུའི་ལུང་གིས་བསྒྲུབས་ཤིང་། འདིས་ཇོ་ནང་བས་ཆོས་རྣམས་རང་བཞིན་གྱིས་སྟོང་བ་ཆད་སྟོང་དུ་སྨྲས་བ་ཡང་ལེགས་པར་བཀག་གོ། དངོས་པོ་རྟག་པར་སྨྲ་བའི་གཞན་སྡེ་རྣམས་ཀྱིས་བདེན་གྲུབ་འདོད་པ་ནི་ཅུང་ཟད་སླ་ཡི། རང་གི་སྟོན་པའི་རྗེས་འབྲང་རྟེན་འབྲེལ་བདེན་གྲུབ་ཏུ་འདོད་པ་ཆེས་བཞད་གད་ཀྱི་གནས་ཏེ། ཁྱོད་ཀྱི་གསུང་གི་གཅེས་པའི་མཛོད། ། བརྟེན་ནས་འབྱུང་བར་ཁས་བླངས་ནས། ། སྟོང་ཉིད་ང་རོ་མི་བཟོད་པ། །འདི་ལ་ཁོ་བོ་ངོ་མཚར་གྱུར། །ཞེས་སོ། །རྟེན་འབྲེལ་རྟག་ཆད་དང་བྲལ་བ་འདི་ཤིན་ཏུ་རྟོགས་དཀའ་བས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་གཅིག་ཁོ་བོས་རྙེད། ། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པའི། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་གསུངས་ཀྱི། སྲོལ་ཕྱེ་བ་དང་བོ་སྟེ་སེམས་ཙམ་ལྟར་གྱི་དོན་དམ་དེ་དེ་ཙམ་མི་དཀའ་བས་དེ་འདྲ་གསུངས་དོན་མེད་དོ། །དེས་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཟབ་དོན་འགྲེལ་བའི་རིགས་པ་མང་དུ་གསུངས་པ་རྣམས་རྟེན་འབྱུང་སྟོང་བར་འཆར་བའི་ཡན་ལག་ཡིན་པས། དེའི་སྒོ་ནས་རྟེན་འབྱུང་སྟོང་བའི་དོན་དུ་འཆར་བ་ལ་འབད་དགོས་གསུངས། གཉིས་པ་ནི། སློབ་དཔོན་འདི་ཡི་ཞེས་པ་ནས། འོག་ཏུ་འཆད་པའོ། ། ཞེས་པའི་བར་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་འབྲང་གི་གཙོ་བོ་ཐུགས་སྲས་འཕགས་པ་ལྷས་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་བར་སློབ་དཔོན་གྱི་བཤད་སྲོལ་བཀྲལ་ཞིང་། སངས་རྒྱས་བསྐྱངས། ལེགས་ལྡན། ཟླ་གྲགས་སོགས་ཀྱིས་ཀྱང་ཨཱརྱ་དཱེ་བ་འདི་ ཀླུ་སྒྲུབ་དང་འདྲ་བར་ཁུངས་སུ་མཛད་པས། བོད་སྔ་མ་རྣམས་ཀྱིས་ཡབ་སྲས་གཉིས་ལ་གཞུང་ཕྱི་མོའི་དབུ་མ་དང་། གཞུང་གཉིས་ལ་ཕྱི་མོའི་གཞུང་གི་བརྡའ་སྦྱར་བ་འཐད་དོ། །དེས་ན་འདིའི་གཞུང་གི་བཤད་སྲོལ་ཟུར་དུ་བྱེད་མི་དགོས་པས། རྗེས་འབྲང་གཞན་གྱིས་འཕགས་པའི་དགོངས་པ་བཀྲལ་ཚུལ་བརྗོད་དགོས། རྗེས་འབྲང་ཡང་། སློབ་དཔོན་མཁས་པ་ཆེན་པོ་རྟ་དབྱངས་སམ་དཔའ་བོ་དང་། གསང་བ་འདུས་པའི་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་ཀླུའི་བྱང་ཆུབ་སོགས་ཀྱི་དབུ་མའི་བསྟན་བཅོས་བོད་དུ་མི་སྣང་བས། དེ་དག་ལས་གཞན་པའི་གཞུང་ཡོད་པ་ལེགས་ལྡན་ཟླ་གྲགས་སོགས་ཀྱི་གཞུང་ཁྱད་པར་ཆེ་བ་རྣམས་བཤད་པར་བྱའོ། ། ཞེས་དམ་བཅས་ནས། ཀླུ་སྒྲུབ་ཀྱི་དབུ་མའི་བསྟན་བཅོས་ཀྱི་གཙོ་བོ་རྩ་ཤེས་ཡིན་ལ། དེ་ལ་སློབ་དཔོན་ཀ་ལེ་འཇིགས་མེད་དང་། དེ་བ་ཤྲ་མ་དང་། གུ་ན་མ་ཏི་སྟེ་བློ་གྲོས་ཡོན་ཏན་དང་། གུན་ཤྲི་སྟེ་བློ་གྲོས་དཔལ་དང་། སྠི་ར་མ་ཏི་སྟེ་བློ་གྲོས་བརྟན་པ་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པ་སྟེ་སློབ་དཔོན་དེ་དག་སོ་སོས་མཛད་པའི་འགྲེལ་བ་བརྒྱད་ཡོད་ཅིང་། དེ་དག་ལས་ཀ་ལེ་འཇིགས་མེད་བོད་སྔ་མ་རྣམས་ཀྱིས་རང་འགྲེལ་དུ་འདོད་ཀྱང་། བཞི་བརྒྱ་བའི་ལུང་དྲངས་པ་དང་། འགྲེལ་བ་གཞན་དུ་ཟུར་ཙམ་ཡང་ཁུངས་སུ་མ་མཛད་པ་སྟེ་རྒྱུ་མཚན་གཉིས་ཀྱིས་རང་འགྲེལ་མིན་པར་གྲུབ་པོ། །བསྡུ་བ་ལས་དེ་ལྔའི་ཁམས་སུ་གཏོགས་པར་བཤད་ལ་ཞེས་པའི་སྐབས་ཀྱི་མིང་དང་རྒྱུ་མཚན་དང་རྣམ་པར་རྟོག་པ་དང་ཡང་དག་པའི་ཡེཤེས་དང་དེ་བཞིན་ཉིད་ལྔ་དང་།སེམས་ཙམ་སྐབས་སུ་དྲངས་པའི་བསྡུ་བར།བརྗོད་པར་བྱ་བའི་དངོས་པོ་ལ་རྒྱུ་ལྔས་ཞེས་པའི་རྒྱུ་མཚན་ལྔ་འདྲ་ཚོད་འདུག་ཅིང་། འདིར་མིང་ལྡན་མིན་དུ་བཤདལ་ཞེས་པ་ནི། མིང་ལྡན་མིན་མིན་པས་མིང་གི་ཚོགས་ལ་ཟེར་དགོས་སོ། །  ཐལ་འགྱུར་བའི་གཞུང་ལས། ངོ་བོ་ཉིད་ཀྱིས་ཡོད་པ་དང་། རང་བཞིན་གྱིས་ཡོད་པ་སོགས་ཀྱི་ཚིག་ཟིན་མང་ཏུ་བྱུང་ལ། ལེགས་ལྡན་གྱི་གཞུང་ལས། རང་གི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དང་། མ་གྲུབ་པ་སོགས་ཀྱི་ཚིག་ཟིན་མང་དུ་བྱུང་བས། གང་གིས་རང་མཚན་འདོད་པ་དང་།གང་གིས་རང་མཚན་མི་འདོད་པའི་ཁྱད་པར་འདི་འབྱེད་དཀའ་ནའང་། དགོངས་འགྲེལ་ལས་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་གསུངས་པའི་དོན་བཀྲལ་བ་འདི་ལེགས་ལྡན་གྱི་རང་རྒྱུད་བཞེད་པའི་ཁུངས་གསལ་ཤེས་སོ། ། འོ་ན་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་ཇི་ལྟར་འདོད་ཅེ་ན། སེམས་ཙམ་པས་ཐག་པ་སྦྲུལ་འཛིན་གྱིས་ཐག་པ་ལ་སྦྲུལ་བཏགས་པ་བཞིན་དུ་ཀུན་བཏགས་རང་མཚན་མེད་དོ་ཞེས་སྨྲ་བ་ལ། དོན་དམ་པར་དངོས་པོ་སེལ་ན་སྟེ་དོན་དམ་པར་མཚན་ཉིད་ངོ་བོ་ཉིད་མེད་དོ་ཞེས་སྨྲ་ན། དབུ་མ་བའི་རྗེས་སུ་སྨྲ་བ་སྟེ་དབུ་མ་བ་དང་ཁྱད་མེད་དུ་འགྱུར་ལ། ཐ་སྙད་དུ་རང་མཚན་མེད་ཅེས་སྨྲ་ན་ནི། ཐག་པ་འཁྱིལ་བ་ལ་སྦྲུལ་ལོ་སྙམ་པའི་དོན་མེད་ཀྱང་སྦྲུལ་འཁྱིལ་བ་ལ་སྦྲུལ་ལོ་སྙམ་པའི་དོན་མེད་ཅེས་སྨྲ་ན་འཇིག་རྟེན་ན་གྲགས་པས་གནོད་པ་ལྟར། གཟུགས་ཚོར་བའོ་སྙམ་དུ་བཟུང་བའི་དོན་མེད་ཀྱང་། གཟུགས་གཟུགས་སོ་སྙམ་དུ་བཟུང་བའི་ཡུལ་ཐ་སྙད་དུ་ཡོད་དོ་ཞེས་སྨྲ་ནུས་པས་མི་འཐད་དོ། ། དེས་ན་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་འདོད་པས་དབུ་མའི་རིགས་པ་འདོད་པར་བྱའོ་ཞེས་ཤེར་སྒྲོན་གྱི་ལུང་འདིས་བཤད་དོ། ། ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྡས་བཞག་པའི་ཡུལ་དོན་དམ་པར་གྲུབ་པ་འགོག་པ་ལ་དབུ་མའི་རིགས་པ་དགོས་ཞེས་སྨྲ་བ་མིན་ཞེས་པ་ནི། དེའི་ཡུལ་ཡིན་པའི་ཆ་ལྟ་བུར་རང་ལྡོག་བདེན་མེད་དུ་མདོ་སྡེ་བས་གྲུབ་ཟིན་པས། དེ་ལ་དབུ་མའི་རིགས་པ་མི་དགོས་ཞེས་བཤད་དགོས་ཀྱི། དེའི་ཡུལ་དོན་དམ་པར་གྲུབ་པ་རྟག་པ་མཐའ་བཟུང་གི་དགག་བྱ་ཡིན་པས། དེ་འགོག་པ་ལ་དབུ་མའི་རིགས་པ་དགོས་སོ། ། དེས་གཟུགས་འཛིན་རྟོག་པའི་ཞེན་གཞིར་གཟུགས་དོན་དམ་པར་རང་མཚན་གྱིས་མེད་པ་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། གཞན་གཉིས་ཀྱང་དེའི་རིགས་འགྲོས་བྱས་ནས་འཇོག་དགོས་ཤིང་། སློབ་དཔོན་འདིའི་ལུགས་ཀྱི་བདག་མེད་གཉིས་ཀྱི་རྣམ་བཞག་ཤེས་པ་ལ་མཚན་ཉིད་གསུམ་གྱི་རྣམ་བཞག་ཤེས་པ་གལ་ཆེ་གསུངས། གཉིས་པ་ནི། ད་ནི་ཀུན་རྫོབ་ཞེས་པ་ནས། ལུགས་འདི་དང་མཐུན་པར་སྣང་ངོ་ཞེས་པའི་བར་དུ། དོན་དང་ཤེས་པ་གང་དུ་གྲུབ་འདོད་པ་བཤད་པར་བྱ་ཞེས་པ་ནི། ཕྱི་དོན་དང་ནང་སེམས་ཀྱི་བདག་ཉིད་གང་དུ་གྲུབ་པར་འདོད་པ་བཤད་པར་བྱ་ཞེས་པའི་དོན་དང་། དབང་ཤེས་ཀྱིས་རྣམ་ལྡན་དུ་འཛིན་ཚུལ་ནི་ཡུལ་གྱི་ངོས་ནས་ཚུར་རང་འདྲའི་རྣམ་པ་གཏད་པ་ན་དེའི་རྣམ་ལྡན་དུ་སྐྱེ་བའི་དོན་ནོ། ། ལེགས་ལྡན་གྱིས། ཕྱི་དོན་བཞེད་པ་དེས་ན་ས་བཅུ་བ་ལས། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་པས་གཞན་སྡེའི་རིགས་ཅན་སེམས་ལས་གཞན་པའི་འཇིག་རྟེན་གྱི་བྱེད་པོ་ཚངས་པ་དང་དབང་ཕྱུག་སོགས་འདོད་པ་བཀག་གི་ཕྱི་དོན་མ་བཀག་ལ།ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ།སོགས་ཀྱིས་ཀྱང་ཕྱི་དོན་བདེན་པར་མེད་ཀྱང་། ལུས་ལོངས་སྤྱོད་གནས་སོགས་ཀྱི་རྣམ་པ་ཇི་འདྲ་བར་སེམས་སྣ་ཚོགས་སུ་སྐྱེ་བར་བཤད་པ་དང། སེམས་ལས་གཞན་པའི་བྱེད་པོ་བཀག་གི་ཕྱི་དོན་མ་བཀག་པར་བཞེད་དོ། ཕྱི་དོན་ཡོད་པའི་རྒྱུ་མཚན་ནི། གཟུགས་སྒྲ་སོགས་དུ་མ་བསགས་པའི་སྟེང་གི་ཕྲ་རབ་རེ་རེས་ཀྱང་དབང་ཤེས་ཀྱི་དམིགས་རྐྱེན་བྱེད་ལ། ཟླ་གཉིས་སྣང་བའི་དབང་ཤེས་ཀྱང་ཟླ་གཅིག་ལ་བརྟེན་ནས་སྐྱེ་དགོས་པས་ཕྱི་དོན་ལ་ལྟོས་མེད་དུ་མི་སྐྱེ་ཞིང་། དེར་མ་ཟད་ཕྱི་དོན་མེད་ན་མདོ་སྡེ་ལས་དབང་ཤེས་དམིགས་རྐྱེན་ལས་སྐྱེ་བར་བཤད་པའི་རྒྱུ་འབྲས་ལ་སྐུར་འདེབས་སུ་འགྱུར་རོ། ། ཕྱི་དོན་ཡོད་པ་དེས་ན་ཀུན་གཞིའི་བག་ཆགས་ཀྱི་ནུས་པ་ལས་སྐྱེ་བའི་དོན་སྣང་གི་རྣམ་ཤེས་འཇོག་མི་དགོས་པས་ཀུན་གཞི་མི་བཞེད་ལ། དེས་ན་དེ་ལ་དམིགས་ནས་ངར་འཛིན་པའི་རྣམ་པ་ཅན་གྱི་ཉོན་ཡིད་འཇོག་མི་དགོས་ཤིང་། སྔོ་འཛིན་གྱི་སྟེང་ན་སྔོན་པོ་སྣང་བའི་གསལ་རིག་གི་ངོ་བོ་དེ་ལས་མྱོང་ཙམ་གྱི་ངོ་བོར་གྱུར་བའི་རང་རིགས་ཀྱང་མེད་པར་བཞེད་པ་ཡིན་གསུངས། གསུམ་པ་ནི་སློབ་དཔོན་འདིས་ཞེས་པ་ནས། བསླབ་པར་བྱའོ་ཞེས་པའི་བར་དུ་སློབ་དཔོན་འདིས་དོན་དམ་འགོག་པའི་དགག་རྟགས་ལ་འགའ་ཟུང་ཙམ་མ་གཏོགས་འགལ་ཟླ་དམིགས་པ་ཉིད་ཀྱིས་འགོག་ཅིང་། དེའི་ནང་ནས་ཀྱང་འགོག་སྙོམས་ཀྱི་རིགས་པས་གཙོ་བོར་བཀག་སྟེ། མིག་ནི་དོན་དམ་པར་གཟུགས་ལ་མི་བལྟ་སྟེ། དོན་དམ་པར་བལྟ་ན་ལྟོས་མེད་དུ་བལྟ་དགོས། དེ་ལྟར་ན་རྣ་བའི་དབང་བོས་ཀྱང་བལྟ་བར་བྱ་དགོས་སོ། །ས་ནི་དོམ་དམ་པར་སྲ་བའི་ངོ་བོ་ཉིད་མིན་ཏེ། ལྟོས་མེད་དུ་སྲ་བའི་ངོ་བོ་ཉིད་ཡིན་ན་ཆུ་ཡང་སྲ་བའི་ངོ་བོ་ཉིད་དུ་འགྱུར་རོ་ཞེས་པ་ལྟ་བུའོ། །ལེགས་ལྡན་ནི་ཟླ་བ་དང་མི་མཉམ་ཡང་འཕགས་པའི་རྗེས་འབྲང་ཆེན་པོ་ཡིན་པས་འདིའི་རིགས་པའི་གནད་ལེགས་པར་གོ་ན་བློ་རྒྱས་པའི་ཕུལ་ཆེར་འགྲོ་བ་སྟེ་བློ་སྐྱེད་ཆེར་འགྲོ་བས་བསླབ་དགོས་པར་གདམས་པ་ཡིན་གསུངས།གཉིས་པ་ལ་བཞི་ཞེས་པ་ནས། ཐུན་མོང་བར་བཞེངས་པས་ཀྱང་ཤེས་སོ་ཞེས་པའི་བར་དུ་གོ་སླ་ཞེས་པ་ཙམ་ལས་མ་གསུངས།གཉིས་པ་ནི། ཐ་སྙད་དུ་ཞེས་པ་ནས། ལྷན་ཅིག་སྐྱེས་པའི་རྡོ་རྗེས་བཤད་དོ་ཞེས་པའི་བར་དུ། ཤེས་རབ་སྒྲོན་མེའི་ལུང་འདིས་དང་བོ་རྣམ་རིག་ཙམ་སྟེ་རྣམ་ཤེས་བདེན་གྲུབ་དང་། ཕྱི་དོན་བདེན་མེད་སྟོན་དགོས་པར་འདོད་པ་ནི། དང་བོར་འདམ་རྫབ་ཀྱིས་སྦགས་བཅུག་ནས་ཕྱིས་འཁྲུ་བ་དང་ཁྱད་པར་མེད་པས་མི་རིགས་སོ། །ཞེས་རྣལ་འབྱོར་སྤྱོད་པའི་དབུ་མ་བ་འགའ་ཞིག་བཀག་པ་ཡིན་པས། ཞི་འཚོའི་སྔོན་དུ་ཕྱི་དོན་མེད་པར་འདོད་པའི་དབུ་མའི་ལུགས་རེ་རེ་ཙམ་བྱུང་ཡང་།  རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ནི་ཞི་འཚོས་ཕྱེ་བར་སློབ་དཔོན་ཡེ་ཤེས་སྡེས་བཞེད་པ་ལྟར་ལེགས་པར་རྗེའི་ཐུགས་ལ་དགོངས་སོ། །དབུ་མ་རྒྱན་ལས།འདིར་ཡང་གསུངས་པ། འདི་ལ་སྐྱེ་བ་ཅི་ཡང་མེད་ཅེས་སོགས་ཀྱི་ལུང་འདིའི་ཚིགས་བཅད་དང་པོ་ལང་གཤེགས་དང་།ཚིགས་བཅད་གཉིས་པ་རིགས་པ་དྲུག་ཅུ་བའི་ཚིག་ཡིན། ལུགས་འདིས་སྔོ་སེར་ལ་སོགས་པའི་རྣམ་པ་རྣམས་དངོས་པོར་འདོད་དེ་ཞེས་པ་ནི་བདེན་པར་འདོད་དེ་ཞེས་པའི་དོན་ཡིན་གསུངས། གསུམ་པ་ནི།  འོ་ན་ལུགས་འདིས་ཞེས་པ་ནས། གསུང་རབ་འགྲེལ་ཚུལ་དུ་མ་ཞིག་ཤེས་སོ་ཞེས་པའི་བར་དུ།ཕུན་ཚོགས་གླིང་གི་བར་གསར་ན། དགོངས་འགྲེལ་གྱིས་ཤེར་མདོར་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་པ་བསྟན་པ་དེ་གཉིས་ཀྱིས་ཞེས་པ་མ་དག་པ་ཡིན་པས།དེ་ཉིད་ཀྱིས་ཡུམ་མདོ་ངོས་དོན་དུ་གཞུང་བཙུགས་པར་བཞེད་དོ། ། ཞེས་འཆད་དགོས། གཞན་དབང་ཡོངས་གྲུབ་གཉིས་དོན་དམ་པར་རང་གི་མཚན་ཉིད་ཀྱིས་མ་གྲུབ་བ་མཚན་ཉིད་ངོ་བོ་ཉིད་མེད་པར་བཞག་ནས་དེས་སྒྲོ་འདོགས་སེལ་བར་གསུངས་པས་ངོ་བོ་ཉིད་མེད་པ་གསུམ་སྟོང་ཉིད་དུ་འདོད་ཅིང་། ཐ་སྙད་དུ་རང་མཚན་གྱིས་གྲུབ་པས་སྐུར་འདེབས་སྤོང་བར་གསུངས་པས་རང་མཚན་འདོད་པ་ལ་ནི་སེམས་ཙམ་པ་དང་འདི་བ་གཉིས་ཁྱད་པར་མེད་ཀྱང་། དོན་དམ་པར་རང་མཚན་འདོད་མི་འདོད་ལ་ཁྱད་པར་ཡོད་དོ། ། དབུ་མ་སྣང་བར། མདོ་སྡེ་ཁ་ཅིག་ཅེས་པ་ནས། དགོངས་པ་བསྟན་ནོ་ཞེས་པའི་བར་གྱིས་ཡུམ་མདོ་སོགས་ལས་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་ཞེས་སོགས་གསུངས་པ་དྲང་དོན་ཡིན་པར་ཐལ། དགོངས་འགྲེལ་གྱིས་དེ་དག་གི་དགོངས་པ་བླངས་པའི་ཕྱིར་ཞེས་པའི་རྩོད་པ་བཀོད་ནས།དེའི་ཕྱིར་དགོངས་པ་བསྟན་པ་ཡང་སོགས་ཀྱིས་སྐྱེ་འགགས་སོགས་འཇིག་རྟེན་ན་མངོན་སུམ་དུ་མཐོང་བའི་ཕྱིར་ན་མཐོང་བ་དང་འགལ་བ་སྤངས་པའི་ཆེད་དུ་སྒྲ་ཇི་བཞིན་པར་འཛིན་པ་བཟློག་ཀྱང་ངེས་དོན་དུ་མི་འགལ་བའི་ལན་མཛད་ཅིང་། བཟློག་རྒྱུའི་སྒྲ་ཇི་བཞིན་པར་འཛིན་པ་ནི་སྐྱེ་འགགས་སོགས་ཡེ་མེད་དུ་འཛིན་པ་ལ་བྱེད་ཀྱི་དེ་བདེན་མེད་དུ་འཛིན་པ་ལ་མི་བྱེད་དོ། །དེ་ལྟ་ན་དགོངས་འགྲེལ་གྱིས་འཁོར་ལོ་གཉིས་པ་དྲང་དོན་དུ་བཤད་པ་དང་འགལ་ཏེ།དེ་ངེས་དོན་དུ་འདོད་པའི་ཕྱིར་ན་ལན་ཇི་ལྟར་བྱེད་དབུ་མ་སྣང་བར་མ་གསུངས་ཀྱང་དགོངས་པ་ནི་འདི་ཡིན་ཞེས་རྗེ་བླ་མས་གསུངས་པ་ནི།དྲང་དོན་དུ་བསྒྲུབས་པ་དང་དགོངས་པ་བསྟན་ནས་ངེས་དོན་དུ་བསྒྲུབས་པའི་མདོ་གཉིས་ཀྱི་མཚན་གཞི་གཅིག་ན་སྐྱོན་དེ་ཡོད་ཀྱང་། བར་བ་ཙམ་དུ་གཅིག་གི་མཚན་གཞི་མི་གཅིག་སྟེ། ཚུལ་བརྒྱ་ལྔ་བཅུ་བ་དང་ཤེར་སྙིང་ལྟ་བུ་དོན་དམ་གྱི་ཁྱད་པར་མ་སྦྱར་བ་དང་། དགག་བྱ་ལ་དོན་དམ་གྱིས་ཁྱད་པར་དོན་གྱིས་སྦྱར་བ་རྣམས་དྲང་དོན་དང་། འབུམ་ལྟ་བུ་དགག་བྱའི་ཁྱད་པར་སྦྱར་བ་རྣམས་ངེས་དོན་དུ་བཞེད་པས། འཁོར་ལོ་གཉིས་པ་དྲང་དོན་དུ་གསུངས་ཞེས་པ་ནི་འཁོར་ལོ་གཉིས་པ་ཐམས་ཅད་ལ་མ་ཡིན་པའི་ཕྱིར། གཟུགས་སྐྱེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མ་མཐོང་ཞེས་པའི་ཡང་དག་པ་བདེན་གྲུབ་ལ་མི་བྱེད་པས། དེའི་སྒྲས་ཟིན་ལྟར་བྱེད་ན་གཟུགས་སྐྱེ་ཞེས་བྱ་བར་ངེས་པར་མི་མཐོང་ཟེར་དགོས་པས་དེ་སྒྲ་ཇི་བཞིན་པ་ཡང་མིན་ལ་དགག་བྱ་ལ་དོན་དམ་གྱི་ཁྱད་པ་དངོས་སུ་སྦྱར་བའང་མིན་ནོ། ། དེས་ན་ཐེག་ཆེན་གྱི་གདུལ་བྱ་ལ་དགག་བྱའི་ཁྱད་པར་སྦྱར་མ་སྦྱར་གྱི་འཁོར་ལོ་བར་བ་གཉིས་གསུངས་པའི་ཕྱི་མ་མ་སྦྱར་བའི་མདོ་ནས་འབྱུང་བ་ལྟར་སྒྲ་ཇི་བཞིན་པར་མི་གཟུང་བར། སྔ་མ་སྦྱར་བའི་མདོ་ནས་འབྱུང་བ་ལྟར་སྒྲ་ཇི་བཞིན་པར་ཟུངས་ཤིག་ཅེས་དགོངས་འགྲེལ་ལས་གསུངས་པས། དེས་ཡུམ་མདོ་ངེས་དོན་དུ་གཞུང་བཙུག་པར་བཞེད་དོ་ཞེས་གོང་དུ་གསུངས་པ་རྣམས་མདོར་བསྡུས་སོ། །འོ་ན་སེམས་ཙམ་པས་མཚན་ཉིད་གསུམ་འཇོག་ལུགས་འདི་མདོ་གང་གི་ཡང་དོན་མིན་ནམ་ཞེ་ན་དབུ་མ་སྣང་བར་བརྗོད་བྱའི་གཙོ་ཕལ་གྱི་ཆ་ཕྱེ་ནས་མདོའི་དོན་དུ་འཇོག་པར་གསུངས་ལ།ཞི་འཚོའི་གཞུང་ནས་གསལ་ཁ་མ་བྱུང་ཡང་ཀཱ་མ་ལ་ཤཱི་ལ་དང་ཁོང་དཔོན་སློབ་གཉིས་དགོངས་པ་གཅིག་ཏུ་ཡོད་དོ། །དབུ་སེམས་གཉིས་ཀྱིས་མདོ་འགྲེལ་ཚུལ་ཞིབ་ཏུ་ཤེས་ན་ཤིང་རྟ་ཆེན་པོ་གཉིས་ཀྱི་རིགས་པའི་རྣམ་འགྱུར་དུ་མ་ཤེས་པར་འགྱུར་བས་བསླབ་དགོས་གསུངས། བཞི་བ་ལ་གཉིས་ཞེས་པ་ནས། དེ་བཞིན་དུ་བལྟའོ་ཞེས་པའི་བར་དུ། འོ་ན་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་ན་བདེན་གྲུབ་ཅེས་པའི་དགག་བྱ་དེ་གང་ཡིན་ཞེ་ན། འདིར་བདེན་འཛིན་གྱིས་བདེན་པར་བཟུང་ལུགས་དང་། དེས་བཟུང་བའི་བདེན་གྲུབ་ཀྱི་དོན་སྤྱི་ཧྲིལ་བོ་མ་ཤར་ན་གསུང་རབ་ནས་གསུངས་པ་དང་།སློབ་དཔོན་སོགས་ཀྱིས་བདེན་པར་མེད་ཚུལ་ཡང་ཡང་བཤད་པའི་བརྡའ་རྣ་བར་འཇགས་པ་ཙམ་ལས་བདེན་གྲུབ་ལ་གནོད་བྱེད་དང་། བདེན་མེད་ཀྱི་སྒྲུབ་བྱེད་མང་དུ་སྨྲས་ཀྱང་བདེན་འཛིན་ལ་ཅི་ཡང་མི་གནོན་པས་དགག་བྱ་ངོས་ཟིན་པ་གལ་ཆེའོ། །འདིར་རྣ་བར་འཇགས་པ་ཞེས་པ་འདི་ཅི་ཡིན་ཞེས་ཀུན་མཁྱེན་གོང་མས་ཕ་བོང་ཁར་འདིའི་བཤད་ལུང་སྩལ་སྐབས་བྱ་བྲལ་བློ་བཟང་རིན་ཆེན་ལ་གསུང་འཕྲོས་མཛད་པས་ཁོས་མ་ཤེས། ཀུན་མཁྱེན་གྱིས། ཨ་མདོའི་སྐད་ལ་རྣ་བར་ཞག་སོང་ཟེར་བ་ཞིག་ཡོད་དེ་དེ་ཡིན་པར་འདུག རྗེས་སྐབས་འདིར་ཕ་སྐད་གནང་བ་རེད་གསུངས། འོ་ན་དེའི་གྲུབ་ཚད་ཤེས་པ་གལ་ཆེ་ན་དེ་ཅི་ལྟ་བུ་ཞེ་ན། སྒྱུ་མའི་སྤྲུལ་གཞི་རྡེའུ་ཤིང་སོགས་སྔགས་རྫས་ཀྱིས་མིག་བསླད་པ་ལ་རྟ་གླང་དུ་སྣང་མོད་ཀྱང་ཤེས་པའི་ངོས་ནས་སྣང་བ་མ་གཏོགས་རྡེའུ་ཤིང་སོགས་ཀྱི་ངོས་ནས་ཅུང་ཟད་ཀྱང་སྣང་བ་མེད་ཅེས་སྨྲ་མི་ནུས་པ་བཞིན་དུ། མྱུ་གུ་ས་བོན་ལས་སྐྱེ་བར་སྣང་བ་ན་ཡང་ཤེས་པའི་ངོས་ན་སྣང་བ་མ་གཏོགས་མྱུ་གུར་རང་ངོས་ནས་ཅུང་ཟད་ཀྱང་མི་སྣང་ཟེར་རྒྱུ་མ་ཡིན་པར། ཤེས་པའི་ངོས་ནས་ཀྱང་སྣང་ལ་ཡུལ་གྱི་ངོས་ནས་ཀྱང་སྣང་ཟེར་དགོས་སོ། ། འོན་ཀྱང་དེ་ལྟར་དུ་གྲུབ་པ་དེ་མྱུ་གུ་དོན་དམ་དུ་གྲུབ་ཚད་མིན་གྱི་སྒྱུ་མའི་རྟ་གླང་སྣང་ཚེ་ཡུལ་དང་མིག་བསླད་པའི་ཤེས་པའི་དབང་གིས་མ་ཡིན་པར་རང་གི་གཉུག་མའི་རྒྱུ་རྐྱེན་སྟེ་ཤེས་པ་སྐྱེད་པའི་སྔ་རོལ་གྱི་ཤེས་པ་སྐྱེད་པའི་རྒྱུ་རང་བཞིན་པ་ལས་དེར་སྣང་དུ་བསྐྱེད་པ་ཡིན་ན།མིག་མ་བསླད་པ་ལ་ཡང་དེར་སྣང་བར་འགྱུར་བ་བཞིན་དུ། མྱུ་གུ་ལྟ་བུ་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱིས་གྲུབ་པ་དེ་དོན་དམ་དུ་གྲུབ་ཚད་དང་དེ་ལྟར་འཛིན་པ་བདེན་འཛིན་ཡིན་ནོ་ཞེས་བཤད་ནས་དེའི་ཁུངས་སུ་འོག་གི་དབུ་མ་སྣང་བའི་ལུང་དྲངས་པ་ཡིན་ལ། ལུང་འདི་གོ་དཀའ་བ་ཞིག་ཡིན་འདུག་ཀྱང་དབུ་ཕར་གྱི་ཡིག་ཆ་སོ་སོ་ན་གསལ་བས་བརྗོད་མི་དགོས། འདིའི་བདེན་འཛིན་གྱི་དོན་ངོས་མ་ཟིན་པས་རིགས་ཤེས་ཀྱི་རྙེད་དོན་ཡོད་ན་དེས་དཔྱད་བརྗོད་དགོས་ཞེས་བོད་མང་བོས་བཤད་པ་དང་། ཡང་ཁ་ཅིག་གིས་རིགས་པ་དང་རྗེས་དཔག་གི་ལྡོག་པ་ཕྱེ་ནས་ཏེ་རིགས་ཤེས་ཡུལ་མེད་རྗེས་དཔག་ཡུལ་བཅས་སུ་འདོད་པ་ཡང་མང་ངོ་ཞེས་ལེགས་བཤད་སྙིང་པོ་འདིར་ཞར་བྱུང་དུ་གསུངས་པ་ཡིན།མདོར་ན་བདེན་འཛིན་ལྷན་སྐྱེས་ངོས་བཟུང་ནས་བདེན་མེད་ཀྱི་ཆོས་འཆད་པ་དང་།དེའི་དོན་བསམས་པ་ཐམས་ཅད་ཀྱིས་རང་རྒྱུད་ཀྱི་བདེན་འཛིན་ལ་གནོད་ཅི་ཐུབ་བྱེད་པ་ནི་གནད་ཀྱི་དོན་པོ་སྟེ་གཙོ་བོར་ཤེས་བར་བྱ་ཞིང་། རང་སྡེའི་བདག་མེད་འཆད་པའི་སྐབས་གཞན་དུ་ཡང་དེ་ལྟར་བྱ་བ་ལ་འབད་དགོས་གསུངས། གཉིས་པ་ནི། དེ་ལྟ་བུའི་དགག་བྱ་དེ་ཞེས་པ་ནས། རྒྱ་མ་བསྐྱེད་དོ་ཞེས་པའི་བར་དུ།འོ་ན་ལུགས་འདིའི་དགག་བྱ་དེ་འགོག་པའི་རིགས་པའི་གཙོ་བོ་གང་ལ་བྱ་ཞེ་ན།འགའ་ཟུང་སྟེ་རྟེན་འབྲེལ་མ་གཏོགས་རིགས་པའི་གཙོ་བོ་རྡོ་རྗེ་གཟེགས་མ་ཡོད་མེད་སྐྱེ་འགོག      མུ་བཞི་སྐྱེ་འགོག གཅིག་དུ་བྲལ་གྱི་གཏན་ཚིག་རྣམས་འབྲེལ་ཟླ་མ་དམིགས་པ་ཡིན་ཞིང་། བདེན་པར་གྲུབ་ན་ལྟོས་མེད་དུ་གྲུབ་དགོས་ཤིང་ལྟོས་མེད་ཀྱི་ཟློག་ཟླ་རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་རྟེན་འབྲེལ་རྟགས་སུ་བཀོད་ཚེ་འགལ་ཟླ་དམིགས་པའོ། །ཆ་ཅན་དང་གཅིག་དུ་བྲལ་བའི་དཔྱད་པ་བྱས་ནས་འགོག་པ་འདི་ཕ་རོལ་ལ་འགལ་འདུ་སྟོན་པའི་མཚམས་མཐར་ཐུག་པ་ཡིན་པས་རྣམ་བཤད་སྙིང་པོ་རྒྱན་ལས་ཀྱང་མདོར་བསྡུས་གསུངས་སོ། །རང་རྒྱུད་ཀྱི་རིགས་པ་མང་ཡང་འདི་ཙམ་ཀྱིས་གཞན་ཤེས་པར་འགྱུར་བར་རྒྱ་མ་བསྐྱེད་པ་སྟེ་རྒྱས་པར་མ་སྤྲོས་ཞེས་པ་ཡིན་པས་རྒྱ་ཡར་བཅད་དགོས། སྔ་མོ་ཚོར་རྒྱ་མ་ཞེས་ཡར་བཅད་ནས་བཏོན་པས་ཚིག་འགྲེལ་ལུགས་མ་ཤེས་པའང་བྱུང་གསུངས།གཉིས་པ་ཐལ་འགྱུར་བ་རྣམས་ཀྱིས་འཕགས་པའི་དགོངས་པ་ཇི་ལྟར་འགྲེལ་བའི་ཚུལ་ཞེས་པ་ནས།མི་རིགས་སོ་ཞེས་པའི་བར་དུ།ལེགས་ལྡན་གྱིས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྩ་ཤེའི་འགྲེལ་པ་པུདྡྷཱ་པ་ལི་ཏའི་བཤད་ཚུལ་ལ་སྐྱོན་བརྗོད་མང་དུ་མཛད་མོད་ཀྱང་བདག་མེད་གཉིས་ཀྱིས་བཤད་ཚུལ་ལ་སྐྱོན་བརྗོད་མ་མཛད་པ་ནི། ཐ་སྙད་སྒྱུ་མ་ཙམ་དང་དོན་དམ་པར་ངོ་བོ་ཉིད་མེད་པར་འདོད་པ་ལ་ལེགས་ལྡན་རང་ཉིད་དང་སངས་རྒྱས་བསྐྱངས་གཉིས་མཐུན་པར་འདོད་པས་ཡིན་ཞེས་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་དོ། ། སྤྱན་རས་གཟིགས་བརྟུལ་ཞུགས་ཞེས་པ་སློབ་དཔོན་ཞིག་གིས་རང་གི་ཡི་དམ་སྤྱན་རས་གཟིགས་དང་བརྟུལ་ཞུགས་མཐུན་དགོས་པར་དགོངས་ནས་རི་དྭགས་ཀྱི་པགས་པས་ཕྲག་པ་གཡོན་པ་བཀབ་པས་དེ་ལྟར་གྲགས་པར་གསུངས།ཟླ་གྲགས་ནི་སངས་རྒྱས་བསྐྱངས་ཀྱིས་འཕགས་པའི་དགོངས་པ་བཀྲལ་བ་འདི་དགོངས་པ་ཇི་ལྟ་བ་བཞིན་དུ་གནས་པས་རང་ཡང་དེ་དང་མཐུན་ཅིང་།ལུགས་དེ་དབུ་མ་གཞན་དང་ཐུན་མོང་མ་ཡིན་པར་བཞེད་དོ། ། ཐུན་མོང་མིན་ཚུལ་ནི།དེའི་ཕྱིར་ཁ་ཅིག་སྟེ་རང་རྒྱུད་པ་རྣམས་མདོ་སྡེ་ལས་དོན་དམ་དུ་འདོད་པའི་རང་མཚན་དེ་རང་གིས་ཀུན་རྫོབ་ཏུ་གྲུབ་པར་ཁས་བླངས་ནས་དེ་དབུ་མའི་བསྟན་བཅོས་ཀྱི་དོན་འཆད་པ་དང་ལུགས་འདི་མི་མཚུངས་པས་ཡིན་ཏེ་རང་རྒྱུད་པ་མན་ཆད་ཀྱིས་རང་མཚན་གྱིས་གྲུབ་པའི་སྟེང་ནས་དོན་དམ་པར་གྲུབ་མ་གྲུབ་རྩོད་ལ།འདིར་དེ་ཐ་སྙད་ཙམ་དུ་ཡང་མེད་པའི་ཕྱིར་རོ། ། བདེན་གཉིས་རང་འགྲེལ་འདི་ལ་འཇུག་འགྲེལ་ལས་དགག་པ་བྱུང་བའི་འདི་ཀླུ་སྒྲུབ་ཀྱི་མིན་ལ། ཞི་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པར་དགག་པ་མཛད་འདུག་པས་ཞི་འཚོའི་ཡིན་པའང་ཁ་གཡར་བའམ་མིང་མཐུན་པ་ཞིག་གིས་བྱས་པ་ཡིན་གྱི་ཡོངས་སུ་གྲགས་པའི་ཞི་འཚོ་དབུ་མ་རྒྱན་རྩོམ་མཁན་དེས་མཛད་པ་མིན་གསུངས། གཉིས་པ་ལ་གཉིས་ཞེས་པ་ནས།བཏགས་པ་ཙམ་དང་ཆོས་མི་འདྲའོ་ཞེས་པའི་བར་དུ།དགག་བྱ་རང་མཚན་གྱིས་གྲུབ་ཚད་ནི། གང་ཟག་འདིས་ལས་འདི་བྱས་པས་འབྲས་བུ་འདི་མྱོང་བྱས་པའི་ཚེ་ཐ་སྙད་བཏགས་པ་ཙམ་གྱིས་མ་ཚིམ་པར་བཏགས་དོན་བཙལ་ནས་འཇོག་རྒྱུ་ཞིག་བྱུང་ན་དེར་གྲུབ་པར་འདོད་པས།འདིའི་རང་མཚན་ནི་རྟོག་གེའི་གཞུང་ནས་དོན་བྱེད་ནུས་པ་ལ་རང་མཚན་དང་།མངོན་པ་ལས་ཚ་བ་མེའི་མཚན་ཉིད་དུ་བཞག་པ་ལྟ་བུ་དང་ཆེས་མི་འདྲའོ། །ཟླ་བའི་ཞབས་ནི་ཐ་སྙད་ཙམ་དུ་ཡང་བཏགས་དོན་བཙལ་ནས་འཇོག་པར་མི་བཞེད་པས་རང་གི་ལུགས་ཀྱི་ཐ་སྙད་འཇོག་ཚུལ་འདི་འདྲ་ཡིན་གསུངས་ནས་ཚིགས་གསལ་གྱི་གཞན་ཡང་ལུས་ཀྱི་རྟེན་ཅན་ཞེས་སོགས་དང་དེའི་ཐད་བསྒྲིགས་ནས་རྒྱས་པར་བསྩལ་བ་ཞིབ་ཏུ་མ་ངེས་ཀྱང་། དབྱིབས་ཙམ་ཤར་བ་བསྲེ་སླད་མེད་པར་བྲི་ན་འདི་འདྲ་ཡིན་ཏེ།དངོས་སྨྲ་བས་མཆི་གུ་དང་དེའི་ལུས་གཉིས་སོ་སོར་མེད་ཀྱང་མཆི་གུའི་ལུས་ཞེས་ཁྱད་ཆོས་དང་ཁྱད་གཞིར་རུང་བ་བཞིན་དུ་སྲ་བ་མིན་པའི་ས་མེད་ཀྱང་སའི་རང་གི་མཚན་ཉིད་སྲ་བའོ་ཞེས་པ་འདི་འཐད་དོ་ཞེས་སྨྲ་བ་ལ། ཟླ་གྲགས་ཀྱིས་ལུས་དང་མགོ་ལ་དམིགས་ནས་གང་གི་ལུས་དང་གང་གི་མགོ་ཡིན་པ་ཤེས་འདོད་པ་ན། སྟོན་པ་པོས་མ་བརྟགས་མ་དཔྱད་པར་མཆི་གུའི་ལུས་དང་སྒྲ་གཅན་གྱི་མགོ་ཞེས་སྨྲས་ཚེ་དོགས་པ་སེལ་ལ། བཏགས་དོན་བཙལ་ནས་སྲ་བ་སའི་མཚན་ཉིད་དུ་འཇོག་པ་ལ་དོགས་པ་དེ་འདྲ་བསལ་རྒྱུ་མེད་པའི་ཕྱིར་ན་དེ་གཉིས་མི་མཚུངས་སོ་ཞེས་ལན་མཛད་དེ།མ་བརྟགས་མ་དཔྱད་པའི་ངོར་དོན་ཐ་དད་མེད་ཀྱང་ཁྱད་གཞི་ཁྱད་ཆོས་ཀྱི་ལྡོག་པ་ཐ་དད་རུང་ལ།རང་མཚན་གྱི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་མི་རུང་བའི་ཕྱིར།འདི་དགག་བྱ་ལ་གཏུགས་པའི་རིགས་པ་ཡིན་ནོ། ། དེས་ན་དཔྱད་ནས་འཇོག་ན་འཇོག་མི་ནུས་པ་དང་།མ་དཔྱད་པར་འཇོག་ཅེས་པ་ནི་འཇིག་རྟེན་ན་མཆི་གུ་དང་དེའི་ལུས་སོ་སོར་མེད་ཀྱང་མ་བརྟགས་མ་དཔྱད་ཚེ་ཁྱད་གཞི་ཁྱད་ཆོས་ཀྱི་ཐ་སྙད་འཐད་པ་དང་།སྒྲ་གཅན་དང་དེའི་མགོ་སོ་སོར་མེད་ཀྱང་མ་བརྟགས་མ་དཔྱད་ཚེ་ཁྱད་ཆོས་དང་ཁྱད་གཞིའི་ཐ་སྙད་འཐད་པ་བཞིན་དུ་ལྷས་བྱིན་ཁྱིམ་ན་འདུག ཅེས་སྨྲས་ཚེ་དེ་ཙམ་གྱིས་བཞག་ཆོག་གི ཁྱིམ་ན་ལུས་ཀྱི་ཕྱི་ནང་གང་ན་ཡོད་པ་ལུས་དང་སོ་སོར་ཡོད་དམ་གཅིག་ཏུ་ཡོད་སོ་སོར་བཙལ་ན་མི་རྙེད་པ་ལ་ཟེར་གྱི་དཔྱད་མི་ཉན་ཟེར་བ་མིན་ནོ། ། འདི་མཆི་གུ་ཞེས་པ་ལ་རྗེ་ཉིད་ཀྱིས་སྔ་མོ་དགེ་བཤེས་ངག་དབང་བསོད་ནམས་ལ་གསུང་འཕྲོས་མཛད་ཚེ་ལག་སྐོར་གྱི་འོག་རྡོ་ལ་ཟེར་ཞུས་པ་སོགས་གསུངས་ནས། ཉིན་ཕྱི་མ་ལ་ལག་སྐོར་ལ་མཆིག་ཟེར་མཁན་འདུག་སྟེ་ཐོག་འོག་གི་རྡོ་སོ་སོར་མཆིག་དང་མཆི་གུ་ཞེས་མིང་སོ་སོར་བྱེད་པ་མ་ཚོར། རྣམ་གླིང་པཎ་ཆེན་གྱིས་མཛད་པའི་བརྡའ་རྙིང་གི་གསལ་བྱེད་ཅིག་ན། མཆིག་ནི་གཏུན་དང་མཆི་གུ་ནི་གཏུན་ཏུ་འབྲས་བརྡུང་བའི་ཤིང་ལ་བྱས་འདུག  འོན་ཀྱང་སྔ་མ་དེ་སྔོན་གྱི་དགེ་བཤེས་རྒན་པ་ཚོའི་གསུང་རྒྱུན་ཡིན་ཤས་ཆེ།སྒྲ་གཅན་གྱི་མཇུག་མ་དུས་འཁོར་ལས་དུས་མེ་ཞེས་བྱུང་བ་དེ་ཡིན་པས། སྒྲ་གཅན་ཁོ་རང་ལ་མགོ་ལས་མེད་གསུངས། རང་རྒྱུད་པས་མིང་བརྡས་བཞག་ཙམ་ཡིན་ན་མེད་དགོས་པར་འདོད། ཐལ་འགྱུར་བས་མིང་ཙམ་གྱི་དོན་ནི་མིང་ཡོད་ཀྱང་དོན་མེད་པ་ལ་མི་བྱེད་པར་བཙལ་ན་མི་རྙེད་པ་ལ་བྱེད་པས་ཐལ་རང་གཉིས་མིང་བརྡས་བཞག་ཙམ་གྱི་ཙམ་སྒྲས་གང་གཅོད་ཡང་མི་མཐུན་ནོ། །འཇུག་པའི་བདག་མེད་འདི་ནི་འགྲོ་བ་ཞེས་སོགས་ཀྱིས་བདག་མེད་གཉིས་སྟོང་གཞིའི་སྒོ་ནས་འཇོག་པར་བཤད་པ་ཡིན་གསུངས། གཉིས་པ་ནི། རྣལ་འབྱོར་སྤྱོད་པའི་ཞེས་པ་ནས། དངོས་གཞིར་སྣང་ངོ་ཞེས་པའི་བར་དུ་རང་རྒྱུད་པ་མན་ཆད་ཐེག་དམན་གྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་མ་བཤད་པར་འདོད་ཀྱང་འདིར་ཐེག་དམན་གྱི་མདོ་ལས། གཟུགས་ནི་ཝུ་བ་བརྡོས་པ་འདྲ་ཞེས་སོགས་ཀྱིས་ཆོས་ཀྱི་བདག་མེད་བཤད་ལ། ཐེག་པ་ཆེ་ཆུང་གི་ཁྱད་པར་ས་བཅུ་དང་ཕར་ཕྱིན་དྲུག་དང་། ཐབས་མཁས་པའི་སྨོན་ལམ་དང་ཚོགས་གཉིས་སོགས་ཀྱིས་འབྱེད་དོ། །དེ་བཞིན་ཕུང་བོ་རྣམས་བརྟེན་ནས། ཞེས་པའི་ཚིག་གིས་ནས་ཞེས་པ་འབྱུང་ཁུངས་ཀྱི་ཚིག་ཡིན་པས་ཞེས་གསུངས་བཤད་ཅིག  མཛད་པ་མ་ཟིན་པས་བྲི་བའི་ས་བཅད་བྱས་ཏེ་གཟིགས་པ་ཕུལ་བར་ཡང་དེ་ལྟར་ཏུ་གནང་འདུག་ཀྱང་ལེགས་ལྡན་སོགས་ཀྱིས་ཞེས་པ་དེ་ལ་འཁྲིས་ནས་ཕུང་བོའི་སྟེང་ནས་གང་ཟག་བཏགས་དོན་བཙལ་ནས་འཇོག་པ་ཡིན་གསུངས་པ་འདྲ་ཞིག་འཆར་ལ་མདོ་དེའི་དོན་གྲུབ་མཐའ་བཞིས་བཀྲལ་ཚུལ་མི་འདྲ་བ་ཡང་གསུངས། ཕུང་བོ་དང་མཚན་ཉིད་མི་མཐུན་པའི་རང་སྐྱ་བར་འཛིན་པ་ཞེས་པ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་ཕུང་བོ་མི་རྟག་པ་ཡིན་ཞིང་བློ་དེས་འཛིན་ཚུལ་ལ་རྟག་པར་འཛིན་པ་ཡོད་པས་ཡིན་གསུངས་ཀྱང་། ཕུང་བོ་ཁོལ་བོའམ་གཡོག་པོ་ལྟ་བུ་དང་། གང་ཟག་རྗེ་བོའམ་དཔོན་པོ་ལྟ་བུར་འཛིན་པས། རྗེ་ཁོལ་མཚན་ཉིད་མི་མཐུན་པ་ལྟར་ཡིན་པ་ནི་དེས་ན་རྗེ་ཁོལ་ལྟར་ཕུང་བོ་དང་མཚན་ཉིད་མི་མཐུན་པར་རང་སྐྱ་བར་སྣང་ལ་ཞེས་སོགས་གཞུང་གོང་འོག་འདི་དག་གི་དགོངས་པར་སྣང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་མེད་པ་མངོན་སུམ་དུ་མཐོང་ཀྱང་བདེན་འཛིན་ལ་ཅི་ཡང་མི་གནོད་པས་ཆགས་སོགས་ཉོན་མོངས་མི་ལྡོག་པར་འཇུག་པའི་ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། ཞེས་སོགས་དྲངས་ནས་བཤད་པ་ཡིན། ཕྱི་རོལ་པས་མིག་ཤེས་སོགས་གང་ཟག་ཏུ་མི་རུང་སྙམ་ནས་དེ་དག་ལས་རྫས་གཞན་གྱི་མཐོང་བ་བོ་དང་། ཟ་བ་བོ་སོགས་ཁས་བླངས། རང་སྡེ་གཞན་གྱིས་དེ་ལ་གནོད་པ་མཐོང་ནས་ཕུང་བོ་ལྔ་ཙམ་དང་། ཕུང་བོའི་རྒྱུན་དང་ཀུན་གཞི་དང་། ཡིད་ཀྱི་རྣམ་ཤེས་སོགས་གང་ཟག་གི་མཚན་གཞིར་སོ་སོ་ནས་ཁས་བླངས་ལ། སྐབས་འདིར་འབྱུང་བ་ལ་བརྟེན་ནས་འབྱུང་འགྱུར་བཏགས་ཀྱང་འབྱུང་འགྱུར་འབྱུང་བ་ཡིན་མི་དགོས་པ་དང་། ངའི་མིག་ན་བ་ནར་བས་གཟུགས་མཐོང་བ་དང་། ང་ན་བའི་ཐ་སྙད་བྱེད་ཀྱང་མིག་ཀྱང་ང་མིན་ལ། ང་ཡང་མིག་མིན་པ་བཞིན་དུ་ཕུང་བོའི་ཚོགས་ཙམ་ལ་གང་ཟག་གི་ཐ་སྙད་འདོགས་ཀྱང་དེ་གང་ཟག་ཡིན་མི་དགོས་གསུངས། གཉིས་པ་ལ་གསུམ་ཞེས་པ་ནས། དྲན་པ་ཡང་ཅི་ཞིག་འགལ་ཞེས་པའི་བར་དུ། ཆོས་གང་ལ་ཡང་བཏགས་དོན་བཙལ་ན་མི་རྙེད་པ་དང་། ཐ་སྙད་ཙམ་དུ་འཁོར་འདས་ཀྱི་བྱ་བྱེད་འཐད་པ་འདི་སངས་རྒྱས་བསྐྱངས་དང་ཟླ་བའི་ཞབས་ཀྱི་ཁྱད་ཆོས་བླ་ན་མེད་པ་ཡིན་ཞིང་། ཐ་སྙད་ཙམ་ལ་འཁོར་འདས་ཀྱི་བྱ་བྱེད་འཐད་ཚུལ་ནི་འཇིག་རྟེན་ན་ས་བོན་ལས་མྱུ་གུ་སྐྱེ་བ་སོགས་ཀྱི་ཐ་སྙད་བྱེད་ཀྱང་བདག་གཞན་གང་ལས་སྐྱེ་སོགས་དཔྱད་ནས་མི་འཇོག་པ་ལྟར་རོ། །དེ་ལྟར་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པའི་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་གོ། ཅེས་པ་འདི་ལ་ངོ་མཚར་བ་ཞིག་གསུང་སྟེ་མ་ཟིན། དེ་ནི་སྟོན་པས་མ་རིག་གསུངས་ཞེས་མ་རིག་པ་བཤད། དེའི་རྗེས་སུ་དེ་ལས་ཡན་ལག་བཅུ་གཉིས་འབྱུང་ཞེས་སླར་ཡང་མ་རིག་པ་སོགས་བཅུ་གཉིས་གསུངས་པ་ནི་མ་རིག་པའི་རིགས་འདྲ་སྔ་མ་ལས་ཕྱི་མ་སྐྱེ་བར་དགོངས་སོ། ། འཕགས་པ་ཡབ་སྲས་ཀྱི་གཞུང་ལས་ཉོན་མོངས་ཀྱི་བག་ཆགས་ཤེས་སྒྲིབ་ཏུ་གསལ་ཁ་མ་བྱུང་ཡང་འཇུག་འགྲེལ་གྱི་ལུང་འདིས་ཉོན་མོངས་ཀྱི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་ཏེ་ཤེས་སྒྲིབ་ཏུ་བསྟན་ཞིང་། དེར་མ་ཟད་ཐེག་དམན་དགྲ་བཅོམ་ལ་དོན་མེད་པར་མཆོང་བ་དང་རྒོད་པ་སོགས་ལུས་ངག་གི་གནས་ངན་ལེན་ཡོད་པ་ཡང་བག་ཆགས་ཀྱི་དབང་གིས་ཡིན་པར་གསུངས་ཏེ། དཔེར་ན་ཏིལ་ལ་སྣ་མའི་མེ་ཏོག་གི་དྲི་བསྒོས་ཤིང་། འབགས་པར་བྱས་ན་ཕྱིས་སྣ་མའི་མེ་ཏོག་མེད་ཀྱང་ཏིལ་ལ་དེའི་དྲི་བྲོ་བ་བཞིན་ནོ། །རྗེ་འདིའི་རྗེས་འབྲང་ལ་ཤེས་སྒྲིབ་ཏུ་གྱུར་པའི་ཤེས་པ་བཞེད་མི་བཞེད་གཉིས་ཡོད་ཀྱང་། རང་རེའི་ཡིག་ཆ་ལྟར་ཡོད་པར་ཁས་ལེན་དགོས། མེད་ན་སྟག་ཚང་བས། ཉོན་མོངས་ཅན་མིན་མ་རིག་ཡོད་པ་དང་། ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པ་འགལ། །ཞེས་རྗེ་རིན་པོ་ཆེ་ལ་སྐྱོན་བརྗོད་མཛད་པའང་འཇུག་པ་འདྲ།  འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཅེས་པས་འབྱུང་བ་ཆེན་པོ་རྣམས་འདི་གཟུགས་སོ། །འདི་སེམས་སོ། །འདི་སེམས་བྱུང་ངོ་། །འདི་ལྡན་མིན་ནོ། །ཞེས་རྣམ་རྟོགས་བཞག་ཙམ་དུ་བཤད་ཀྱི། ཕྱི་དོན་མེད་པར་མ་གསུངས་སོ། །རྣམ་ཤེས་ཀྱི་ཚངས་པ་ཞེས་པ་ལ་གཉལ་སྟོན་གྱི་དཀའ་འགྲེལ་ལས། ཚངས་པ་ཞེས་པ་ལྷ་ཚངས་པ་དང་། མྱང་འདས་དང་། བྱམས་སོགས་ཚད་མེད་བཞི་ལ་ ཚངས་པའི་གནས་པ་ཞེས་པ་དང་། སངས་རྒྱས་ལ་ཡང་འཇུག་པས་དང་བོའི་དབང་དུ་བྱས་ན་མེ་འཇིག་གིས་ཚངས་བའི་འཇིག་རྟེན་མན་ཆད་སྟོང་བར་བཤད་པ་ལྟར་སྟོང་ཉིད་མངོན་སུམ་དུ་རྟོགས་ཚེ་རྣལ་འབྱོར་བ་དེའི་ངོར་འབྱུང་བཞི་སྟོངས་འགྲོ་བ་དང། སངས་རྒྱས་ལ་སྦྱར་ནས་ཆོས་སྐུ་མངོན་དུ་བྱས་ཚེ་འབྱུང་བཞི་བདེན་སྟོང་གི་རྣམ་པ་ཇི་ལྟ་བ་བཞིན་དུ་གཤེགས་པ་དང་། མྱང་འདས་ཀྱི་དབང་དུ་བྱས་ན་འབྱུང་བཞི་ལྷག་མེད་ཀྱི་གནས་སྐབས་སུ་སྟོངས་འགྲོ་བ་ལ་སྦྱར་ནས་གསུངས་ཀྱང་མི་འཐད་དེ། སྤྱིར་དེ་ཉིད་ཚངས་ཚུལ་ཚངས་པ་ཡིས། །ཞེས་པ་ལྟར། ཚངས་པ་ཞེས་པ་དུ་མ་ལ་འཇུག་ཀྱང་། འདིར་དེ་འདྲའི་བཤད་པ་གནང་བ་འབྲེལ་མེད་པའི་ཕྱིར་དང་། གཞན་ཡང་འགྲེལ་དེ་ལྟར་ན། རྣམ་ཤེས་ཀྱིས་དང་། ཚངས་པ་བཞིན་དུ་ཞེས་པའམ་རྣམ་ཤེས་ཚངས་པ་ཞེས་བདག་སྒྲ་འོང་དགོས་པ་ལས། རྣམ་ཤེས་ཀྱི་ཞེས་དྲུག་པ་དང་། ཚངས་པ་དེ་ཞེས་བྱུང་བས་སོ། །འོ་ན་ཇི་ལྟར་ཞེ་ན། ཚངས་པ་འཇིག་རྟེན་གྱི་བྱེད་པོར་ཡོངས་གྲགས་ལ་འདོད་པས་འཇིག་རྟེན་མེས་པོ་དང་། སྐྱེ་དགུའི་བདག་པོ་སོགས་སུ་བཏགས་ལ་དེས་ན་རྣམ་ཤེས་འཇིག་རྟེན་གྱི་བྱེད་པོ་ཡིན་ཚུལ་ཚངས་པ་དང་འདྲ་བས་རྣམ་ཤེས་ཀྱི་ཚངས་པ་ཞེས་གསུངས་སོ། །ཇི་ལྟར་དེ་ཡིས་གཟུགས་བརྙན་སོགས་སྟོང་ལས། ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་པ། ཞེས་གཟུགས་བརྙན་ལས་དེར་སྣང་དབང་ཤེས་སྐྱེ་བར་བཤད་པ་འདི་ལས་གསལ་བའི་ཕྱི་དོན་ཡོད་པར་སྟོན་པའི་གཞུང་འཇུག་པ་ན་མེད་ཅིང་འདི་ཤིན་ཏུ་གསལ། སྐབས་འདིར་རང་སྡེ་གཞན་ལྟར་ལས་ཀྱི་རྣམ་སྨིན་གྱི་རྟེན་དུ་ཀུན་གཞི་སོགས་མི་འདོད་ཀྱང་། ཞིག་པ་དངོས་པོར་འདོད་པས་ལས་ཞིག་པ་ལས་འབྲས་བུ་འབྱུང་བར་བཞེད་དོ། ། ལུགས་འདིར་བུམ་པ་ཞིག་པ་དངོས་པོ་ཡིན་ཟེར་དགོས་མོད་དེ་ལྟར་ན་བུམ་པ་མེད་པ་དངོས་པོ་ཡིན་ནམ་མིན་སོགས་ཀྱི་དོགས་པ་ཞིག་མཛད། གསུམ་པ་ལ་གཉིས་ཞེས་པ་ནས། གཏན་ལ་ཕབ་པའོ་ཞེས་པའི་བར་དུ། ཟླ་གྲགས་ཀྱིས་ཚིག་གསལ་ལས། དབུ་མ་བས་རང་རྒྱུད་བྱ་མི་རིགས་པས་ན་སངས་རྒྱས་བསྐྱངས་ཀྱིས་རང་རྒྱུད་མི་བཞེད་པའི་སྒྲུབ་བྱེད་དང་། རང་རྒྱུད་ལ་གནོད་བྱེད་མང་དུ་བསྟན་ནས་རང་རྒྱུད་མེད་པའི་གསལ་ཁ་བཏོད་པ་དེ། སངས་རྒྱས་བསྐྱངས་རང་རྒྱུད་མི་བཞེད་པ་དང་སོགས་ཀྱི་དོན་ཡིན་ཞིང་། རང་རེའི་ཡིག་ཆར་སྒྲུབ་བྱེད་དང་གནོད་བྱེད་སྟོན་མཁན་ཟླ་གྲགས་དང་། ཤིང་རྟའི་སྲོལ་ཕྱེ་ལ་ཞེས་པའི་ཤིང་རྟའི་སྲོལ་འབྱེད་མཁན་སངས་རྒྱས་བསྐྱངས་གསུངས་པ་འདི་དཔྱད་རྒྱུ་ཆེ། ཚང་མང་ནི་ཇ་ཁང་ངམ་རུང་ཁང་ལ་ཟེར། ལྡོག་པ་གཅིག་པའི་དཔུང་འཕུལ་ཞེས་པ་ནི་ལམ་རིམ་དང་དགོངས་པ་རབ་གསལ་གཉིས་ནའང་འདི་བཞིན་འདུག་ལ་གོ་དོན་ནི། མཚན་ཉིད་པས་རིགས་འགྲེས་བྱེད་པ་ལྟར་ལྡོག་རིགས་གཅིག་པའི་སྒྲུབ་བྱེད་མང་པོ་བསྒྲིགས་པའི་དཔུང་གིས་འཕུལ་བ་ཟེར་བ་ཡིན་པ་འདྲ། ཆོས་ཅན་མཐུན་སྣང་བ་མེད་ཚུལ་ནི། མྱུ་གུ་ལྟ་བུ་ཐལ་འགྱུར་བ་དང་། དངོས་སྨྲ་གཉིས་ཀ་ལ་གྲུབ་ཙམ་མཚུངས་ཀྱང་འཁྲུལ་མ་འཁྲུལ་གྱི་ཚད་མ་གང་གི་རྙེད་དོན་ཡིན་མི་འདྲ་བས། གཅིག་ཤོས་ཀྱི་བློ་ངོར་སོང་ཚོད་ཀྱི་ཆོས་ཅན་གཅིག་ཤོས་ལ་མ་གྲུབ་པའི་རྒྱུ་མཚན་གྱིས་ཡིན། འོན་ཀྱང་སྒྲུབ་པའི་ཚེ་ན་སྔ་རྒོལ་གྱིས་སོང་ཚོད་མ་ཡིན་པར་མྱུ་གུ་ཙམ་པོ་དེ་ཆོས་ཅན་དུ་བཟུང་བ་ལྟ་བུས་ཕྱི་རྒོལ་གྱི་ཁས་བླངས་ལ་འཁྲིས་པ་དགོས་ཀྱི། རང་དབང་གི་ཚུལ་གསུམ་གྱིས་རྗེས་དཔག་སྐྱེད་ན་རང་རྒྱུད་ཀྱི་གཏན་ཚིགས་སུ་འགྱུར་བའི་ཕྱིར་རོ། ། འདིར་རང་དབང་དང་རང་རྒྱུད་གཅིག་པའི་ཤེས་བྱེད་དུ་ཤེས་རབ་སྒྲོན་མེར་རང་དབང་དུ་བྱས་ནས་སམ་སུན་འབྱིན་པའི་དབང་དུ་བྱས་ནས་བརྗོད་ཅེས་པ་འདི་ལས་གཞན་ཁུངས་གསལ་བོ་མ་དྲངས་ཀྱང་། རང་རེའི་ཡིག་ཆར་འཆི་མེད་མཛོད་ཀྱི་ལུང་དྲངས་པར། རང་རྒྱུད་རང་དབང་བདག་དབང་དང་ཞེས་བྱུང་བ་འདི་ཁུངས་ཡང་གསལ་ལ། ཡིག་ཆའི་ཁྱད་ཆོས་སུ་ཡང་བྱས་ཆོག གཟུངས་རྒྱལ་གྱི་མདོ་ལས། དེད་དཔོན་མཁས་པས་ནོར་བུ་བཀྲུ་བ་མི་འདྲ་བ་གསུམ་དང་། ཕྱི་བ་མི་འདྲ་བ་གསུམ་གྱིས་སྦྱོང་བའི་དཔེས་ཆོས་འཁོར་གསུམ་གསུངས་པ་ནི། གདུལ་བྱ་དང་བོར་ཐེག་དམན་དང་། དེ་ནས་ཐེག་ཆེན་དང་། དེ་ནས་སངས་རྒྱས་སུ་འཁྲིད་པའི་རིམ་པ་ཡིན་ལ། དགོངས་འགྲེལ་ལས་ཆོས་འཁོར་གསུམ་གསུངས་པ་ནི། གདུལ་བྱ་ཐ་དད་པ་གསུམ་གྱི་དབང་དུ་བྱས་པ་ཡིན་པས་དེ་གཉིས་མི་གཅིག་གོ། རྣམ་རིག་པས་མདོ་དོན་བཀྲལ་བ་དང་། དབུ་མ་བས་དེ་བཀྲལ་བ་གཉིས་གསུངས་པ་བོ་གཅིག་གི་དགོངས་པ་ཡིན་ཡང་ནང་འགལ་མེད་དེ། ཉན་ཐོས་ལ་ལྟོས་ཏེ་སྲོག་གཅོད་མ་གནང་བ་དང་། ཐེག་ཆེན་པ་འགའ་ཞིག་ལ་གནང་བ་དཔེར་ན་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་བ་མང་བོའི་ཚོགས་རྫོགས་པར་བཤད་པ་དང་།དེར་མ་ཟད་གཞན་དོན་དུ་ལུས་ངག་གི་བདུན་པ་ཐམས་ཅད་ཀྱང་གནང་བ་ཡོད་པ་ལྟ་བུའོ། །དབུ་མ་བས་མཚན་ཉིད་གསུམ་གྱི་རྣམ་བཞག་བྱམས་ཞུས་ཀྱི་ལེའུ་ལྟར་བྱེད་དགོས་གསུངས་ནས་མང་བོ་ཞིག་གསུངས་ཀྱང་མ་ཟིན། མཇུག་ཏུ་འདིས་ཤེར་མདོ་དྲང་དོན་དུ་བཤད་འདུག་སྙམ་པ་རྟོགས་ལྡན་མཁས་པ་ཤནྟི་བ་ལྟ་བུ་ལ་ཡང་སྐྱེས་པར་སྣང་ཞིང་། ཐལ་འགྱུར་བ་དག་གིས་འདིའི་དོན་བཀྲལ་བ་ཡང་མི་སྣང་བས་ལེགས་བཤད་སྙིང་བོ་འདིར་ཞིབ་ཏུ་གཏན་ལ་ཕབ་པར་གསུངས་པ་ཡིན་གསུངས། གཉིས་པ་ལ་གསུམ་ཞེས་པ་ནས། རྒྱས་པར་མཛད་དོ་ཞེས་པའི་བར་དུ། ཆོས་བདག་སྤྱི་འགོག་པ་ལ་མཐའ་བཞིའི་སྐྱེ་འགོག་སོགས་ཡོད་ཅིང་། རང་མཚན་ཐ་སྙད་དུ་ཡོད་པ་དམིགས་ཀྱིས་བཀར་ནས་འགོག་པ་ལ། འཇུག་པར་འཕགས་པའི་མཉམ་བཞག་ཡེ་ཤེས་དངོས་པོའི་འཇིག་རྒྱུར་ཐལ་བ་དང་། ཐ་སྙད་བདེན་པ་རིགས་པའི་དཔྱད་བཟོད་དུ་ཐལ་བ་དང་། མཐའ་བཞིའི་སྐྱེ་བ་ཁེགས་པས་བདེན་སྐྱེ་མི་ཁེགས་པར་ཐལ་བ་གསུམ་དང་། འཇུག་འགྲེལ་ལས། ཆོས་རྣམས་རང་བཞིན་གྱིས་སྟོང་བ་མི་འཐད་པར་ཐལ་བ་སྟེ་ཟླ་བས་རིགས་པ་བཞི་མཛད་དོ། །རིགས་པ་འདི་དག་གིས་དཔྱད་ན་ཆོས་གང་ཡང་གདགས་གཞིའི་ངོས་ནས་ཅུང་ཟད་ཀྱང་མི་རྙེད་པའི་དོན་ནི་གདགས་ཆོས་དེའི་མཚན་གཞིར་གདགས་གཞི་གཅིག་ཀྱང་མི་རྙེད་པ་ལ་ཟེར། དེ་ལ་དགོངས་ནས། རང་རེའི་དབུ་མར་བདག་དེ་གདགས་གཞིའི་ངོས་ནས་མེད་ཀྱང་ཕུང་སོགས་ཀྱི་སྟེང་དུ་བདག་གི་ཐ་སྙད་ཆགས་པའི་ཞིབ་ཆ་བཏོད་པར་མཛད་པ་ཡིན། རྟེན་འབྲེལ་རིགས་པའི་རྒྱལ་བོར་གསུངས་པ་འདི་ཐལ་འགྱུར་བའི་ལུགས་ལ་རང་བཞིན་གྱིས་སྟོང་བ་རྟེན་འབྱུང་གི་དོན་དུ་སོང་བས་ཤིན་ཏུ་འཐད་ཀྱང་རང་རྒྱུད་པའི་ལུགས་ལ་མིན་ཞེས་རྡོ་རྗེ་འཆང་ལྕང་སྐྱ་རིན་པོ་ཆེས་གསུངས་ལ་དཔྱད་རྒྱུ་ཆེན་པོ་འདུག  དགག་པ་དོན་གྱིས་བསྟན་པ་ཞེས་པས་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཤུགས་ལ་འཕེན་པའི་དགག་པ་བསྟན། མཚན་གཞི་ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་ཞེས་པས་མཚན་མོ་ཟ་བ་ཤུགས་ལ་འཕེན་པ་ལྟ་བུའོ། ། ཚིག་གཅིག་སྒྲུབ་པར་བྱེད་པ་དང་ཞེས་པས་རང་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པའི་དགག་པ་བསྟན། མཚན་གཞི་བདག་ལས་མ་སྐྱེས་པ་ཡོད་ཅེས་པའི་སྒྲས་དགག་བྱ་གཅོད་པ་དང་ཆོས་གཞན་དངོས་སུ་འཕེན་པ་གཉིས་ཀ་ཚིག་གཅིག་གིས་ཟིན་པ་ལྟ་བུའོ། ། དེ་ལྡན་ཞེས་པས་གོང་དུ་བཤད་པའི་རང་སྒྲས་ཆོས་གཞན་དངོས་སུ་འཕེན་པ་དང་ཤུགས་ལ་འཕེན་པ་གཉིས་ཀ་ཚང་པའི་དགག་པ་བསྟན། མཚན་གཞི་ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་རིད་པ་མ་ཡིན་པ་ཡོད་ཅེས་པའི་སྒྲས་མཚན་མོ་ཟ་བ་དང་རིད་པ་མ་ཡིན་པ་གཉིས་ཀ་འཕངས་པ་ལྟ་བུའོ། །རང་ཚིག་མི་སྟོན་པ་ཞེས་པས་རང་ཚིག་གིས་མི་སྟོན་པའི་དགག་པ་བསྟན། མཚན་གཞི་སྐྱེས་བུ་དེ་རྒྱལ་རིགས་དང་བྲམ་ཟེ་གང་རུང་དུ་སྟོན་འདོད་ནས་རྒྱལ་རིགས་མིན་ཞེས་པའི་སྒྲས་བྲམ་ཟེ་ཡིན་པ་ཚིག་གིས་མི་སྟོན་པ་ལྟ་བུའོ། ། མ་ཡིན་ཞེས་པས་འཕེན་ཚུལ་དེ་བཞི་གང་དང་ལྡན་ཡང་དགག་པ་དེ་མ་ཡིན་དགག་ཡིན་ཞེས་བསྟན། གཞན་པ་གཞན་ཡིན་ནོ་ཞེས་པས་འཕེན་ཚུལ་དེ་དག་དང་མི་ལྡན་པའི་དགག་པ་དག་མེད་དགག་ཏུ་བསྟན་པ་ཡིན་གསུངས། འཛམ་གླིང་མཁས་པའི་གཙུག་རྒྱན་གྱུར་འདི་རྣམས་ཀྱི་ཞེས་སོགས་ཀྱིས་རྗེ་རང་གི་དགོངས་པ་ཐལ་འགྱུར་ལུགས་སུ་གནས་ཚུལ་བཤད། དེ་ལྟར་ཞེས་པ་ནས། གཏམ་དུ་བྱས་སོ་ཞེས་པའི་བར་དུ་དབུ་སེམས་ཀྱི་སྲོལ་འདི་སྐབས་སུ་མ་ཟད། སྔགས་ཀྱི་གཞུང་འགྲེལ་པཎྚི་ཏ་དང་གྲུབ་བརྙེས་ཀྱི་གྲུབ་ཐོབ་རྣམས་ཀྱིས་ཀྱང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཞེས་ཡང་ཡང་གསུངས་པའི་ཡ་གྱལ་གྱི་སྟོང་བ་ཡང་དབུ་སེམས་ཀྱི་ལྟ་བ་གང་རུང་ལས་མ་འདས་ཤིང་། ཤིང་རྟ་ཆེན་པོ་གཉིས་ཀྱི་རྗེས་སུ་འབྲང་ནས་གསུང་རབ་ལ་དྲང་ངེས་ཕྱེད་པ་ནི་མདོ་སྔགས་མཐའ་དག་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་སྒོ་ཡིན་པས་གསུང་རབ་ཀྱི་ཟབ་པ་དང་རྒྱ་ཆེ་བའི་དོན་གཏན་ལ་འབེབས་པ་ལ་བརྩོན་པ་དང་རྣམ་དཔྱོད་དང་ལྡན་པ་དག་ལ་རྗེ་བླ་མ་རང་གིས་དྲང་ངེས་རྣམ་འབྱེད་ཀྱི་བསྟན་བཅོས་གཏམ་དུ་བྱས་པར་གསུངས་པ་ཡིན་གསུངས། དབུ་མའི་སྐབས་འདིར་གསུང་བཤད། རྒྱ་ཆེ་བ་མང་དུ་བསྩལ་ཀྱང་འདི་དུས་ཕྲན་བུ་ན་ཚོད་བཅུ་དགུ་བ་ཐུབ་དབང་གསུང་སྐྱེས་ཡན་ཆད་ཙམ་ལས་རྩོད་པ་མ་སོང་བའི་སྐབས་ཡིན་པས་ཞིབ་རྒྱས་བྲི་མ་ནུས། དེས་ན་དོན་གཉེར་ཅན་རྣམས་ཀྱིས་འདི་དུས་འཁོར་གྱི་གཙོར་གྱུར་ཁྲི་ཆེན་བསོད་ནམས་མཚན་ཅན་རྣམ་གཉིས། མཆོག་གི་སྤྲུལ་བའི་སྐུ་འཇིགས་མེད་རིགས་པའི་སེང་གེ་བཅས་ཀྱི་ཟིན་བྲིས་ཐོར་བུ་ལེ་ཚན་གསུམ་ཡོད་པ་དང་། དགེ་བཤེས་བློ་བཟང་དཀོན་མཆོག  བློ་བཟང་རྒྱལ་མཚན། བློ་བཟང་འཇིགས་མེད། བློ་བཟང་བསམ་གཏན། དཀོན་མཆོག་དར་རྒྱས། རིགས་སྨྲ་འཇིགས་མེད་རབ་རྒྱས། དགེ་འདུན་འཇིགས་མེད་སོགས་ཀྱི་ཟིན་བྲིས་ཡོད་པས་དེ་དག་ཏུ་བལྟ་བར་བྱའོ། ། རྒྱལ་བའི་དགོངས་ཟབ་ཟབ་མོའི་མདོ་ཡིས་རབ་བསྟན་བསྟན་པའི་སྙིང་བོ་འཛིན་སོགས་ཚིག་རྒྱན་གྱི་སྒོ་ནས་བརྩམས་པའི་ཤོ་ལོ་ཀ་གཅིག་དང་། དེའི་འོག་གི་ཤུགས་དྲག་རྒྱུན་མི་འཆད་པའི་དང་བ་ཡིས།ཞེས་སོགས་ཚིགས་བཅད་གཅིག་དང་གཉིས་པོ་འདིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་དྲིན་ལས་གསུང་རབ་ཀྱི་དེ་ཁོ་ན་ཉིད་མཐོང་ནས་བསྟན་བཅོས་འདི་བརྩམས་ཚུལ་གསུངས་ཏེ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་དྲིན་དྲན་པའོ། ། ལེགས་བཤད་གཏེར་ཆེན་ཞེས་སོགས་ཚིགས་བཅད་གཅིག་གིས་འདི་དྲང་ངེས་འབྱེད་བྱེད་ཀྱི་བསྟན་བཅོས་རྨད་བྱུང་དུ་བསྟན། རླབས་ཆེན་སྤྱོད་ལ་རིང་ནས་ཞུགས་པ་ཡིས།ཞེས་སོགས་ཚིགས་བཅད་གསུམ་གྱིས་རྗེ་ཉིད་ཀྱིས་དྲང་ངེས་ཚུལ་བཞིན་དུ་རྟོགས་པའི་མཐུ་ལས་རེས་འགའ་རྒྱལ་བ་ལ་དང་བའི་དད་པ། རེས་འགའ་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན་པ། རེས་འགའ་དགེ་བའི་བཤེས་གཉེན་ལ་གུས་པ། རེས་འགའ་འགྲོ་བ་ལ་སྙིང་ནས་བརྩེ་བ། རེས་འགའ་བསྟན་པ་རིན་ཆེན་རིང་དུ་གནས་པར་འདོད་པ་འདི་དག་ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་གསུངས། དེ་ཚེ་རིང་ནས་ཉམས་པའི་རྟོགས་དཀའི་གནས། ཞེས་སོགས་ཚིགས་བཅད་གཅིག་གིས་གསུང་རབ་ཀྱི་དྲང་ངེས་ཚུལ་བཞིན་དུ་གཟིགས་པ་ལ་བརྟེན་ནས་རང་གི་རྒྱུད་ལ་དགའ་བ་ཁྱད་པར་ཅན་འཁྲུངས་ཚུལ་གསུངས། དེ་འདྲ་དེ་ལ་སྨྲ་བའི་ཟླ་བ་ཡིས། ཞེས་སོགས་ཚིགས་བཅད་གཅིག་གིས་དེ་ལྟར་དྲང་ངེས་ཀྱི་གནད་ལེགས་པར་རྟོགས་པ་དེ་ལ་སྨྲ་བའི་ཟླ་བ་བཅོམ་ལྡན་འདས་ཀྱིས་འདི་ཤེས་རབ་མཆོག་གི་བསམ་གཏན་པ་ཡིན། ཚུལ་ཁྲིམས་དག་པའི་མགོ་ལ་སྟེ་གང་ལ་མགོར་འདུག་པ་བོ་ཡིན། རྒྱལ་བའི་གདུང་འཚོབ་ཡིན་ཞེས་ཡང་ཡང་བསྔགས་པར་གསུངས་ཤིང་། དེ་ལྟར་བསྔགས་པའི་མདོ་བསླབ་བཏུས་སོགས་ལས་བཙལ་དགོས་གསུངས། དེ་ལྟར་རྒྱལ་བས་བསྔགས་པ་ཞེས་སོགས་ཚིགས་བཅད་གཅིག་གིས་དེ་འདྲའི་བསྔགས་པ་བློ་ལྡན་གང་གིས་འདོད་པ་དེས་དྲང་ངེས་རྣམ་འབྱེད་ཀྱི་བསྟན་བཅོས་འདིར་ཞུགས་ནས་འབད་པར་གྱིས་ཞེས་འདིར་འཇུག་པར་གདམས་པ་ཡིན། ཚུལ་གཉིས་ཤིང་རྟའི་སྲོལ་འབྱེད་འདིར་འབད་པས། ཞེས་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་བཅོས་བརྩམས་པའི་དགེ་བ་བསྔོས་པ་ཡིན་གསུངས། ཞེས་མགོན་པོ་ཀླུ་སྒྲུབ་དང་ཞེས་སོགས་གོ་སླ་གསུངས། མཇུག་ཏུ་འོ་དེ་ལྟར་རྗེ་བཙུན་འཇམ་དབྱངས་མིའི་གར་གྱིས་རྣམ་པར་རོལ་བ་ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་བ་ཆེན་པོའི་ལེགས་བཤད་ཀུན་གྱི་ཡང་རྩེ་དྲང་ངེས་རྣམ་འབྱེད་ཀྱི་བཤད་ལུང་ལེགས་པར་ཕུལ་གྲུབ་ཟིན་པས་ཁོ་བོ་ཡང་སྐལ་བ་བཟང་། ཁྱེད་རྣམས་ཀྱིས་ཀྱང་ལེགས་པར་ཐོབ་ཟིན་པས་སྐལ་བ་བཟང་། བྱུང་ན་པྲ་རྟི་དགེ་བཤེས་ཀྱིས་རང་གི་སློབ་མ་རྣམས་ལ་མཚན་མོ་ཆོས་གསུངས་པའི་ཕྱག་ལེན་བཞིན་དུ་མཚན་མོ་ཀུ་ཅོ་དང་གཅོམ་ཆུང་བ། འདུ་ལོང་ཉུང་བའི་དུས་སུ་འབུལ་ཐུབ་ན་བཟང་མོད་ཀྱང་དེ་བླ་སློབ་གཉིས་ཀས་མི་ནུས་པ་དང་། ད་ལྟ་བྲེལ་བ་ཆེ་བ་སོགས་ཀྱིས་ཞིབ་རྒྱས་སུ་འབུལ་མ་ཐུབ། འོན་ཀྱང་བྲེལ་བ་ཆེ་བཞག་ཆུང་བཞག་བྱས་ནས་ཕུལ་བ་ཡིན། སྔ་མོ་བོད་ན་མངོན་པ་གོང་འོག་སོགས་རྒྱ་གཞུང་ཕལ་ཆེར་གྱི་བཤད་ལུང་ཡོད་ཀྱང་ད་ལྟ་མིང་ཙམ་ཡང་མི་སྣང་། དུས་ཕྱིས་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་པས་བརྒྱད་སྟོང་བའི་བཤད་ལུང་གནང་སོང་ཟེར་བའི་གཏམ་ཚོར་ཁོ་བོས་སྔ་མོ་ལེགས་པར་རྩད་བཅད་ཀྱང་མ་རྙེད། ད་བཤད་རྒྱུན་ཐམས་ཅད་ཆད་སོང་བ་བསམས་ན་དེ་འདྲའི་གཏམ་ཚོར་བ་ཙམ་ཡང་སེམས་ལ་ཕན་པ་ཞིག་འདུག  དེས་ན་ད་ལྟ་རྗེ་བླ་མའི་བསྟན་པ་ཅུང་ཟད་ཅིག་མ་ཉམས་པར་ཡོད་པ་འདི་རིང་དུ་གནས་ན་ཅི་མ་རུང་སྙམ་ནས་ད་ལན་བདག་གིས་ཐེག་པ་ཁུར་བླངས་བྱས་པའི་ཁུལ་ཡིན། ད་ཁྱེད་མཆོག་གི་སྤྲུལ་པའི་སྐུ། དཔོན་སློབ་ཁྲི་གདན་ཟུར་སོགས་བསྟན་པའི་བདག་པོར་གྱུར་ཟིན་དང་། འགྱུར་དགོས་ཀུན་གྱིས་ཐེག་པ་ཁུར་བླངས་བྱས་ནས་གཞན་ལ་སྤེལ་བར་མཛད་དགོས་གསུངས་པ་སོགས་ཡིད་སྐྱོ་ཞིང་སེམས་ལ་ཕན་པའི་ཞལ་གདམས་མང་དུ་གསུངས་ནས་མདོར་ན་དགེ་རྩ་སྤེལ་བའི་ཐབས་མཆོག་ནི་རྗེས་སུ་ཡི་རང་ཡིན་པར་རྗེ་བླ་མས་གསུངས་པ་བཞིན་དུ་ཉན་བཤད་ཀྱི་དགེ་བ་ལ་ཡི་རང་བྱ་བའི་ངང་ནས། རྗེ་བླ་མས། རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་མཆིས་པ་གང་། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་གསུངས་པ་ལྟར་ཚུལ་འདི་ལས་བྱུང་བའི་དགེ་རྩ་ཐམས་ཅད་རྗེ་བླ་མའི་བསྟན་པ་ཕྱོགས་ཀུན་ཏུ་རྒྱས་ཤིང་ཡུན་རིང་དུ་གནས་པའི་རྒྱུར་བསྔོ་ཞིང་། དེ་འདྲའི་སྨོན་པ་ཡང་མཛད་པར་ཞུ་གསུངས། སྨྲས་པ། དཀའ་གནད་ཀུན་ལ་མཁྱེན་པའི་སྤྱན་སྟོང་ཉིན་བྱེད་དབང་བོ་བཞིན་དུ་གསལ། །ལུས་ཅན་ཀུན་ལ་ཐུགས་རྗེའི་སྤྲིན་ནས་དམ་ཆོས་ཆར་ཆེན་རྟག་ཏུ་འབེབས། །རྒོལ་ངན་ཀུན་ལ་རིགས་ཚུལ་རྩེ་བརྒྱས་སྨྲ་མེད་སྐལ་བ་ཅི་ཡང་སྦྱིན། །ཆོས་ཀྱི་བརྒྱ་བྱིན་འཇིགས་མེད་དབང་བོ་དགྱེས་པར་མཛོད་ཅིག་ཐུགས་རྗེའི་བདག །ཟླ་ཟེར་བཞུན་དུ་སྙིང་གི་ཚ་གདུངས་ཀུན། །ལྷག་མར་བཅིལ་བྱེད་ཁྱོད་གསུང་གངྒཱའི་རྒྱུན། །ལྟ་ངན་ཀུན་སེལ་མཐའ་བྲལ་རྣམ་དཔྱོད་ཀྱི། །དགའ་སྟོན་ཆེད་དུ་ཡིད་ཀྱི་བུམ་པར་བསྟེན། །འདི་ན་སྟོང་འུར་འབྲུག་སྒྲ་ལྡིར་བས་ཀྱང་། །རྨ་བྱ་གཞོན་ནུ་དགའ་བའི་གར་བྱེད་ན། །ལེགས་བཤད་འདི་འདྲའི་དགའ་སྟོན་ཐོབ་པའི་ཚེ། །དགུན་གྱི་ཁུ་བྱུག་ལྟར་འདུག་མི་དེ་སུ། །དེས་ན་བློ་བཟང་ལེགས་བཤད་གངྒཱ་ཆེ། །སྔོན་མེད་དྲང་སྲོང་ཛཾ་ཧཱུས་བྱིན་པ་གང་། །  མི་ཉམས་གནས་ཕྱིར་བདག་གིས་འབད་པས་ན། །དུས་མཐའི་བློ་ལྡན་ཚོགས་ཀྱིས་དོན་ལྡན་མཛོད། །དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག །ཡང་དག་དགེ་བའི་བཤེས་དང་མི་འབྲལ་ཞིང་། །གསང་གསུམ་ཡོན་ཏན་འཛིན་ཞིང་སྒྲོགས་པ་ལ། །མཁས་གྲུབ་དགེ་ལེགས་དཔལ་དང་མཚུངས་བར་ཤོག །སྒྲིབ་བྱེད་རྣམ་དག་ཉ་གང་ཟླ་བས་མཚོན་མིན་བློ་བཟང་ལེགས་བཤད་མཁའ་མཐའ་བྲལ་བའི་ངོས་ཡངས་པོར། །ཐོས་བསམ་སྒོམ་པའི་ཆུ་འཛིན་འཕྲེང་བ་འཁྲིགས་པའི་ཀློང་ནས་རིགས་ལམ་རྩོད་པའི་གློག་འཕྲེང་དྲག་ཏུ་འཁྲུག །ལེགས་བཤད་རྩོམ་པའི་གྲུ་ཆར་འབེབས་པ་དང་བཅས་དལ་གྱིས་འཆད་པའི་དབྱར་སྐྱེས་ལྷུང་ལྷུང་བཞད་པ་ཡིས། །སྔོན་མེད་རྫོགས་ལྡན་དགའ་བའི་དཔལ་གྱིས་སྐལ་ལྡན་རྨ་བྱའི་སྙིང་གི་མངལ་ཁུར་ལྕི་གྱུར་ཅིག །ཅེས་ལེགས་བཤད་སྙིང་བོའི་གསུང་བཤད་ཟིན་བྲིས་སུ་བཀོད་པ་ཀུན་མཁྱེན་གསུང་གི་ཆུ་རྒྱུན་དག་བྱེད་མཆོད་ཡོན་འདི་ནི།  བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་མཚུངས་མེད་ཡབ་རྗེ༧མི་བསྐྱོད་དགྱེས་བཞད་རྡོ་རྗེའི་དཀོན་མཆོག་འཇིགས་མེད་དབང་བོ་མི་ཕམ་དབྱངས་ཅན་དགའ་བའི་སྡེའི་ཞལ་སྔ་ནས་ཀྱིས། རབ་བྱུང་བཅུ་གསུམ་པའི་ཆུ་སྟག་གི་ལོར།རྒྱལ་བས་ལུང་བསྟན་པའི་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཕོ་བྲང་ཆེན་མོར་ཆོས་འདིའི་བཤད་ལུང་གི་བཀའ་དྲིན་སྩལ་སྐབས། གང་གི་བཀའ་འབངས་ཐ་ཤལ་བ་དཀོན་མཆོག་རྒྱལ་མཚན་གྱིས་ཆ་ཤས་ཙམ་ཞིག་ཤོག་དྲིལ་དུ་བྱས་ནས། ༧རྗེ་ཉིད་ལ་གཟིགས་པ་ཕུལ་བར་མགོ་མཇུག་ཚང་མར་གཟིགས་རྟོག་དང་ཞུས་དག་གི་བཀའ་དྲིན་སྩལ་ཏེ། དགྱེས་པའི་གསུང་གི་གནང་བ་སྤྱི་བོར་ཕེབས་པ་ལྟར། སླར་ཡང་ཤོག་དྲིལ་ཕྱི་མོར་བྱས་ནས་རང་ཉིད་ཀྱིས་འབད་པ་ཆེན་པོས་སུག་བྲིས་སུ་དག་པར་བགྱིས་པ་འདིས་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།  ། 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།