བློ་སྦྱོང་དོན་བདུན་མའི་འགྲེལ་བ་མན་ངག་བདུད་རྩིའི་ཆུ་རྒྱུན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-08-31 07:56:18     རྩོམ་པ་པོ།   ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

༄༅། །ཐམས་ཅད་མཁྱེན་པ་བདེ་གཤེགས་དོན་ཀུན་གྲུབ། །ཐུགས་རྗེ་མངའ་བ་མགོན་པོ་སྤྱན་རས་གཟིགས། །འཇམ་དབྱངས་ཕྱག་ན་རྡོ་རྗེ་ཀུན་བཟང་སོགས། །རྒྱལ་བ་སྲས་དང་བཅས་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་གསེར་གླིང་བ། །དི་བཾ་ཀ་ར་འབྲོམ་སྟོན་པོ་ཏོ་བ། །ཤ་ར་བ་དང་འཆད་ཁ་བ་ལ་སོགས། །བཀའ་གདམས་བཤེས་གཉེན་རིམ་བྱོན་རྣམས་ལ་འདུད། །རེད་འདའ་བ་དང་རྗེ་བཙུན་ཙོང་ཁ་པ། །སངས་རྒྱས་ཡེ་ཤེས་བློ་བཟང་ཆོས་རྒྱན་དང་། །ཆོས་འདི་གང་ལས་ཐོས་པའི་དྲིན་ཅན་རྗེ། །བཤེས་གཉེན་ཆེན་པོ་རྣམས་ལ་ཕྱག་འཚལ་ནས། །གསུང་རབ་ཀུན་གྱི་སྙིང་པོ་བྱང་ཆུབ་སེམས། །ཚུལ་བཞིན་ཉམས་སུ་ལེན་པའི་གདམས་པ་མཆོག །བློ་སྦྱོང་དོན་ཚན་བདུན་གྱི་ཚིག་གི་དོན། །མི་བརྗེད་དྲན་པའི་ཆེད་དུ་འགོད་ལ་སྤྲོ། །འདིར་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། ཕན་བདེའི་རིན་པོ་ཆེ་མ་ལུས་པའི་འབྱུང་ཁུངས། བྱང་ཆུབ་སེམས་སྦྱོང་མཐུན་མོང་མ་ཡིན་པའི་སྒོ་ནས། སྐལ་ལྡན་གྱི་སྐྱེས་བུ་རྣམས་སངས་རྒྱས་ཀྱི་སར་ཁྲིད་པའི་མན་ངག་བློ་སྦྱོང་དོན་བདུན་མ་ཞེས་བྱ་བ་ནི་གང་བཤད་བར་བྱ་བའི་ཆོས་སོ། །ཆོས་དེའི་དོན་མཛད་པ་པོ་ནི། བླ་མ་གསེར་གླིང་བ་ཞེས་བྱ་བ་བྱང་ཆུབ་ཀྱི་ཐུགས་ལ་མངའ་བརྙེས་པ་དེ་ཉིད་ཡིན་ལ། དེས་བདག་ཉིད་ཆེན་པོ་ཨ་ཏི་ཤ་ལ་གནང་། དེས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་གནང་། དེས་རྒྱལ་སྲས་པོ་ཏོ་བ་ཆེན་པོ་ལ་གནང་། དེས་དགེ་བའི་བཤེས་གཉེན་ཤ་ར་བ་ཡོན་ཏན་གྲགས་ལ་གནང་། དེས་དགེ་བའི་བཤེས་གཉེན་ཆེན་པོ་འཆད་ཁ་བ་ལ་གནང་། དེ་དག་གི་བར་དུ་སྙན་རྒྱུད་ལྟ་བུར་ཡོད་པ་ལས། དགེ་བའི་བཤེས་གཉེན་འཆད་ཁ་བས་བྱང་ཆུབ་སེམས་སྦྱོང་གི་གདམས་པ་འདི་ཉིད། དོན་ཚན་བདུན་དུ་ཕྱེ་ནས་ཉམས་སུ་ལེན་ཚུལ། བློ་སྦྱོང་དོན་བདུན་མར་གྲགས་པ་འདི་ཉིད་མཛད་དེ་རྒྱ་ཆེར་སྤེལ་བས། གདམས་ངག་འདི་ཉིད་ཀྱི་ཁྲིད་རྒྱུན་ད་ལྟའི་བར་དུ་གནས་པའི་བཀའ་དྲིན་མཛད་དོ། །དེས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་དག་གིས། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཉམས་སུ་ལེན་པ་ལ་འབད་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པས་སོ། །འོ་ན་དེ་ཉིད་ཉམས་སུ་ལེན་པའི་ཚུལ་ཇི་ལྟར་ཡིན་སྙམ་ན། གདམས་ངག་འདི་ལ་དོན་ཚན་བདུན་ཡོད་པས་དང་པོ་སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ། གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ། གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། བཞི་བ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། ལྔ་པ་བློ་འབྱོངས་པའི་ཚད་བསྟན་པ། དྲུག་པ་བློ་སྦྱོང་གི་དམ་ཚིག། བདུན་པ་བློ་སྦྱོང་གི་བསླབ་བྱ་རྣམས་སོ།།

དང་པོ། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ།

དང་པོ་ནི་བློ་སྦྱོང་རྩ་ཚིག་ལས། དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་བྱུང་། དེ་ཡང་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་དང་པོ་ནི། གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པ། གཉིས་པ་མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས་པ། གསུམ་པ་སྟན་བདེ་བ་ལ་ཚུལ་དང་མཐུན་པའི་སྤྱོད་ལམ་གྱི་ས་འཁོད་དེ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ། བཞི་པ་ཚོགས་ཞིང་གསལ་འདེབས་པ། ལྔ་བ་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་འབུལ་བ། དྲུག་པ་མནྜལ་ཕུལ་ཏེ་འདོད་པའི་དོན་ལ་གསོལ་བ་འདེབས་པ་རྣམས་སུ་ཡོད་པ་ལས། དང་པོ་གནས་ཁང་བྱི་དོར་བྱ་བ་ལ་ཀུན་སློང་ཡག་པོ་ཞིག་དགོས་ཏེ། གཞན་དུ་ན། གནས་ཁང་བྱི་དོར་གཙང་སིང་ངེ་བ་ཞིག་བྱས་ཏེ། སྐྱིད་པོ་རང་བྱས་ནས་འདུག་སྙམ་པ་ཆོས་མིན་སྤྱོད་པའི་རྒྱ་མི་སོགས་ལའང་ཡོད་པས་སོ། །དེས་ན་རང་ཅག་གིས་འདི་ལྟར་བསམ་དགོས་ཏེ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གནས་ཁང་འདིར་སྦྱན་འདྲེན་པའི་དོན་དུ་བྱི་དོར་བྱ་སྙམ་པའི་སྒོ་ནས། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཅེས་པ་འདོན་བཞིན་དུ་གནས་ཁང་གི་ནང་ཕྱགས་པའམ། ཡང་ན། རྡུལ་འདི་ས་རྡུལ་མ་ཡིན་ཉོན་མོངས་རྡུལ། །ཉོན་མོངས་རྡུལ་ནི་བདག་གིས་བྱི་དོར་བགྱི། །རྡུལ་འདི་ས་རྡུལ་མ་ཡིན་ལས་ངན་རྡུལ། །ལས་ངན་རྡུལ་ནི་བདག་གིས་བྱི་དོར་བགྱི། །ཞེས་པའི་དོན་བསམ་ཞིང་ངག་ནས་འདོན་བཞིན་དུ་བྱི་དོར་བྱེད། གནས་ཁང་བྱི་བ་ནི། ཕྱགས་མས་གནས་ཁང་གི་ས་རྡུལ་སོགས་ཕྱགས་པ་ལྟ་བུ་རེད། དོར་བ་ནི། སྔར་ཕྱགས་དར་བྱས་པའི་ཁྱིམ་ཕྱགས་ས་རྡུལ་སོགས་ཕྱི་རོལ་ཏུ་འཕང་བ་ལྟ་བུ་རེད། སྡུག་ཀུན་གྱི་བདེན་པ་གཉིས་ནི་ཕྱི་རོལ་ཏུ་དོར་བྱའི་ས་རྡུལ་ལྟ་བུ་དང་། ཕྱགས་མ་ནི་ལས་ཉོན་སྤང་བྱེད་ཀྱི་ལམ་བདེན་ལྟ་བུ་དང་། བྱི་དོར་བྱས་རྗེས་སུ་ས་རྡུལ་སོགས་མེད་པས་གཙང་སིང་ངེར་འདུག་པ་ནི། འགོག་བདེན་ལྟ་བུར་བསམ་ཏེ་གནས་ཁང་བྱི་དོར་བྱས་ན། བདེན་པ་བཞི་ཡི་ཉམས་ལེན་དང་། སངས་རྒྱས་ཀྱི་ཞིང་སྦྱོང་བའི་ཉམས་ལེན་དུའང་འགྲོ་ཞིང་། ཤེར་ཕྱིན་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་ས་ཕྱོགས་གཙང་མར་སྐུ་དཀྱིལ་མོ་ཀྲུང་བྱས་ཤིང་འཁོད། ཅེས་གསུངས་པ་ལྟར་ཉམས་སུ་བླང་བའང་ཡིན་ནོ།།

སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ཚུལ་ནི། དེ་དག་གང་དུ་བཞུགས་པའི་སྟེགས་ཀྱི་དབུས་སུ་རང་ཅག་རྣམས་ལ་བཀའ་དྲིན་མཉམ་པ་མེད་པ་ཐུབ་པའི་དབང་པོའི་སྐུ་རབ་གནས་ཅན་ཞིག་བཞུགས་སུ་གསོལ། དེའི་གཡས་གཡོན་དུ་བྱམས་འཇམ་དབྱངས་སོགས་ཀྱི་སྐུ་ཡོད་ན་ཅི་རིགས་པར་བཞུགས། གསུང་གི་རྟེན་དུ་ཤེར་ཕྱོགས་ཀྱི་སྐོར་སོགས་གཙོ་བོར་བཞུགས། ཐུགས་ཀྱི་རྟེན་ལ་མཆོད་རྟེན་དང་ས་ཙྪ་དང་། རྡོར་དྲིལ་སོགས་གང་ཡོད་བཞུགས།

གཉིས་པ་མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས་པ་ལ། མཆོད་པའི་རྫས་ལོག་འཚོ་སོགས་ཀྱིས་སྒྲུབ་པ་མ་ཡིན་པ། རང་ལ་འབུལ་རྒྱུ་གང་ཡོད་དང་གང་འཛོམས་བཤམས། ཀུན་སློང་ཉོན་མོངས་པ་དང་མ་འདྲེས་པར། དད་པའི་སེམས་ཀྱིས་ཡ་ཡོ་སོགས་མེད་པ་གཙང་ཞིང་ཡིད་དུ་འོང་བ་ཞིག་བཤམས་ན། རང་ལ་སྐྱབས་ཡུལ་རྣམས་ཀྱི་བྱིན་རླབས་འཇུག་པའི་རྟེན་འབྲེལ་ཡོད་གསུངས།

གསུམ་པ་སྟན་བདེ་བ་ལ་འཁོད་དེ་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་བྱ་བ་ནི། སྟན་གྱི་རྒྱབ་ཅུང་ཟད་མཐོ་ལ་མདུན་དམའ་བའི་སྟེང་དུ་འཁོད། ལྷོ་བྲག་མར་བས། བོད་ཀྱི་མན་ངག་ཟབ་དགུ་བསྡོམས་ཀྱང་། ཁོ་བོའི་འདུག་སྟངས་གཅིག་བུ་ལ་མི་དོ། ཞེས་གསུངས་པ་ཡང་ལུས་ཀྱི་འདུག་སྟངས་འདི་གལ་ཆེ་བས་རེད། གང་གིས་མོས་པ་གཙོར་བྱས་པ། །དེའི་མདུན་ན་ཐུབ་པ་བཞུགས། །ཞེས་པ་ལྟར། རང་གི་ཐད་དྲང་གི་ནམ་མཁའ་སྟོན་པ་ཐུགས་རྗེ་ཅན་ལ། ཐེག་གསུམ་འཕགས་པའི་ཚོགས་ཀྱིས་བསྐོར་བའི་དཀོན་མཆོག་གསུམ་དངོས་སུ་བཞུགས་ཡོད་སྙམ་དུ་བསམ་ལ་སྐྱབས་འགྲོ་འདོན། དེ་ཡང་དཔེར་ན། གསད་པར་འོས་པའི་མི་ཉེས་ཅན་ཞིག་གིས། སྲོག་གི་ཆད་པ་ལས་སྐྱོབ་ནུས་པའི་རྒྱལ་བློན་སོགས་ལ། རང་གི་འབྱོར་བ་གང་ཡོད་ཕུལ་ཏེ། ཅི་ནས་ཀྱང་བདག་གི་སྲོག་སྐྱོབས་ཤིག་ཅེས་ནན་ཏན་དུ་ཞུ་བ་ལྟར། བདག་ཀྱང་བཞི་བརྒྱ་པ་ལས། ཕལ་མོ་ཆེ་ནི་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན།། དེས་ན་སོ་སོའི་སྐྱེས་པོ་ནི། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་གསུངས་པ་ལྟར། ཕྱི་མ་ངན་འགྲོར་འགྲོ་བ་ལས་འོས་མེད་པར་འདུག འདི་ག་ལས་ཤེས་ན། སྐྱེ་བ་སྔ་མ་རྣམས་སུ་སྡིག་པ་བྱས་པ་ཕར་ཞོག ཚེ་འདིར་ཡང་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཉེས་སྡིག་ཇི་ལྟ་བུ་ཞིག་བྱས་པ་རང་གིས་ཤེས་པ་དེ་ལྟར་རེད། ངན་སོང་དུ་སྐྱེ་ན། ངན་སོང་སོ་སོའི་སྡུག་བསྔལ་དྲག་ལ་རྩུབ་པ་ཡུན་རིང་བ་དེ་སུ་ཞིག་གིས་བཟོད་པར་ནུས་སྙམ་དུ་བསམ་ནས་དེ་ལ་འཇིགས་པ་ཞིག་སྐྱེ་དགོས། དེ་ལ་འཇིགས་པ་ཙམ་གྱིས་གོ་མི་ཆོད་པས། ངན་འགྲོའི་འཇིགས་པ་ལས་སྐྱོབ་མཁན་ཞིག་བཙལ་དགོས། དེ་ཡང་ངན་འགྲོར་སྐྱེ་བ་འཕེན་བྱེད་ལས་ཀྱི་རྣམ་སྨིན་གྱི་འགོ་མ་བརྩམ་ཞིང་། མི་ལུས་རིན་པོ་ཆེ་འདི་མ་དོར་བའི་སྐབས་འདིར། ངན་འགྲོའི་སྡུག་བསྔལ་ལས་ཅི་ཐར་བྱ་དགོས། མི་དགེ་བའི་ལས་ཀྱི་རྣམ་སྨིན་མྱོང་བའི་འགོ་ཚུགས་པ་ན། སུས་ཀྱང་སྐྱོབ་མི་ནུས། གལ་ཏེ་འཇིག་རྟེན་པ་རྣམས་ལ་སྐྱབས་སུ་སོང་ན་ཡང་། དེ་དག་ལ་མཁྱེན་པའི་ཡེ་ཤེས་མེད་པས། བདག་གིས་ཁོ་ལ་སྐྱབས་འཚོལ་བ་ཁོས་མི་ཤེས། ཤེས་སུ་ཆུག་ཀྱང་བརྩེ་བའི་སྙིང་རྗེ་མེད། གལ་ཏེ་སྙིང་རྗེ་ཡོད་དུ་ཆུག་ཀྱང་། ཁོ་རང་ཡང་ངན་འགྲོའི་འཇིགས་པ་ལས་མ་ཐར་བས་གཞན་སྡུག་བསྔལ་དེ་ལས་སྐྱོབ་བའི་ནུས་པ་མེད། དེས་ན་མཁྱེན་བརྩེ་ནུས་གསུམ་དང་ལྡན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་པས། བདག་གིས་སྙིང་གི་ཁོང་ནས་སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོའོ། །བདག་ངན་སོང་གི་འཇིགས་པ་ལས་སྐྱོབས་ཤིག མྱུར་དུ་བསྐྱབ་ཏུ་གསོལ། སྙམ་པའི་སྒོ་ནས། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་སོགས་བརྗོད་པར་བྱའོ། །འདུལ་བ་རྒྱ་ཆེར་འགྲེལ་ལས། སངས་རྒྱས་ནི་སྐྱབས་སྟོན་པ་པོ། ཆོས་ནི་སྐྱབས་དངོས། དགེ་འདུན་ནི་སྐྱབས་སྒྲུབ་པའི་ཟླ་གྲོགས། ཞེས་གསུངས་པ་ལྟར། རང་ཉིད་ངན་འགྲོ་ལས་དངོས་སུ་སྐྱོབ་བྱེད་ནི། རང་རྒྱུད་ཀྱི་དགེ་བའི་ཆོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ཡིན། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྒྱུད་ན་ཡོད་པའི་ཆོས་དཀོན་མཆོག་རང་གི་རྒྱུད་དུ་འཕོས་ནས་སྐྱོབ་པ་མིན་ཏེ། མདོ་ལས། སྲིད་པའི་ཟུག་རྔུ་གཅོད་བྱེད་ལམ། །ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །དེ་བཞིན་གཤེགས་པ་སྟོན་མཛད་དེ། །ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ། །ཞེས་དང་། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཞེས་དང་། རྗེ་རིན་པོ་ཆེས། དེ་ཡང་དཀར་ནག་ལས་འབྲས་ལེགས་བསམ་ནས། །བླང་དོར་ཚུལ་བཞིན་སྒྲུབ་ལ་རག་ལས་སོ། །ཞེས་གསུངས་པ་ལྟར་རོ། །སེམས་བསྐྱེད་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་པས་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་བསྟན། བྱང་ཆུབ་བར་དུ་ཞེས་པས་ཇི་ཙམ་དུ་སྐྱབས་སུ་འགྲོ་བའི་དུས་བསྟན། བདག་གིས་སྦྱིན་སོགས་བགྱི་བ་འདི་དག་གིས། །ཞེས་པས་སེམས་བསྐྱེད་སྐྱེ་བས་རྒྱུ་བསོད་ནམས་ཀྱི་ཚོགས་རང་གིས་སྦྱིན་པ་བཏང་བ་དང་། སོགས་སྒྲས་བསྡུས་པ་ཚུལ་ཁྲིམས་བསྲུང་བ་སོགས་ཕར་ཕྱིན་ལྷག་མ་གང་བྱས་དང་མདོར་ན་བདག་གིས་དགེ་བ་གང་ཞིག་བསགས་པ་ཐམས་ཅད་བསྟན། འགྲོ་ལ་ཕན་ཕྱིར་ཞེས་པས་དགོས་པ་གང་གི་ཕྱིར་དུ་སེམས་བསྐྱེད་པ་བསྟན། སངས་རྒྱས་འགྲུབ་པར་ཤོག ཅེས་པས་སྨོན་ལམ་གྱི་ཚུལ་དུ་སེམས་བསྐྱེད་པ་ཡིན་ནོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་སོགས་རྐང་བ་གསུམ་གྱིས་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་གསུམ་བསྟན། སེམས་བསྐྱེད་ནི་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་སྐྱེ་དགོས་པའི་རྒྱུ་མཚན་གྱིས་རེད། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་པས་འགྲོ་བ་གཞན་གྱིས་སངས་རྒྱས་ཐོབ་ཕྱིར་དུ། བདག་གི་བྱང་ཆུབ་ཐོབ་པར་བྱའོ་ཞེས་ཡིད་ཀྱིས་ཁས་བླང་ཞིང་། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་བར་བགྱི། །ཞེས་པས་རྒྱལ་སྲས་ཀྱི་སྤྱོད་པ་ཕར་ཕྱིན་དྲུག་ལ་བསླབ་པར་དམ་བཅས་པ་རེད། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཚིག་རྐང་བཞིའི་དང་བོས་བྱམས་པ་ཚད་མེད། གཉིས་པས་སྙིང་རྗེ་ཚད་མེད། གསུམ་པས་དགའ་བ་ཚད་མེད། བཞི་བས་བཏང་སྙོམས་ཚད་མེད་སྒོམ་པ་བསྟན། བྱམས་པ་ནི་བདེ་བ་དང་ལྡན་འདོད་དང་། སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་ནོ། །ཚད་མེད་བཞི་སྒོམ་པ་ནི། སེམས་ཅན་ཚད་མེད་པ་ལ་དམིགས་ཤིང་། བསོད་ནམས་ཚད་མེད་པ་ཚངས་པ་ཆེན་པོར་སྐྱེ་བར་འགྱུར་བའི་བསོད་ནམས་དང་ཆ་འདྲ་བ་ཞིག་ཐོབ་པར་འགྱུར་བས་འདི་བཞི་ལ་ཚངས་པའི་གནས་པ་བཞི་ཞེས་ཀྱང་ཟེར་ལ། བསོད་ནམས་བྱ་བའི་གཞི་གསུམ་གྱི་བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་པ་ཡང་། བྱམས་པ་ཚད་མེད་བསྒོམ་པ་སོགས་ལ་གསུང་བ་ཡིན་ནོ། །བྱམས་པ་བསྒོམ་པའི་ཕན་ཡོན་ནི། རིན་ཆེན་ཕྲེང་བ་ལས། ལྷ་མི་བྱམས་པར་འགྱུར་བ་དང་། །དེ་དག་གིས་ཀྱང་བསྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་དོན་ཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ། །ཞེས་གསུངས་སོ།།

བཞི་བ་ཚོགས་ཞིང་གསལ་གདབ་པ་ནི། རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་གནས་སུ། སེང་གེའི་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་པདྨ་དང་ཉི་མ་དང་ཟླ་བའི་གདན་གྱི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་དང་ངོ་བོ་དབྱེར་མ་མཆིས་བའི་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ། སྐུ་མདོག་གསེར་བཙོ་མ་ལྟར་དྭངས་ཤིང་དྲི་མ་མེད་པ། ཕྱག་གཡས་པ་ས་གནོན་གྱི་ཕྱག་རྒྱ་གུང་མོའི་རྩེ་མོ་གདན་ལ་རེག་པ། གཡོན་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། དབུ་གཙུག་ཏོར་དང་ལྡན་པ། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དབུས་ན་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་བསམ། དེའི་གཡས་ཕྱོགས་ཀྱི་སྟེང་གི་ནམ་མཁར་རྗེ་བཙུན་བྱམས་པ་མགོན་པོ་ལ་སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་སོགས་རྒྱ་ཆེན་སྤྱོད་རྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། གཡོན་ཕྱོགས་ཀྱི་སྟེང་གི་ནམ་མཁར་རྗེ་བཙུན་འཇམ་དབྱངས་ལ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་སོགས་ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། རྒྱབ་ཀྱི་ནམ་མཁར་མགོན་པོ་སྤྱན་རས་གཟིགས་ལ་མཁན་པོ་ཞི་བ་འཚོ་དང་ཇོ་བོ་ཨ་ཏི་ཤ། རྗེ་རིན་པོ་ཆེ་སོགས་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། དེ་དག་གི་མཐའ་སྐོར་དུ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་དང་ཕྱོགས་བཞིར་རྒྱལ་བོ་ཆེན་པོ་བཞི་སོགས་སྤྲིན་གྱི་ཕུང་བོ་འཁྲིགས་པ་ལྟར་བཞུགས་པར་བསམ་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་སོགས་ཚིགས་བཅད་གཉིས་སམ། ཡང་ན། ཐུགས་རྗེ་བདག་ཉིད་རྩ་རྒྱུད་བླ་མ་དང་། །ཡི་དམ་ལྟ་ཚོགས་སྐྱབས་གནས་དཀོན་མཆོག་གསུམ། །དཔའ་པོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཚོགས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་འདོན། ཚོགས་ཞིང་རྣམས་ཀྱང་རྣམ་པ་སོ་སོར་གསལ་བཏབ་པ་ཙམ་ལས། ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པར་བསམ་ན་བྱིན་རླབས་འཇུག་ཚབས་ཆེ་གསུངས།

ལྔ་པ་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་ནི། ཕྱག་འཚལ་བའི་ཡན་ལག མཆོད་པ་འབུལ་བ། སྡིག་པ་བཤགས་པ། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དེ་ལྟར་ཡན་ལག་དང་པོ་དྲུག་གིས་མཚོན་པའི་དགེ་བ་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་བསྔོ་བའོ། །བཤགས་པས་སྡིག་སྒྲིབ་སྦྱོང་ཞིང་གཞན་དྲུག་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པས་ན། བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་དང་པོ་ཕྱག་འཚལ་བ་ནི། མ་གུས་པ་དང་ང་རྒྱལ་གྱི་གཉེན་པོ། མཆོད་པ་སེར་སྣའི་གཉེན་པོ། བཤགས་པ་སྡིག་སྒྲིབ་སྤྱིའི་གཉེན་པོ། རྗེས་སུ་ཡི་རང་ཕྲག་དོག་གི་གཉེན་པོ། ཆོས་འཁོར་བསྐུལ་བ་མ་རིག་པ་དང་། ཆོས་སྤོང་གི་ལས་ཀྱི་གཉེན་པོ། གསོལ་བ་གདབ་པ་བླ་མ་དང་སངས་རྒྱས་སོགས་ལ་མ་གུས་པ་དང་མ་དད་པའི་གཉེན་པོ། བསྔོ་བ་ནི། དགེ་བའི་འབྲས་བུ་ལ་ཡིད་མི་ཆེས་བ་དང་། ལོག་ལྟའི་གཉེན་པོར་འགྱུར་ཞེས་བཤེས་གཉེན་གོང་མ་རྣམས་གསུང་ངོ་། །ཡན་ལག་དང་པོ་ནི། བཟང་སྤྱོད་སྨོན་ལམ་ལས། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་པས་ཕྱོགས་བཅུའི་རྒྱལ་བ་ཀུན་ལ་ལུས་ངག་ཡིད་གསུམ་གྱིས་ཕྱག་བྱ་བར་བསྟན། འདུད་པ་ཕྱག་ཡིན་པས། རྒྱལ་བ་རྣམས་ལ་ཡིད་ཀྱིས་འདུད་པ་ཡིད་ཀྱི་ཕྱག་དང་། ངག་གིས་བསྟོད་དབྱངས་བྱས་པ་ངག་གི་ཕྱག་སྟེ། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །ཞེས་པས་ཡིད་ཀྱི་ཕྱག་དང་། དེ་དག་བསྔགས་པ་མི་ཟད་རྒྱ་མཆོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། ཅེས་ངག་གི་ཕྱག་གསུངས་སོ། །དེ་ཡང་རྡུལ་ཕྲ་རབ་གཅིག་གི་སྟེང་ན། འཇིག་རྟེན་ཁམས་ཀུན་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་བཞུགས་པར་མོས་ཤིང་། དེ་ལྟར་བདེན་གྲུབ་ཀྱིས་བཀག་པ་མེད་པའི་ཆོས་ཀྱི་དབྱིངས་མ་ལུས་པར་སངས་རྒྱས་སྲས་དང་བཅས་པས་གང་བ་ལ་ཡིད་ཀྱི་དད་པས་འདུད་པ་ནི། ཡིད་ཀྱི་ཕྱག་དང་། དབྱངས་ཀྱི་ཡན་ལག་སྣ་ཚོགས་པའི་སྒོ་ནས་སངས་རྒྱས་སྲས་དང་བཅས་པའི་ཡོན་ཏན་བརྗོད་དེ་བསྟོད་པ་ནི། ངག་གི་ཕྱག་གོ། ལུས་ཀྱི་ཕྱག་ནི། ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ།། ཞེས་པས་བསྟན་ལ། འགའ་ཞིག་གིས་འདི་བློ་ལ་འཆར་དཀའ་གསུང་ཡང་། ཡོངས་འཛིན་འཇིགས་མེད་རིན་པོ་ཆེས། འདི་དཀའ་རྒྱུ་ཅི་ཡོད། རང་གིས་ཕྱག་འཚལ་བའི་ཚེ་རང་གི་གཡས་གཡོན་དུ་རང་དང་འདྲ་བ་གཉིས་ཀྱིས་ཀྱང་ཕྱག་བྱ་བར་བསམ། དེ་ནས་རང་གི་མཐའ་སྐོར་དུ་རང་འདྲ་ཇེ་མང་ཇེ་མང་དུ་བཏང་ནས་ཕྱག་བྱ་བ་དེ་རེད་གསུངས། བཟང་བོ་སྤྱོད་པ་ཞེས་པའི་བཟང་པོ་ནི། བྱང་ཆུབ་ཀྱི་སེམས་དང་། སྤྱོད་པ་ནི་ཕར་ཕྱིན་དྲུག་ལ་བཤད། འགྲེལ་བ་འགའ་ཞིག་ལྟར་ན། བཟང་པོ་སྤྱོད་པ་ནི་སྤྱོད་པ་བཟང་པོ་སྟེ། རྒྱལ་སྲས་ཀྱི་སྤྱོད་པ་ལ་བཤད་ཀྱང་དོན་གྱི་འགང་འདྲའོ། །ཕྱག་འཚལ་ཚུལ། སྐྱབས་ཡུལ་རྣམས་ལ་དད་པའི་སེམས་ཀྱིས་རྐང་བ་གཉིས་གཤིབ། ལུས་དྲང་པོར་བསྲང་། ཐལ་མོ་ཁོང་སྟོང་དུ་སྦྱོར་ཏེ། སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ་གཏུགས་ནས། དཔྲལ་བ་དང་། ལག་མཐིལ་གཉིས། བུས་མོ་གཉིས་ཐང་དུ་ཐུག་པར་བྱས་ནས་ཕྱག་འཚལ་བ་ལ་ཡན་ལག་ལྔ་ཕྱག་ཟེར། སྡོང་པོ་བཀོད་པའི་མདོ་ལས། གཞོན་ནུ་ནོར་བཟང་གིས། སྡོང་པོ་ས་ལ་འགྱེལ་བ་ལྟར་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་འཚལ་བར་གསུངས་པ། ད་ལྟའི་བརྐྱང་ཕྱག་ཟེར་བ་འདི་ཡིན་གསུངས།

གཉིས་པ་མཆོད་བ་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །ཞེས་པ་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་གསུངས་པ་ལྟར་དང་། གཞན་ཡང་སྤྱོད་འཇུག་ལས། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་སྨོས་འཁྲུངས་པའི་མེ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །སེམས་དཔལ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་སྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ཐུབ་དབང་མཆོག་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང་། །ཨུཎལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར།། མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན།། མུ་ཏིག་རིན་ཆེན་རྒྱན་འཕྲེང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་།། ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན།། ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་བརྒྱན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང་། རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་བརྗོད་པར་བྱའོ། །མཆོད་པའི་སྐད་དོད་བུ་ཛ་ཞེས་པ་མཉེས་པ་ལ་འཇུག་པས། མཆོད་པ་ཇི་ལྟར་ཕུལ་བ་བཞིན་དུ་མཆོད་ཡུལ་རྣམས་ཀྱིས་རང་ལ་ཐུགས་བརྩེ་བའི་སྒོ་ནས་ལོངས་སྤྱོད་དེ་དབང་བོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་སྐྱེས་པར་བསམ་གསུངས། དེས་ན་མཆོད་པ་དངོས་ནི། མཆོད་རྫས་དེ་དག་ཕུལ་བ་ལ་བརྟེན་ནས་སྐྱབས་ཡུལ་རྣམས་ཀྱི་ཐུགས་མཉེས་པའི་བདེ་བ་དེ་འཇོག བླ་ན་མེད་པའི་མཆོད་པ་ནི། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །ཞེས་སོགས་ལྟར། མི་ཕལ་བའི་སྤྱོད་ཡུལ་ལས་འདས་པའི། ས་མཐོན་པོ་ལ་གནས་པའི་བྱང་སེམས་རྣམས་ཀྱི་རྫུ་འཕྲུལ་གྱིས་བཟང་དགུར་སྤྲུལ་བའི་མཆོད་པ་སྟེ། དེའི་གོང་ན་མཆོད་པ་གཞན་མེད་པས་སོ། །བྱང་ཆུབ་ཀྱི་སེམས་བསྒོམས་པ་དང་། དམ་པའི་ཆོས་འཛིན་པ་ཡང་བླ་ན་མེད་པའི་མཆོད་པ་ཡིན་པར་བཤད་དོ།།

གསུམ་པ་བཤགས་པ་ནི། ལྟུང་བཤགས་དང་སྤྱི་བཤགས་སོགས་འདོན་ཞིང་། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གི་བགྱི་བ་ཅི་མཆི་བ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཞེས་སོ། །ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན། སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་སླར་ཟློག་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས། རྟེན་གྱི་སྟོབས་ནི། །བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་སོགས་ཀྱིས་སྐྱབས་སུ་འགྲོ་བ་དང་། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཞེས་སོགས་ཀྱིས་སེམས་སྐྱེད་པ་ལྟ་བུའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པའི་གཉེན་པོར་དགེ་བའི་ལས་ལ་སྤྱོད་པ་སྟེ། །སངས་རྒྱས་ཤཱཀྱ་ཐུབ་པ་དང་། བདེ་གཤེགས་སོ་ལྔའི་མཚན་ནས་བརྗོད་དེ་ཕྱག་འཚལ་བ་ལྟ་བུའོ། །རྣམ་པར་སུན་འབྱིན་པའི་སྟོབས་ནི། རང་གི་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དྲག་པོ་སྐྱེས་ནས། དཀོན་མཆོག་གི་སྤྱན་སྔར་མཐོལ་བཤགས་བྱེད་པ་སྟེ། བདག་གི་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མའི་ཐ་མ་མཆིས་བ། ཞེས་པ་ནས། དེ་དག་གི་སྤྱན་སྔར་མཐོལ་ལོ། ཆགས་སོ། །ཞེས་བཤགས་པ་བྱེད་པ་ལྟ་བུའོ། །ཉེས་པ་ལས་སླར་ཟློག་པའི་སྟོབས་ནི། སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །ཞེས་པ་དང་།འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལེགས་པར་བཟུང་དུ་གསོལ། །འདི་ནི་བཟང་བོ་མ་ལེགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། ཅེས་གསུངས་པ་ལྟ་བུའོ། །ཕྱིན་ཆད་སྡོམ་པར་ཁས་བླངས་ནས་ཕྱིས་སྡོམ་མ་ཐུབ་ན། ཉེས་པ་མི་འདག་པའི་སྟེང་དུ་རྫུན་ཀྱི་ཉེས་པར་འགྱུར་ཞེས་འདུལ་བ་རྒྱ་ཆེར་འགྲེལ་ལས་གསུངས་ལ། ཡོངས་འཛིན་རིན་པོ་ཆེས། བཤགས་པའི་སྐབས་སུ་སྡོམ་སེམས་བརྟེན་ན། ཕྱིས་མ་ནུས་ཀྱང་རྫུན་དུ་མི་འགྱུར་ཞིང་། སྡིག་ལྟུང་འདག་པའི་ཐབས་སུ་འགྱུར་གསུངས། སྐབས་དེར་སྡོམ་སེམས་དངོས་མ་ཡོད་ན་རྫུན་དུ་འགྱུར་རྒྱུ་མ་རེད། སྡིག་པ་མཐའ་མེད་པས་བཤགས་བསྡམས་ཕྲན་བུ་རེ་བྱས་པས་གོ་མི་ཆོད་སྙམ་པ་ནི། ལས་འབྲས་བསམ་པ་མིན། གཉེན་པོ་ལ་ཡིད་མི་ཆེས་པའི་སྐུར་འདེབས་ཡིན་པས་ཉེས་དམིགས་ལྷག་པར་ཆེ། ཉེས་དམིགས་འབྱུང་བ་དང་། སྡིག་པ་བཤགས་པས་འདག་པ་གཉིས་ཀ་སངས་རྒྱས་ཀྱི་གསུངས་ཡིན་པས། ཡིད་ཆེས་བྱེད་ན་གཉིས་ཀ་ལ་བྱེད་དགོས་ཞེས་བེའུ་བུམ་སྔོན་པོའི་འགྲེལ་བར་བཤད་པ་ལྟར་རེད་གསུང་། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པའི།། ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་པ་ལྟར། ནངས་པར་ལྟུང་བཤགས་ཚར་གསུམ་དང་། མཚན་མོ་ཉལ་ཁར་ཚར་གསུམ་རེ་འདོན་པ། དམ་པ་རྣམས་ཀྱིས་ཕྱག་ལེན་ལྟ་བུར་གནང་གི་ཡོད། འབུམ་ཕྲག་གཅིག་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་ཡི་གེ་བརྒྱ་བ་འབུམ་བཟླས་ནི་སྡིག་པ་དག་པར་གསུངས་ཤིང་། ཕྱག་རྡོར་འཁོར་ཆེན་གྱི་རྒྱུད་ལས། ཨོཾ་བཛྲ་ས་ཏྭ་ཧཱུཾ་ཞེས་འབུམ་དུ་བརྗོད་ན་རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ། །ཞེས་གསུངས།

སྐབས་འདིར་མཚམས་མེད་ཀྱི་ལས་སོགས་མི་དགེ་བའི་ལས་སྟོབས་ཅན་ཡང་། གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པ་བྱས་ན་འདག་ནུས་ཏེ། རིན་ཆེན་ཕྲེང་བ་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་དག །ཕྱིས་ནས་བག་དང་ལྡན་པ་ཉིར་གྱུར་ན། །ཟླ་བ་སྤྲིན་བྲལ་ལྟ་བུར་རབ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་ཉོན་མོངས་ཆེ་བ་གཅུང་དགའ་བོ་དང་། མི་དགུ་བརྒྱ་དང་གོ་དགུ་བསད་པ་སོར་མོའི་ཕྲེར་བ་ཅན་དང་། རང་གི་ཕ་རྒྱལ་བོ་གཟུགས་ཅན་སྙིང་པོ་བསད་པ་རྒྱལ་བོ་མ་སྐྱེས་དགྲ་སྟེ་མཐོང་ལྡན་དང་། རང་གི་མ་བསད་པ་དགེ་སློང་བདེ་བྱེད་སོགས་ཀྱིས་ཀྱང་བཤགས་པ་བྱས་པས་མི་དགེ་བའི་ལས་དེ་རྣམས་དག་པར་གསུངས་པ་ལྟར་རོ། །སྤྱོད་འཇུག་ལས་ཀྱང་། །ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདི་འམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་འམ། །བགྱིད་དུ་རྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་བས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །བདག་གི་དཀོན་མཆོག་གསུམ་དང་ནི། །ཕ་མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་ངག་དང་། །ཡིད་ཀྱིས་གནོད་བགྱིས་གང་ལགས་པ། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ཅན་བདག་གི་སྡིག་པ་གང་། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །བདག་གི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །མགོན་པོ་བག་མེད་བདག་གིས་ནི། །འཇིགས་པ་འདི་འདྲ་མ་འཚལ་ནས། །མི་རྟག་ཚེ་འདིའི་ཆེད་དག་ཏུ། །སྡིག་པ་མང་པོ་ཉེ་བར་བསྒྲུབས། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤུ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡིས་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བ། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བ་སྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་བོ་དང་། །ས་ཡི་སྙིང་བོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས།། སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་གསུངས་པ་ལྟར་བྱའོ།།

བཞི་བ་རྗེས་སུ་ཡི་རང་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །ཞེས་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་དང་། རང་རྒྱལ་རྣམས་དང་། ཉན་ཐོས་སློབ་པ་དང་མི་སློབ་པ་རྣམས་དང་། ལམ་མ་ཞུགས་པའི་འགྲོ་བ་རྣམས་ཀྱི་བསོད་ནམས་ཏེ། གང་ཟག་ཚན་པ་ལྔའི་དགེ་བ་ལས་རྗེས་སུ་ཡི་རང་བྱེད་པར་གསུངས་སོ། །ཡི་རང་ནི་དགའ་བ་སྟེ། གང་ཟག་ལྔའི་དགེ་བར་དགེ་བ་ཐམས་ཅད་འདུས་པས། གང་ཟག་ལྔས་དགེ་བ་བྱས་པ་ལ་སེམས་དགའ་བའོ།།

ཡན་ལག་ཕྱི་མ་བཞི་ནི། སྤྱོད་འཇུག་ལས། སེམས་ཅན་ཀུན་གྱི་ངན་སོང་གི །སྡུག་བསྔལ་ངལ་བསོའི་དགེ་བ་དང་། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ་། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ་། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་། །རྒྱལ་སྲས་ས་ལའང་ཡི་རང་ངོ་། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང་། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་འགོད་ཅིང་། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་བསལ་བར་ཤོག །ཅེས་སོ། །ཉི་ཁྲི་སྣང་བ་དང་འགྲེལ་བ་དོན་གསལ་གཉིས་ཆར་ལས། མོས་པ་ཡིད་ལ་བྱེད་པས་ནི། འབྱུང་ཁུངས་དག་ནས་གསེར་གྱི་གར་བུ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱེད་དོ། །ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པས་ནི་གསེར་མགར་གྱིས་རྒྱན་བཞིན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་དོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་ནི། རང་དང་གཞན་གྱི་བསོད་ནམས་བྱ་བ་མཉམ་པ་ཉིད་ཐོབ་བོ། །ཞེས་པ་ལྟར། སངས་རྒྱས་ཀྱི་གསུང་ལ་ཡིད་ཆེས་ཀྱི་དད་པ་དང་། སངས་རྒྱས་ཀྱི་ཡོན་ཏན་འཐོབ་པར་འདོད་པའི་མོས་པ་ལས་ནི། དཔེར་ན། རིན་པོ་ཆེའི་འབྱུང་ཁུངས་ལྟ་བུ་ལས། བསོད་ནམས་གསེར་གྱི་ཕུང་པོ་ལྟ་བུ་ཞིག་ཐོབ་པ་ཡིན་ནོ། །བསོད་ནམས་ཀྱི་དགེ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར་བསྔོས་པའི་ཚེ་ཆུད་མི་ཟ་བ་ནི། །དཔེར་ན། གསེར་གྱི་ཕུང་པོ་དེ་ཉིད་གསེར་མགར་མཁས་པས་པ་ཏྲ་ལ་སོགས་པའི་རྒྱན་སྣ་ཚོགས་སུ་བསྒྱུར་བ་བཞིན་ནོ། །རང་དང་འདྲ་བའམ་རང་ལས་དམན་པའི་སྦྱིན་བདག་གིས་སྦྱིན་པ་བཏང་བ་སོགས་ལ་རྗེས་སུ་ཡི་རང་བྱས་ན། སྦྱིན་བདག་དེ་དག་གི་བསོད་ནམས་ལས་ལྷག་པའམ། དེ་དང་ཆ་འདྲ་བ་ཐོབ་པ་ནི་དཔེར་ན། རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་འཁོར་བཅས་མཆོད་པའི་དགེ་བ་ལ་ཡི་རང་བྱས་པའི་དབུལ་བོ་དེ་བའི་རྣམ་ཐར་བཞིན་ནོ། །དེ་ལྟར་བསྔོ་བ་བྱས་པས་བསོད་ནམས་མཐའ་ཡས་པ་འབྱུང་བའི་རྒྱུ་མཚན་ནི། སློབ་དཔོན་ཟླ་བ་གྲགས་པས། སེམས་ཅན་རྣམས་མཐའ་ཡས་ཕྱིར་དང་། །སངས་རྒྱས་མཁྱེན་པ་ཚད་མེད་དང་། །དེར་ནི་ཡོངས་སུ་བསྡོས་པའི་ཕྱིར། །བསོད་ནམས་དེ་ནི་མཐའ་ཡས་འགྱུར། །ཞེས་གསུངས་པ་ལྟར་རོ།།

སྦྱོར་ཆོས་དྲུག་པ་འདོད་པའི་དོན་ལ་གསོལ་བ་འདེབས་པ་ནི། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་ལ་གསོལ་བ་འདེབས་སོ། །བདག་གིས་དགེ་བའི་བཤེས་གཉེན་ལ་མ་གུས་པ་ནས་བདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་རྒྱུད་ལ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། དགེ་བའི་བཤེས་གཉེན་སངས་རྒྱས་དངོས་སུ་མཐོང་བ་ནས་བཟུང་སྟེ། ཞི་གནས་ལྷག་མཐོང་གི་བར་གྱི་ལམ་གྱི་རྟོགས་པ་མཐའ་དག་མྱུར་དུ་རྒྱུད་ལ་སྐྱེད་བར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་ཕྱི་ནང་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། སྐབས་འགར་དེའི་འཕྲོར་བློ་ཆོས་སུ་ཕྱོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་ལ་བར་ཆད་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཀྱང་བརྗོད་པར་བྱའོ།། དེ་ནས་རང་ཅག་གིས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་མི་ལུས་ཁྱད་པར་ཅན་ཐོབ་པའི་དུས་འདིར། ཡར་བདེ་འགྲོ་དང་། མར་ངན་སོང་གར་འགྲོ་རང་ལག་ན་ཡོད་པས་ད་ནི་ལུས་རྟེན་འདི་ལ་སྙིང་པོ་ཞིག་ལེན་དགོས། དེ་ཡང་མྱུར་དུ་སྡིག་སྤོང་དགེ་སྒྲུབ་ལ་མ་འབད་ན་ནམ་འཆི་ལ་ངེས་པ་མེད། ཤི་བའི་འོག་ཏུ་མེད་དེ་མི་འགྲོ་བར་སྐྱེ་བ་ཞིག་ལེན་པར་ངེས་ལ། དེ་ཡང་གར་སྐྱེ་རང་དབང་མེད་པར་ལས་ཀྱི་དབང་གིས་སྐྱེ་དགོས། །དགེ་བའི་ལས་སྟོབས་དང་ལྡན་ན་བདེ་འགྲོར་སྐྱེ་ལ། མི་དགེ་བའི་ལས་སྟོབས་དང་ལྡན་ན་ངན་འགྲོར་སྐྱེ་བར་སངས་རྒྱས་སྲས་དང་བཅས་པས་གསུངས་ཤིང་། དེས་ན་རང་གིས་མི་དགེ་བའི་ལས་ཕྲ་མོ་ནས་སྤོང་ཅི་ཐུབ་དང་། དགེ་བའི་ལས་ཕྲ་མོ་ནས་ཅི་ནུས་སུ་བསྒྲུབ་པར་བྱའོ་སྙམ་དུ་བསམ་མོ། །དེ་ལྟར་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་ནས་དཀར་ནག་གི་ལས་ལ་བླང་དོར་ཚུལ་བཞིན་དུ་བྱས་པ་ལས་མངོན་མཐོའི་ལུས་རྟེན་ཁྱད་པར་ཅན་ཞིག་ཐོབ་མོད། དེ་ཡང་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་ཏེ། རང་རྒྱུད་ཉོན་མོངས་པ་དང་ལས་ཀྱི་གཞན་དབང་ཅན་དུ་གྱུར་པས་སོ། །དེས་ན་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས། དེ་ལས་ཐར་འདོད་ཀྱི་ངེས་འབྱུང་ཁྱད་པར་ཅན་བསྐྱེད་པར་བྱའོ་སྙམ་དུ་བསམ་མོ། །འོ་ན་རང་ཅག་རྣམས་འཁོར་བ་གང་གིས་བཅིངས་ནས་སྡུག་བསྔལ་མྱོང་བ་ཡིན་སྙམ་ན། གང་ཟག་དང་ཆོས་ལ་བདག་ཏུ་འཛིན་པའི་མ་རིག་པ་ལ་བརྟེན་ནས་འཁོར་བ་ཡིན་ནོ། །འོ་ན་མ་རིག་པ་དེ་གཉེན་པོ་གང་གིས་སྤོང་སྙམ་ན། རིག་པའི་དབང་ཕྱུག་གིས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་གསུངས་པ་ལྟར་དེ་དང་འཛིན་སྟངས་འགལ་བའི་གཉེན་པོ་ལམ་ཞིག་གིས་སྤོང་དགོས་ལ། དེ་ཡང་། བཞི་བརྒྱ་བ་ལས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་པ་ལྟར། ཡུལ་བདག་མེད་པ་ནི་དེ་ཁོ་ན་ཉིད་ཡིན་པས་དེ་རྟོགས་པ་ལ་འབད་པར་བྱའོ།།

གཉིས་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ།

དོན་ཚན་གཉིས་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ་ལ། དོན་དམ་པ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱང་བ་གཉིས་ལས། དང་པོ་དོན་དམ་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་སྦྱོར་དངོས་མཇུག་གསུམ། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ལྷ་དང་བླ་མ་ལ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཏེ། གསོལ་བ་ཤུགས་དྲག་པོ་བཏབ་ལ། ལུས་དྲང་པོར་འདུག་སྟེ། དབུགས་ཕྱི་ནང་དུ་རྒྱུ་བ་ཉེར་གཅིག་ཙམ་མ་འཁྲུགས་པར་བགྲངས་ནས་བསམ་གཏན་བསྒོམ་པ་ལས་རུང་དུ་བྱའོ། །དངོས་གཞི་ནི། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །ཞེས་བྱུང་། འོ་ན་ཡུལ་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་ཚུལ་ཇི་ལྟར་ཡིན་སྙམ་ན། བདེན་བདེན་ལྟར་སྣང་བའི་སྣོད་བཅུད་འདི་དག་ཐམས་ཅད་ནི། རང་གི་སེམས་ཉིད་འཁྲུལ་ནས་གཟུགས་ལ་སོགས་པ་ཡུལ་རང་གི་ངོས་ནས་བདེན་པར་སྣང་བ་ཡིན་གྱི། སེམས་ལ་དེ་ལྟར་སྣང་བ་ཙམ་ལས་ལོགས་སུ་བདེན་པར་མ་གྲུབ་པས། རྨི་ལམ་ལྟར་བདེན་པར་གྲུབ་པ་མེད་དོ་སྙམ་དུ་བསམ། སེམས་ཉིད་བདེན་ནམ་སྙམ་ན། མ་སྐྱེས་རིག་པའི་གཤིས་ལ་དཔྱད། །ཅེས་གསུངས། སེམས་ཉིད་རིག་པ་རང་བཞིན་གྱིས་གནས་པ་མེད། དེ་མེད་པས་སེམས་ཉིད་རང་བཞིན་གྱིས་འགག་པ་མེད། དེ་ལྟར་སེམས་ཉིད་ཀྱི་རང་བཞིན་ནམ་གཤིས་ལ་དཔྱད་ན་བདེན་པར་གྲུབ་པ་མེད་སྙམ་དུ་བསམ། དེའི་ཚེ་ཡུལ་སེམས་སྟོང་པའོ་སྙམ་པའི་རྣམ་རྟོག་བྱུང་ན། གཉེན་པོ་ཉིད་ཀྱང་རང་སར་གྲོལ། ཞེས་གསུངས། གཉེན་པོས་རྣམ་རྟོག་དེ་ཉིད་ཀྱི་ངོ་བོ་ལ་བལྟས་པས། དེ་བདེན་པར་མེད་པར་ཤེས་པར་བྱས་ནས་དེའི་ངང་ལ་བཞག། འཇོག་ཚུལ་ཇི་ལྟར་བྱེད་སྙམ་ན། ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་བཞག ཅེས་གསུངས་ཏེ། འཁོར་འདས་ཀུན་གྱི་གཞི་སྟོང་པ་ཉིད་ལས་གཞན་གང་དུ་ཡང་མི་འཛིན་པར་གཡོ་མེད་དུ་བཞག་གོ་གསུངས། ཚིག་གསལ་དུ་དྲངས་པའི་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ། །གང་མ་རྙེད་པ་དེ་ནི་མི་དམིགས་པའོ། །གང་ངོ་བོ་ཉིད་མེད་པ་དེ་ལ་འབྱུང་བ་མེད་དོ། །གང་འབྱུང་བ་མེད་པ་དེ་ལ་འགག་པ་མེད་དོ། །ཞེས་སོ། །རྗེས་ནི། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བསམ། །ཞེས་གསུངས། མཉམ་བཞག་དེ་ཉིད་ཀྱི་རྗེས་སུ་འབྲང་ནས། རང་གཞན་སྣོད་བཅུད་སོགས་ཅི་སྣང་ཐམས་ཅད་སྣང་ཡང་བདེན་པར་མེད་པ་སྒྱུ་མའི་སྐྱེས་བུ་ལྟར་ཤེས་པར་བྱས་ཏེ། སྤྱོད་ལམ་ལ་འཇུག་པར་བྱའོ་གསུངས། གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་མཉམ་རྗེས་གཉིས་ལས། གཏོང་ལེན་གཉིས་པོ་སྤེལ་མར་སྦྱོང་། །ཞེས་གསུངས། དེ་ཡང་རང་གི་རྩ་བའི་མ་མདུན་དུ་གསལ་བར་དམིགས་ནས། མ་འདིས་བདག་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྒོ་སྣ་ཚོགས་ནས་དྲིན་གྱིས་བསྐྱངས། བྱམས་པའི་མིག་གིས་བལྟས། བརྩེ་བའི་སེམས་ཀྱིས་བཟུང་། གནོད་པ་ལས་སྐྱབས། ནུས་པ་ཅི་ཡོད་ཀྱིས་ཕན་བདེ་བསྒྲུབས་པས་ཤིན་ཏུ་དྲིན་ཆེ། དེ་ལྟར་བདག་གི་དོན་བྱེད་བྱེད་ནས་མ་འདིས་འཁོར་བར་སྡུག་བསྔལ་སྣ་ཚོགས་མྱོང་བ་སྙིང་རྗེ་སྙམ་དུ་ཡིད་ལ་དྲག་ཏུ་སྒོམས་ཤིག་གསུངས། ད་ནི་ངས་ཀྱང་མ་འདི་ལ་དྲིན་ལན་དུ་ཕན་གདགས་ཤིང་། གནོད་པ་བསལ་བར་བྱའོ་སྙམ། མ་འདི་ལ་གང་གིས་གནོད་ན་སྡུག་བསྔལ་གྱིས་དངོས་སུ་གནོད། ལས་དང་ཉོན་མོངས་པའི་ཀུན་འབྱུང་གིས་བརྒྱུད་ནས་གནོད་དོ། །འོ་ན་གནོད་བྱེད་དེ་གཉིས་ཇི་ལྟར་བསལ་སྙམ་ན། དེ་གཉིས་བདག་གིས་བླང་ལ་བསལ་བར་བྱའོ་སྙམ་དུ་བསམ་ལ། མའི་རྒྱུད་ན་ཡོད་པའི་སྡུག་བསྔལ་དང་ཀུན་འབྱུང་མ་ལུས་པ་རང་གི་སྙིང་གི་ནང་དུ་བྱུང་བར་བསྒོམ་མོ། །མ་དེ་ལ་ཅི་ཡིས་ཕན་སྙམ་ན། བདེ་བ་དང་དགེ་བས་ཕན་པས། རང་གི་བདེ་དགེ་ཐམས་ཅད་མ་ལ་ལྟོས་པ་མེད་པར་བཏང་བས། མ་འཕྲལ་ལ་བདེ་བ་ཐམས་ཅད་དང་ལྡན་ཞིང་། ཁྱད་པར་དུ་ཆོས་བསྒྲུབ་པའི་མཐུན་རྐྱེན་ཐམས་ཅད་འཛོམས་ནས། འཕྲལ་ལ་འཚང་རྒྱ་ནུས་པ་ཙམ་དུ་བསམ་ཞིང་། དེ་དག་ལ་དམིགས་ནས་དགའ་འདུན་དྲག་ཏུ་བསྒོམ་མོ། །དེ་བཞིན་དུ་ཕ་ལ་སོགས་པ་ལ་ཡང་བསྒོམས་ཏེ། མཐར་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱའོ། །དེ་ཡང་འདི་ལྟར་སེམས་ཅན་ཐམས་ཅད་ཀྱང་ཐོག་མ་མེད་པ་ནས། བདག་གི་ཕ་མར་བྱས་ཏེ། ཕན་དཔག་ཏུ་མེད་པ་བཏགས་པས་ཤིན་ཏུ་དྲིན་ཆེ། དྲིན་ཅན་དེ་རྣམས་འཁོར་བར་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་ལས། སྡུག་བསྔལ་དེ་དག་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དྲག་ཏུ་བསྒོམ་ལ། དེ་དག་གི་སྡུག་བསྔལ་ཐམས་ཅད་བདག་ལ་ཐིམ་ཞིང་། བདག་གི་ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་རྣམས་དེ་དག་ལ་བཏང་བས། དེ་དག་བདེ་ཞིང་དགེ་བ་འཕེལ་བར་བསམ་ལ། དེ་དག་དེ་ལྟར་གྱུར་བྱུང་སྙམ་ནས་དགའ་བའི་འདུན་པ་དྲག་པོ་བྱའོ། །བདག་གཞན་བརྗེ་བའི་བློ་དེ་སྐྱེ་སླ་བར་བྱ་བའི་ཕྱིར། གཏོང་ལེན་རླུང་ལ་སྐྱོན་པར་བྱ། །ཞེས་གསུངས། སྣ་བུག་གི་རླུང་ཕར་འགྲོ་བ་ན། དེ་དང་འགྲོགས་ནས་བདག་གི་བདེ་དགེ་ཐམས་ཅད་གཞན་རྒྱུད་དུ་སོང་ཞིང་། དབུགས་ཚུར་རྔུབ་པ་ན། གཞན་གྱི་སྡིག་སྡུག་ཐམས་ཅད་བདག་ལ་བྱུང་བར་བསྒོམ་མོ། དེ་ཡང་རིན་ཆེན་ཕྲེང་བ་ལས། དེ་དག་སྡིག་པ་བདག་ལ་སྨིན། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་པ་ལྟར་རོ། །རྗེས་ཐོབ་ཏུ་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །ཞེས་གསུངས་ཏེ། སེམས་ཅན་ཡིད་དུ་འོང་བ་དང་། ཡོད་དུ་མི་འོང་བ་དང་། བར་མ་གསུམ་ལ་བརྟེན་ནས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་སྐྱེས་པ་ན། བདག་ལྟར་དུག་གསུམ་སྐྱེ་པའི་སེམས་ཅན་མང་བོ་ཡོད་པས། དེ་རྣམས་ཀྱི་དུག་གསུམ་ཐམས་ཅད་བདག་གི་སྟེང་དུ་འདུས་ནས། དེ་རྣམས་འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་བདེ་བ་གསུམ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསམ་མོ། །དེ་ལ་དྲན་པ་བསྐུལ་བའི་ཕྱིར། སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱངས། ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྔིག་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག བདག་གི་བདེ་དགེ་ལེགས་ཚོགས་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག ཅེས་འདུན་པ་དྲག་པོས་ཡང་ཡང་བརྗོད་པར་བྱའོ་གསུངས། གཞན་གྱི་སྡུག་བསྔལ་བདག་ལ་ལེན་ནུས་པར་བྱ་བའི་ཕྱིར། ལེན་པའི་གོ་རིམ་རང་ནས་རྩམ། །ཞེས་གསུངས་ཏེ། བདག་ལ་མ་འོངས་པ་ན་འབྱུང་བར་འགྱུར་བའི་སྡུག་བསྔལ་ཐམས་ཅད་ཚེ་འདིར་བླངས་པས། གཞན་རྣམས་ཀྱི་སྡུག་བསྔལ་ཡང་རིམ་གྱིས་ལེན་ནུས་པར་འགྱུར་རོ་གསུངས།

གསུམ་པ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ།

དོན་ཚན་གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་གསུངས། སྡིག་པའི་ལས་ཀྱི་བདག་འབྲས་སྣོད་བཅུད་ཀྱི་འབྱོར་བ་ཉམས་པ་དང་། འཇིག་རྟེན་སེམས་ཅན་མ་རུང་བས་གང་བ་ལ་བརྟེན་ནས་སྡུག་བསྔལ་མང་པོ་བྱུང་བ་རྣམས་མཐོང་ནས། རྐྱེན་ངན་དེ་དག་ཀྱི་ལམ་དུ་བསྒྱུར་བ་ལ། བསམ་སྦྱོར་གཉིས་ལས། བསམ་པས་ལམ་དུ་བསྒྱུར་བ་ལ། དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། ལས་ལེན་ཐམས་ཅད་གཅིག་ལ་བདའ། །ཞེས་གསུངས། བདག་ལ་སྡུག་བསྔལ་ཅི་བྱུང་ཡང་རང་ཉིད་ཀྱིས་རང་ལ་བདག་ཏུ་བཟུང་ནས། གཞན་ལ་གནོད་པ་ལ་སོགས་པའི་ལས་ངན་བསགས་པས་ལན་པ་ཡིན་པས། གཞན་ལ་ཁག་མི་འགེལ་བར་བདག་འཛིན་གྱི་འགོང་བོ་འདི་ཅི་ཐུབ་ལ་འབད་པར་བྱའོ། །དགེ་བའི་བཤེས་གཉེན་འབན་གྱིས་ཞལ་ནས། ང་ནི་སེམས་ཀྱི་མཁར་སྒོ་རུ་གཉེན་པོའི་མདུང་ཐུང་ཞིག་མནན་ནས་སྡོད་པ་མིན་པ་ལས་གཞན་བྱ་རྒྱུ་མེད། ཁོས་སྒྲིམ་ན་ངས་ཀྱང་སྒྲིམ། ཁོས་གློད་ན་ངས་ཀྱང་གློད་གསུངས་པ་ལྟར་བསླབ་པར་བྱའོ། །བདག་འཛིན་ལ་དགྲར་བལྟས་ནས་སྤོང་བ་འདི་ལ། འགོང་བོ་འགོང་རྫོངས་ཀྱི་ཆོས་ཞེས་དགེ་བཤེས་ཤ་བོ་སྒང་བས་གསུང་ངོ་། །དེ་ལྟར་བདག་འཛིན་དང་རང་གཅེས་འཛིན་ལ་དགྲར་བལྟས་ནས་གཞན་གཅེས་པར་བཟུང་བའི་ཕྱིར་བཤད་པ། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་གསུངས། སྤྱིར་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་ཕ་མ་ཡིན་པས་སྔར་ཡང་དྲིན་ཆེ། ད་ལྟ་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་ཡང་སེམས་ཅན་ལ་རག་ལས་པས། དྲིན་ཆེ་བའི་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྒོམས་ནས། དེ་དག་གི་སྡིག་སྡུག་ཐམས་ཅད་བདག་ལ་བླངས་ཤིང་། བདག་གི་བདེ་དགེ་ཐམས་ཅད་སེམས་ཅན་དེ་རྣམས་ལ་སྦྱིན་པར་བྱ་སྟེ། །གལ་ཏེ་དགྲ་འདི་གནོད་བྱ་བའི། །བསམ་ཡོད་མཆོད་བྱ་མིན་ཞེ་ན། །སྨན་པ་བཞིན་དུ་ཕན་བརྩོན་ན། །བདག་གིས་བཟོད་པ་ཇི་ལྟར་འགྲུབ། །དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོས་པར་འོས། །དེ་ཕྱིར་སེམས་ཅན་ཞིང་དང་ནི། །རྒྱལ་བའི་ཞིང་ཞེས་ཐུབ་པར་གསུངས། །འདི་དག་མགུ་བྱས་མང་པོ་ཞིག །འདི་ལྟར་ཕུན་ཚོགས་ཕ་རོལ་ཕྱིན། །སེམས་ཅན་རྣམས་དང་རྒྱལ་བ་ལས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ།། ཞེས་དང་། སངས་རྒྱས་ཆོས་མཆོག་སྐྱེ་བའི་ཤེས། །སེམས་ཅན་རྣམས་ལ་ཡོད་པས་ན། །འདི་ཙམ་དག་གི་ཆེ་བསྟུན་ནས། །སེམས་ཅན་མཆོད་བྱར་རིགས་པར་འགྱུར། །གཞན་ཡང་གཡོ་མེད་གཉེན་གྱུར་ཅིག །ཕན་པ་དཔག་མེད་མཛད་རྣམས་ལ། །སེམས་ཅན་མགུ་བྱ་མ་གཏོགས་པ། །གཞན་གང་ཞིག་གིས་ལེན་ལོན་འགྱུར། ཞེས་འབྱུང་བས་སོ། །ཁྱད་པར་དུ་བདག་ལ་མི་དགའ་ཞིང་གནོད་འཚེ་བྱེད་མཁན་གྱི་མི་དག་མཐོང་བའི་ཚེ་དེ་ལ་མི་ཁྲོ་བར། དངོས་སུ་ཕན་ཅི་ཐོགས་ལ་འབད་ཅིང་། ཇི་ལྟར་བྱས་ཀྱང་དངོས་སུ་ཕན་གདགས་མ་ནུས་ན་ཡང་། བསམ་པས་གནོད་བྱེད་འདི་དག་སྡུག་བསྔལ་དང་བྲལ་བ་དང་། བདེ་སྐྱེད་དང་ལྡན་པ་དང་། སངས་རྒྱས་མྱུར་དུ་ཐོབ་པར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་ཞིང་ངག་ཏུ་ཡང་བརྗོད་པར་བྱའོ། །ཡང་གནོད་བྱེད་ལྷ་འདྲེ་ལྟ་བུ་ལ་ངས་ཐོག་མ་མེད་པ་ནས་ཁྱེད་རྣམས་ཀྱི་ཤ་ཟོས་ཁྲག་འཐུངས་པས། དེའི་ལན་དུ་བདག་གི་ཤ་ཁྲག་སོགས་ཁྱེད་ལ་སྦྱིན་པར་བྱ་སྟེ། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཅི་མཆིས་བ། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕངས་པ་མེད་པར་བཏང་བར་བྱ། །ཞེས་ཡིད་ཀྱིས་བསམ་ཞིང་ངག་ཏུའང་བརྗོད་པར་བྱའོ། །དེ་ལྟར་བྱས་པས་གནོད་བྱེད་ལྷ་འདྲེ་དེ་དག་གིས་ཀྱང་བདག་གི་ཤ་ཁྲག་ཟོས་ཤིང་ལོངས་སྦྱོང་རྣམས་ཐོབ་པས། ཐམས་ཅད་ཚིམས་ནས་བདེ་ཞིང་དགེ་བར་གྱུར་སོང་སྙམ་དུ་བསམ་མོ། །དེ་ལྟར་ན་ཉེས་པ་ཐམས་ཅད་བདག་གཅེས་གཛིན་ལས་བྱུང་འདུག་པས། དེ་ལ་དགྲར་བལྟས་ལ་གནོད་པ་ཅི་འཁྱོལ་བྱ་ཞིང་། ཕན་བདེ་ཐམས་ཅད་སེམས་ཅན་ལས་བྱུང་བར་འདུག་པས། སེམས་ཅན་གཞན་ལ་ཕན་ཅི་ཐོགས་བྱ་སྟེ། དགེ་བའི་བཤེས་གཉེན་གླང་རི་ཐང་བའི་ཞལ་ནས། ངས་ཅི་ཙམ་པའི་ཆོས་ཟབ་མོ་ཞིག་ཞལ་ཕྱེ་ནས་བལྟས་ཀྱང་། སྐྱོན་ཐམས་ཅད་རང་གི་ཡིན། ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་གྱི་ཡིན་པར་འདུག དེའི་གནད་ཀྱིས། ཁེ་དང་རྒྱལ་ཁ་གཞན་ལ་སྟེར། གྱོང་དང་ཕུང་ཁ་རང་གིས་ལེན་པ་འདི་མ་ཡིན་པ་གོ་རྒྱུ་མེད་ཅེས་གསུངས་པ་ལྟར་རོ། །དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རྐྱེན་ངན་ལམ་དུ་བསྒྱུར་བ་ནི། འཁྲུལ་སྣང་སྐུ་བཞིར་སྒོམ་པ་ཡིན། །སྟོང་ཉིད་བསྲུང་བ་བླ་ན་མེད། །ཅེས་གསུངས། ཉོན་མོངས་པ་དང་ཕྱི་ནང་གི་སྣོད་བཅུད་ཀྱིས་གནོད་པ་ལ་བརྟེན་པའི་སྡུག་བསྔལ་གང་བྱུང་ཡང་། ཉོན་མོངས་པ་དང་སྡུག་བསྔལ་འདི་དག་རང་གི་སེམས་འཁྲུལ་ཏེ་བདེན་པར་སྣང་བ་ཙམ་ལས། ཡུལ་རང་གི་ངོས་ནས་བདེན་པར་གྲུབ་པ་གང་ཡང་མེད་ཅེས་བསམ། ཀུན་རྫོབ་ཏུ་དེ་ལྟར་སྣང་བ་ནི། རྨི་ལམ་དུ་མེས་ཚིག་པ་དང་ཆུས་ཁྱེར་བ་ལྟར། རྨི་ལམ་གྱི་ཤེས་པ་ལ་དེ་ལྟར་སྣང་ཡང་དོན་དུ་མེད་པ་བཞིན་ནོ། །དོན་དམ་པར་ནི་ཆོས་ཐམས་ཅད་ཅི་ཡང་གྲུབ་པ་མེད་པས། ཉོན་མོངས་པ་དང་སྡུག་བསྔལ་དེ་དག་གི་ངོ་བོ་ལ་བལྟས་པས། དེ་དག་དང་པོ་གང་ནས་ཀྱང་མ་སྐྱེས་པས་སྐྱེ་མེད་ཆོས་སྐུ་ཡིན། མ་སྐྱེས་པ་ལ་འགག་རྒྱུ་མེད་པས་འགག་མེད་ལོངས་སྐུ་ཡིན། སྐྱེ་འགག་མེད་པ་ལ་བར་དུ་གནས་པ་མེད་པས་གནས་མེད་སྤྲུལ་སྐུ་ཡིན། དེ་རྣམས་ངོ་བོ་དབྱེར་མེད་པ་ངོ་བོ་ཉིད་སྐུ་ཡིས་པས། འཁྲུལ་སྣང་སྐུ་བཞིར་ལྟ་བ་འདི་ནི། སྐུ་བཞི་ངོ་སྤྲོད་ཀྱི་གདམས་ངག་བྱ་བ་ཡིན་ནོ་གསུངས། གཞན་ཡང་གནོད་བྱེད་འདིས་བདག་གིས་བྱང་ཆུབ་ཀྱི་སེམས་གཉིས་སྐྱོང་བའི་བསྐུལ་མ་བྱས་པས་ཀྱང་བཀའ་དྲིན་ཆེ། བདག་གཉེན་པོ་དང་བྲལ་ནས་ཉོན་མོངས་པ་སྐྱེས་པ་མ་ཚོར་བ་ལ་གནོད་བྱེད་འདིས་བསྒྲན་པས། བླ་མ་སངས་རྒྱས་ཀྱི་སྤྲུལ་བ་ཡིན་སྙམ་དུ་བསམ། ཡང་མཛེ་ནད་ལྟ་བུའི་མི་འདོད་པའི་སྡུག་བསྔལ་ཚབས་ཆེན་བྱུང་ན། སྡུག་བསྔལ་འདི་མེད་ན་བདག་ཚེ་འདིའི་གཤོམ་ར་ལ་སོང་ནས་ཆོས་མི་དྲན་པར་འདུག་ལ། འདིས་ཆོས་དྲན་ཏུ་བཅུག་པ་འདི་བླ་མ་དཀོན་མཆོག་གི་བཀའ་དྲིན་ཡིན་སྙམ་དུ་བསམ། མདོར་ན་བླ་མ་དང་དཀོན་མཆོག་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་གཉིས་སྐྱེ་བ་ལྟར། གནོད་བྱེད་ཐམས་ཅད་དང་སྡུག་བསྔལ་འདི་དག་ལ་བརྟེན་ནས་ཀྱང་བྱང་ཆུབ་ཀྱི་སེམས་གཉིས་སྐྱེ་བར་འདུག་པས་འདི་དག་གིས་གོ་བཅད་སྙམ་དུ་ཞེ་ཐག་པ་ནས་བསམ་མོ། །དེས་ན། རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། །སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ། །ཞེས་དང་། བདེ་བའི་རྒྱུ་ནི་རེས་འགའ་འབྱུང་། །སྡུག་བསྔལ་རྒྱུ་ནི་ཤིན་ཏུ་མང་། །སྡུག་བསྔལ་མེད་པར་ངེས་འབྱུང་མེད། །དེ་བས་སེམས་ཁྱོད་བསྟན་པར་མནོས།། ཞེས་དང་། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེས་སྐྱེ། །སྡིག་ལ་མཛེམ་ཞིང་དགེ་ལ་དགའ། །ཞེས་དང་། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། །ཞེས་དང་། དཔེར་ན་དམྱལ་བའི་སྲུང་མ་དང་། །རལ་གྲི་ལོ་མའི་ནགས་ཚལ་ལྟར། །རང་གི་ལས་ཀྱི་འདི་བསྐྱེད་ན། །གང་ཞིག་ལ་ནི་ཁྲོ་བར་བྱ། །ཞེས་དང་། འདི་དག་ལ་ནི་རྟེན་བཅས་ནས། །བཟོད་པས་བདག་སྡིག་མང་དུ་འབྱུང་། །བདག་ལ་བརྟེན་ནས་དེ་དག་ནི། །ཡུན་རིང་སྡུག་བསྔལ་དམྱལ་བར་འདོང་། །བདག་ནི་དེ་ལ་གནོད་བྱེད་ལ། །དེ་དག་བདག་ལ་ཕན་འདོག་ན། །ཕྱིན་ཅི་ལོག་ཏུ་ཅི་ཡི་ཕྱིར། །མ་རུང་སེམས་ཁྱོད་ཁྲོ་བར་བྱེད། །ཅེས་སོགས་གསུངས་པ་ལྟར་ཡང་བསམ་པར་བྱའོ།།

གཉིས་པ་སྦྱོར་བ་ཁྱད་པར་ཅན་བསགས་སྦྱང་གཉིས་ཀྱི་སྒོ་ནས་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཅེས་གསུངས། དེ་ཡང་ཚོགས་བསགས་པའི་སྦྱོར་བ་དང་། སྡིག་པ་སྤྱངས་པའི་སྦྱོར་བ་དང་། གདོན་མཆོད་པའི་སྦྱོར་བ་དང་། ཆོས་སྐྱོང་མཆོད་པའི་སྦྱོར་བ་དང་བཞི་ལས། དང་པོ་ནི། ཁྱོད་ཀྱི་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་ན་བདེ་བའི་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་དགོས་པས། སྐྱབས་འགྲོ་སེམས་བསྐྱེད་བྱ་བ་དང་། ཕྱག་དང་བསྐོར་བ་བླ་མ་དཀོན་མཆོག་ལ་མཆོད་པ་དང་མཎྜལ་ཕུལ་ཏེ། བདག་བདེ་ན་ལེགས་ན་བདེ་བར་བྱིན་གྱིས་རློབས་ཤིག བདག་ན་ན་ལེགས་ན་ན་བར་བྱིན་གྱིས་རློབས་ཤིག བདག་ཤི་ན་ལེགས་ན་ཤི་བར་བྱིན་གྱིས་རློབས་ཤིག ཅེས་རེ་དོགས་འགོག་པའི་གསོལ་འདེབས་དྲག་ཏུ་བྱའོ། །གཉིས་པ་ནི། ཁྱོད་སྡུག་བསྔལ་མི་འདོད་ན་སྡུག་བསྔལ་གྱི་རྒྱུ་སྡིག་པ་སྟོབས་བཞིའི་སྒོ་ནས་བཤགས་དགོས་པས། བླ་མ་དང་དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་རྟེན་གྱི་སྟོབས། སྔར་བྱས་པའི་སྡིག་པ་ལ་ཞེ་ཐག་པ་ནས་འགྱོད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པ་མི་བྱེད་སྙམ་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས། སྟོང་པ་ཉིད་སྒོམ་པ་དང་ལྟུང་བཤགས་འདོན་པ་སོགས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པ་ཚད་དུ་ལོངས་པ་བྱ་སྟེ། སྡིག་པ་བྱས་པའི་དགེ་སློང་ཞིག་ལ། བཅོམ་ལྡན་འདས་ཀྱིས། དགེ་སློང་ཁྱོད་མ་འཇིགས་ཤིག ང་ལ་སྟོབས་བཞི་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡོད་དོ། །ཞེས་གསུངས་པས་སོ། །དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱི་ཐར་པ་རིན་མོ་ཆེའི་རྒྱན་ལས། དེ་བཞིན་གཤེགས་པའི་མཛོད་ལས་ནི། སྟོང་པ་ཉིད་བསྒོམ་པས་སྡིག་པ་བྱང་བར་གསུངས་སོ། །རྡོ་རྗེ་གཅོད་པ་ལས་ནི། མདོ་སྡེ་ཟབ་མོ་བཏོན་པས་སྡིག་པ་བྱང་བར་གསུངས། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་དང་། དཔུང་བཟང་གི་ཞུས་པ་ལས་ནི། གསང་སྔགས་ཀྱི་བཟླས་པ་བྱས་པས་སྡིག་པ་བྱང་བར་གསུངས། མེ་ཏོག་བརྩེགས་པའི་གཟུངས་ལས་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པས་སྡིག་པ་བྱང་བར་གསུངས། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་ལས་ནི། སྐུ་གཟུགས་བཞེངས་པས་སྡིག་པ་བྱང་བར་གསུངས་སོ། །གཞན་ཡང་ཆོས་ཉན་པ་དང་ཀློག་པ་དང་། འབྲི་བ་ལ་སོགས་པ་དགེ་བའི་ལས་གང་མོས་བྱེད་པ་སྟེ། དེས་སྡིག་པ་བྱང་བར་གསུངས་སོ། །ཞེས་སོ། །མདོ་ལས། ས་བོན་ཚ་བ་རྣམས་ལས་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ལས་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླ་བྱ་བ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། དཀར་པོའི་རྣམ་སྨིན་མངར་བ་ཡང་། །མཁས་པ་ཡིས་ནི་ཤེས་པར་བྱ། ཞེས་དང་། མདོ་སྡེ་ལས་བརྒྱ་བ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། ཞེས་དང་། དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ས་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས་སོ།།

གསུམ་པ་གདོན་མཆོད་པའི་སྦྱོར་བ་ནི། གདོན་ལ་གཏོར་མ་ཕུལ་ཏེ་ཁྱོད་ཀྱིས་བདག་གིས་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའི་གྲོགས་བྱས་པས་བཀའ་དྲིན་ཆེ། ད་དུང་སེམས་ཅན་ཀྱི་སྡིག་བསྔལ་བདག་ལ་སྨིན་པར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་གསོལ་བ་གདབ་བོ། །དེ་ལྟར་བསམ་མི་ནུས་ན་གདོན་ལ་སྙིང་རྗེ་བསྒོམ་ཞིང་། གཏོར་མ་བྱིན་ལ། ངས་ཁྱོད་ལ་འཕྲལ་དང་ཡུན་དུ་གང་ཕན་བྱ་ཡི། ངའི་ཆོས་ཀྱི་བར་ཆད་མ་བྱེད་ཅིག་ཅེས་བསྒོམ་པར་བྱའོ་གསུངས། བཞི་བ་ཆོས་སྐྱོང་མཆོད་པའི་སྦྱོར་བ་ནི། ཆོས་སྐྱོང་ལ་གཏོར་མ་ཕུལ་ཏེ། ཆོས་ཀྱི་བར་ཆད་ཞི་བ་དང་མཐུན་རྐྱེན་སྒྲུབས་པར་གསོལ་བ་གདབ་བོ།།

རྐྱེན་ངན་གློ་བུར་བ་ལམ་དུ་སློང་ཚུལ་ནི། འཕྲལ་ལ་གང་ཐུག་སྒོམ་ལ་སྦྱོར། །ཞེས་གསུངས། ནད་དང་གདོན་དང་དགྲ་ལ་སོགས་པ་གློ་བུར་དུ་བྱུང་སྟེ། སྡུག་བསྔལ་དྲག་པོ་བྱུང་བ་ན། འཇིག་རྟེན་གྱི་ཁམས་ན་འདི་ལྟ་བུའི་སྡུག་བསྔལ་བྱུང་བ་དཔག་ཏུ་མེད་པ་ཡོད་པས། དེ་རྣམས་སྙིང་རྗེ་སྙམ་དུ་བསམ་ལ། དེ་དག་གི་སྡུག་བསྔལ་ཐམས་ཅད་བདག་ལ་འུབ་ཀྱིས་བསྡུད། ཡང་གནོད་བྱེད་འདིས་བདག་གིས་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའི་གྲོགས་བྱས་པས་བླ་མ་ལྟར་བཀའ་དྲིན་ཆེ་སྙམ་དུ་བསམ། ཡང་། གཞན་དག་སྡུག་བསྔལ་བར་གྱུར་བ་མཐོང་ན། དེ་མ་ཐག་ཡིད་ཀྱིས་བླང་ཞིང་། རང་ངམ་གཞན་ལ་ཉོན་མོངས་དྲག་པོ་སྐྱེས་པ་ན། གཞན་གྱི་ཉོན་མོངས་པ་ཐམས་ཅད་བདག་ལ་འདུས་པར་གྱུར་ཅིག་ཅེས་ཞེ་ཐག་པ་ནས་བསམ་མོ། །རྐྱེན་ངན་ལམ་དུ་བྱ་ཐབས་འདི་ཐམས་ཅད་ཀྱིས་རེ་དོགས་གཉིས་འགོག་པ་ཡིན་པས། མཐར་ཐུག་རེ་དོགས་གཉིས་དང་བྲལ་པའི་ལམ་དུ་བསྐྱེལ་ཡང་། ད་ལྟའི་དུས་སུ་དགྲ་གཉེན་གཉིས་སུ་བྱས་ནས་བློ་སྦྱོང་བ་ནི། ཤིང་འཁྱོག་པོ་སྲོང་པ་དང་འདྲའོ། །ཞེས་དགེ་བཤེས་གླིང་རི་ཐང་བས་གསུངས་སོ།།

བཞི་པ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ།

དོན་ཚན་བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ། །ཞེས་གསུངས། དེ་ཡང་འཕེན་པའི་སྟོབས་དང་། གོམས་པའི་སྟོབས་དང་། དཀར་པོ་ས་བོན་གྱི་སྟོབས་དང་། སུན་འབྱིན་པའི་སྟོབས་དང་། སྨོན་ལམ་གྱི་སྟོབས་སོ། །དང་པོ་འཕེན་པའི་སྟོབས་ནི། ད་ནས་བཟུང་སྟེ་ཟླ་བ་འདི་དང་། ལོ་འདི་དང་། མ་ཤིའི་བར་དང་། བྱང་ཆུབ་མ་ཐོབ་པའི་བར་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མི་འབྲལ་བར་བྱའོ། །ཞེས་བསམ་པས་འཕེན་པ་དྲག་པོ་ཡང་ཡང་གཏོང་ངོ་། །གཉིས་པ་གོམས་པའི་སྟོབས་ནི། ཡང་དང་ཡང་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྦྱོང་བའོ། །གསུམ་པ་དཀར་པོ་ས་བོན་གྱི་སྟོབས་ནི། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྐྱེ་བ་དང་། འཕེལ་བའི་དོན་དུ་རང་གིས་ཅི་ནུས་ཀྱིས་ཚོགས་བསགས་པའོ། བཞི་བ་སུན་འབྱིན་པའི་སྟོབས་ནི། བདག་ཉིད་གཅེས་པར་འཛིན་པའི་རྣམ་རྟོག་ཐོད་ཀྱིས་བྱུང་བ་ན་ངོས་ཟིན་པར་བྱས་ལ། བློ་ངན་འདིས་བདག་ཐོག་མ་མེད་པ་ནས་སྡུག་བསྔལ་སྣ་ཚོགས་ལ་སྦྱར་ཞིང་། ཚེ་འདིར་ཡང་སྡིག་སྡུག་གཏམ་ངན་དང་ཆོས་ཚུལ་བཞིན་དུ་བསྒྲུབ་པ་མ་བྱུང་བ་ལ་སོགས་པ་བྱ་བ་ངན་པ་ཐམས་ཅད་འདི་ལས་བྱུང་བ་ཡིན་སྙམ་པ་བྱས་ལ། བདག་གཅེས་འཛིན་གྱི་རྣམ་རྟོག་རྒྱངས་ཀྱིས་སྤང་བར་བྱའོ་གསུངས། ལྔ་བ་སྨོན་ལམ་གྱི་སྟོབས་ནི། དགེ་སྦྱོར་ཐམས་ཅད་ཀྱི་གཤམ་དུ་དུས་ད་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ་དང་མི་འབྲལ་བར་གྱུར་ཅིག རྐྱེན་ངན་ཅི་བྱུང་ཐམས་ཅད་ཆོས་འདིའི་གྲོགས་སུ་འཁྱེར་ནུས་པར་གྱུར་ཅིག ཅེས་སྨོན་ལམ་གདབ་བོ། །སྟོབས་ལྔ་པོ་འདི་ཆོས་ཀུན་གྱི་སྙིང་པོ་ཧཱུཾ་གཅིག་ཏུ་དྲིལ་བའི་ཆོས་ཡིན་གསུངས། དེ་ལྟར་ན་སྟོབས་ལྔ་བོ་འདིའི་ནང་དུ་གོང་འོག་གི་རྩ་ཚིག་གི་དོན་རྣམས་བསྡུས་ནས་ཉམས་སུ་ལེན་ཚུལ་ནི། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་ཡུལ་གསལ་བཏབ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱས་ནས། ཁྱད་པར་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྦྱོང་བའི་རྣམ་འབྱོར་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་སོགས་བརྗོད། འདི་ནི་སྟོབས་དང་པོ་འཕེན་པའི་སྟོབས་ཀྱི་ཉམས་ལེན་ཡིན། རང་གི་སྤྱི་བོར་རྨ་བྱ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ་རིམ་པ་རིམ་པས་ཇེ་མཐོར་ཇེ་མཐོར་སོང་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་དང་ངོ་བོ་དབྱེར་མ་མཆིས་པའི་བཅོས་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་ར་ག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཚེ་ཡི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དབུ་སྐྲ་རལ་བའི་ཐོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་དང་ལྡན་པ། དྭངས་ཤིང་གསལ་བ། འོད་ཀྱི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་དབུས་ན་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོྃ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་ཧཱུཾ་སྔོན་པོ། དེའི་ཐིག་ལེ་ནང་དུ་ཧྲཱིཿདམར་པོ། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། ནུབ་ཕྱོགས་བདེ་ལྡན་ཞིང་ནས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། བླ་མ་ཚེ་དཔག་མེད་ལ་ཐིམ་པར་བསམ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སྐལ་བཟང་ཐར་བར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །༈ཕྱག་འཚལ་ལོ། །ཨོྃ་ཨཿགུ་རུ་བཛྲ་སརྦ་བུདྡྷ་བོ་དྷི་ས་ཏྭ་ས་བ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ཞེས་པ་ནས། ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་མཎྜལ་ཇི་ལྟར་ཅི་རིགས་པ་ཕུལ་ཏེ། སྨོན་སེམས་དང་འཇུག་སེམས་གཉིས་གཅིག་ཅར་དུ་ལེན་པའི་ཆོ་ག་སྤྱོད་འཇུག་ལས་གསུང་བ་འདིའི་སྒོ་ནས་སེམས་བསྐྱེད་པར་བྱ་སྟེ། བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །ཇི་ལྟར་སྔོན་གྱི་བདེ་བཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་རང་གི་སྤྱི་བོར་བཞུགས་པའི་མགོན་པོ་ཚེ་དཔག་མེད་ཀྱི་རྗེས་སུ་བཟླས་པར་བསམ་སྟེ་བརྗོད། ལན་གསུམ་པའི་རིམ་པ་བཞིན་དུ་བསླབ་པར་བགྱི། ཞེས་པའི་སྐབས་སུ་སེམས་བསྐྱེད་རང་རྒྱུད་ལ་སྐྱེས་པར་བསམ་མོ། །དེ་ནས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་དེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་པ་རྣམས་ཀྱི་ཚིག་དོན་ཡིན་ལ་དྲན་བཞིན་དུ་བརྗོད། དེ་ནས་ལོང་ཡོད་ན། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་གདན་བཞུགས་ལ། །ཞེས་པ་ནས། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །འདི་དག་ནི་དཀར་པོ་ས་བོན་གྱི་སྟོབས་ཀྱི་ཉམས་ལེན་ཡིན་ནོ། །དེ་ནས་མཐའ་སྐོར་ན་བཞུགས་པ་རྣམས་བླ་མ་ཚེ་དཔག་མེད་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ཆེན་པོར་གྱུར་བར་བསམ། བདག་དང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས། བླ་མ་ཀུན་འདུས་ཀྱི་ངོ་བོ་སངས་རྒྱས་ཚེ་དཔག་མེད་ལ་གསོལ་བ་འདེབས་སོ། །ཡི་དམ་ཀུན་འདུས་ཀྱི་ངོ་བོ་སངས་རྒྱས་ཚེ་དཔག་མེད་ལ་གསོལ་བ་འདེབས་སོ། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་སངས་རྒྱས་ཚེ་དཔག་མེད་ལ་གསོལ་བ་འདེབས་སོ། །དམ་ཆོས་ཀུན་འདུས་ཀྱི་ངོ་བོ་སངས་རྒྱས་ཚེ་དཔག་མེད་ལ་གསོལ་བ་འདེབས་སོ། །དགེ་འདུན་ཀུན་འདུས་ཀྱི་ངོ་བོ་སངས་རྒྱས་ཚེ་དཔག་མེད་ལ་གསོལ་བ་འདེབས་སོ། །མཁའ་འགྲོ་ཀུན་འདུས་ཀྱི་ངོ་བོ་སངས་རྒྱས་ཚེ་དཔག་མེད་ལ་གསོལ་བ་འདེབས་སོ། །ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོ་སངས་རྒྱས་ཚེ་དཔག་མེད་ལ་གསོལ་བ་འདེབས་སོ། །སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་སངས་རྒྱས་ཚེ་དཔག་མེད་ལ་གསོལ་བ་འདེབས་སོ། །ཁྱེད་ལ་ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལེགས་པས། ཕན་བདེ་ཀུན་གྱི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱལ་པར་བྱིན་གྱིས་བརླབ་ཏུ་གསོལ། བསྟན་འཛིན་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་བསྟན་འགྲོའི་དོན་ལ་དགོངས་པའི་ཐུགས་ཀྱིས་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། བདག་དང་བདག་ལ་འབྲེལ་ཐོགས་པའི་འགྲོ་བ་ཤི་གསོན་ཐམས་ཅད་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱབས་ཏེ་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་བློ་ཆོས་སུ་ཕྱོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་ལ་བར་ཆད་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་པོ་བདག་གི་རྒྱུད་ལ་མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་སྤྱི་བོའི་མགོན་པོ་ཚེ་དཔག་མེད་ཀྱི་ཕྱག་གི་ཚེ་བུམ་དང་སྐུའི་ཆ་ཐམས་ཅད་ལས་འཆི་མེད་ཚེ་ཡི་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་ཁྲིགས་མར་གྱིས་གང་སྟེ། ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བསགས་པའི་སྒོ་གསུམ་གྱི་ལས་ངན་སྡིག་སྒྲིབ། དམ་ཚིག་ཉམས་ཆགས་ཐམས་ཅད་འོག་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ནག་ཉིལ་ཉིལ་ཕྱིར་ཐོན། ལུས་ཀྱི་ནང་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ངོ་བོ་འཆི་མེད་ཚེ་ཡི་བདུད་རྩིས་བཀང་སྟེ། ཚེ་དང་བསོད་ནམས་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ་ལ། ཚེ་དཔག་མེད་ཀྱི་གཟུངས་རིང་ཐུང་ཅི་ཙམ་པ་བཟླ། མཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་སངས་རྒྱས་འགྲུབ་གྱུར་ནས།། ༝ དུས་མིན་འཆི་བའི་མཚན་མ་མཐོང་བ་ན།། ༝ ཞེས་སོགས་སྨོན་ལམ་ཁྱད་པར་ཅན་དག་གདབ་པར་བྱའོ། །དེ་ནས་རང་གི་སྤྱི་བོ་བཞུགས་པའི་བླ་མ་མགོན་པོ་ཚེ་དཔག་མེད་ལ་སྔར་ལྟར་གསོལ་བ་བཏབ་པས་སྤྱི་བོའི་བླ་མ་ཚེ་དཔག་མེད་རང་ཉིད་ལ་ཐིམ་པས།། རང་ཉིད་བླ་མ་ཚེ་དཔག་མེད་དུ་གྱུར་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྣོད་བཅུད་ཀྱི་མ་དག་པ་སྦྱངས། སྣོད་ཐམས་ཅད་དག་པའི་ཞིང་དང་། བཅུད་ཐམས་ཅད་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུར་གྱུར་པར་བསམ་གསུངས། འོ་ན་ཆོས་འདི་ཡི་ལུགས་ལ་འཆི་ཁ་མའི་ཉམས་ལེན་ཇི་ལྟར་བྱེད་སྙམ་ན། ཆོས་འདི་ཉམས་སུ་ལེན་པའི་གང་ཟག་དེས། འཆི་བ་ལ་མངོན་དུ་ཕྱོགས་པ་ན། ཡོ་བྱད་གང་ཡོད་བླ་མ་དཀོན་མཆོག་སོགས་ཞིང་ཁྱད་པར་ཅན་ལ་བཏང་། འདི་ནི་དཀར་པོ་ས་བོན་གྱི་སྟོབས་ཡིན། བླ་མ་དཀོན་མཆོག་ལ་ཡན་ལག་བདུན་པ་ཕུལ་ཏེ། བདག་འཆི་ཁ་དང་བར་དོ་དང་ཚེ་རབས་ཕྱི་མ་རྣམས་སུ་ཡང་། བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་ཞིང་། དེ་གཉིས་སྦྱོང་བ་དང་། ཆོས་འདི་སྟོན་པའི་བཤེས་གཉེན་དང་འཕྲད་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ། སྨོན་ལམ་གྱི་སྟོབས་ཡིན། བདག་དང་བདག་གི་ལུས་ལ་གཅེས་པར་བཟུང་བས་སྔར་ཡང་སྡུག་བསྔལ། ད་ཡང་གཅེས་འཛིན་འདི་དང་མ་བྲལ་ན། བདེ་བ་མེད་པར་སྡུག་བསྔལ་ལ་སྤྱོར་བར་འདུག་སྙམ་པ། རྣམ་པར་སུན་འབྱིན་པའི་སྟོབས་ཡིན། བར་དོ་དང་ཚེ་རབས་ཕྱི་མ་རྣམས་སུ་ཡང་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བར་བྱའོ་སྙམ་དུ་འདུན་པ་དྲག་པོ་ཡང་ཡང་བྱ། འདི་ནི་འཕེན་པའི་སྟོབས་ཡིན། དེ་ནས་སྔར་ལྟར་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་ཚུལ་ཡང་ཡང་དྲན་པ་ནི་གོམས་པའི་སྟོབས་ཡིན། འཆི་ཁར་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་པ་ཐ་མའི་རྣམ་ཐར་ཡིད་ལ་དྲན་ཏེ། གཡས་ཕྱོགས་སུ་ཉལ། ལག་པ་གཡས་པ་འགྲམ་པ་ལ་བརྟེན། མཐེ་ཆུང་གི་སྣ་བུག་གཡས་པ་བཀག་སྟེ། རླུང་གཡོན་ནས་རྒྱུ་བར་བྱས་པའི་སྤྱོད་ལམ་ལ་གནས་ནས། བྱམས་སྙིང་རྗེ་སྔོན་དུ་འགྲོ་བས་རླུང་འགྲོ་འོང་ལ་སྐྱོན་ནས་གཏོང་ལེན་གཉིས་བྱས་ལ། མཐར་སྐྱེ་འཆི་སོགས་ཆོས་ཐམས་ཅད་སེམས་ཀྱིས་བཏགས་པ་ཙམ་ཡིན། དེ་ལས་ལོགས་སུ་གྲུབ་པ་མེད་པའི་ངང་ལ་སེམས་ཉིད་བཞག་གོ། འཆི་ཁ་མའི་གདམས་ངག་འུད་ཆེ་བ་མང་སྟེ། འདི་བས་ངོ་མཚར་ཆེ་བ་མེད་གསུངས། དེ་ཡང་དགེ་བའི་བཤེས་གཉེན་ཆེན་པོ་འཆད་ཁ་བ་མྱ་ངན་ལས་འདའ་ཁར་ཉེ་གནས་ལ་མཆོད་པ་ལ་འུར་གཤོམས་དང་། ངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མནར་མེད་དུ་འགྲོ་བར་སྨོན་པ་བྱས་ཀྱང་མི་འགྲོ་བར་འདུག་དག་ཞིང་གི་སྣང་བ་ཤར་བྱུང་། ཞེས་གསུངས་པ་ལྟ་བུའོ། །སྟོབས་ལྔའི་སྒོ་ནས་འཕོས་ན་ནི། སྐྱེ་གནས་ངན་པར་མི་ལྟུང་བ་ངེས་ཅན་ཡིན་གསུངས།

ལྔ་པ། བློ་འབྱོངས་པའི་ཚད།

དོན་ཚན་ལྔ་བ་བློ་འབྱོངས་པའི་ཚད་ནི། ངེས་རྣམས་དགོངས་པ་གཅིག་ཏུ་འདུས། །དབང་པོ་གཉིས་ཀྱིས་གཙོ་བོར་བཟུང་། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་གསུངས། ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་དགོངས་པའི་བདག་འཛིན་གྱི་གཉེན་པོར་མ་སོང་ན་ཆོས་ལམ་དུ་མ་སོང་པ་ཡིན། ཆོས་བྱས་ཚད་བདག་འཛིན་གྱིས་གཉེན་པོར་སོང་བ་ན་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན། ཆོས་ལམ་དུ་སོང་མ་སོང་གི་ཁྱད་བར་འདི་ན་ཡོད་པས་ཆོས་པ་སྲང་ལ་འཇལ་པའི་རྒྱ་མ་ལྟ་བུ་ཡིན་གསུངས། གཞན་གྱིས་ཆོས་པ་བཟང་པོར་ཁས་བླངས་ཀྱང་། འཇིག་རྟེན་ཕལ་བས་རང་གི་སེམས་མི་རྟོགས་པས་གཙོ་བོར་རང་གི་བློ་གཟུ་བོས་ལེགས་པར་བརྟགས་པས་རང་གིས་རང་ལ་ཁྲེལ་མ་དགོས་ན་བློ་འབྱོངས་པའི་རྟགས་ཡིན། །དེ་ཡང་རང་གི་ཕྱིའི་ལུས་ངག་གི་བྱ་སྤྱོད་ལེགས་ཉེས་ནི། གཞན་གྱིས་མཐོང་བས་གཞན་དབང་པོ་ཡིན། རང་གི་བསམ་པ་ལེགས་ཉེས་གང་དུ་གྱུར་པ་རང་ཉིད་དཔང་པོ་ཡིན། དེས་ན་ཕྱི་དུལ་བས་གཞན་གྱིས་མི་བྲེལ་བ་དང་། ནང་དུལ་བས་རང་གིས་རང་ལ་མི་ཁྲེལ་ན་བློ་འབྱོངས་པ་ཡིན། རྐྱེན་ངན་ཅི་བྱུང་ཡང་མི་ཁྲོ་ཞིང་མི་སྐྱོ་བར་བློ་སྦྱོང་གི་གྲོགས་སུ་ཁྱེར་ཏེ་དགའ་བ་སྒོམ་པ་དང་། མ་བརྟགས་པར་སེམས་གཞན་དུ་ཡེངས་པའི་སྐབས་སུ་རྐྱེན་ངན་གློ་བུར་དུ་བྱུང་ན་ཡང་། ཞེ་སྡང་སོགས་མི་སྐྱེ་བར་དེ་ཉིད་བློ་སྦྱོང་གི་གྲོགས་སུ་ཁད་ཀྱིས་འགྲོ་བ་ན་བློ་འབྱོངས་པ་ཡིན་གསུངས། བྱང་བའི་ཚད་ནི་ལོག་པ་ཡིན། །ཞེས་པ། བློ་འབྱོངས་པ་བྱང་བའི་ཚད་ནི། བདག་གཅེས་འཛིན་མངོན་གྱུར་པ་ལོག་པ་ཡིན་ནོ། །འབྱོངས་རྟགས་ཆེན་པོ་ལྔ་ལྡན་ཡིན། །ཞེས་པ་སྡུག་བསྔལ་དང་གནོད་པ་ཅི་བྱུང་ཡང་ཡིད་མི་སྐྱོ་བར་བཟོད་ནུས་པས་དཀའ་ཐུབ་ཆེན་པོ། བདག་པས་གཞན་གཅེས་པ་འཛིན་པས་སེམས་དཔའ་ཆེན་པོ། སྤྱོད་ལམ་ཀུན་ཏུ་ཆོས་སྤྱོད་བཅུ་བོ་ཅི་རིགས་ཀྱི་ཉམས་ལེན་ལས་མི་འདའ་བས་དགེ་སྦྱོང་ཆེན་པོ། སྡིག་པ་མི་དགེ་བས་མ་གོས་པར་ཞི་ཞིང་དུལ་བར་གནས་པས་འདུལ་འཛིན་ཆེན་པོ། ཐེག་ཆེན་གྱི་ལམ་རྣལ་མ་ལ་འབྱོར་བས་རྣལ་འབྱོར་ཆེན་པོ་སྟེ། འབྱོངས་རྟགས་ལྔ་པོ་འདི་བློ་སྦྱོང་འདི་ལྟ་བུ་སྒོམ་པ་ལ་འོང་གསུངས།

དྲུག་པ། བློ་སྦྱོང་གི་དམ་ཚིག།

དོན་ཚན་དྲུག་པ་བློ་སྦྱོང་གི་དམ་ཚིག་ལ་བཅོ་བརྒྱད་ཡོད་པ་ལས། དང་པོ་གསུམ་ནི་རྩ་ཚིག་ལས། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །ཅེས་གསུངས། དང་པོ་བློ་སྦྱོང་ཁས་བླང་དང་མི་འགལ་བ་ནི། བློ་འབྱོངས་མདོག་ཁ་བའི་སྒོ་ནས་ཆོས་འདུལ་བའི་བཅས་ཁྲིམས་ཕྲ་མོ་སོགས་ལ་ཁྱད་གསོད་མི་བྱེད་པ་དང་། གཉིས་པ་བློ་སྦྱོང་ཐོ་ཅོར་མ་སོང་བ་ནི། བློ་སྦྱོང་ལ་བསྙལ་བཏགས་ནས་བདག་གཅེས་འཛིན་མེད་མདོག་གིས་ཐོ་ཅོ་མི་བྱེད་པ་དང་། གསུམ་པ་བློ་སྦྱོང་ཕྱོགས་རེ་བར་མ་སོང་བ་ནི། གཉེན་ལ་བཟོད་ཅིང་དགྲ་ལ་མི་བཟོད་པ་དང་། རང་རིགས་ལ་བཟོད་ཅིང་གཞན་རིགས་ལ་མི་བཟོད་པ་སྤོང་བ་སྟེ། སྤྱི་དོན་གསུམ་ལ་བསླབ་པར་བྱ་ཞེས་པའོ། །འདུན་པ་བསྒྱུར་ལ་རང་སོར་བཞག །ཅེས་པ་ནི། སྔར་གྱི་རང་གཅེས་པར་འཛིན་པའི་བསམ་འདུན་དེ་ཉིད། གཞན་གཅེས་པར་འཛིན་པའི་འདུན་བར་བསྒྱུར་ལ། ཕྱི་ཡི་བྱད་པ་གྲོགས་ཆོས་མཐུན་སྤྱི་དང་མཐུན་པར་རང་སོར་བཞག་སྟེ། བློ་སྦྱོང་ཆོད་ཆེ་ལ་ཕྱི་རོལ་ཏུ་མངོན་མཚན་ཆུང་བ་བྱའོ། །འདི་ནི་སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་པའི་དོན་ཡང་ཡིན་ནོ། །ཡན་ལག་ཉམས་པ་རྣམས་མི་བརྗོད། །ཅེས་པ་ནི། གཞན་གྱི་མིང་དངོས་ནས་མི་བརྗོད་པར་མིག་དང་གཞན་དུ་བརྗེ་བྱ་བ། གསང་བའི་དམ་པ་སྤྱད་པར་བྱ། །ཞེས་པའི་དོན་ཡང་ཡིན་ནོ། །ཡན་ལག་ཉམས་པ་རྣམས་མི་བརྗོད། །ཅེས་པ་ནི། གཞན་གྱི་མིང་དངོས་ནས་མི་བརྗོད་པར་མིག་ཞར་བ་དང་རྣ་འོན་པ་སོགས་ལུས་ལ་སྐྱོན་གང་ཡོད་ཀྱི་སྒོ་ནས་འབོད་ཅིང་བརྗོད་པར་མི་བྱ་བའི་དོན་ཏེ། ལུས་ལས་ཀྱང་། རྫུན་སྐྱོན་དགེ་སློང་ཕྲག་དང་། ཞེས་གཞན་གྱི་སྐྱོན་ནས་བརྗོད་པ་བཀག་པའི་ཕྱིར་རོ། གཞན་ཕྱོགས་གང་ཡང་མི་བསམ་མོ། །ཞེས་པ་ནི། སེམས་ཅན་སྤྱི་དང་ཁྱད་པར་དུ་ཆོས་སྒོར་ཞུགས་པ་རྣམས་ལ་སྐྱོན་གྱི་སྣང་བ་ཤར་ཡང་། རང་གི་ལས་སྣང་མ་དག་པར་ཐག་བཅད་དེ་སྐྱོན་རྟོག་གི་བློ་སྤོངས་ཤིག་ཅེས་པའོ། །ལུས་ལས་ཀྱང་། བདག་གི་རིགས་དང་མི་རིགས་ལ། །དཔྱད་པར་བྱ་སྟེ་གཞན་གྱི་མིན། །ཞེས་གསུངས་སོ། །ཉོན་མོངས་གང་ཆེ་སྔོན་ལ་བཅད། །ཅེས་པ་ནི། རང་རྒྱུད་ལ་ཉོན་མོངས་པ་གང་ཆེ་བ་དེ་བརྟགས་ནས། དེ་ཡི་གཉེན་པོར་བྱམས་པ་དང་། མི་སྡུག་པ་སྒོམ་པ་སོགས་དེ་ལ་གཉེན་པོ་གང་འོས་དང་། ཉོན་མོངས་དེ་དག་གི་མཐའ་དང་འབྲས་བུ་ངན་པ་སོགས་བསམ་སྟེ། ཉོན་མོངས་ཆེ་བ་དེ་ཉིད་གཙོ་བོར་འདུལ་ཤིག་ཅེས་པའོ། །བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་བླའི། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུལ་བར་མི་བྱའོ། །ཞེས་པ་ལྟར་རོ། །འབྲས་བུ་རེ་བ་ཐམས་ཅད་སྤང་། །ཞེས་པ་ནི། བློ་སྦྱོང་བསྒོམ་པ་སོགས་ཆོས་ཕྲན་བུ་རེ་བྱས་པའི་འབྲས་བུ་ལ་རྒྱུ་ནོར་དང་། གཞན་གྱི་མཐོན་པོར་བཀུར་བ་དང་སྙན་གྲགས་སོགས་འབྱུང་བའི་རེ་བ་དང་། རང་གཅིག་བུའི་སྡུག་བསྔལ་ཞི་བ་དང་བདེ་བ་འཐོབ་འདོད་ཀྱི་བསམ་པ་ཐམས་ཅད་སྤོངས་ཤིག་ཅེས་པའོ། །དུག་ཅན་གྱི་ཟས་སྤང་། ཞེས་པ་ནི། དུག་དང་འདྲ་བའི་བདག་གཅེས་འཛིན་གྱི་བློ་ངན་དེ། སྒོ་གསུམ་གྱིས་དགེ་བའི་ཆོས་གང་བྱེད་ཀྱང་དེ་དང་མ་འདྲེས་པར་སྤོངས་ཤིག་ཅེས་པའོ། །བདག་འདྲའི་ཐ་མལ་བ་དག་གིས་སྐབས་འགར་དགེ་བ་ཕྲན་བུ་རེ་བྱས་ཀྱང་། ང་གཏོང་ཕོད་ཅན་དང་། ང་བཟང་བ་དང་། ང་ཡོན་ཏན་ཅན་དང་། ང་ཕྱུག་པོ་སོགས་སུ་གཞན་གྱི་ཟེར་གྱིན་ཨེ་འདུག་ཅེས་དུས་ནམ་ཡིན་རུང་ཁྱི་རྒན་ལྟོ་ལ་རེ་བ་རྣ་བ་ཅོ་རེ་མཉམ་འདུག་པ་ལྟ་བུའི་བློ་ངན་འདིས་ཆོས་ལམ་དུ་འགྲོར་མི་འཇུག་པས་དུག་དང་འདྲ་བར་གསུང་པ་རེད། གཞུང་བཟང་པོ་བསྟེན། ཅེས་པ་ནི། གཞན་གྱིས་གནོད་པ་བྱས་པའི་ཁོན་དེ་རྟག་ཏུ་སེམས་ལ་མི་འཛིན་པར་ཁོང་ཡངས་པོ་དང་གཞུང་བཟང་བོ་བསྟེན་དགོས་པའི་དོན་ནམ། རྩ་ཚིག་ལ་ལན། གཞུང་བཟང་བོ་མ་བསྟེན་ཞེས་ཀྱང་འབྱུང་བས། དེ་ལྟར་ན་ཉོན་མོངས་སྐྱེས་པ་ན་དེའི་ཕྱོགས་བྱེད་པ་དང་། དང་དུ་ལེན་པའི་གཞུང་བཟང་བོ་མ་བསྟེན་པར་སྐྱོན་དུ་ལྟོས་ལ་སྤོང་ཞེས་པའོ། །གཤགས་ངན་མ་རྒོད། ཅེས་པ་ནི། གཞན་གྱིས་ཚིག་ངན་སྨྲས་པའི་ལན་དུ་ཚིག་ངན་དེ་འདྲ་མི་སྨྲ་བའི་དོན་ནོ། །འཕྲང་མ་བསྒུག ཅེས་པ་ནི། གཞན་གྱིས་གནོད་པ་ཞིག་བྱས་པ་དེ་ཞེ་ལ་བཞག་ནས། ཅི་ཙམ་ན་གནོད་པ་བྱས་པའི་ལན་དུ་གནོད་པ་ཞིག་བསྐྱེལ་སྙམ་དུ་འཕྲེང་ལ་བསྒུག་པ་བཞིན་དུ། དུས་སྐབས་ལ་མ་བསྒུག་ཅེས་པའོ། །གནད་ལ་མི་དབབ། ཅེས་པ་ནི། གཞན་ལ་གནོད་ཅིང་གནད་ལ་དབབ་པའི་ཚིག་ངན་མི་སྨྲ་བ་སྟེ། མདོ་ལས། བྱང་ཆུབ་སེམས་དཔས་གཏམ་སྨྲ་ན། འབྲ་བར་བྱེད་པ་དང་། ཅོ་འདྲི་བ་དང་། ཆགས་པ་སྐྱེད་པ་དང་། དོན་མེད་པའི་ཚིག་མི་སྨྲའོ། །ཞེས་གསུངས་སོ། །མཛོ་ཁལ་གླང་ལ་མི་བྱའོ། །ཞེས་པ་ནི། རང་ལ་འབབ་པའི་གཏམ་ངན་དང་ཉེས་ཁ། གཡོ་རྒྱུའི་སྒོ་ནས་གཞན་གྱི་སྟེང་དུ་བསྒྱུར་པའི་སྐྱོན་ཅན་གྱི་སྤྱོད་པ་སྤོངས་ཤིག་ཅེས་པའི་དོན་ནོ། །ལོག་རྟོག་མི་བྱ། ཞེས་པ་ནི། བློ་སྦྱོང་འདི་ལྟ་བུ་བསྒོམ་པ་བདག་གཅེས་འཛིན་འདུལ་བའི་ཕྱིར་ཡིན་པ་ལ། དེ་ལྟར་མ་སོང་བར་མི་དང་མི་མིན་གྱི་གནོད་པ་ཞི་བ་དང་། རྙེད་བཀུར་སྙན་གྲགས་སོགས་འཕེལ་པའི་ཆེད་དུ་བསྒོམ་པ་ནི། ལོག་པར་རྟོག་པ་ཡིན་པས་སྤོངས་ཤིག་ཅེས་པའོ། །མགྱོགས་ཀྱིས་རྩེ་མ་གཏོད། ཅེས་པ་ནི། དགེ་འདུན་སོགས་མི་འགའ་ཡི་སྤྱི་ལ་དབང་བའི་རྒྱུ་རྫས་སམ། ཀ་ཅ་ལྟ་བུ་རང་ལ་ཐོབ་ཐབས་བྱེད་པའམ། ཡང་ན་བཟང་ཤོས་དེ་རང་ལ་འོང་ཐབས་བྱེད་པའི་བྱ་སྤྱོད་ངན་པ་དེ་ལྟ་བུ་སྤོངས་ཤིག ཅེས་པའོ། །ལྷ་བདུད་དུ་མི་དབབ། ཞེས་པ་ནི། བློ་སྦྱོང་བསྒོམ་པ་བདག་གཅེས་འཛིན་གྱི་གཉེན་པོར་འགྲོ་དགོས་པ་ལ། དེར་མ་སོང་བར་བློ་སྦྱོང་གྱི་སྒོ་ནས་ང་རྒྱལ་དང་གཞན་ལ་ཁྱད་དུ་བསོད་པ་སོགས་བྱས་ན། ལྷ་བདུད་དུ་དབབ་པ་ལྟར་གྱུར་པའི་དོན་ནོ། །སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་འཚོ། ཞེས་པ་ནི། རང་གི་བདེ་སྐྱེད་དང་། རང་ལ་འགྲན་ཟླ་མེད་པའི་དོན་དུ། དགྲ་དང་འགྲན་ཟླ་གུད་ན་དང་ཤི་ན་སྙམ་པ་སོགས་རང་སྐྱིད་པའི་ཡན་ལག་ཏུ་གཞན་ལ་སྡུག་བསྔལ་འབྱུང་བར་མ་སྨོན་ཞེས་པའོ།།

བདུན་པ། བློ་སྦྱོང་གི་བསླབ་བྱ།

དོན་ཚན་བདུན་པ་བློ་སྦྱོང་གི་བསླབ་བྱ་ལ་ཉེར་གཉིས་ཡོད་པ་ལས། དང་པོ་ནི། རྣམ་འབྱོར་ཐམས་ཅད་གཅིག་གིས་བྱ། ཞེས་པ། ཟས་དང་གོས་དང་གནས་ཁང་སོགས་ལ་ལོགས་སྤྱོད་པ་དང་། འགྲོ་འདུག་སོགས་ཀྱི་སྤྱོད་ལམ་དང་། ཆོས་དང་ཟང་ཟིང་གི་སྦྱིན་པ་སོགས་ལེགས་པའི་བྱ་བ་ཐམས་ཅད་གཞན་ཕན་གྱི་སེམས་ཁོ་ནས་བྱེད་ཅེས་པའོ། འདི་ཐུན་མཚམས་ཀྱི་ཉམས་ལེན་ཡིན་གསུངས། ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ནི། བློ་འབྱོངས་པས་ན་ཚ་དང་། འདྲེ་གདོན་གྱིས་གནོད་བ་དང་། མིས་སྡང་བ་དང་། རང་གི་ཉོན་མོངས་ཆེར་སོང་བ་སོགས་བྱུང་ནས་བློ་སྦྱོང་སྒོམ་སྙིང་མི་འདོད་པ་བྱུང་ན། འཇིག་རྟེན་ན་བདག་ལ་བྱུང་བའི་ཉེས་པ་འདི་ལྟ་བུ་བྱུང་བ་མང་པོ་ཡོད་པས། རང་ཉམས་ལ་དཔག་ནས་དེ་རྣམས་ལ་སྙིང་རྗེ་སྙམ་དུ་བསམ་སྟེ། དེ་དག་གི་སྡིག་སྡུག་གཏམ་ངན་ཐམས་ཐད་བདག་ལ་སྨིན་པར་གྱུར་ཅིག བདག་གི་བདེ་དགེ་ཐམས་ཅད་དེ་དག་ལ་སྨིན་པར་གྱུར་ཅིག ཅེས་གཏོང་ལེན་གྱི་ཉམས་ལེན་གཅིག་པུ་ལ་འབད་པར་བྱ་སྟེ། མཉམ་རྗེས་གཉིས་ཀའི་ཉམས་ལེན་ཡིན་ནོ་གསུངས། ཐོག་མཐའ་གཉིས་ལ་བྱ་བ་གཉིས། ཞེས་པ་ནི། དགེ་སྦྱོར་གང་བྱེད་ཀྱི་ཐོག་མར་རང་གི་ཀུན་སློང་ལ་བརྟག་སྟེ། སྐྱབས་འགྲོ། སེམས་བསྐྱེད། ཚད་མེད་བཞིན་བསྒོམ་པ་སོགས་ཚིག་ཙམ་མ་ཡིན་པར་ཀུན་སློང་བཟང་པོ་ཞིག་གི་ངང་ནས་དེ་དག་གི་དོན་ཡིད་ལ་ཤར་བར་བྱས་ཏེ་འདོན། འཇུག་ཏུ་དགེ་བ་དེ་རང་དོན་ཁོ་ནའི་དོན་དུ་ཏིལ་འབྲུ་ཙམ་ཡང་མི་སྨིན་པར། སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་ཕྱིར་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་པོ་མྱུར་དུ་རྒྱུད་ལ་སྐྱེས་ཏེ། བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསོམ་པ་ཐག་པས་བསྔོ་བར་བྱ། ཉིན་གཅིག་གི་དབང་དུ་བྱས་ན། ནངས་པར་མལ་ནས་ལངས་པའི་ཚེ། དེ་རང་གི་ཉི་མ་འདི་ལ་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་བྱ་སྙམ་པའི་ཕན་པ་གཏོང་། ཉིན་མོ་ཡང་དྲན་ཤེས་ཀྱིས་ཟིན་པར་བྱས་ནས་མཉམ་རྗེས་གཉིས་སུ་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་། དགོང་མོ་ཉལ་ཁར་དེ་རིང་གི་ཆ་ལ་དགེ་སྡིག་གང་བྱས་དང་། བསམ་པ་དཀར་ནག་གང་ཞིག་བྱུང་ཞེ་བརྟགས་ཏེ། རང་གི་ལུས་ངག་ཡིད་ཀྱི་བྱ་བ་འགའ་ཞིག་མི་དགེ་བ་དང་ཉོན་མོངས་པའི་ཕྱོགས་སུ་སོང་ཡོད་ན། ལྟུང་བཤགས་འདོན་པ་སོགས་ཀྱིས་བཤགས་པ་བྱ་ཞིང་། དེང་ཕྱིན་ཆད་ཉེས་སྤྱོད་ལ་གཏན་ནས་མི་འཇུག་སྙམ་པས་སྡོམ་སེམས་བརྟན་པོ་བྱེད། བསམ་སྦྱོར་ཡག་པོ་བྱུང་ཡོད་ན་དགའ་བ་བསྒོམ་ཞིང་། ཉིན་དེའི་དགེ་བས་མཚོན་པའི་དགེ་བ་རྣམས་རང་དོན་ཡིན་བྱེད་ཀྱིས་མ་སྦགས་པར། གཞན་ཕན་གྱི་སེམས་ཁོ་ནས་སངས་རྒྱས་འཐོབ་པའི་རྒྱུར་བསྔོ་བ་སོགས་བསྔོ་བ་སྨོན་ལམ་རང་གི་བསམ་པའི་སྟོབས་བསྐྱེད་དེ་གནད་དུ་འགྲོ་བ་ཞིག་བཏབ་སྟེ། དོ་ནུབ་ཤི་ཡང་འདི་ལས་ལྷག་པ་བྱ་རྒྱུ་མེད་སྙམ་པ་ཞིག་བྱ། དེ་ཡང་དཔེར་ན། རྡོ་རིལ་བོ་ཞིག་རྒྱ་མཚོའི་ནང་དུ་འཕངས་ཀྱང་རླན་གཤེར་གྱི་རང་བཞིན་དང་མི་མཐུན་པས་རྒྱ་མཚོ་ཆེན་པོའི་ཆུ་དང་བསྲེ་ཚུལ་མེད་པ་ལྟར། རང་ཁོ་ན་གཅེས་པར་འཛིན་པའི་རང་དོན་ཡིད་ཀྱིས་སྦགས་པའི་དགེ་རྩ་རྣམས། སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་གྱི་རྒྱ་མཚོ་དང་བསྲེ་མི་ནུས་ཏེ། དེ་དག་གི་ཐུགས་སྨོན་དང་ཕྱོགས་མི་མཚུངས་པས་སོ། །གོང་དུ་དུག་ཅན་གྱི་ཟས་སྤོངས་ཞེས་པའི་དོན་ཡང་འདི་ཡིན་ནོ། །དེས་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དངོས་སམ། མ་མཐའ་ཡང་དེ་གཉིས་བཅོས་མས་ཟིན་པར་བྱས་ཏེ་བསྔོ་སྨོན་བྱས་ན། རང་གི་དགེ་བ་ཕྲ་མོ་ཡང་སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་ཆེན་བོའི་རྒྱ་མཚོ་དང་བསྲེ་ཐུབ་པར་གསུངས་སོ། གཉིས་པོ་གང་བྱུང་བཟོད་པར་བྱ། །ཞེས་པ་ནི། འཁོར་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པ་བྱུང་ནའང་དེ་དག་རྨི་ལམ་ལྟར་ཤེས་པའི་སྒོ་ནས། དེ་དག་གིས་མ་དྲེགས་པ་དང་མ་ཆགས་པར་གཞན་ལ་ཕན་པའི་ཐགས་སུ་ཅི་འགྱུར་བྱ་བ་དང་། ཤིན་ཏུ་རྒུད་ན་ཡང་འཇིག་རྟེན་གྱི་བདེ་སྡུག་ཐམས་ཅད་རྨི་ལམ་ལྟར་བསམ་པའི་སྒོ་ནས། ད་དུང་གཞན་གྱི་རྒུད་པ་ཐམས་ཅད་རང་ལ་ལེན་པ་སོགས་བློ་སྦྱོང་བསྒོམ་པའི་སྙིང་སྟོབས་ཞུམ་པ་མེད་པར་བྱ་ཞེས་པའི་དོན་ནོ། །གཉིས་པོ་སྲོག་དང་བསྡོས་ཏེ་བསྲུང་། །ཞེས་པ་ནི། ཆོས་སྤྱིའི་དམ་ཚིག་དང་། ཁྱད་པར་བློ་སྦྱོང་གི་དམ་ཚིག་སྔར་བཤད་པ་དེ་གཉིས་མ་བསྲུང་ན། འདི་ཕྱིའི་ལེགས་ཚོགས་གང་ཡང་མི་འབྱུང་བས། དམ་ཚིག་གཉིས་པོ་དེ་སྲོག་ལ་བབ་ཀྱང་བསྲུང་བར་བྱ་ཞེས་པའི་དོན་ནོ། དཀའ་བ་གསུམ་ལ་བསླབ་པར་བྱ། ཞེས་པ་ནི། རང་རྒྱུད་ལ་ཉོན་མོངས་སྐྱེས་པ་ན། དང་པོར་དྲན་ཞིང་ངོས་ཟིན་པ་དཀའ། བར་དུ་བཟློགས་པ་དཀའ། ཐ་མར་རྒྱུན་གཅོད་པ་དཀའ་བས། ཉོན་མོངས་པ་ནམ་སྐྱེས་པ་ན་གཉེན་པོ་བསྟེན་ཏེ་སྤང་ལ། ཕྱིས་མི་འབྱུང་བར་བྱ་བའི་ཕྱིར་འབད་པར་བྱ་ཞེས་པའི་དོན་ནོ། རྒྱུའི་གཙོ་བོ་རྣམ་གསུམ་བླང་། ཞེས་པ་ནི། ཆོས་སྒྲུབ་པའི་རྒྱུ་འི་གཙོ་བོ་དགེ་བའི་བཤེས་གཉེན་བཟང་བོ་ཞིག་དང་མཇལ་བ་དང་། རང་ཉིད་ཀྱི་བསམ་པ་ལས་སུ་རུང་བས་དམ་པའི་ཆོས་ཚུལ་བཞིན་དུ་ཉམས་སུ་ལོང་བ་དང་། ཆོས་བསྒྲུབ་པ་ལ་བར་ཆད་མེད་ཅིང་མཐུན་རྐྱེན་འཛོམས་པ་སྟེ། དེ་གསུམ་རང་ལ་ཚང་ན་དགའ་བ་བསྒོམ་ཞིང་། གྲོགས་ཆོས་མཐུན་གཞན་ལའང་དེ་གསུམ་ཚང་བར་སྨོན་ལམ་འདེབས། རང་ལ་དེ་གསུམ་མ་ཚང་ན་འཇིག་རྟེན་ན་བདག་ལྟར་ཆོས་སྒྲུབ་པའི་རྒྱུའི་གཙོ་བོ་གསུམ་མ་ཚང་བས་ཆོས་ཉམས་སུ་ལེན་རྒྱུ་མ་བྱུང་བ་མང་པོ་ཡོད་པས། དེ་རྣམས་ལ་སྙིང་རེ་རྗེ་སྙམ་དུ་བསམ་ལ། དེ་རྣམས་ཀྱི་ཉེས་སྡིག་ཐམས་ཅད་བདག་ལ་སྨིན་ཞིང་། བདག་གི་བདེ་དགེ་ཐམས་ཅད་དེ་དག་ལ་སྨིན་ཏེ། དེ་དག་ལ་ཆོས་སྒྲུབ་པའི་རྒྱུའི་གཙོ་བོ་དེ་གསུམ་ཚང་བར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་སྒོམས་ཤིག་ཅེས་པའི་དོན་ནོ། །ཉམས་པ་མེད་པ་རྣམ་གསུམ་བསྒོམ། །ཞེས་པ་ནི། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟན་ཏེ་མོས་གུས་བྱས་པ་ལ་རག་ལས་པས། བཤེས་གཉེན་ལ་མོས་གུས་ཉམས་པ་མེད་པ་དང་། བློ་སྦྱོང་ཆོས་ཀྱི་ཡང་སྙིང་ཡིན་པས་དེ་བསྒོམ་པ་ལ་སྤྲོ་བ་ཉམས་པ་མེད་པ་དང་། ཐེག་པ་ཆེ་ཆུང་གི་བསླབ་པ་ཕྲ་མོ་ཚུན་ཆད་ཉམས་པ་མེད་པར་བསྲུང་བར་བྱ་ཞེས་པའི་དོན་ནོ། །དེ་ཡང་བདག་འདྲའི་ཐ་མལ་བ་དག་གི་བསམ་ངོ་ལ། ད་ལྟའི་ཐ་མལ་བའི་ཚུལ་འཛིན་པའི་དགེ་བའི་བཤེས་གཉེན་འདི་རྣམས་བདག་ལ་བཀའ་དྲིན་ཆེ་བས་མོས་གུས་བྱ་དགོས་ཀྱང་། ཧ་ཅང་ཡིད་ཚིམ་པོ་ཞིག་མི་འབྱུང་བས་མོས་གུས་ཀྱང་ཆེན་པོ་དང་བརྟན་པོ་དེ་ཙམ་ཞིག་མི་སྐྱེ་སྙམ་ན། ལོངས་སྤྱོད་རྫོགས་པའི་སྐུ་དང་། མཆོག་གི་སྤྲུལ་སྐུ། བྱམས་འཇམ་དབྱངས་སོགས་དངོས་སུ་མཐོང་རྒྱུ་ཞིག་བྱུང་ན་དགའ་ཞིང་ཡིན་ཚིམ་ནས་མོས་གུས་ཆེན་པོ་ཞིག་བྱེད་རྒྱུ་ཡིན་པ་བདེན་ཡང་། འཕགས་པའི་གང་ཟག་དེ་དག་རང་གི་མི་མཐོང་བ་ནི། འཕགས་པ་དེ་དག་རང་ལ་སྦས་ནས་མཐོང་དུ་མ་བཅུག་པ་མིན་ཞིང་། རང་ལ་འཕགས་པ་དེ་དག་མཐོང་བའི་ལས་དང་སྐལ་བ་མེད་པས་མ་མཐོང་བ་ཡིན་ཏེ། རྗེ་བཙུན་བྱམས་པས། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ་། །ཞེས་དང་། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། ཞེས་གསུངས་པ་ལྟར་རོ། །དེས་ན་སངས་རྒྱས་ལ་སྐྱབས་སུ་སོང་ནས་ཆོས་འདོད་པ་ཞིག་དངོས་མ་ཡིན་ན། རང་ལ་བཀའ་དྲིན་ཆེ་བའི་དགེ་བའི་བཤེས་གཉེན་འདི་དག་ལ་མོས་གུས་ཆེན་པོ་ཞིག་བྱེད་པར་འོས་ཏེ། རང་ལ་སངས་རྒྱས་བཅོམ་ལྡན་འདས་དངོས་སུ་མཐོང་བའི་སྐལ་བ་མེད་པས་མ་མཐོང་ཡང་། སངས་རྒྱས་ཀྱི་གསུང་གི་བྱིན་རླབས་མ་ཉམས་ཤིང་རྒྱུན་མ་ཆད་པའི་གདམས་ངག་རྣམས་རང་ལ་དངོས་སུ་གནང་བྱུང་བ་འདི་སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་ཆེ་བས་སོ། །མགོན་པོ་ཀླུ་སྒྲུབ་ཀྱིས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་བུ་ཉིད། །མན་ངག་རབ་ཏུ་སྟེར་བའི་ཕྱིར། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་དང་། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་གསུང་པའི་གནད་ཀྱང་ཤེས་པར་གྱིས་ལ། དགེ་བའི་བཤེས་གཉེན་ལ་མོས་གུས་ཆེན་པོ་ཅི་སྐྱེ་བྱའོ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཞེས་པ་ནི། རང་གི་ལུས་ངག་ཡིད་གསུམ་དགེ་བ་དང་འབྲལ་བ་མེད་པར་བྱ་ཞིང་། དེ་ཡང་རང་གི་ལུས་ངག་ཡིད་གསུམ་མི་དགེ་བའི་ལམ་ལས་ལྡོག་སྟེ། དགེ་བའི་ཕྱོགས་ལ་བཀོལ་ཅི་ཐུབ་བྱ་ཞེས་པའི་དོན་ནོ།།

ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱངས། །ཞེས་པ་ནི། བློ་སྦྱོང་ཡུལ་དེ་ཡང་འདི་ནི་བདག་ལ་མི་དགའ་ཞིང་ཁ་ཟེར། འདི་ནི་བདག་ལ་དགའ་ཞིང་བདག་གི་བཟང་བརྗོད་ཅེས་ཆགས་སྡང་གི་དབང་དུ་སོང་སྟེ་རིས་སུ་མི་གཅོད་པར། སེམས་ཅན་དང་སེམས་ཅན་མ་ཡིན་པ་ཀུན་ལ་ཕྱོགས་རིས་མི་བྱ་བར་བློ་སྦྱོངས་ཤིག་ཅེས་པའོ། །ཁྱབ་དང་གཏིང་འབྱུང་ཀུན་ལ་གཅེས། །ཞེས་པ་ནི། སེམས་ལ་གང་ཤར་དང་། བྱ་བ་ཅི་བྱེད་ཐམས་ཅད་ལ་བློ་སྤྱོང་གིས་ཁྱབ་པར་བྱས་ཏེ། ཁ་ཙམ་ཚིག་ཙམ་མ་ཡིན་པར་བློ་གཏིང་ནས་འབྱོངས་བར་བྱོས་ཤིག་ཅེས་པའོ། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །ཞེས་པ་ནི། རང་གི་འགྲན་ཟླ་དང་། རང་དང་ལྷན་ཅིག་ཏུ་འགྲོགས་པ་དང་། ཕར་གནོད་པ་གང་ཡང་མ་བྱས་ཀྱང་། ཚུར་རྒྱུན་དུ་གནོད་འཚེ་བྱེད་མཁན་རྣམས་དང་། ལས་དབང་གིས་མཐོང་ཙམ་ཉིད་ན་སྙིང་དུ་མི་སྡུག་པ་སོགས། གང་ལ་བྱམས་སྙིང་རྗེ་སྐྱེ་དཀའ་བ་རྣམས་ལ་ལྷག་པར་བྱམས་སྙིང་རྗེ་ནན་ཏན་དུ་བསྒོམ་པ་དང་། ཕ་མ་དང་། རང་ལ་ཕན་ཆེན་པོ་བཏག་པ་དང་། མཁན་སློབ་སོགས་ཡུལ་གཉེན་པོ་རྣམས་ལ་གནོད་པར་འགྱུར་བ་ལྷག་པར་དུ་ཡང་སྤང་བར་བྱའོ་གསུང་རྐྱེན་གཞན་དག་ལ་ལྟོས་མི་བྱ། །ཞེས་པ་ནི། བློ་སྦྱོང་བསྒོམ་པ་ལ། ཟས་གོས་སོགས་མཐུན་རྐྱེན་འཛོམ་པ་དང་། མི་དང་མི་མིན་གྱིས་གནོད་པ་མེད་པ་དང་། ནད་མེད་ཅིང་ཁམས་བཟང་བ་སོགས་ལ་མི་ལྟོས་པར། མཐུན་རྐྱེན་མ་མཛོམ་ན་མ་འཛོམ་པ་དེ་ཉིད་བྱང་ཆུབ་སེམས་གཉིས་ཀྱི་སྒོ་ནས་ལམ་དུ་ཁྱེར་བར་གྱིས་ཤིག་ཅེས་པའོ། །ད་རེས་གཙོ་བོ་ཉམས་སུ་བླང་། །ཞེས་པ་ནི། ཚེ་རབས་ཐོག་མ་མེད་པ་ནས་ལུས་རྟེན་ཇི་སྙེད་ཅིག་བླངས་པ་ཐམས་ཅད་དོན་མེད་དུ་སོང་འདུག །ད་ནི་བདག་གིས་ཚེ་འདི་ཉིད་ལ་རང་གཞན་ཀུན་ལ་ཕན་པའི་ཕྱིར་དུ་དོན་ཆེན་གཙོ་བོ་ཞིག་སྒྲུབ་དགོས། དེ་ཡང་འཇིག་རྟེན་གྱི་བྱ་བཞག་སྣ་ཚོགས་ལས་ཆོས་གཙོ། ཆོས་ལ་ཡང་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ། སྒྲུབ་པ་ཉམས་ལེན་གཞན་ལས་ཀྱང་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ་གཙོ། དེ་ཡང་དཔེ་ཆ་ལ་བརྟེན་ནས་སྦྱོང་བ་ལས། དགེ་བའི་བཤེས་གཉེན་གྱི་མན་ངག་ལ་བརྟེན་ནས་ཕུར་ཚུགས་སུ་སྦྱོང་བ་གཙོ། སྤྱོད་ལམ་གཞན་ལས་མལ་དུ་བསྡད་ནས་སྦྱོང་བ་གཙོ། ཡུལ་སྤོང་བ་བས་གཉེན་པོ་བསྟེན་པ་གཙོ་བས་ན། གཙོ་བོ་དེ་རྣམས་ཉམས་སུ་བླང་བར་བྱ་ཞེས་པའོ། །གོ་ལོག་མི་བྱ། ཞེས་བྱ་བ་ནི། གཞུང་ལུགས་ཆེན་མོ་ལ་ཐོས་བསམ་སོགས་ཆོས་ཕྱོགས་ཀྱི་སྡུག་བསྔལ་མི་བཟོད་པར། འཚོ་བ་དོན་གཉེར་དང་དགྲ་འདུལ་གཉེན་སྐྱོང་གི་སྡུག་བསྔལ་བཟོད་པ་ནི། བཟོད་པ་གོ་ལོག ཆོས་རྣམ་དག་ཅིག་བསྒྲུབ་པའི་འདུན་པ་མི་བྱེད་པར། འཇིག་རྟེན་གྱི་བདེ་སྐྱིད་དང་དཔལ་འབྱོར་ལ་སྨོན་པ་ནི། འདུན་པ་གོ་ལོག ཐོས་བསམ་བསྒོམ་པ་སོགས་ཆོས་ཀྱི་རོ་མི་མྱང་བར། འཇིག་རྟེན་གྱི་ངག་ཀྱལ་དང་ལྟད་མོ་སྣ་ཚོགས་ཀྱི་རོ་མྱང་བ་ནི། རོ་མྱང་བ་གོ་ལོག སྡིག་པ་ཆེན་པོ་བྱེད་པ་དག་ལ་སྙིང་རྗེ་མི་བསྒོམ་པར། ཆོས་ཀྱི་དོན་དུ་དཀའ་ཐུབ་སྤྱོད་པ་ལ་སྙིང་རྗེ་ཟེར་བ་ནི། སྙིང་རྗེ་གོ་ལོག རང་ལ་རེ་ལྟོས་འཆའ་བ་རྣམས་འདི་ཕྱིར་ཕན་པའི་ཆོས་སོགས་དགེ་བའི་ལས་ལ་མི་སྦྱོར་བར། ཆགས་སྡང་གི་ལས་སོགས་སྡིག་པའི་ལས་ལ་སྦྱོར་བ་ནི། གཉེན་སེམས་གོ་ལོག དམ་པའི་ཆོས་སྒྲུབ་པ་དང་བསོད་ནམས་ཀྱི་ཚོགས་གསོག་པ་ལ་རྗེས་སུ་ཡི་རང་མི་བྱེད་པར། རང་ལས་མཐོ་བ་དང་། རང་གི་འགྲན་ཟླ་དང་། རང་དང་མི་མཛའ་བ་རྣམས་ལ་སྡུག་བསྔལ་བྱུང་ན་དགའ་བས་རྗེས་སུ་ཡི་རང་བྱེད་པ་ནི། རྗེས་སུ་ཡི་རང་གོ་ལོག་སྟེ། གོ་ལོག་པ་དྲུག་སྤང་སྟེ། གོ་མ་ལོག་པ་དྲུག་ཉམས་སུ་བླང་བར་བྱའོ་གསུངས། རེས་འཇོག་མི་བྱ། ཞེས་པ་ནི། སྟོན་པ་སངས་རྒྱས་དང་དེས་བསྟན་པའི་ཆོས་སྡེ་སྣོད་གསུམ་ལ་ཡིད་ཆེ་དང་དད་པ་གཏིང་ཚུགས་པ་ཞིག་གི་སྒོ་ནས་ཆོས་ཀྱི་ཕྱོགས་ལ་བརྩོན་པ་ལྷོད་པ་མེད་པ་ཞིག་དགོས་ཀྱི། འགའ་ཞིག་ལྟར། ཉིན་ཁ་ཤས་ལ་ཐོས་བསམ་སོགས་དགེ་བའི་ལས་ལ་འབད་དྲགས། སྐབས་ཤིག་ནས་སེམས་ཞུམ་ཞིང་ཐང་ཆད་དེ་དག་བའི་བྱ་བ་ལ་མི་འཇུག་པ་ལྟར། རེས་འཇོག་མི་བྱ་བར་རྒྱུན་མི་ཆད་པར་བློ་སྦྱོང་ཉམས་སུ་ལོངས་ཤིག་ཅེས་པའོ། །རྟོག་དཔྱོད་གཉིས་ཀྱིས་མཐར་བར་བྱ། །ཞེས་པ་ནི། རང་རྒྱུད་ལ་ཉོན་མོངས་གང་ཆེ་བ་དེ་འབད་པ་དྲག་བོས་སྤངས་ཏེ། དེ་ནས་ཡང་ཉོན་མོངས་དེ་སྐྱེའམ་མི་སྐྱེ་བ་རྟག་ལ། སྐྱེ་ན་གཉེན་པོ་བསྟེན་ཏེ་ཁོ་མི་སྐྱེ་བའི་བར་དུ་འབད་པར་བྱ་ཞེས་པའོ། །ཡུས་མ་སྒོམ། ཞེས་པ་ནི། རང་གིས་བྱང་ཆུབ་ཀྱི་སེམས་གཉིས་ཉམས་སུ་བླངས་ཏེ། སེམས་ཅན་གྱི་དོན་བྱེད་པར་ཁས་བླངས་པས། རང་གིས་གཞན་ལ་ཕན་བཏགས་པའི་ལན་ནི་གནོད་པས་འཇལ་ཡང་། བདག་ལ་དེ་མི་འབབ། བདག་ནི་ཁྱེད་ལ་ཆོས་དང་ཟང་ཟིང་ཅི་རིགས་ཀྱིས་དྲིན་ཆེ་བའི་ཚུལ་སོགས་བརྗོད་པའི་སྒོ་ནས་ཡུས་མ་བྱེད་ཅེས་པའོ། །རྒྱན་ལས། འཁོར་བས་ཡོངས་སུ་མི་སྐྱོ་དང་། །ཞེས་པའི་དོན་ཡང་འདི་ལྟར་ཡིན་ནོ། །བདག་པས་གཞན་གཅེས་པར་བསྒོམ་པ་ལ་ཡུས་བྱ་བའི་གནས་མེད་དོ། །མི་ལ་རེ་མ་ཆེ། ལྷ་ལ་གསོལ་བ་ཐོབ་བྱ་བར་བསྒྲེང་བའི་བཀའ་ཡིན་གསུངས། ཀོ་ལོང་མ་སྒོམ། ཞེས་པ་ནི། རང་ལ་གཞན་གྱིས་སྐྱོན་ཚང་ནས་བརྗོད་ཅིང་དམའ་ཕབས་བྱས་པ་སོགས་ལ་ལན་དང་ཀོ་ལོང་མི་བྱ། ད་ལྟ་འོ་སྐོལ་ཆོས་པ་ཕལ་ཆེར་ཆོས་བདག་འཛིན་གྱི་གཉེན་པོར་མ་སོང་བས། བཟོད་སྲན་ཤ་འུ་བས་སྲབ། ཀོ་ལོང་བཅང་བས་དམ་པར་འདུག་སྟེ། དེས་ཆོས་སྤྱི་དང་ཁྱད་པར་བློ་སྦྱོང་གིས་གོ་མི་ཆོད་པས། ཆོས་ཤེས་པ་དང་དེ་ཉམས་སུ་བླངས་པ་བདག་འཛིན་གྱི་གཉེན་པོར་འགྲོ་བ་ཞིག་དགོས་སོ་ཞེས་གསུངས་སོ། །ཡུད་ཙམ་པ་མི་བྱ། ཞེས་པ་ནི། ཡུད་ཙམ་གྱིས་དགའ་སྡུག་གི་རྣམ་འགྱུར་མྱུར་དུ་སྟོན་པ་དེ་འདྲ་མི་བྱེད་པར། རྒྱུན་དུ་གཞུང་བཟང་པོ་དང་ཁོང་ཡངས་པོ་གྱིས་ཤིག་ཅེས་པའོ། །འོར་ཆེ་བ་མ་འདོད། ཅེས་པ་ནི། གཞན་ལ་ཕན་བཏག་པ་དང་། ཆོས་བཤད་པ་སོགས་ལ་ངོ་བསྟོད་ཀྱི་ཚིག་གོས་གཏང་རག་དང་སྙན་གྲགས་སོགས་ལ་རེ་བ་མ་བྱེད་ཅེས་པའོ། །དེ་ལྟར་རང་གི་ཚེ་ཧྲིལ་གྱིས་བྱང་ཆུབ་ཀྱི་སེམས་གཉིས་པོ་མཉམ་རྗེས་གཉིས་ཀྱི་སྒོ་ནས་ལེགས་པར་སྦྱངས་ཏེ། འབྱོངས་པའི་གདེངས་འཐོབ་པར་བྱའོ་གསུངས། སྙིགས་མ་ལྔ་བོ་བདོ་པ་འདི། །བྱང་ཆུ་ལམ་དུ་བསྒྱུར་བ་ཡིན། །མན་ངག་སྙིང་པོ་བདུད་རྩི་འདི། །གསེར་གླིང་བ་ནས་བརྒྱུད་པ་ཡིན། །ཞེས་པ་ནི། ཚེ་དང་དུས་དང་ཉོན་མོངས་དང་ལྟ་བ་དང་སེམས་ཅན་སྙིགས་མ་སྟེ། རིམ་པ་བཞིན་སྲོག་རྒུད་པ་ཚེ་ཡི་སྙིགས་མ། ལོངས་སྤྱོད་རྒུད་པ་དུས་ཀྱི་སྙིགས་མ་སྟེ། འབྲས་བུ་རྣམས་རོ་དང་ནུས་པ་དང་མཐུ་ཆུང་བར་འགྱུར་བས་སོ། །ཁྱིམ་པའི་དགེ་ཕྱོགས་རྒུད་པ་ཉོན་མོངས་ཀྱི་སྙིགས་མ། རབ་བྱུང་གི་དགེ་ཕྱོགས་རྒུད་པ་ལྟ་བའི་སྙིགས་མ། ལུས་རྒུད་སེམས་ཅན་སྙིགས་མའོ། །ཞེས་མཆིམས་འཇམ་པའི་དབྱངས་ཀྱིས་གསུངས་སོ། །དེ་ལྟར་སྙིགས་མ་ལྔ་བོ་བདོ་བའི་དུས་འདིར་བདེ་བའི་རྐྱེན་ཉུང་། སྡུག་བསྔལ་གྱི་རྐྱེན་མང་བས། རྐྱེན་ངན་གྱི་རུ་འཛིངས་པ་ན། དེ་ཉིད་བློང་སྦྱོང་གི་གྲོགས་སུ་བྱས་ནས་བློ་སྦྱོང་བསྒོམས་པས། རྐྱེན་ངན་ཇི་ཙམ་མང་བ་བཞིན་དུ་དགེ་སྦྱོར་ཕྱིར་ཞིང་འཕེལ་བར་འགྱུར་བས། དུག་ཐམས་ཅད་སྨན་དུ་སྒྱུར་བར་བྱེད་པའི་བདུད་རྩི་ལྟ་བུའི་གདམས་པ་འདི་ནི། བླ་མ་གསེར་གླིང་བའི་མན་ངག་ཡིན་པས། མན་ངག་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཞེས་པའོ། །དེ་ལྟར་བློ་སྦྱོང་ཚུལ་འདི་དག་ཤེས་ནས་ཉམས་སུ་བླང་ན་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཞེས་བྱ་བ་དེ་ཡང་བློ་སྦྱོང་སྒོམ་པའི་ལུས་རྟེན་འདི་ལ་ཟེར་པ་ཡིན་ལ། རྩོལ་བ་ཐམས་ཅད་གཅིག་ཏུ་དྲིལ་ནས་སེམས་དང་ཆོས་འདྲེས་པར་བྱས་ཏེ་ཉམས་སུ་བླང་ན། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་འགྱུར་རོ།།

སྔོན་སྦྱང་ལས་ཀྱི་འཕྲོ་སད་པས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འཆད་ཁ་བས་ཐུགས་ལེགས་པར་སྤྱངས་པས། རང་འདོད་གྱི་འཁྲི་བ་གཏན་ནས་མེད་པའི་བདག་པས་གཞན་གཅེས་པའི་སེམས་ཐུགས་རྒྱུད་ལ་འཁྲུངས་བ་གདེང་ཐོབ་པའི་གསུངས་ཡིན་ནོ། །དེ་ཡང་བཤེས་གཉེན་ཆེན་པོ་ཤ་ར་བ་ལ་སློབ་མ་བཀའ་བབས་བཞི་ཡོད་པ་ལས། བྱང་ཆུབ་སེམས་ཀྱི་བཀའ་བབས་འཆད་ཁ་བ་ནི། ལོ་རེ་ཞེས་བྱ་བའི་ཡུལ་དུ་སྐུ་འཁྲུངས། ལོ་རེ་ཞིང་གསར་དུ་མཁན་པོ་རྩེ་བ་ཞེས་བྱ་བ་ལས་རབ་ཏུ་བྱུང་། མཚན་ཡེ་ཤེས་རྡོ་རྗེ་ཞེས་བཏགས། དེའི་རྗེས་སུ་དགེ་བཤེས་ཇོ་གདོན་ནག་པོ་ཚ་རུང་བ་དང་། དྭགས་པོ་གཙང་འདུལ་བ་འཛིན་པ་གཉིས་ལ་མཁན་སློབ་ཞུས་ནས་བསྙེན་རྫོགས་མཛད། ཤ་མི་སྨོན་ལམ་འོད་ལ་འདུལ་བ་གསན། དགུང་ལོ་སུམ་ཅུ་ལོན་པའི་དུས་དབུས་སུ་བྱོན་པས་དགེ་བའི་བཤེས་གཉིས་ཆེན་པོ་ཤར་བ་དང་མཇལ། བློ་སྦྱོང་ཚིག་བརྒྱད་མ་གནང་ནས་འདི་ལམ་དུ་འཆའ་འམ་མི་འཆའ་ཞེས་གསུང་། འཆད་ཁ་བས། རེས་འགའ་སེམས་ལ་བབས་པ་བྱུང་ཞེས་ཞུས་པས། སངས་རྒྱས་ཞིག་ཐོབ་པར་མི་འདོད་ན་མི་འདོད། འདོད་ཕྱིན་ལམ་དེར་མ་ཞུགས་པར་འཚང་རྒྱ་བ་མི་སྲིད་ཅེས་གསུངས། དེ་ནས་བཟུང་སྟེ་ཐུགས་དམ་གྱི་གཙོ་བོ་བློ་སྦྱོང་ལ་མཛད། དུས་ཕྱིས་ཞིག་ན་འགྲེ་ཕུ་སྒོམ་ཆེན་སྡིངས་སུ་བཞུགས་པའི་སྐབས་ཤིག་ཞལ་ནས། ཆོས་འདི་ཚོགས་ཆོས་སུ་བཤད་པའི་ཆོས་མིན། བཏུབ་པ་འགའ་ལ་ལྐོག་ཏུ་བཤད་བསམ་པ་ཡིན། འོན་ཀྱང་སུ་ལ་ཆོས་ཡོང་བ་དང་སུ་ལ་མི་ཡོང་བ་མི་ཤེས་པར་འདུག ཉེ་གནས་ཁྱོད་ཀྱིས་ནང་བར་སྒོམ་ཆེན་པ་རྣམས་ལ་ཤོར་འདྲེན་ཞིག་ཀྱིས་དང་། ངའི་ཆོས་འདི་ལ་མིང་ཞིག་འདོག་དགོས་པས་མིང་སྟོན་བྱེད་པ་ཡིན་གསུང་ནས། བློ་སྦྱོང་འདི་ལ་དོན་ཚན་བདུན་གྱིས་ས་བཅད་མཛད་དེ་ཡི་གེར་བཏག་པས་བློ་སྦྱོང་དོན་བདུན་མ་ཞེས་གྲགས་སོ། །ཚོགས་ཆོས་བྱེད་པའི་སྲོལ་ཡང་དེ་ནས་བྱུང་གསུངས། དེ་ལྟར་ལོ་མང་བོར་འགྲོ་དོན་མཛད་ནས་ཕྱིས་རབས་ཀྱི་གདུལ་བྱ་རྣམས་ལ་ཕན་པའི་དོན་དུ། ཡུལ་དང་གཉེན་བཤེས་རབ་སྤངས་ཏེ། །འཛིན་ཆགས་མེད་པའི་དགེ་རྩ་བྱས། །བཤེས་གཉེན་བཞུགས་པའི་ས་ཕྱོགས་སུ། །ཐོས་བསམ་སྒོམ་གསུམ་དགེ་རྩ་བྱས། །ད་ནི་ཤི་ཡང་མི་འགྱོད་དོ། །ལྷ་རུ་ཉེ་དུ་མ་མཆོད་ཅིང་། །ཧྲུལ་བའི་གོས་གོན་དམན་ས་བཟུང་། །སུ་དང་འགྲོགས་ཀྱང་ཡིད་མ་བྱུང་། །གྲགས་པ་མ་སྒྲུབ་ནོར་མ་བསགས། །ད་ནི་ཤི་ཡང་མི་འགྱོད་དོ། །མི་ཆོས་ལྷ་ཆོས་རིས་ཁྲིད་དང་། །ཡོན་བདག་ལྷ་བཞིན་མཆོད་པ་དང་། །བན་མོའི་བསྙེན་བཀུར་རྣམས་སྤངས་ཏེ། །དྲང་སྲོང་ཆེན་པོའི་རྣམ་ཐར་སྤྱད། །ད་ནི་ཤི་ཡང་མི་འགྱོད་དོ། །བྱད་བཞིན་ཅན་དང་ནོར་ཅན་ལ། །ཚོགས་གསོག་བསྙེན་བཀུར་མ་བྱས་ཤིང་། །བུན་སྐྱེད་མ་བྱས་ཚོང་མ་བྱས། །མཁར་ལས་མ་བྱས་གཞིས་མ་བཟུང་། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་སོགས་ཉིད་ཀྱི་རྣམ་ཐར་ཡང་གསུངས་སོ།། །།

འདིར་སྨྲས་པ། གང་ཞིག་གང་ལས་བགྲོད་པའི་ལམ་བཟང་དེ། །ཐུགས་རྗེ་ཕྱག་གིས་འགྲོ་ལ་སྟོན་པ་པོ། །བདེ་གཤེགས་དོན་ཀུན་གྲུབ་པའི་ཞབས་ལ་འདུད། །བྱང་ཆུབ་སེམས་གཉིས་འབྱོངས་བར་བྱིན་གྱིས་རློབས། །མཁས་གྲུབ་སངས་རྒྱས་ཡེ་ཤེས་གསུང་རབ་ལ། །བརྟེན་ནས་བཤེས་གཉེན་ཆེན་པོ་འཆད་ཁ་བའི། །མན་ངག་བློ་སྦྱོང་ཆེན་མོའི་བསྡུས་དོན་ནི། །རང་ཉིད་ཀྱིས་ནི་བརྗེད་བྱང་ཙམ་དུ་བྲིས། །དེ་ལས་བྱུང་བའི་བསོད་ནམས་ཕུང་བོ་ནི། །གངས་ཀྱི་རི་བོ་ལྟ་བུ་ལས་འོང་བའི། །ཕན་དང་བདེ་བའི་ཆུ་བོ་མི་ཟད་པས། །འགྲོ་བའི་ཤེས་རྒྱུད་ས་གཞི་གང་བར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །བྱང་ཆུབ་སེམས་གཉིས་དང་ནི་མི་འབྲལ་ཞིང་། །ནམ་མཁའི་མཐའ་རུ་བཅས་པའི་སེམས་ཅན་གྱི། །མགོན་སྐྱབས་དཔུང་གཉེན་ཉིད་དུ་གྱུར་ཅིག་གུ། །

དེ་ལྟར་བློ་སྦྱོང་དོན་བདུན་མའི་འགྲེལ་བ་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི། ཆབ་ཆའི་དགོན་པའི་དགེ་སློང་འདུལ་བ་འཛིན་པ་ནོར་བུ་ཚེ་རིང་གིས་སྦྱོར་བའི་ཆོས་དྲུག་ཉམས་སུ་བླང་བདེ་བ་ཞིག་དགོས་ཞེས་བཤད་ཡང་འདིས་མཐུས་པར་བྱས་ཏེ། དགེ་སློང་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བས་གཅན་ཚའི་མ་ཎིའི་གཙུག་ལག་ཁང་དུ་བྲིས་པའི། ཡི་གེ་བ་ནི་འཚོ་མཛད་མགོན་པོ་རྒྱ་མཚོའོ། །པར་འདི་ཁ་སྒང་ཨོ་བསྭོ་བཀྲ་ཤིས་ཆོས་རྫོང་དུ་བཞུགས། སརྦ་མངྒ་ལཾ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།