ཆོས་གསུམ་གྱི་རྣམ་བཞག་མཁས་པའི་གསུང་རྒྱུན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-08-31 07:55:11     རྩོམ་པ་པོ།   ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

༄༅། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྟོབས་བཅུ་མངའ་བ་ཤཱཀྱའི་རྒྱལ་པོ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ནས། །ཕུང་པོ་སྐྱེ་མཆེད་ཁམས་ཀྱི་རྣམ་བཞག་ནི། །མཁས་པའི་གསུང་ལ་བརྟེན་ནས་རབ་བཤད་བྱ། །འདིར་ཆོས་གསུམ་གྱི་རྣམ་བཞག་ཅུང་ཟད་བཤད་པ་ལ། ཆོས་དུ་མ་སྤུངས་བ་ནི་ཕུང་པོའི་དོན་ཏེ། ཀུན་བཏུས་ལས། དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་སྤུངས་པའི་ཕྱིར་ཕུང་པོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལ་དབྱེ་ན། གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་བོ་དང༌། འདུ་ཤེས་ཀྱི་ཕུང་བོ་དང༌། འདུ་བྱེད་ཀྱི་ཕུང་བོ་དང༌། རྣམ་པར་ཤེས་པའི་ཕུང་བོ་དང་ལྔ་ཡོད། སེམས་དང་སེམསབྱུང་སྐྱེ་བའི་སྒོར་གྱུར་པ་ནི། སྐྱེ་མཆེད་ཀྱི་དོན་ནོ། །དབྱེ་ན་བཅུ་གཉིས་ཡོད་དེ། མིག་གི་སྐྱེ་མཆེད་དང༌། རྣ་བའི་སྐྱེ་མཆེད་དང༌། སྣའི་སྐྱེ་མཆེད་དང༌། ལྕེའི་སྐྱེ་མཆེད་དང༌། ལུས་ཀྱི་སྐྱེ་མཆེད་དང༌། ཡིད་ཀྱི་སྐྱེ་མཆེད་དེ་ཡུལ་ཅན་གྱི་སྐྱེ་མཆེད་དྲུག་དང༌། གཟུགས་ཀྱི་སྐྱེ་མཆེད་དང༌། སྒྲའི་སྐྱེ་མཆེད་དང༌། དྲིའི་སྐྱེ་མཆེད་དང༌། རོའི་སྐྱེ་མཆེད་དང༌། རེག་བྱའི་སྐྱེ་མཆེད་དང༌། ཆོས་ཀྱི་སྐྱེ་མཆེད་དེ་གཟུང་བ་ཡུལ་གྱི་སྐྱེ་མཆེད་དྲུག་དང་བཅུ་གཉིས་སོ། །དེ་ཡང་མིག་སོགས་ནང་གི་སྐྱེ་མཆེད་དྲུག་ནི། སེམས་སེམས་བྱུང་གི་བདག་རྐྱེན་གྱི་ཚུལ་གྱིས་དེ་དག་སྐྱེ་བའི་སྒོ་དང༌། གཟུགས་ཀྱི་སྐྱེ་མཆེད་སོགས་ཕྱིའི་སྐྱེ་མཆེད་དྲུག་ནི། དམིགས་རྐྱེན་གྱི་ཚུལ་གྱིས་སེམས་དང་སེམས་བྱུང་སྐྱེ་བའི་སྒོར་གྱུར་པ་ཡིན་ནོ། །དབུས་མཐའ་ལས། འཛིན་དང་གཟུང་དང་དེ་འཛིན་པའི། །ས་བོན་དོན་དེ་གཞན་དུ་འདོད། །ཅེས་རྟེན་དབང་པོའི་ཁམས་དྲུག་ནི། འཛིན་པའི་ས་བོན་གྱི་དོན་དང༌། གཟུང་བ་ཡུལ་གྱི་ཁམས་དྲུག་ནི་གཟུང་བྱའི་ས་བོན་གྱི་དོན་དང༌། བརྟེན་པ་རྣམ་པར་ཤེས་པའི་ཁམས་དྲུག་ནི། གཟུང་བ་དང་འཛིན་པའི་ས་བོན་གྱི་དོན་དུ་བཤད་པ་ལྟར་རོ། ཁམས་ཞེས་པ་ནི། རང་གི་རང་བཞིན་འཛིན་པའི་དོན་དེ། ཀུན་བཏུས་ལས་ཀྱང༌། ཁམས་ཀྱི་དོན་གང་ཞེ་ན། ཆོས་ཐམས་ཅད་ཀྱི་ས་བོན་གྱི་དོན་ནོ། །ཡང་རང་གི་མཚན་ཉིད་འཛིན་པའི་དོན་ནོ། །ཞེས་སོ། །དེ་ལ་དབྱེ་ན། གཟུགས་ཀྱི་ཁམས་དང༌། སྒྲའི་ཁམས་དང༌། དྲིའི་ཁམས་དང༌། རོའི་ཁམས་དང༌། རེག་བྱའི་ཁམས་དང༌། ཆོས་ཀྱི་ཁམས་ཏེ་གཟུང་བ་ཡུལ་གྱི་ཁམས་དྲུག་དང༌། མིག་གི་ཁམས་དང༌། རྣ་བའི་ཁམས་དང༌། སྣའི་ཁམས་དང༌། ལྕེའི་ཁམས་དང༌། ལུས་ཀྱི་ཁམས་དང༌། ཡིད་ཀྱི་ཁམས་ཏེ་རྟེན་དབང་པོའི་ཁམས་དྲུག་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དང༌། ལུས་ཀྱི་རྣམ་པརཤེས་པའི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་དང་བཅོ་བརྒྱད་དོ། །དེ་ལ་སྐྱེ་མཆེད་བཅུ་གཉིས་ཀྱི་གཟུགས་ཀྱི་སྐྱེ་མཆེད་དང༌། ཁམས་བཅོ་བརྒྱད་ཀྱི་གཟུགས་ཀྱི་ཁམས་གཉིས་དོན་གཅིག་ཡིན་པ་ནས། བཅུ་གཉིས་ཀྱི་ཆོས་ཀྱི་སྐྱེ་མཆེད་དང༌། བཅོ་བརྒྱད་ཀྱི་ཆོས་ཁམས་གཉིས་ཀྱང་དོན་གཅིག་ཡིན་པའི་བར་འདྲའོ། །གཟུགས་ཀྱི་ཕུང་བོ་ཡིན་ན། གཟུགས་ཀྱི་སྐྱེ་མཆེད་དང་དེའི་ཁམས་ཡིན་པས་མ་ཁྱབ་སྟེ། མིག་སོགས་དབང་པོ་ལྔ་དང༌། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་སྟེ། གཟུགས་ཅན་བཅུ་བོ་ཐམས་ཅད་གཟུགས་ཡིན་པས་གཟུགས་ཀྱི་ཕུང་བོ་ཡིན་ཀྱང༌། མིག་ཤེས་ཀྱི་གཟུང་བྱ་ནི་གཟུགས་ཁམས་གཅིག་བུ་ཡིན་པའི་ཕྱིར། མཛོད་ལས། བསྟན་ཡོད་འདིར་ནི་གཟུགས་གཅིག་བུ། །ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་སོ། །འོ་ན་གཟུགས་ཅན་ལྷག་མ་དགུ་པོ་ཡང་གཟུགས་དང༌། སྐྱེ་མཆེད་དང༌། ཁམས་གསུམ་ག་མ་ཡིན་ནམ། སྐྱེ་མཆེད་ལྷག་མ་དགུ་དང༌། ཁམས་དང་པོ་བཅུ་བདུན་པོ་ཡང༌། །ཆོས་དང༌། སྐྱེ་མཆེད་དང༌། ཁམས་གསུམ་ག་མ་ཡིན་ནམ། ཅིའི་ཕྱིར་ན། གཟུགས་ཀྱི་སྐྱེ་མཆེད་དང༌། གཟུགས་ཀྱི་ཁམས་ལ་མིག་གི་སྤྱོདཡུལ་ཁོ་ན་དགོས་པ་དང༌། ཆོས་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་ལ་དྲུག་པ་ཡིད་ཤེས་ཁོ་ནའི་སྤྱོད་ཡུལ་ཞིག་དགོས་ཞེ་ན། མིག་གི་སྤྱོད་ཡུལ་ནི་གཟུགས་ཀྱི་གཙོ་བོ་ཡིན་པའི་ཕྱིར་དང༌། ཆོས་ཀྱ་སྐྱེ་མཆེད་དང༌། ཆོས་ཁམས་ཀྱིས་ཆོས་མང་པོ་བསྡུས་པའི་ཕྱིར་ན། གཟུགས་དང་ཆོས་ཀྱི་སྤྱི་མིང་གིས་བཟུང་སྟེ། གཟུགས་ཀྱི་ཁམས་དང་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཅེས་བརྗོད་པ་སྟེ། དེ་ཉིད་ལས། བྱེ་བྲག་དོན་དང་གཙོ་བོའི་ཕྱིར། །ཆོས་མང་བ་དང་མཆོག་བསྡུས་ཕྱིར། །གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང༌། །གཅིག་ནི་ཆོས་ཞེས་བྱ་བར་བརྗོད། །ཅེས་གསུངས་པའི་ཕྱིར། ཡང་དེ་ཉིད་ལས། འདུས་བྱས་ཆོས་རྣམས་དེ་དག་ཀྱང༌། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། །ཞེས་དང༌། ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད། །ཅེས་གསུངས་པ་ལྟར། ཕུང་པོ་ལྔ་བོ་གང་རུང་ཡིན་ན། འདུས་བྱས་ཀྱི་ཆོས་ཡིན་པས་ཁྱབ་པའི་ཕྱིར་ན། འདུས་མ་བྱས་ཀྱི་ཆོས་རྣམས་ཕུང་པོ་མིན་ནོ། །དེ་ཡང་རྒྱུ་རྐྱེན་གཅིག་ཁོ་ན་ལས་སྐྱེ་བ་ཞིག་མི་སྲིད་པས། རྒྱུ་རྐྱེན་དུ་མ་འདུས་ཤིང་ཕྲད་ནས་བྱས་པ་ཡིན་པས་ན་འདུས་བྱས་དང༌། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱིཡུལ། །བསོད་ནམས་ཚེ་དང་གསུང་རབ་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་ཆོས་ཞེས་བྱ་བ་དོན་བཅུ་ལ་འཇུག་པར་གསུངས་པ་ལས། འདིར་ནི་ལུང་སིལ་བུ་ལས། མཚན་ཉིད་འཛིན་ལ་ཆོས་ཞེས་བརྗོད། །ཅེས་པ་ལྟར་རང་གི་ངོ་བོ་འཛིན་པས་ན་ཆོས་ཞེས་བརྗོད་པ་ཡིན་ནོ། །དེས་ན་ཡོད་པ་དང༌། ཤེས་བྱ་དང་གཞི་གྲུབ་དང་ཆོས་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །གཞི་གྲུབ་ན། གཟུགས་ཀྱི་ཕུང་པོ་དང༌། ཡིད་ཀྱི་སྐྱེ་མཆེད་དང༌། ཆོས་ཁམས་གསུམ་པོ་གང་རུང་ཡིན་པས་ཁྱབ་སྟེ། གཟུགས་ཅན་བཅུ་པོ་གང་རུང་ཡིན་ན། གཟུགས་ཀྱི་ཕུང་པོ་ཡིན་པས་ཁྱབ་པའི་ཕྱིར་དང༌། རྣམ་ཤེས་ཚོགས་དྲུག་གོ་གང་རུང་ཡིན་ན། ཡིད་ཀྱི་སྐྱེ་མཆེད་ཡིན་པས་ཁྱབ་པའི་ཕྱིར་དང༌། གཟུགས་སེམས་གང་རུང་ལས་གཞན་པའི་ཆོས་ཡིན་ན། ཆོས་ཁམས་ཡིན་པས་ཁྱབ་པའི་ཕྱིར། དེ་ལྟར་ཡང་མཛོད་ལས། ཕུང་པོ་དང་ནི་སྐྱེ་མཆེད་དང༌། ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། །ཞེས་སོ། །དེ་ཉིད་ལས། སེམས་དང་ཡིད་དང་རྣམ་ཤེས་རྣམས། །དོན་གཅིག ཅེས་གསུངས་པ་ལྟར། སེམས་དང་ཡིད་དང་རྣམ་ཤེས་གསུམ་དོན་གཅིག་ཡིན་ཀྱང༌། ཡིད་ཀྱི་སྐྱེ་མཆེདདང༌། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་དོན་མི་གཅིག་སྟེ། ཡིད་ཀྱི་རྣམ་ཤེས་ལ་ཡིད་ཤེས་ཁོ་ནས་ཁྱབ་པའི་ཕྱིར་དང༌། ཡིད་ཀྱི་སྐྱེ་མཆེད་ལ་རྣམ་ཤེས་ཚོགས་དྲུག་ཡོད་པའི་ཕྱིར་ཏེ། མདོ་ལས། རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་དོ། །ཞེས་གསུངས་པའི་ཕྱིར། ཡང་དེ་ཉིད་ལས། རྣམ་ཤེས་སོ་སོར་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། ཁམས་བདུན་དག་ཏུའང་འདོད་པ་སྟེ། །རྣམ་པར་ཤེས་པ་དྲུག་དང་ཡིད། །དྲུག་གོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །ཅེས་གསུངས་པ་ལྟར། ཡིད་ཀྱི་ཁམས་ནི་རྣམ་ཤེས་ཡིན་ཀྱང་རྣམ་ཤེས་ཚོགས་བདུན་དུ་འགྱུར་བའི་སྐྱོན་མེད་དེ། རྣམ་ཤེས་ཚོགས་དྲུག་རང་རང་གི་སྔ་རོལ་ཏུ་འདས་མ་ཐག་པའི་རྣམ་ཤེས་དེ་མ་ཐག་རྐྱེན་དེ་ལ་ཡིད་ཁམས་ཞེས་བརྗོད་པ་ཡིན་པས། ཡིད་ཀྱི་ཁམས་ནི་རྣམ་ཤེས་ཚོགས་དྲུག་ལས་རྫས་ལོགས་སུ་མེད་དོ། །གཟུགས་སུ་རུང་བ་ནི། གཟུགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། མིག་སོགས་གཟུགས་ཅན་གྱི་དབང་པོ་ལྔ་དང༌། གཟུགས་སོགས་དོན་ལྔ་སྟེ། གཟུགས་ཅན་བཅུ་ཡོད་དོ། །མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་གཟུགས་ཅན་དང་བ་ནི། མིག་དབང་གི་མཚན་ཉིད། དེ་རྣ་བའི་དབང་པོ་སོགས་བཞི་ལ་རིགས་འདྲ། བསྟན་བཅོས་རབ་ཏུ་བྱེད་པ་ལས། མིག་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་གྱི་གཟུགས་དང་པའོ། །ཞེས་སོ། །དེ་ལ་མིག་གི་དབང་པོ་ནི། མིག་གི་རྟེན་མིག་འབྲས་ཀྱི་ནང་དུ་རྒུན་འབྲུའི་ཚད་ཙམ་ཟི་རའི་མེ་ཏོག་ལྟ་བུ་ཞིག་ཡིན་པར་གསུངས་ཤིང༌། དེ་ཡང་མིག་གིས་ལྟར་མེད་པ་པགས་པ་དང་པོས་གཡོགས་པ་སྟེ། ཅེ་རེ་ལོང་རྣམས་ལ་མིག་འབྲས་ཡོད་ཀྱང་རྣམ་པར་ཤེས་པ་མི་འབྱུང་བས་མིག་དབང་མེད་པར་ཤེས་སོ་གསུངས། སྣ་བའི་དབང་པོ་ནི། མཚུལ་བའི་ནང་དུ་ལྟག་ཁུང་གི་ཐད་ཀ་ན་མིག་སྨན་གྱི་ཐུར་མ་གཤིབས་པ་ལྟ་བུ་དང༌། ལུས་ཀྱི་དབང་བོའི་རྡུལ་ཕྲ་རབ་རྣམས་ལུས་བཞིན་དུ་གནས་སོ། །དེལྟར་ཡང་སློབ་དཔོན་ཟླ་བ་གྲགས་པའི་ཕུང་པོ་ལྔའི་རབ་བྱེད་ལས། འདི་ལྟར་མ་དང་ཕ་ལ་བརྟེན་ནས་བུ་འབྱུང་བར་འགྱུར་བ་དེ་བཞིན་དུ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་བ་ན་དེའི་གནས་ལྟ་བུ་ནི་མིག་སྟེ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་ཤེས་པའི་འགྱུར་པ་འབྱུང་བར་འགྱུར་ཏེ། དེ་ལ་ཕན་བཏགས་པ་དང་གནོད་པ་བྱས་པ་དག་གིས་གསལ་བ་དང་མི་གསལ་བ་དག་ཏུ་རྗེས་སུ་སྒྲུབ་པས་སོ། །དེ་ལྟ་བས་ན་མིག་གི་དབང་པོ་ནི་འདིའི་རྟེན་དུ་གྱུར་པས་ན་མིག་གི་རྣམ་པར་ཤེས་པ་ཞེས་བསྟན་ཏོ། །མིག་གི་དབང་པོ་འདི་ནི། མིག་གི་རྟེན་གྱི་མིག་གི་འབྲས་བུའི་ནང་ན་རྒུན་འབྲུའི་འབྲས་བུའི་ཚད་ཙམ་ཟི་རའི་མེ་ཏོག་ལྟ་བུ། ལྟར་མེད་པ་པགས་པ་དང་བོས་གཡོགས་པ་དང་བར་དུ་གནས་པ་རང་གི་འབྲས་བུ་རྣམ་པར་ཤེས་པ་ལས་རྟོགས་པ་སྟེ། དེ་ཡང་འདི་ལྟར་ཅེ་རེ་ལོང་རྣམས་ཀྱི་མིག་གི་རྟེན་འདྲ་བར་གནས་ཀྱང་རྣམ་པར་ཤེས་པ་མི་འབྱུང་བས་དབང་པོ་མེད་པ་རབ་ཏུ་ཤེས་སོ། །མིག་ལ་བརྟེན་པའི་རྣམ་པར་ཤེས་པ་ཡང༌། མིག་དང༌། གཟུགས་དང༌། སྣང་བ་དང༌། ཡིད་ལ་བྱེད་པའི་རྐྱེན་རབ་ཏུ་རྙེད་ནས་འབྱུང་བར་འགྱུར་མོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ལ་ཉེ་བར་བརྟེན་ཏེ། ཇི་ལྟར་རྔ་བོ་ཆེའི་སྒྲ་དང༌། ནས་ཀྱི་མྱུ་གུ་ཞེས་བྱ་བ་བཞིན་དུ་རྟེན་དེའི་རྣམ་པར་ཤེས་པ་ཞེས་བསྟན་ཏོ། །རབ་ཏུ་བྱེད་པའི་གཞུང་དང་ཡང་རྗེས་སུ་མཐུན་པར་འགྱུར་ཏེ། མིག་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ་ཞེས་འབྱུང་ངོ༌། །མིག་གི་རྣམ་པར་ཤེས་པ་འདིའི་རྟེན་ནི་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་མིག་དང༌། འདས་པའི་ཡིད་དོ། །དེ་ལ་མིག་ལ་མིག་གི་རྣམ་པར་ཤེས་པའི་རྟེན་དུ་བརྗོད་ན་ཡིད་ཀྱིས་ཀྱང་མིག་ཅེས་བྱ་བ་འཐོབ་པར་འགྱུར་བས། དེ་བས་ན་གཟུགས་དང་བ་ཞེས་སྨོས་སོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་ཤེས་པར་བྱའོ། །ཁྱད་པར་ནི་འདི་ཡིན་ཏེ། རྣ་བའི་དབང་པོའི་རྡུལ་ཕྲ་རབ་ནི་གྲོ་གའི་མདུད་པ་ལྟ་བུར་གནས་སོ། །སྣའི་དབང་པོའི་རྡུལ་ཕྲ་རབ་ནི་མཚུལ་བའི་ནང་ལྟག་ཁུང་གི་ཐད་ཀ་ན་མིག་སྨན་གྱི་ཐུར་མ་གཤིབས་པ་ལྟར་གནས་ཏེ། དབང་པོ་དང་བོ་གསུམ་ནི་ཕྲེང་བ་ལྟར་གནས་སོ། །ལྕེའི་དབང་བོའི་རྡུལ་ཕྲ་རབ་ནི་ཟླ་བ་གམ་པ་ལྟར་གནས་སོ། །ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་ནི་ལུས་བཞིན་དུ་གནས་སོ། །ལུས་ཀྱི་དབང་བོའི་ཁྱད་པར་ཉིད་མོ་དང་ཕོ་ཡི་དབང་པོའོ། །ཞེས་དང༌། མིག་ལ་སོགས་པ་ལྔ་བོ་འདི་རྣམས་ནི་རང་གི་ཡུལ་ལ་ཉེ་བར་དམིགས་པའི་བདག་པོ་ཡིན་པས་དབང་བོ་ཞེས་བྱའོ། །དེ་ལྟ་བས་ན་མིག་ནི་གཟུགས་ལ་ཉེ་བར་དམིགས་པ་ལ་ལྷག་པར་དབང་བྱེད་ཀྱི། སྒྲ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་རྣམས་ལ་ཡང་རིག་པར་བྱའོ། །ཞེས་གསུངས་སོ། །མིག་སོགས་དབང་པོ་ལྔ་ལ་རྟེན་བཅས་དང༌། དེ་མཚུངས་ཀྱི་དབང་པོ་གཉིས་གཉིས་ཡོད་དེ། གཟུགས་མཐོང་བ་དང་སྒྲ་ཐོས་པ་སོགས་ཀྱི་བྱ་བ་བྱེད་བཞིན་པའི་མིག་རྣ་སོགས་ནི་རྟེན་བཅས་དང༌། རང་གི་ཡུལ་མཐོང་བ་དང༌། ཐོས་པ་དང༌། དྲི་སྣོམ་པ་དང༌། རེག་བྱ་མྱོང་བའི་བྱ་བ་མི་བྱེད་པའི་དབང་པོ་ལྔ་ནི་དེ་མཚུངས་ཀྱི་དབང་པོ་ཡིན་པའི་ཕྱིར། དཔེར་ན། མིག་བཙུམས་པ་དང་རྣ་བའི་བུ་ག་བཅད་པའི་སྐབས་ཀྱི་མིག་དབང་དང༌། རྣ་དབང་ལྟ་བུའོ། །དབུ་མ་ལ་འཇུག་པ་ལས། གལ་ཏེ་གཉིད་ན་མིག་བློ་མི་སྲིད་པས། །ཡོད་མིན་ཡིད་ཀྱི་ཤེས་པ་ཁོ་ན་ཡོད། །ཅེས་པ་ནས། མིག་དང་མིག་གི་ཡུལ་དང་དེ་བསྐྱེད་སེམས། །གསུམ་པོ་ཐམས་ཅད་ཀྱང་ནི་རྫུན་པ་ཡིན། །སྣ་སོགས་ལྷག་མ་གསུམ་པོང་སྐྱེ་བ་མེད། །ཅེས་དང༌། ཇི་ལྟར་མིག་མེད་པར་ནི་རྨི་ལམ་དུ། །སྔོ་སོགས་སྣང་བའི་ཡིད་སེམས་འབྱུང་དེ་ལྟར། །མིག་དབང་མེད་པར་རང་གི་ས་བོན་ནི། །སྨིན་ལས་ལོང་བ་ལ་འདིར་ཅིས་མི་སྐྱེ། །ཞེས་གསུངས་སོ། །མིག་སོགས་དབང་བོ་ལྔ་བོ་འདི་དག་ནི། ཡིད་ཤེས་ཁོ་ནའི་སྤྱོད་ཡུལ་ཡིན་ཏེ། གཉིས་ཀྱིས་རྣམ་ཤེས་ཕྱི་ཡི་ལྔ༌། །ཞེས་ཁམས་བཅོ་བརྒྱད་ལས་རྣམ་ཤེས་གཉིས་ཀྱི་ཤེས་པར་བྱ་བ་ནི། ཕྱིའི་སྐྱེ་མཆེད་ལྔ་ཙམ་ཡིནཔར་གསུངས་པའི་ཕྱིར་རོ། །མིག་གི་ཡུལ་དུ་གྱུར་པའི་གཟུགས་ནི། གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཁ་དོག་དང་དབྱིབས་གཉིས་ཡོད། ཁ་དོག་ལ་དབྱེ་ན། རྩ་བ་དང་ཡན་ལག་གི་ཁ་དོག་གཉིས། རྩ་བའི་ཁ་དོག་ལ་དབྱེ་ན། སྔོན་པོ་དང༌། སེར་པོ་དང༌། དཀར་པོདང༌། དམར་པོ་བཞི་དང༌། ཡན་ལག་གི་ཁ་དོག་ལ་དབྱེ་ན། སྤྲིན་དང་དུ་བ། རྡུལ་དང་ཁུག་སྣ། སྣང་བ་དང་མུན་པ། གྲིབ་མ་དང་ཉི་མའི་འོད་ཟེར་བརྒྱད་ཡོད། དབྱིབས་ལ་དབྱེ་ན། རིང་པོ་དང་ཐུང་ངུ་ལྷམ་པ་དང་ཟླུམ་པོ། མཐོན་པོ་དང་དམའ་བ། ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པའི་དབྱིབས་དང་བརྒྱད་ཡོད་དོ། །དེ་ལྟར་ཡང་མཛོད་ལས། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །ཞེས་སོ། །ཁུག་སྣ་ནི་ལྷོ་འུར་མའོ། །ཞེས་མངོན་པའི་རྒྱན་ལས་གསུངས་ལ། དབུ་མ་བཞི་བརྒྱ་བའི་ཟླ་འགྲེལ་ལས། ཇི་ལྟར་ཡུལ་དང་དུས་དང་རྒྱུ་མཚན་རྣམ་པ་དེ་ལྟ་བུ་དག་ལ་བརྟེན་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྟོབས་ཉིད་ལས་ཁུག་སྣ་བྱུང་བ་ན་རྒྱང་རིང་བོ་ན་གནས་པ་རྣམས་ལ་བདེན་པར་འགྱུར་བའི་དུ་བར་ཕྱིན་ཅི་ལོག་པའི་རྒྱུར་འགྱུར་བ་དང༌། ཇི་ལྟར་ཡུལ་དང་དུས་ཀྱི་ཁྱད་པར་དུ་ཉེ་བར་ལྷག་པའི་ཉི་མའི་འོད་ཟེར་ཀྱི་རྟེན་ཅན་གྱི་སྨིག་རྒྱུ་ཆུའི་རང་གི་ངོ་བོས་དབེན་བཞིན་དུ། ཐག་རིང་བ་རྣམས་ལ་ཆུར་ཕྱིན་ཅི་ལོག་སྐྱེད་པར་བྱེད་པ་དང༌། ཞེས་ཁུག་སྣ་དང་རྨིག་རྒྱུའི་དོན་གསུངས་པ་ལྟར་རོ། །རྣ་བའི་ཐོས་པར་བྱ་བ་ནི། སྒྲའི་སྐྱེ་མཆེད་དང༌། དབྱེ་ན་སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། ཞེས་པ་ལྟར། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལསབྱུང་བ་དང༌། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའི་སྒྲ་གཉིས་དང༌། དེ་གཉིས་པོ་རེ་རེ་ལ་བརྗོད་བྱ་སྟོན་པ་དང་བརྗོད་བྱ་མི་སྟོན་པའི་སྒྲ་གཉིས་གཉིས་བཞི་དང༌། བཞི་པོ་དེ་རེ་རེ་ལ་ཡང་ཡིད་དུ་འོང་བ་དང་མི་འོང་བའི་སྒྲ་གཉིས་གཉིས་ཏེ་བརྒྱད་ཡོད་དོ། །སྣའི་དབང་པོས་སྣོམ་པར་བྱ་བ་ནི། དྲིའི་སྐྱེ་མཆེད་དེ། དབྱེ་ན་དྲི་ཞིམ་པ་དང་ང་བ་གཉིས་དང་དེ་གཉིས་པོ་རེ་རེ་ལའང་ལྷན་སྐྱེས་ཀྱི་དྲི་དང་སྦྱར་བྱུང་གི་དྲི་གཉིས་རེ་ཕྱེ་བས་བཞིའོ། །ལྕེའི་དབང་བོས་མྱོང་བར་བྱ་བ་ནི། རོའི་སྐྱེ་མཆེད་དེ། དབྱེ་ན། མངར་བ་དང་སྐྱུར་བ། ཁ་བ་དང་བསྐ་བ། ཚ་བ་དང་ལན་ཚྭ་སྟེ་དྲུག་གོ །དེ་ཉིད་ལས། རོ་ནི་རྣམ་དྲུག་དྲི་རྣམ་བཞི། །ཞེས་སོ། །ཁ་བ་ནི་ཏིག་ཐ་དང༌། བསྐ་བ་ནི་ཨ་རུ་ར་དང༌། ཚ་བ་ནི་པི་པི་ལིང་དང་མེ་ཏོག་ལྕེ་ཚའི་རོ་ལྟ་བུའོ། །ལུས་ཀྱི་དབང་བོས་མྱོང་བར་བྱ་བ་ནི། རེག་བྱའི་སྐྱེ་མཆེད་དེ། དབྱེ་ན། འབྱུང་བ་དང༌། འབྱུང་བ་ལས་གྱུར་པའི་རེག་བྱ་གཉིས། དང་པོ་ལ། ས་ཆུ་མེ་རླུང་སྟེ་འབྱུང་བ་ཆེན་པོ་བཞི་དང༌། གཉིས་པ་ལ་དབྱེ་ན། འཇམ་པ་དང་རྩུབ་པ། ལྕི་བ་དང་ཡང་བ། གྲང་བ་དང་བཀྲེས་པ། སྐོམ་པ་དང་བདུན་ནོ། །དངོས་པོ་གང་ལ་འབྱུང་བ་རླུང་དང་ཆུའི་ཁམས་ཤས་ཆེ་བ་ནི་འཇམ་པ་ཉིད་དོ། །ས་དང་རླུང་ཤས་ཆེ་བ་དེ་ནི་རྩུབ་པ་ཉིད་དོ། །ས་དངཆུ་ཤས་ཆེ་བ་དེ་ནི་ལྕི་བ་ཉིད་དོ། །མེ་དང་རླུང་ཤས་ཆེ་བ་དེ་ནི་ཡང་བའོ། །ཕོ་བའི་ནང་དུ་རླུང་ཤས་ཆེ་བ་དེ་ནི་བཀྲེས་པའོ། །མེ་དང་རླུང་ཤས་ཆེ་བ་ལས་གྱུར་པའི་རེག་བྱ་དེ་ནི་སྐོམ་པའོ། །ཞེས་སློབ་དཔོན་ཟླ་བ་གྲགས་པས་གསུངས་སོ། །རང་རྒྱུ་འབྱུང་བ་ཆེན་པོ་ལས་བྱུང་བའི་ཆ་ནས་བཞག་པའི་རེག་བྱ་ལ། འབྱུང་བ་ལས་གྱུར་པའི་རེག་བྱ་ཞེས་བརྗོད་དོ། །ཅིའི་ཕྱིར་ས་ཆུ་མེ་རླུང་བཞི་ལ་འབྱུང་བ་ཆེན་པོ་ཞེས་བརྗོད་ཅེ་ན། དེ་དག་ལས་འབྲས་བུའི་གཟུགས་རྣམས་འབྱུང་བའི་ཕྱིར་དང༌། ཐོག་མ་མེད་པའི་འཁོར་བ་ནས་ནམ་ཡང་མ་བྱུང་མ་མྱངས་པས་ན་འབྱུང་བའོ། །ཆེན་པོ་ནི་རང་རང་གི་བྱ་བ་ལ་ཤས་ཆེར་འཇུག་པའི་ཕྱིར་རོ།། ཞེས་མཆིམས་འཇམ་པའི་དབྱངས་ཀྱིས་གསུངས་ལ། སློབ་དཔོན་བློ་གྲོས་བརྟན་པས། རྒྱུར་གྱུར་བྱས་པའི་གཟུགས་ཐམས་ཅད་ཀྱི་བརྟེན་ཡིན་པས་བརྟེན་པ་གཏོས་ཆེ་བ་དང༌། གཟུགས་འདུས་པ་ཐམས་ཅད་ལ་སྲ་བ་ལ་སོགས་པ་ཡོད་པས་ཡོད་པ་རྒྱ་ཆེ་བ་དང༌། གནས་པ་མཐའ་གྲུ་ཆེ་བའི་ཕྱིར། ཆེན་པོ་ཞེས་བརྗོད་དོ། །ཞེས་གསུངས་སོ། །ཟླ་བའི་ཕུང་པོ་ལྔའི་རབ་བྱེད་ལས། མིག་ལ་སོགས་པ་བཅུ་པོ་རྣམས་ནི། འབྱུང་བ་ལས་གྱུར་པ་སྟེ། འབྱུང་བ་ལས་བྱུང་བའི་ཕྱིར་རོ། །སའིཁམས་ནི་འཐས་པ་ཉིད་དང་མཁྲང་པ་ཉིད་དང༌། སྲ་བ་ཉིད་དེ། དེའི་ལས་ནི་འཛིན་པའོ། །ཆུའི་ཁམས་ནི་གཤེར་བ་ཉིད་དང༌། སྣུམ་པ་ཉིད་དང་ཁུ་བ་ཉིད་དེ། དེའི་ལས་ནི་སྡུད་པའོ། །མེའི་ཁམས་ནི་དྲོ་བ་ཉིད་དེ། དེའི་ལས་ནི་ཚོས་པ་དང་སྐེམས་པའོ། །རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་སྟེ། དེའི་ལས་ནི་བསྐྱེད་པ་དང་འཕེལ་པའོ། །དེ་དག་ནི་འབྱུང་བ་ཡང་ཡིན་པས་འབྱུང་བ་ཆེན་པོ་སྟེ། རྒྱ་ཆེ་བའི་ནམ་མཁའ་ཁྱབ་པར་གནས་པས་ན་འདི་དག་ཉིད་ཆེན་པོའོ། །ཞེས་གསུངས་སོ། །ཉན་ཐོས་ཀྱི་ས་ལས། དེ་ལ་ཁམས་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། ཁམས་དྲུག་པོ་དག་སྟེ། འདི་ལྟ་སྟེ། སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་སོ། །དེ་ལ་སའི་ཁམས་གང་ཞེ་ན། རྣམ་པ་གཉིས་ཏེ། ནང་དང་ཕྱི་རོལ་གྱིའོ། །དེ་ལ་ནང་གི་སའི་ཁམས་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང་སྤུ་དང༌། སེན་མོ་དང༌། སོ་དང་གློག་པ་དང༌། དྲི་མ་དང༌། པགས་པ་དང༌། ཤ་དང༌། རུས་པ་དང༌། ཞེས་དང༌། ཆུའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱིའོ། །དེ་ཡང་འདི་ལྟ་སྟེ། མཆི་མ་དང༌། རྔུལ་དང༌། མཆིལ་མ་དང༌། སྣབས་དང༌། ཞག་དང༌། ཆུ་སེརདང༌། རྐང་དང༌། ཚིལ་དང༌། མཁྲིས་པ་དང༌། བད་ཀན་དང༌། རྣག་དང༌། ཁྲག་དང༌། ཀླད་སྤྱི་དང༌། ཀླད་རྒྱས་དང༌། གཅིན་དག་སྟེ་དེ་ནི་ནང་གི་ཆུའི་ཁམས་ཞེས་བྱའོ། །མེའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་དང་ཕྱི་རོལ་གྱིའོ། །དེ་ལ་ནང་གི་མེ་ཁམས་གང་ཞེ་ན། དེ་ཡང་འདི་ལྟ་སྟེ། ལུས་འདི་ལ་མེ་ཡོད་ཅིང༌། དེས་ལུས་འདི་གདུང་བར་བྱེད། ཀུན་ཏུ་གདུང་བར་བྱེད། ཡོངས་སུ་གདུང་བར་བྱེད་པ་དང༌། གང་གིས་ཟོས་པ་དང༌། འཐུང་བ་དང༌། འཆོས་པ་དང༌། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་བར་འགྱུར་བ་དང༌། གང་གི་ཤས་ཆེ་བར་གྱུར་ན་རིམས་ཀྱིས་བཏབ་པོ། །ཞེས་བྱ་བའི་གྲངས་སུ་འགྲོ་བ་གང་ཡིན་པ་སྟེ། ཞེས་དང༌། རླུང་གི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱིའོ། །དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། དེ་ཡང་འདི་ལྟ་སྟེ། ལུས་འདི་ཉིད་ལ་གྱེན་དུ་འགྲོ་བའི་རླུང་དང༌། ཐུར་དུ་འགྲོ་བའི་རླུང་དང༌། ཞེས་པ་ནས་དབུགས་ཕྱུང་བ་དང་རྔུབ་པའི་རླུང་དང༌། ཡན་ལག་དང་ཉིང་ལག་གི་ནང་དུ་འཇུག་པའི་རླུང་དག་ཡོད་པ་སྟེ། དེ་ནི་ནང་གི་རླུང་གི་ཁམས་ཞེས་བྱའོ། །ཞེས་དང༌། དེ་ལ་ནམ་མཁའི་ཁམས་གང་ཞེ་ན། མིག་གི་སྦུབས་ཡོད་པ་དང༌། རྣ་བའི་སྦུབས་ཡོད་པ་དང༌། སྣའི་སྦུབས་ཡོད་པ་དང༌། ཁའི་སྦུབས་ཡོད་པ་དང༌། མགྲིན་པའི་སྦུབས་ཡོད་པ་དང༌། གང་གིས་མིད་པར་བྱེད་པ་དང༌། གང་དུ་མིད་པར་བྱེད་པ་དང༌། གང་གིས་མིད་པ་ནས་སྨད་ཀྱི་ཆར་འཛག་པར་བྱེད་པ་དང༌། ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དག་སྟེ། དེ་ནི་ནམ་མཁའི་ཁམས་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང༌། ཞེས་པ་ནས། དེ་ཡང་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཡིན་ཏེ། དེ་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །ཞེས་གསུངས་སོ།། འདུལ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས། བསྟན་བཅོས་ལ་གྲགས་པའི་ས་ནི་སྲ་བ་ཐམས་ཅད་ཡིན་པས། རྡོ་བ་ཡང་བསྟན་བཅོས་ལ་གྲགས་པའི་ས་ཡིན། འཇིག་རྟེན་པ་གྲགས་པའི་ས་མ་ཡིན། ཞེས་ཀུན་མཁྱེན་ཤེས་རབ་བཟང་པོས་གསུངས་སོ། །ཀུན་བཏུས་ལས། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་སྟེ། བསྡུས་པ་ལས་གྱུར་པ་དང༌། མངོན་པར་སྐབས་ཡོད་པ་དང༌། ཡང་དག་པར་བླངས་པ་ལས་བྱུང་བ་དང༌། ཀུན་བཏགས་པ་དང༌། དབང་འབྱོར་བའོ། །ཞེས་ཀྱང་གསུངས་ལ། རྫས་རྡུལ་ཕྲ་རབ་ཏུ་སྣང་བ་ནི། བསྡུས་པ་ལས་གྱུར་བའི་གཟུགས་དང༌། ཡིད་ཤེས་ཁོ་ན་ལ་སྣང་བའི་བར་སྣང་སྐྱ་སེངས་ནི། མངོན་པར་སྐབས་ཡོདཔའི་གཟུགས་དང༌། མི་སྡུག་པའི་ཏིང་ངེ་འཛིན་གྱི་ཡུལ་ས་གཞི་ཀེང་རུས་ཀྱིས་ཁྱབ་པ་ལྟ་བུ་ནི། ཀུན་བཏགས་པའི་གཟུགས་དང༌། རྫུ་འཕྲུལ་ཐོབ་པ་རྣམས་ཀྱིས་ཅི་དགར་སྤྲུལ་བའི་གཟུགས་ནི་དབང་འབྱོར་བའི་གཟུགས་དང༌། སྡོམ་པ་གཟུགས་ཅན་དུ་འདོད་པ་ལྟར་ན། སོ་ཐར་ཀྱི་སྡོམ་པའི་ངོ་བོར་གྱུརབའི་རྣམ་རིག་མ་ཡིན་པའི་གཟུགས་ནི། ཡང་དག་པར་བླང་བ་ལས་བྱུང་བའི་གཟུགས་སུ་གསུངས་སོ། །རྡུ་ཕྲ་རབ་ནི། རབ་བྱེད་ལས། ཐམས་ཅད་ལས་ཕྲ་བའི་གཟུགས་ཀྱི་ངོ་བོ་ནི་རྡུལ་ཕྲ་རབ་ཅེས་བརྗོད་དོ། །དེ་འདོད་པའི་ཁམས་ན་དབང་པོ་ལས་ཕྱི་རོལ་ཏུ་གྱུར་པ་ནི་རྫས་བརྒྱད་དང་ལྡན་པར་འབྱུང་སྟེ། དེ་ལ་རྫས་བརྒྱད་ནི་འདི་ལྟ་སྟེ། འབྱུང་བ་ཆེན་པོ་བཞི་དང༌། གཟུགས་དང༌། དྲི་དང་རོ་དང༌། རེག་བྱའོ། །དེ་ལ་རྫས་བརྒྱད་དང་ལྡན་པའི་རྡུལ་ཕྲ་རབ་ཀྱི་རྫས་བརྒྱད་ནི། སེ་འབྲུའི་འབྲས་བུ་ལྟར་རང་གི་ངོ་བོ་སོ་སོར་གནས་པ་ནི་མེད་ཀྱི། འོན་ཀྱང་སྨན་གྱི་ཚོད་མ་ལ་ཀོ་ལའི་འབྲས་བུ་དང་སྲན་མ་ལ་སོགས་པ་དང༌། བཏུང་བ་ལ་ཐུར་མ་དང་ཏིན་དི་ལའི་འབྲས་བུ་ལ་སོགས་པའི་རོ་ལྟར་འདྲེས་པར་གྱུར་ནས་གནས་སོ་གསུངས། དེ་ལྟར་གཟུགས་ཀྱི་ཕུང་པོ་བཤད་པའི་རྗེས་སུ་ཚོར་བའི་ཕུང་པོ་བཤད་པར་བྱ་སྟེ། རང་སྟོབསཀྱིས་བདེ་སྡུག་བར་མ་ཅི་རིགས་ཉམས་སུ་མྱོང་བའི་སེམས་ལས་བྱུང་བ་ནི་ཚོར་བའོ། །རང་སྟོབས་ཀྱིས་ཞེས་པ་འདི་ནི་འོག་ཏུ་འཆད་པར་འགྱུར་བའི་སེམས་བྱུང་ཐམས་ཅད་ཀྱི་མགོར་སྦྱར་བར་བྱའོ། །ཕུང་པོ་ལྔའི་རབ་དབྱེ་ལས། རྣམ་པར་ཤེས་པའི་ཡུལ་ཉེ་བར་སྤྱད་པར་བྱ་བ་ཉམས་སུ་མྱོང་བ་དེ་ནི་ཚོར་བ་ཞེས་བརྗོད་དེ། རིག་པ་ནི་ཚོར་བ་ཞེས་བྱ་བས་སོ། །ཚོར་བ་ཉིད་ནི། རྣམ་པར་ཤེས་པས་མྱོང་བར་བྱ་ཞིང་ཉམས་སུ་མྱོང་བར་བྱ་བས་ཉམས་སུ་མྱོང་བའི་ཕྱིར་ཏེ། བཟའ་བ་དང་བཏུང་བ་ལ་སོགས་པ་དང་འདྲ་བར་སྤྱད་པར་བྱ་བ་ཉིད་དོ། །ཞེས་སོ། །ཚོར་བ་ལ་ངོ་བོ་སྒོ་ནས་དབྱེ་ན། ཚོར་བ་བདེ་བ་དང༌། སྡུག་བསྔལ་དང༌། བཏང་སྙོམས་གསུམ་དང༌། དབང་བོའི་སྒོ་ནས་དབྱེ་ན། ཚོར་བ་བདེ་བའི་དབང་བོ་དང༌། སྡུག་བསྔལ་གྱི་དབང་བོ་དང༌། ཡིད་བདེ་བའི་དབང་བོ་དང༌། ཡིད་མི་བདེ་བའི་དབང་བོ་དང༌། བཏང་སྙོམས་ཀྱི་དབང་པོ་དང་ལྔ་ཡོད། བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་ངོ༌། །ཞེས་པ་ལྟར་བསམ་གཏན་གསུམ་པའི་སེམས་ཚོར་བདེ་བ་ནི། ཚོར་བའི་དབང་པོ་ལྔའི་ནང་གི་བདེ་བའི་དབང་པོ་ཡིན་ལ། དེ་ལས་གཞན་ཚོར་བ་ལྔའི་ནང་གི་བདེ་བའི་དབང་པོ་དང༌། སྡུག་བསྔལ་གྱི་དབང་པོ་གང་རུང་ཡིན་ན། དབང་ཤེས་འཁོར་གྱི་ཚོར་བ་ཡིན་པས་ཁྱབ་བོ། །ཚོར་བ་ཡིད་བདེ་དང་ཡིད་མི་བདེ་ནི། ཡིད་ཤེས་ཁོ་ན་དང༌། ཡིད་བདེ་བསམ་གཏན་གཉིས་པ་མན་ཆད་དང༌། ཡིད་མི་བདེ་དང་སྡུག་བསྔལ་གཉིས་ནི་འདོད་ཁམས་ཁོ་ནར་ཡོད་ལ། རྟེན་གྱི་སྒོ་ནས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དྲུག་ཡོད་དོ། །གལ་ཏེ་སེམས་དང་སེམས་བྱུང་གཞན་རྣམས་ལ་བདེ་སྡུག་བར་མ་མྱོང་བ་མེད་དམ་ཞེ་ན། ཡོད་ཀྱང་རང་སྟོབས་ཀྱི་མྱོང་བ་མ་ཡིན་ཞིང༌། ཚོར་བའི་སྟོབས་ཀྱི་མྱོང་བ་ཡིན་པའི་ཕྱིར་ན་སྐྱོན་དེ་མེད་དོ་ཞེས་བཤད་དོ། ༈ །རང་ཡུལ་རང་སྟོབས་ཀྱིས་མཚན་མར་འཛིན་པའི་སེམས་བྱུང་ནི། འདུ་ཤེས་ཀྱི་ཕུང་བོ་སྟེ། རབ་བྱེད་ལས། རས་ཡུག་ལ་སོགས་པའི་མཚན་མ་དེ། སེམས་ལས་བྱུང་བའི་ཆོས་གང་གིས་འཛིན་པ་དེ་འདུ་ཤེས་ཏེ། ཡོངས་སུ་གཅོད་པར་བྱེད་པ་དང༌། མཚན་མར་འཛིན་པའི་བདག་ཉིད་ལ་ནི་འདུ་ཤེས་ཞེས་བརྗོད་དོ། །ཞེས་པ་ནས། དེ་ལྟ་བུའི་འདུ་ཤེས་ནི་མི་ལྡན་པའི་མིང་དང་དོན་གཅིག་ལ་འཇུག་སྟེ། མིང་གིས་ནི་དོན་གསལ་བར་བྱེད་ལ། འདུ་ཤེས་ཀྱིས་ནི་ཡང་དག་པར་ཤེས་པར་བྱེད་དེ། དེས་ན་མིང་དང་དོན་གྱི་མཚན་མའི་བརྡ་ཤེས་པ་ནི་གསལ་བ་སྟེ། དེའི་ཕྱིར་ངག་ནི་མིང་ལ་འཇུག་ལ། མིང་གིས་ནི་དོན་བརྗོད་པར་བྱེད་ཅེས་བྱའོ། །ཞེས་གསུངས་སོ། །ཅིའི་ཕྱིར་སེམས་བྱུང་ལྔ་བཅུ་རྩ་གཅིག་ཡོད་པ་ལས་ཚོར་བ་དང་འདུ་ཤེས་དག་ལ། ཚོར་བའི་ཕུང་བོ་དང་འདུ་ཤེས་ཀྱི་ཕུང་བོ་ཞེས་ཕུང་བོ་སོ་སོར་བསྟན་ནས། སེམས་བྱུང་ལྷག་མ་ཞེ་དགུ་བོ་ཐམས་ཅད་འདུ་བྱེད་ཀྱི་ཕུང་བོར་བསྟན་ཅེས་ན། མཛོད་ལས། རྩོད་པའི་རྩ་བར་གྱུར་པ་དང༌། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུ་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང༌། །འདུ་ཤེས་ལོགས་ཤིག་ཕུང་བོར་བཞག །ཅེས་དང༌། རབ་བྱེད་ལས། དེ་དག་གི་ནང་ནས་རྩོད་པའི་རྩ་བར་གྱུར་བ་དང༌། འཁོར་བའི་རྒྱུར་གྱུར་པས། ཚོར་བ་དང༌། འདུ་ཤེས་ཕྱུང་ནས་ལོགས་ཤིག་ཏུ་ཕུང་བོར་བཞག་གོ །ཞེས་པ་ལྟར། རིམ་པ་བཞིན་ཁྱིམ་པ་དང༌། ཕྱི་ནང་གི་རབ་བྱུང་ཕྱོགས་ཀྱི་རྩོད་པའི་རྩ་བར་གྱུར་པས་ན། དེ་གཉིས་ལ་ཕུང་བོའི་མིང་གིས་བསྟན་ཏོ། །

༈ འདུ་བྱེད་ཀྱི་ཕུང་བོ་ནི། མཛོད་ལས། འདུ་བྱེད་ཕུང་བོ་བཞི་ལས་གཞན། །ཞེས་པ་ལྟར། གཟུགས་དང་ཚོར་བ་དང་འདུ་ཤེས་དང་རྣམ་པར་ཤེས་པའི་ཕུང་བོ་བཞི་བོ་གང་རུང་མ་ཡིན་པའི་འདུས་བྱས་ཐམས་ཅད་ནི། འདུ་བྱེད་ཀྱི་ཕུང་བོའོ། །རབ་བྱེད་ལས། འདུ་བྱེད་ཀྱི་ཕུང་བོ་ནི། རྣམ་པ་གཉིས་ཏེ། སེམས་དང་མཚུངས་པར་ལྡན་པ་དང༌། སེམས་དངམཚུངས་པར་མི་ལྡན་པའོ། །དེ་ལ་རྟེན་དང༌། དམིགས་པ་དང༌། རྣམ་པ་དང༌། དུས་དང༌། རྫས་མཚུངས་པས། སེམས་དང་མཉམ་དུ་འཇུག་པས་སེམས་དང་མཚུངས་པར་ལྡན་པ་སྟེ། སེམས་པ་ལ་སོགས་པ་ནས། ཐ་མ་དཔྱོད་པའི་བར་དུའོ། །ཞེས་སོ། །སེམས་དང་མཚུངས་པར་མི་ལྡན་པའི་འདུ་བྱེད་ནི། འགྲོ་བ་དྲུག་དང༌། སྲོག་གི་དབང་བོ་དང་འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་རྒ་འཇིག་བཞི་ལ་སོགས་པའོ། །མངོན་པའི་རྒྱན་ལས། དེ་ལ་དམིགས་པ་མཚུངས་པ་ནི་ཡུལ་གྱི་ངོ་བོ་གཅིག་ལ་དམིགས་པ་དང༌། རྣམ་པ་མཚུངས་པ་ནི་ཡུལ་དེ་ཁྱད་པར་གཅིག་རྣམ་པར་བྱེད་པ་དང་རྟེན་མཚུངས་པ་ནི། དབང་པོ་གཅིག་ལ་བརྟེན་ནས་སྐྱེ་བ་དང༌། དུས་མཚུངས་པ་ནི་དུས་གཅིག་པ་དང༌། རྫས་མཚུངས་པ་ནི་རྫས་རེ་རེ་བར་འདྲ་བའོ། །ཞེས་སོ། །དེས་ན་སེམས་བྱུང་སེམས་པ་ནས་དཔྱོད་པའི་བར་སེམས་བྱུང་ཞེ་དགུ་ནི། འདུ་བྱེད་ཀྱི་ཕུང་བོ་ཡིན་ཞིང༌། ཀུན་བཏུས་ལས། སེམས་པ་གང་ཞེ་ན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། ཞེས་དང་རབ་བྱེད་ལས། ཇི་ལྟར་རྒྱལ་བོ་རྣམས་བློན་པོའི་བྱ་བ་དེ་དང་དེ་ལ་འཇུག་པར་བྱེད་པ་བཞིན་དུ་སེམས་ཀྱང་སེམས་ལས་བྱུང་བ་དང་བཅས་པའི་ངོ་བོར་དེ་དང་དེ་སྟོན་པར་བྱེད་དོ། །དེ་ནི་འདུ་བྱེད་རྣམས་འབྱུང་བ་ལ་ས་བོན་གྱི་ངོ་བོར་གནས་ཏེ། འགྲོ་བ་སྣ་ཚོགས་ལས་ལས་སྐྱེས་ལ་དེ་ནི་ལས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་དང༌། མངོན་པའི་རྒྱན་ལས། གང་ཞིག་ཡོད་ན་ཁབ་ལེན་གྱིས་ལྕགས་ལྟར། ཡུལ་དྲུག་ལ་དམིགས་ནས་སེམས་མངོན་པར་འདུ་བར་བྱེད་ཅིང༌། སེམས་དམིགས་པ་ལ་གཡོ་བར་བྱེད་པ་ཡིད་ཀྱི་ལས་ཏེ། ཇི་སྐད་དུ། སྐད་ཅིག་གཞན་དུ་མི་གནས་ཤིང༌། །བྱེད་མེད་ཡུལ་ཀྱང་གང་གིས་ན། །བྱེད་དང་བཅས་པར་སྣང་བྱེད་ལ། །སེམས་པ་དེ་ནི་ཡིད་ཀྱི་ལས། །ཞེས་སོ། ༈ །རེག་པ་ནི། ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པ་སྟེ། དཔེར་ན། ཆུ་ལ་ཆར་བ་བབ་པ་ན་ཆུ་ལས་ཆུ་བུར་འབྱུང་བ་དེ་བཞིན་དུ། ཆུ་བུར་གྱི་གནས་ལྟ་བུ་རྣམ་པར་ཤེས་པ་དང༌། ཡུལ་དང་དབང་བོ་རྣམ་ཤེས་གསུམ་འདུས་པ་ལས་སྐྱེས་པ་ནི་རེག་པའོ། ༈ །ཡིད་ལ་བྱེད་པ་ནི། སེམས་ཡུལ་ལ་གཏོད་ཅིང་འཇུག་པར་བྱེད་པ་སྟེ། དབྱེ་ན། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་གཉིས་སོ། །དེ་ཡང་དཔེར་ན། སེམས་ཤིན་ཏུ་གཡོ་བ་སྤྲེའུ་ལྟ་བུ་དེ། གང་གི་སྟོབས་ཀྱིས་སེམས་ཡུལ་དེར་འཇུག་པར་བྱེད་པ་ཉིད་དུ་བཤད་དོ། །ཚོར་དང་འདུ་ཤེས་སེམས་པ་དང༌། །ཡིད་བྱེད་རེག་དང་ཀུན་འགྲོ་ལྔ། །ཞེས་པ་ལྟར་སེམས་བྱུང་འདི་ལྔ་བོ་རང་དང་རིས་འདྲ་བའི་སེམས་བྱུང་སེམས་ཐམས་ཅད་ཀྱི་འཁོར་དུ་འགྲོ་བས་ན་ཀུན་འགྲོ་ཞེས་ཟེར་རོ། ༈ །འདུན་པ་ནི། རྣམ་པར་ཤེས་པའི་བྱེད་པ་འདོད་པ་སྟེ། དགེ་མི་དགེ་སོགས་འདི་དང་འདི་བྱའོ་སྙམ་དུ་བྱ་བ་དེ་དང་དེ་བྱེད་འདོད་པའི་མཚན་ཉིད་ཅན་གྱི་སེམས་བྱུང་ངོ༌། ༈ །རབ་བྱེད་ལས། སེམས་པ་དང་ཡིད་ལ་བྱེད་པའི་སྔོན་དུ་འདུན་པ་འགྲོ་བ་སྟེ། གང་དུ་འདུན་པ་ཞུགས་པ་དེར་སེམས་པ་དང་ཡིད་ལ་བྱེད་པ་དག་འབྱུང་ཞེས་སོ། །མོས་པ་ནི་གང་ཞིག་འདོད་པའི་དོན་དེ་ལ་ཡོན་ཏན་དུ་བཟུང་ན་ལྷག་པར་འདོད་པ་སྟེ། དཔེར་ན། ཕྱེ་མ་ལེབ་མེ་ལ་ལྷག་པར་མོས་པ་ལྟ་བུའོ་གསུངས། དབྱེ་ན། ཡང་དག་པར་མོས་པ་དང༌། ལོག་པར་མོས་པ་གཉིས་སོ། ༈ །དྲན་པ་ནི། འདྲིས་པའི་དངོས་པོ་ལ་སེམས་ཀྱི་བརྗེད་པ་མེད་པར་འཛིན་པ་སྟེ། རྣམ་པར་མི་གཡོ་བའི་ལས་ཅན་ནོ། ༈ །ཏིང་ངེ་འཛིན་ནི། སེམས་རྩེ་གཅིག་ཏུ་བྱེད་པ་སྟེ། འདིའི་རྩེ་ནི་དམིགས་པ་ཡིན་པས་སེམས་ཡུལ་གཅིག་ལ་གཏོད་པར་བྱེད་པའི་སེམས་བྱུང་ངོ༌།།

༈ བློ་གྲོས་སམ་ཤེས་རབ་ནི། ཆོས་གང་གི་རང་དང་སྤྱིའི་མཚན་ཉིད་སོགས་སོ་སོར་རྣམ་པར་འབྱེད་པའོ། །དེ་ཡང་འདུན་པ་ནི་བསམ་པའི་དངོས་པོ་དང༌། མོས་པ་ནི་འདོད་པའི་དངོས་པོ་དང༌། དྲན་པ་ནི་འདྲིས་པའི་དངོས་པོ་དང༌། ཏིང་ངེ་འཛིན་དང་ཤེས་རབ་ནི་སྐྱོན་ཡོན་བརྟག་པའི་དངོས་པོ་ལ་འཇུག་གི མ་བསམ་པ་སོགས་གཞན་ལ་མི་འཇུག་པས་ན་འདི་ལྔ་ལ་ཡུལ་ངེས་པ་ལྔ་ཞེས་བཤད་དོ། ༈ །དད་པ་ནི། སེམས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྙོག་པ་དང་བྲལ་བར་བྱེད་པའི་དང་བ་སྟེ། དབྱེ་ན། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་དང༌། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་དང་བའི་དད་པ་དང༌། བདེན་བཞིའི་སྤང་བླང་བྱེད་པར་འདོད་པ་སོགས་དམ་པའི་ཆོས་བསྒྲུབ་པར་འདོད་པའི་མངོན་འདོད་ཀྱི་དད་པ་གསུམ་ཡོད་དོ། ༈ །བག་ཡོད་ནི། དགེ་བའི་ཕྱོགས་ལ་གཅེས་པར་འཛིན་ཅིང༌། སེམས་ཉོན་མོངས་པའི་ཕྱོགས་ལ་བག་ཡངས་སུ་མི་འཇུག་པར་སྲུང་བའོ། །ཤིན་ཏུ་སྦྱངས་པ་ནི། །སེམས་དམིགས་པ་ལ་གཏད་པ་བཟོད་པའི་ལས་སུ་རུང་བ་སྟེ། དབྱེ་ན། ལུས་ཤིན་ཏུ་སྦྱང་བ་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བ་དང༌། སེམས་ཤིན་ཏུ་སྦྱངས་པ་ཡིད་ཤེས་ཀྱི་འཁོར་དུ་བྱུང་བ་གཉིས་སོ། །ཡང་ན་ལུས་ཤིན་ཏུ་སྦྱངས་པ་ནི་ལུས་ཤིང་བལ་ལྟར་ཡང་ཞིང་ལས་སུ་རུང་བའི་རེག་བྱ་ཞིག་ཡིན་པས་སེམས་ལས་བྱུང་བ་མ་ཡིན་ནོ། །ཞེས་མཆིམས་འཇམ་པའིདབྱངས་ཀྱིས་གསུངས་སོ། ༈ །འདུ་བྱེད་བཏང་སྙོམས་ནི། བྱིང་རྒོད་ཆགས་སྡང་སོགས་དང་བྲལ་བའི་གནད་དུ་འདུག་པའོ། ༈ །ངོ་ཚ་ཤེས་པ་ནི། རང་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པ་དང༌། ༈ ཁྲེལ་ཡོད་པ་ནི། གཞན་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའོ། །ཡང་ན་ཡོན་ཏན་དང་ཡོན་ཏན་ཅན་ལ་གུས་པ་ནི་ངོ་ཚ་ཤེས་པ་དང༌། ཁ་ན་མ་ཐོ་བ་ལ་འཇིག་པར་ལྟ་ཞིང་འཛེམ་པ་ནི་ཁྲེལ་ཡོད་པའོ། །བཅོམ་ལྡན་འདས་ཀྱིས། ཆོས་གཉིས་ནི་འཇིག་རྟེན་སྐྱོང་བ་ཡིན་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ། །ཞེས་གསུངས་སོ། ༈ །འདོད་ཆགས་མེད་པའི་དགེ་རྩ་ནི། སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་ཆགས་པ་མེད་པའི་སེམས་བྱུང་ཡིན་ལ། ༈ ཞེ་སྡང་མེད་པ་ནི། སེམས་ཅན་རྣམས་དང༌། སྡུག་བསྔལ་བ་དང༌། དེའི་གནས་སོགས་ལ་ཀུན་ནས་མནར་སེམས་མེད་པའི་དེའོ། ༈ །གཏི་མུག་མེད་པ་ནི། ཡུལ་དེ་དང་དེ་ལ་རྨོངས་པ་མེད་པའི་སེམས་བྱུང་ངོ༌། །མངོན་པ་འོག་མ་ལྟར་ན། འདི་ནི་ཤེས་རབ་ལས་རྫས་ལོགས་སུ་མེད་པས་སེམས་བྱུང་གི་གྲངས་སུ་མི་བརྩི་སྟེ། རྩ་བ་གཉིས་རྣམ་མི་འཚེ་དང༌། །ཞེས་གསུངས་པས་སོ། །འདིར་མ་ཆགས་པ་དང༌། ཞེ་སྡང་མེད་པ་ཞེས་པའི་མ་དང་མེད་ཅེས་པའི་དགག་པའི་སྒྲ་ནི། གཉེན་པོའི་དགག་སྒྲ་ཡིན་གྱིམེད་པ་དང་གཞན་པའི་དགག་སྒྲ་མིན་པར་བཤད་དོ། །དེ་ཡང་རབ་བྱེད་ལས། དགེ་རྩ་གསུམ་དང་ངོ་ཚ་ཤེས་པ་དང༌། །ཁྲེལ་ཡོད་པ་ཞེས་བྱ་བ་འདི་དག་ནི། །ངོ་བོ་ཉིད་ཀྱིས་དགེ་བ་སྟེ། །གཞན་དང་མཚུངས་པར་ལྡན་པ་དང༌། །ཀུན་ནས་སློང་བ་ལ་མི་ལྟོས་པའི་ཕྱིར་ཕན་པའི་སྨན་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ། །བརྩོན་འགྲུས་ནི། དགེ་བའི་བྱ་བ་ལ་སེམས་མངོན་པར་སྤྲོ་བ་སྟེ། མདོ་སྡེའི་རྒྱན་ལས། ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི། །ཚུལ་བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་ཏེ། །མ་ཞུམ་མི་འགོང་ཆོག་མི་ཤེས་བརྩོན་འགྲུས། །ཞེས་པ་ལྟར་ལྔའམ། ཀུན་བཏུས་ལས། བརྩོན་འགྲུས་གང་ཞེ་ན། གོ་ཆ་དང༌། སྦྱོར་བ་དང༌། མི་འགོང་བ་དང༌། མི་ལྡོག་པ་དང༌། ཆོག་པ་མི་འཛིན་པ་ལ་སེམས་མངོན་པར་སྤྲོ་བ་སྟེ། ཞེས་པ་ལྟར་ལྔའོ། །མི་འགོང་བ་ནི། དགེ་བའི་བྱ་བ་དེ་ལ་འཇུག་པ་ལ་མི་སྐྲག་པར་སྤྲོ་བའི་བརྩོན་འགྲུས་སོ། ༈ །རྣམ་པར་མི་འཚེ་བ་ནི། སྙིང་བརྩེ་བ་སྟེ། གང་གི་དབང་གིས་གཞན་ལ་ཐོ་མི་འཚམས་པའོ། ༈ །མཛོད་ལས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །ཅེས་པ་ལྟར་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང་ལྟ་བ་དང༌། ཐེ་ཚོམ་དྲུག་ལ་རྩ་བའི་ཉོན་མོངས་པ་ཞེས་བྱ་སྟེ། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ཡང་རྩ་བ་ལྟ་བུ་ཡིན་པའི་ཕྱིར་དང༌། སེམས་སྙོགས་ཏེ་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །ཀུན་བཏུས་ལས། འདོད་ཆགས་གང་ཞེ་ན། ཁམས་གསུམ་པའི་རྗེས་སུ་ཆགས་པ་སྟེ། སྡུག་བསྔལ་བསྐྱེད་པའི་ལས་ཅན་ནོ། །ཞེས་སོ། ཁོང་ཁྲོ་ནི། རང་གི་ཡུལ་སེམས་ཅན་དེ་ལ་སེམས་ཁོང་ནས་འཁྲུགས་ཏེ་མནར་བར་སེམས་པའོ། ༈ །ང་རྒྱལ་ནི། གང་ལ་ལྟོས་ཏེ་རང་ཉིད་མཆོག་ཏུ་རློམ་པའི་སེམས་ཁེངས་པ་སྟེ། ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། ང་རྒྱལ་ཙམ་དང༌། ལྷག་པའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་དང་བདུན་ཡོད་དོ། ༈ །མ་རིག་པ་ནི། མི་ཤེས་པའམ་རྨོངས་པ་སྟེ། རབ་བྱེད་ལས། སེམས་ལས་བྱུང་བའི་ཆོས་གང་དང་ལྡན་པས་དེ་ལོག་པའི་ཡིད་ཀྱི་བདེན་པའི་དོནམི་མཐོང་བ་དང༌། དངོས་པོའི་ངོ་བོ་ཉིད་དུ་སྒྲོ་འདོགས་པ་དེ་ནི་མ་རིག་པ་ཞེས་བརྗོད་དོ། །ཞེས་སོ། །རྩ་ཉོན་གྱི་ལྟ་བ་ལ་དབྱེ་ན་ལྔ་སྟེ། འཇིག་ལྟ་དང༌། མཐར་ལྟ་དང༌། ལོག་ལྟ་དང༌། ལྟ་བ་མཆོག་འཛིན་དང༌། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཀྱི་ལྟ་བའོ། །འཇིགཚོགས་ལ་ལྟ་བའི་ངོ་བོ་ནི། འཇིག་པའི་བདག་ཉིད་ཅན་གྱི་ཉེར་ལེན་གྱི་ཕུང་བོ་ལྔའི་ཚོགས་པ་ལ་ནི་འཇིག་ཚོགས་ཞེས་བརྗོད་ཅིང༌། དེ་ལྟ་བུའི་ཕུང་བོའི་ཚོགས་པ་ལ་བཏགས་པའི་གང་ཟག་ལ་དམིགས་ནས་རྫས་ཡོད་ཀྱི་བདག་ཏུ་འཛིན་པའི་ལྟ་བ་ནི། འཇིག་ཚོགས་ལ་ལྟ་བའོ།། རབ་བྱེད་ལས། ཉེ་བར་ལེན་པ་སྟེ། ཉོན་མོངས་ལེན་པ་སྟེ། ཉོན་མོངས་པ་དག་ལས་བྱུང་བའི་ཕྱིར། ཉེ་བར་ལེན་པའི་ཕུང་བོ་སྟེ། རྩ་དང་ཕུབ་མའི་མེ་ཞེས་བྱ་བ་བཞིན་ནོ། །ཉེ་བར་ལེན་པ་ལ་རག་ལས་པ་ཉིད་ཀྱིས་ཀྱང་ཉེ་བར་ལེན་པའི་ཕུང་པོ་སྟེ། རྒྱལ་པོའི་སྐྱེས་བུ་བཞིན་ནོ། །ཉེ་བར་ལེན་པ་ལ་རྣམ་པ་དེ་དག་ལས་བྱུང་བ་ཉིད་ཀྱིས་ཀྱང་ཉེ་བར་ལེན་པའི་ཕུང་བོ་སྟེ། མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ། །ཞེས་སོ། ༈ །ཉེར་ལེན་གྱི་ཕུང་བོ་ལ་དམིགས་ནས་རྟག་ཆད་ཀྱི་མཐའ་གཉིས་ཅི་རིགས་སུ་འཛིན་པའི་ལྟ་བ་ནི་མཐར་འཛིན་པའི་ལྟ་བའོ། ༈ །ལས་འབྲས་སོགས་མེད་པར་འཛིན་པའི་ལྟ་བ་ནི་ལོག་ལྟའོ། །ལྟ་བ་ངན་པ་སོགས་དམན་པ་ལ་མཆོག་ཏུ་འཛིན་པའི་ལྟ་བ་ནི་ལྟ་བ་མཆོག་འཛིན་ནོ། །ཐར་བའི་རྒྱུ་དང་ལམ་མ་ཡིན་པ་ལ། དེར་དམིགས་ནས་ཐར་བ་ཐོབ་པའི་རྒྱུར་མཆོག་ཏུ་འཛིན་པའི་ལྟ་བ་ནི། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བའོ།། དེ་ཡང་དམན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགསསོགས་དག་པ་དང༌། གྲོལ་བ་དང༌། ངེས་པར་འབྱིན་པའི་བདག་ཉིད་དུ་ལྟ་བ་ཡིན་ནོ་གསུངས། ༈ ཐེ་ཚོམ་ནི། དཀོན་མཆོག་གསུམ་དང༌། དཀར་ནག་གི་ལས་རྒྱུ་འབྲས་དང༌། འཇིག་རྟེན་ཕ་རོལ་ཡོད་མེད་སོགས་ལ་བློ་རྩེ་གཉིས་པ་ཅན་གྱི་སེམས་བྱུང་ངོ༌། ༈ །ཕྲག་དོག་ནི། གཞན་གྱི་ཕུན་སུམ་ཚོགས་པ་དེ་དང་དེ་མཐོང་བ་ན་མི་བཟོད་པར་ནང་དུ་གདུང་བ་བསྐྱེད་པའི་སེམས་བྱུང་ངོ༌། ༈ །སེར་སྣ་ནི། ཆོས་དང་ཟང་ཟིང་གི་སྦྱིན་པ་སོགས་གཏོང་མི་ཕོད་པར་འགོག་པར་བྱེད་པའི་སེམས་བྱུང་ངོ༌། །ལྟ་བ་མ་གཏོགས་པའི་འདོད་ཆགས་སོགས་ལྟ་མིན་ལྔའི་ཀུན་སྦྱོར་དང༌། འཇིག་ལྟ་མཐར་ལྟ་ལོག་ལྟ་གསུམ་ལ་ལྟ་བའི་ཀུན་སྦྱོར་ཞེས་གཅིག་ཏུ་དང༌། མཆོག་འཛིན་གཉིས་ལ་མཆོག་འཛིན་ཀུན་སྦྱོར་ཞེས་གཅིག་ཏུ་དང༌། དེ་ལྟར་ཀུན་སྦྱོར་བདུན་གྱི་སྟེང་དུ་ཕྲག་དོག་ཀུན་སྦྱོར་དང༌། སེར་སྣའི་ཀུན་སྦྱོར་བསྣན་པའི་ཀུན་སྦྱོར་རིགས་དགུ་ཞེས་གསུངས་སོ། །དེ་ལྟར་རྩ་ཉོན་གྱི་ལྟ་བ་ལྔ་དང༌། ལྟ་མིན་ལྔ་སྟེ་ཉོན་མོངས་བཅུ་ལས། ལོག་ལྟ་དང་ལྟ་བ་མཆོག་འཛིན་དང༌། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་ཐེ་ཚོམ་བཞི་ནི་གཅིག་ཏུ་མཐོང་སྤང་ཡིན་པས་འདི་བཞི་ལ་སྒོམ་སྤང་མེད་དོ། །ཆགས་རྒྱལ་ཁོང་ཁྲོ་མ་རིག་པ་བཞི་དང༌། འཇིག་ལྟ་དང་མཐར་ལྟ་སྟེ་དྲུག་ལ་མཐོང་སྤང་དང་སྒོམ་སྤང་གཉིས་ཀ་ཡོད་པས། འདོད་པའི་བདེན་པ་བཞི་པོ་རེ་རེར་མཐོང་སྤང་ཉོན་མོངས་བཅུ་བཅུ་སྟེ་བཞི་བཅུ་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་དོར་བའི་ལྷག་མ་བདེན་པ་རེ་རེར་དགུ་རེ་སྦྱར་བས་མཐོང་སྤང་ཉོན་མོངས་སོ་དྲུག་སོ་དྲུག་སྟེ། ཁམས་གསུམ་གྱི་མཐོང་སྤང་ཉོན་མོངས་བསྡོམས་པས་བརྒྱ་དང་བཅུ་གཉིས་ཡོད་དོ། །འདོད་པའི་སྒོམ་སྤང་གི་འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་འཇིག་ལྟ་མཐར་ལྟ་དྲུག་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་དོར་བས་སྒོམ་སྤང་ཉོན་མོངས་ལྔ་ལྔ་སྟེ། ཁམས་གསུམ་གྱི་དྲུག་དང་ལྔ་ལྔ་བསྡོམས་པས་སྒོམ་སྤང་ཉོན་མོངས་བཅུ་དྲུག་ཡོད། འདོད་པའི་སྒོམ་སྤང་དྲུག་པོ་རེ་རེ་ལ་ཆེ་འབྲིང་ཆུང་གསུམ་དང༌། ཆེ་འབྲིང་ཆུང་ངུ་རེ་རེ་ལ་ཡང་ཆེ་འབྲིང་ཆུང་ངུ་རེ་བྱས་པས། འདོད་པའི་སྒོམ་སྤང་ཉོན་མོངས་སྐོར་དགུ་དང༌། བསམ་གཏན་དང་པོའི་སྒོམ་སྤང་ཉོན་མོངས་ཆགས་རྒྱལ་མ་རིག་པ་འཇིག་ལྟ་མཐར་ལྟ་ལྔ་ལ་ཆུང་འབྲིང་ཆེན་པོ་དང༌། དེ་རེ་རེ་ལའང་ཆུང་འབྲིང་ཆེན་པོ་རེ་ཕྱེ་བས། བསམ་གཏན་དང་པོའི་སྒོམ་སྤང་ཉོན་མོངས་སྐོར་དགུ་དང༌། དེ་བཞིན་དུ་བསམ་གཏན་གཉིས་པ་དང༌། བསམ་གཏན་གསུམ་པ་དང༌། བསམ་གཏན་བཞི་བ་སྟེ་གཟུགས་ཀྱི་ས་བཞི་དང༌། ནམ་མཁའམཐའ་ཡས་དང༌། རྣམ་ཤེས་མཐའ་ཡས་དང༌། ཅི་ཡང་མེད་པ་དང་སྲིད་རྩེ་སྟེ། གཟུགས་མེད་ཀྱི་ས་གཞི་བོ་རེ་རེ་ལའང་སྒོམ་སྤང་ཉོན་མོངས་སྐོར་དགུ་རེ་བྱས་པས་ཁམས་གསུམ་ཀྱི་སྒོམ་སྤང་ཉོན་མོངས་བརྒྱད་ཅུ་རྩ་གཅིག་གོ །འབྲས་བུ་རིམ་གྱིས་པ་ཞིག་ཡིན་ན། མཐོང་ལམ་བཅུ་དྲུག་པ་ལམ་རྗེས་ཤེས་ཐོབ་པའི་ཚེ་ན་རྒྱུན་ཞུགས་ཀྱི་འབྲས་བུ་དང༌། འདོད་ཉོན་དྲུག་པ་སྤངས་པའི་ཚེ་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། འདོད་ཉོན་དགུ་བ་སྤངས་པའི་ཚེ་ན་ཕྱིར་མི་འོང་བའི་འབྲས་བུ་དང༌། སྲིད་ཉོན་དགུ་བ་སྤང་བའི་ཚེ་ན་དགྲ་བཅོམ་པའི་འབྲས་བུ་འཐོབ་པ་ཡིན་ནོ། །གལ་ཏེ་མཐོང་ལམ་གྱི་སྔ་རོལ་ཏུ་འདོད་ཉོན་དྲུག་པའམ་འདུན་པའམ་བརྒྱད་པ་ལ་ཆགས་བྲལ་བྱས་པའི་ཉན་ཐོས་ཞིག་ཡིན་ན་བཅུ་དྲུག་པའི་ཚེ་ན་ཕྱིར་འོང་གི་འབྲས་བུ་དང༌། འདོད་ཉོན་དགུ་བ་ལ་ཆགས་བྲལ་བྱས་པའི་ཉན་ཐོས་ཞིག་ཡིན་ན། བཅུ་དྲུག་པའི་ཚེ་ན་ཕྱིར་མི་འོང་གི་འབྲས་བུ་འཐོབ་པ་ཡིན་ནོ། །ཕྱིར་འོང་དང་ཕྱིར་མི་འོང་གཉིས་ལ་ཆགས་བྲལ་སྔོན་སོང་དང་འབྲས་བུ་རིམ་གྱིས་ཐོབ་པ་གཉིས་རེ་ཡོད་དོ། །དེའི་ཕྱིར་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་དང་རྒྱུར་གཅིག་པའི་ཕྱིར་འོང་དང༌། རྒྱུན་ཞུགས་མེད་ལ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་རྒྱུད་གཅིག་པའི་རྒྱུན་ཞུགས་ཀྱང་མེད་དོ། །དེ་ལྟར་ཡང་ཚིག་གསལ་ལས། ཕྲ་རྒྱས་དེ་དག་ནི་སྒོམ་པ་ལ་ལྟོས་པ་མེད་པར་བདེན་པ་མཐོང་ཙམ་གྱིས་སྤོང་པའི་ཕྱིར། མཐོང་བའི་སྤོང་བྱ་ཞེས་བྱ་བར་བརྗོད་དོ། །གང་དག་བདེན་པའི་རྣམ་པ་ཇི་ལྟ་ཇི་ལྟར་མཐོང་བ་བཞིན། ཕྱིས་བསྒོམ་པས་སྤོང་བར་འགྱུར་བ་དེ་དག་ནི། བསྒོམ་པའི་སྤང་བར་བྱ་བ་སྟེ། ཞེས་དང༌། འཇིག་རྟེན་འདིར་ལན་ཅིག་ཕྱིར་འོང་ནས་ཡོངས་སུ་མྱ་ངན་ལས་འདའ་བས་ན། ལན་ཅིག་ཕྱིར་འོང་བ་ཞེས་བརྗོད་ལ། འཇིག་རྟེན་འདིར་ཕྱིར་མི་འོང་བར་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བས་ན་ཕྱིར་མི་འོང་བ་ཞེས་བརྗོད་དོ། །དེའི་འབྲས་བུའི་དོན་དུ་ཞུགས་ཤིང་སྦྱོར་བ་ལ་གནས་པ་ནི། ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་ལ་གནས་པ་དེ་དག་རྒྱུན་དུ་ཞུགས་པ་ཞེས་བྱའོ། །ཞེས་དང༌། །རབ་བྱེད་ལས། མཐོང་ལམ་སྐད་ཅིག་བཅུ་དྲུག་གིས། །གང་ཞིག་སྤང་པས་འབྲས་བུ་དེ། །རྒྱུན་དུ་ཞུགས་པ་དེ་བརྗོད་དོ། །འདོད་ན་ཆགས་སྡང་ང་རྒྱལ་རྨོངས།། གོང་མའི་ས་བརྒྱད་སོ་སོ་ལ། །ཞེ་སྡང་མ་གཏོགས་བསྒོམ་སྤང་བྱ། །བསྡུས་ནས་ཆེ་སོགས་རྣམ་གསུམ་ལ། །ཆེན་པོའི་ཆེ་སོགས་བྱེ་བྲག་གིས། །རྣམ་པ་ཡང་ནི་གསུམ་དུ་འདོད། །ཉོན་མོངས་པ་ནི་རྣམ་དགུ་ལ། །གཉེན་པོའི་ཕྱོགས་ནི་བཟློག་པས་སོ། །འདོད་པའི་རྣམ་པ་དྲུག་པ་དང༌། །དགུ་བ་དག་ནི་ཟད་པ་ལས། །ལན་ཅིག་ཕྱིར་ནི་འོང་བ་དང༌། །དགྲ་བཅོམ་སྲིད་རྩེའི་མཐའ་ཟད་པས། །ལམ་ལ་གནས་པ་བཞི་བོ་དག །དེ་ལ་སྦྱོར་བ་ཞུགས་པའི་ཕྱིར། །དེ་དག་ཞུགས་པ་ཞེས་བརྗོད་དོ། །དགྲ་བཅོམ་མི་སློབ་སློབ་པ་ནི། །ཟད་ཕྱིར་སློབ་པའི་གཞན་བདུན་ནོ། སྐྱེས་བུ་གང་ཟག་བརྒྱད་པོ་འདི། །དགེ་འདུན་ཞེས་ནི་བྱ་བར་བརྗོད། །བདུད་རྣམས་ཀུན་གྱིས་མི་ཕྱེད་པས། །འདི་ལྟར་དགེ་འདུན་ཞེས་བརྗོད་དོ། །ཞེས་སོ། །འདི་ནི་མཛོད་ལས། བཞི་ནི་བསྒོམ་པས་སྤང་བྱ་ཡིན། །ཞེས་པ་ལྟར༌། ལྟ་བ་ལྔ་བོ་གང་རུང་ལ་མཐོང་སྤང་གིས་ཁྱབ་པར་འདོད་པའི་མངོན་པ་འོག་མ་ལྟར་གསུངས་པ་ཡིན་ནོ། །ཁྲོ་དང་ཁོན་འཛིན་འཆབ་དང་འཚིག །ཕྲག་དོག་སེར་སྣ་སྒྱུ་དང་གཡོ། །རྒྱགས་པ་དང་ནི་རྣམ་པར་འཚེ། །ངོ་ཚ་ཁྲེལ་མེད་རྨུགས་རྒོད་དང༌།། མ་དད་ལེ་ལོ་བག་མེད་དང༌། །བརྗེད་ངས་ཤེས་བཞིན་མ་ཡིན་དང༌། །རྣམ་པར་གཡེང་བ་ཞེས་བྱ་བ། །ཉེ་བའི་ཉོན་མོངས་བཅུ་ཚན་གཉིས། །གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི། །ཞེས་སོ། །ཁྲོ་བ་ནི། ཁོང་ཁྲོའི་ཆར་གཏོགས། ཀུན་ནས་མནར་བར་འདོད་པའི་སེམས་བྱུང་ངོ༌།། ཁོན་འཛིན་ནི། ཁོང་ཁྲོའི་ཆར་གཏོགས། སྔར་གྱི་ཁོ་ན་དེ་ཉིདཡིད་ལ་རྒྱུན་དུ་གཟུང་སྟེ། ཤ་གཉེར་བར་འདོད་པ་མི་གཏོང་བའོ། །འཆབ་པ་ནི། གཏི་མུག་གི་ཆར་གཏོགས། ཉེས་པ་དེ་དངོས་སུ་སྦེད་ཅིག་འཁྱུད་པའོ། །འཚིག་པ་ནི། ཁོང་ཁྲོའི་ཆར་གཏོགས། ཁྲོ་བ་དང་ཁོན་འཛིན་སྔོན་དུ་འགྲོ་བའི་སེམས་ཀྱིས་ཀུན་ནས་མནར་སེམས་པ་སྟེ། ཚིག་རྩུབ་པོ་དང་བརླང་བོའི་རྟེན་པའི་ལས་ཅན་ནོ། །ཕྲག་དོག་དང་སེར་སྣ་དག་ནི་ཀུན་སྦྱོར་དགུའི་སྐབས་སུ་བཤད་པ་ལྟར་རོ། །སྒྱུ་ནི། རང་གི་ངོ་བོ་སྦས་ནས་བཟང་བོ་མིན་ཡང་བཟང་བོ་ལྟར་རྫུ་བ་དང༌། ཡོན་ཏན་མེད་ཀྱང་ཡོད་པ་ལྟར་འཆོས་ཏེ་གཞན་སླུ་བར་འདོད་པའི་སེམས་བྱུང་ངོ༌། །གཡོ་ནི། སེམས་གྱ་གྱུ་བ་སྟེ། གནས་ཚུལ་དངོས་མི་སྟོན་པར་སེམས་ཡོན་པའི་སྒོ་ནས་ཉེས་པ་དེ་ཐབས་སྣ་ཚོགས་ཀྱིས་སྦད་པར་འདོད་པ་སྟེ། ཉེས་སྦད་གཡོ་དང་བཟང་རྫུ་སྒྱུ། །ཞེས་པ་ལྟར་རོ། །རྒྱགས་པ་ནི། རང་གི་རིགས་གཟུགས་ཐོས་པ་ལང་ཚོ་དབང་ཐང་སོགས་ཅི་རིགས་ལ་དམིགས་ནས་ཡིད་ཚིམ་ཞིང་གཏུགས་པའི་སེམས་བྱུང་ངོ༌། །འདི་དང་ང་རྒྱལ་གཉིས་མི་འདྲ་སྟེ། ང་རྒྱལ་ནི་གཞན་ལ་དམིགས་ནས་རང་ཉིད་དེ་ལས་མཆོག་ཏུ་སེམས་ཁེངས་པ་ཡིན་ལ། འདི་ནི་རང་དང་འབྲེལ་བའི་ཆོས་ཅི་རིགས་ལ་དམིགས་ཏེ་སེམས་རྒྱགས་པའོ། །རྣམ་པར་འཚེ་བ་ནི། ཁོང་ཁྲོའི་ཆར་གཏོགས། གཞན་ལ་ཐོ་འཚམས་པར་འདོད་པའི་དེའོ། །ངོ་ཚ་མེད་པ་ནི། རང་རྒྱུ་མཚན་དུབྱས་ནས་ཉེས་སྤྱོད་ལ་མི་འཛེམས་པ་དང༌། ཁྲེལ་མེད་པ་ནི། གཞན་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་མི་འཛེམ་པའི་སེམས་བྱུང་ངོ༌། །ཡང་ན་མཛོད་ལས། མ་གུས་ངོ་ཚ་མེད་ཁྲེལ་མེད། ཁ་ན་མ་ཐོ་འཇིགས་མི་ལྟ། དགའ་དད་གུས་ཉིད་ངོ་ཚ་ཤེས། །ཞེས་པ་ལྟར། ཡོན་ཏན་དང་ཡོན་ཅན་ལ་མི་གུས་པ་ནི་ངོ་ཚ་མེད་པ་དང༌། རང་གི་ཉེས་སྤྱོད་ལ་ཉེས་པར་མི་ལྟ་བ་ནི། ཁྲེལ་མེད་པའོ། །རྨུགས་པ་ནི། གཏི་མུག་གི་ཆར་གཏོགས། སེམས་ལ་མུན་པ་བབ་པ་ལྟར་སེམས་མི་གསལ་བར་བྱེད་པའི་སེམས་བྱུང་ངོ༌། །རྒོད་པ་ནི། འདོད་ཆགས་ཀྱི་ཆར་གཏོགས། སྡུག་པའི་མཚན་མའི་རྗེས་སུ་ཞུགས་ཏེ་སེམས་མ་ཞི་ཞིང་འཕྲོ་བར་བྱེད་པའི་དེའོ། །མ་དད་པ་ནི། གཏི་མུག་གི་ཆར་གཏོགས། དགེ་བའི་ཆོས་ལ་ཡིད་མི་ཆེས་ཤིང་མི་དགའ་བའི་དེའོ། །ལེ་ལོ་ནི། དགེ་བའི་ཕྱོགས་ལ་ཡིད་མི་སྤྲོ་བའི་དེའོ། བག་མེད་པ་ནི། དགེ་བའི་ཆོས་གཅེས་སུ་མི་འཛིན་པར་ཉེས་པའི་ཕྱོགས་ལ་སྒོ་གསུམ་ཅི་རིགས་ལྷོད་པོར་འཇུག་པའི་སེམས་བྱུང་ངོ༌། །བརྗེད་ངེས་ནི། དོན་དེ་ཡིད་ལ་དྲན་པར་མི་བྱེད་པའི་དེའོ། །ཤེས་བཞིན་མ་ཡིན་པ་ནི། ཡུལ་དེའི་དོན་ལ་སེམས་ཀྱིས་ལྟ་རྟོག་བྱེད་དུ་མི་འཇུག་པའི་སེམས་བྱུང་ངོ༌། །རྣམ་གཡེང་ནི། སེམས་དམིགས་པ་ལས་ཕྱི་རོལ་ཏུ་གཡེང་ཞིང་འཕྲོ་བར་བྱེད་པའི་སེམས་བྱུང་ངོ༌། །དེ་ཡང་ཉོན་མོངས་ཅན་གྱི་དྲན་པ་དང་ཤེས་རབ་ནི་རིམ་པ་བཞིན་བརྗེད་ངས་དང་ཤེས་བཞིན་མ་ཡིན་པ་དང༌། ཉོན་མོངས་ཅན་གྱི་ཏིང་ངེ་འཛིན་རྣམ་གཡེང་ཡིན་པར་མངོན་པ་འོག་མས་བཞེད་པས། བརྗེད་ངེས་དང་ཤེས་བཞིན་མ་ཡིན་པ་དང་རྩ་ཉོན་གྱི་ལྟ་བ་མ་གཏོགས་པའི་སེམས་བྱུང་བཞི་བཅུ་རྩ་དྲུག་གི་རྣམ་བཞག་མཛད་ནས་ཞེ་དྲུག་གོ་ཐམས་ཅད་སེམས་བྱུང་རྫས་ཡོད་པར་གསུངས་སོ། །མངོན་པ་གོང་མ་ལྟར་ན་མངོན་པའི་རྒྱན་ལས། སྡེ་ཚན་དྲུག་ཏུ་བཤད་པ་ལས། སྡེ་ཚན་དང་པོ་གཉིས་དང༌། དགེ་བ་བཅུ་གཅིག་ལས་གཏི་མུག་མེད་པ་དང༌། བག་ཡོད་པ་དང་བཏང་སྙོམས་དང་རྣམ་པར་མི་འཚེ་བ་བཞི་མ་གཏོགས་པ་ལྷག་མ་བདུན། ལྟ་བ་ལས་གཞན་པའི་རྩ་ཉོན་ལྔ་སྟེ། སེམས་བྱུང་ཉི་ཤུ་རྩ་གཉིས་ནི། བརྗོད་པ་སྒྲ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་བློའི་ཡུལ་དུ་འགྱུར་བས་རྫས་ཡོད་དང༌། ལྷག་མ་ཉི་ཤུ་རྩ་དགུ་ནི་རྒྱུ་མཚན་དེ་ལས་བཟློག་པས་བཏགས་ཡོད་ཡིན་ཏེ། ཞེས་པ་ལྟར་སེམས་བྱུང་ལྔ་བཅུ་རྩ་གཅིག་གི་རྣམ་བཞག་མཛད་དོ། །ཀུན་དཀྲིས་བརྒྱད་དང་བཅུ་ནི། མཛོད་ལས། ངོ་ཚ་མེད་དང་ཁྲེལ་མེད་དང༌། །ཕྲག་དོག་སེར་སྣ་རྒོད་པ་དང༌། །འགྱོད་དང་རྨུགས་དང་གཉིད་དང་ནི། །ཀུན་ནས་དཀྲིས་པ་རྣམ་པ་བརྒྱད།། ཁྲོ་དང་འཆབ་པའོ། །ཞེས་གསུངས་པ་ལྟར་ཀུན་དཀྲིས་བརྒྱད་ཀྱི་སྟེང་དུ་ཁྲོ་བ་དང་འཆབ་པ་བསྣན་པས་ཀུནདཀྲིས་བཅུར་འགྱུར་ལ། རབ་དབྱེ་ལས། ཀུན་ནས་འཁྲི་ཞིང་སེམས་ལ་ཐམས་ཅད་དུ་དཀྲིས་ནས་གནས་པས་ན་ཀུན་ནས་དཀྲིས་པ་སྟེ། དགེ་བའི་ཕྱོགས་ལ་འཇུག་པའི་བར་ཆད་བྱེད་པ་ཉིད་དོ། །ཞེས་སོ། །གཞན་ཡང༌། ཁམས་གསུམ་གྱི་བདེན་བཞིའི་མཐོང་སྤང་དང༌། སྒོམ་སྤང་སོགས་ལ་སྦྱར་ཏེ། འདོད་པའི་ཉོན་མོངས་སུམ་ཅུ་རྩ་དྲུག་ལས་སྤང་བྱ་རིས་ལྔའི་མ་རིག་པ་ལྔ་མ་གཏོགས་པ་ལྷག་མ་སོ་གཅིག་དང་ཀུན་དཀྲིས་བཅུ་དང་བཅས་པ་ལ་འདོད་པའི་ཟག་པ་ཞེ་གཅིག་དང༌། ཁམས་གོང་མ་གཉིས་ཀྱི་ཕྲ་རྒྱས་སོ་གཅིག་སོ་གཅིག་སྟེ་རེ་གཉིས་ཡོད་པ་ལས། མ་རིག་པ་བཅུའི་ལྷག་མ་རྣམས་ནི་སྲིད་ཟག་ལྔ་གཉིས་དང༌། ཁམས་གསུམ་གྱི་མ་རིག་པའི་ཟག་པ་བཅོ་ལྔ་དང༌། འདོད་པའི་ཟག་པ་ཞེ་གཅིག་ལས་ལྟ་བ་བཅུ་གཉིས་དོར་པའི་ལྷག་མ་ནི། འདོད་སྦྱོར་ཉེར་དགུ་དང༌། གོང་མའི་སྲིད་ཟག་ང་གཉིས་ལས་ལྟ་བ་ཉི་ཤུ་རྩ་བཞི་དོར་བའི་ལྷག་མ་ནི། སྲིད་སྦྱོར་ཉེར་བརྒྱད་དུ་གསུངས་ལ། འདོད་པའི་ཆུ་བོ་དང་སྲིད་པའི་ཆུ་བོ་ཞེས་མདོ་ལས་གསུངས་པ་ཡང་འདོད་སྦྱོར་ཉེར་དགུ་དང༌། སྲིད་སྦྱོར་ཉེར་བརྒྱད་དང་འདྲའོ། །དེ་དག་གི་སྟེང་དུ་མ་རིག་པ་བཅོ་ལྔ་བསྣན་པས། འདོད་པ་ཉེ་བར་ལེན་པ་སོ་བཞི་དང་བདག་སྨྲ་ཉེ་བར་ལེན་པ་སོ་བརྒྱད་དང༌། ཁམས་གསུམ་གྱི་ལྟ་བ་སོ་དྲུག་ལས་ཚུལ་ཁྲིམས་བརྟུལཞུགས་མཆོག་འཛིན་གྱི་ལྟ་བ་དྲུག་ལ་བརྟུལ་ཞུགས་ཉེ་བར་ལེན་པ་དྲུག་དང༌། ལྷག་མ་སུམ་ཅུ་ལ་ལྟ་བ་ཉེ་བར་ལེན་པ་སུམ་ཅུ་ཞེས་བཤད་དོ།། ཉོན་མོངས་འདི་དག་གི་ངེས་ཚིག་ནི་མཛོད་ལས། དེ་དག་འཇོག་བྱེད་ཟག་བྱེད་དང༌། །འཁྱེར་བར་བྱེད་དང་འབྱར་བྱེད་དང༌། །ཉེ་བར་འཛིན་ཕྱིར་ཟག་ལ་སོགས། །དེ་དག་གི་ནི་ངེས་ཚིག་ཡིན། །ཞེས་དང༌། སློབ་དཔོན་ཟླ་བ་གྲགས་པའི་ཕུང་པོ་ལྔའི་རབ་བྱེད་ལས། ཟག་པ་དང་ཆུ་བོ་དང་སྦྱོར་བ་དང་ཉེ་བར་ལེན་པ་རྣམས་ནི་བཤད་ཟིན་ཏོ། །དེ་ལ་ཟག་པ་ནི་འཁོར་བར་ཟག་པ་ཉིད་དེ། སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་ནས་འཛག་པའི་ཕྱིར་རམ། རྒྱུ་ཡུལ་རྣམས་ལས་འཛག་པར་བྱེད་པས་ཟག་པའོ། ཁྱེར་བར་བྱེད་པས་ན་ཆུ་བོ་སྟེ། དེའི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར། དེ་དག་གིས་དེ་དང་ལྡན་པར་ཁྱེར་བར་འགྱུར་རོ། །སྡུག་བསྔལ་སྣ་ཚོགས་ལ་ཀུན་ཏུ་སྦྱོར་བའི་ཕྱིར་རམ། ཡུལ་ལ་སྦྱོར་བའི་ཕྱིར་སྦྱོར་བའོ། །འདོད་པ་ལ་སོགས་པ་ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པའོ། །ཞེས་གསུངས་པ་ལྟར་རོ། །ཐ་མའི་ཆ་མཐུན་ལྔ་ནི་མཛོད་ལས། ཐ་མའི་ཆ་དང་མཐུན་རྣམ་ལྔ༌། །གཉིས་ཀྱིས་འདོད་པས་མི་འདའ་ལ། །གསུམ་པོ་ཡིས་ནི་ཕྱིར་ཟློག་བྱེད། །ཅེས་པ་ལྟར། །འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། མཐོང་སྤང་འཇིག་ལྟ་དང༌། ཐེ་ཚོམ་དང༌། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་དང་ལྔའོ། །དང་པོ་གཉིས་ཀྱིས་འདོད་པའི་ཁམས་ལས་མི་འདའ་བར་བྱེད་ལ། ཕྱི་མ་གསུམ་གྱིས་ཁམས་གོང་མ་ལས་ཕྱིར་ཟློག་པར་བྱེད་དོ། །ཕྱི་མ་འདི་གསུམ་ལ་མཐོང་སྤང་ཀུན་སྦྱོར་གསུམ་ཞེས་ཀྱང་གསུངས་ཏེ། འགྲོ་མི་འདོད་དང་ལམ་ནོར་དང༌། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་བར་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། །ཞེས་སོ། །གོང་མའི་ཆ་དང་མཐུན་ལྔ་ཉིད། །གཟུགས་དང་གཟུགས་མེད་ལས་སྐྱེས་པའི། །འདོད་ཆགས་གཉིས་རྒོད་ང་རྒྱལ་རྨོངས། །ཞེས་པ་ལྟར། གཟུགས་ཁམས་དང་གཟུགས་མེད་ཀྱི་འདོད་ཆགས་གཉིས་དང༌། རྒོད་པ་དང༌། ང་རྒྱལ་དང༌། མ་རིག་པའོ། །སྒྲིབ་པ་ལྔ་ནི། འདོད་ན་སྒྲིབ་རྣམས་མི་མཐུན་དང༌། །ཟས་དང་བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག་ཕུང་པོ་གནོད་བྱེད་དང༌། ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། །ཞེས་གསུངས་པ་ལྟར། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་གཉིད་གཉིས་དང༌། རྒོད་འགྱོད་གཉིས་དང༌། ཐེ་ཚོམ་མོ། །དང་བོ་གཉིས་ཀྱིས་ཚུལ་ཁྲིམས་དང༌། རྨུགས་པ་དང་གཉིད་གཉིས་ཀྱིས་ཤེས་རབ་དང༌། རྒོད་པ་དང་འགྱོད་པ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་བསླབ་པ་ལ་གནོད་པར་བྱེད་པ་དང༌། ཐེ་ཚོམ་གྱིས་ནི་བདེན་པ་བཞིའི་སྤང་བླང་ལ་སྒྲིབ་པར་བྱེད་དོ། །རབ་བྱེད་ལས། སྒྲིབ་པ་ནི་འདོད་པར་གཏོགས་པ་ཉིད་ཀྱིས་ཤིན་ཏུ་མི་དགེ་བ་ཉིད་ཀྱིས་ཕྱིར་དགེ་བའི་ཕྱོགས་ལ་སྒྲིབ་པས་བསྒྲིབས་པའོ། །ཞེས་གསུངས་སོ། །གཞན་འགྱུར་བཞི་ལས། གཉིད་ནི་སེམས་ཀྱི་འཇུག་པ་རང་དབང་མེད་པར་སྡུད་པར་བྱེད་པ་སྟེ། ཀུན་སློང་སོགས་ཀྱི་དབང་གིས་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་དོ། །འགྱོད་པ་ནི། དགེ་བ་དང་མི་དགེ་བའི་བྱ་བ་ཡིད་ལ་བཅགས་པ་སྟེ། དགེ་བ་ལ་འགྱོད་པ་མི་དགེ་བ་དང༌། མི་དགེ་བ་ལ་འགྱོད་པ་དགེ་བ་ཡིན་པས་ལུང་མ་བསྟན་མེད་དོ། །རྟོག་པ་ནི། སེམས་ཡུལ་ལ་རྩིང་བ་སྟེ། རགས་པར་འཇུག་པའོ། །དཔྱོད་པ་ནི། སེམས་ཡུལ་ལ་ཞིབ་མོའི་རྣམ་པར་འཇུག་པའོ། །འོན་ཀྱང་སེམས་གཅིག་གི་འཁོར་དུ་གཉིས་ཀ་འབྱུང་བ་མི་འགལ་ཏེ། རྟོག་པས་ཧ་ཅང་རྩིང་བར་མི་བྱེད་ལ། དཔྱོད་པས་ཧ་ཅང་ཞིབ་པར་ཡང་མི་བྱེད་དོ་གསུངས། རྣམ་པར་ཤེས་པའི་ཕུང་པོ་དང་དེའི་སྐྱེ་མཆེད་དང་ཁམས་ནི། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང༌། །ཞེས་གསུངས་པ་ལྟར། རང་གི་ཡུལ་གྱི་ངོ་བོ་རང་སྟོབས་ཀྱིས་འཛིན་པའི་ཤེས་པ་ནི་སེམས་དང༌། ཡུལ་དེའི་ཁྱད་པར་རང་སྟོབས་ཀྱིས་འཛིན་པའི་ཤེས་པ་ནི་སེམས་བྱུང་དུ་བཤད་དོ། །འཕགས་པའི་བདེན་པ་བཞི་ནི། སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་བའི་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པའོ། །དེ་ཡང་སློབ་དཔོན་ཟླ་བ་གྲགས་པས། དེ་ལ་སྡུག་བསྔལ་གྱི་བདེན་པ་ནི། ཉེ་བར་ལེན་པའི་ཕུང་བོ་ལྔ་འབྲས་བུར་གྱུར་བའོ། །དེ་དག་གི་རྒྱུར་གྱུར་བ་ནི་ཀུན་འབྱུང་བའི་བདེན་པའོ། །སྲེད་པ་དང་ལས་ཡོངས་སུ་ཟད་པས་སྡུག་བསྔལ་གྱི་བདེན་པ་ཤིན་ཏུ་མ་སྐྱེས་པ་སྣུམ་དང་སྙིང་པོ་ཡོངས་སུ་ཟད་པའི་མར་མེ་ལྟ་བུའི་མྱ་ངན་ལས་འདས་པ་ནི་འགོག་པའི་བདེན་པའོ། །དེ་འཐོབ་པའི་ཐབས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། ལམ་གྱི་བདེན་པའོ། །ཞེས་གསུངས་པ་ལྟར་རོ།།

སྨྲས་པ། རབ་དཀར་བསམ་པའི་ཟླ་བ་ལས་འོང་བའི། །ཆོས་གསུམ་རྣམ་བཞག་འོད་ཀྱི་དྲ་བ་འདིས། །གསར་སློབ་རྣམས་ཀྱི་གདོང་གི་ཀུ་མུ་ད། །དབང་མེད་དགའ་བའི་འཛུམ་བརྒྱ་གྲོལ་བར་ངེས། །རིག་པའི་སྣང་བ་བྱེ་བའི་གཟི་བརྗིད་ཅན། །ལེགས་བཤད་འོད་སྟོང་བདག་པོ་ཤར་བའི་ཚེ། །ལྟ་ངན་མུན་པའི་ཀློང་དུ་འཁྱམས་པ་ཡི། །སྙིང་ལའང་ཀུན་དགའི་སྣང་བ་འབྱུང་ངམ་སྙམ། །རྒྱལ་བའི་སྡེ་སྣོད་གསུམ་ལ་འཇུག་པའི་སྒོ། །ཕུང་པོ་སྐྱེ་མཆེད་ཁམས་ཀྱི་རབ་དབྱེ་སོགས། །ཅུང་ཟད་ལེགས་པར་བཤད་པའི་དགེ་བ་ཡང༌། །དམ་ཆོས་ཡུན་རིང་གནས་པའི་རྒྱུར་གྱུར་ཅིག །ཅེས་ཆོས་གསུམ་གྱི་རྣམ་བཞག་མཁས་པའི་གསུང་རྒྱུན་ཞེས་བྱ་བ་འདི་ནི་མང་དུ་ཐོས་པའི་བཙུན་པ་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བས། གཅན་ཚའི་མ་ཎིའི་གཙུག་ལག་ཁང་གི་ཀུན་དགའ་ར་བར་སྦྱར་བའོ།། ཕུང་ཁམས་སྐྱེ་མཆེད་ལེགས་པར་བཤད་པ་ཡི། །རབ་བྱེད་འདི་ཉིད་དགེ་སློང་འདུལ་བ་འཛིན། །སྦྱིན་པ་རྒྱ་མཚོ་ཞེས་བྱས་པར་དུ་བརྐོས། །བསོད་ནམས་འདི་ཡིས་ཆོས་སྐུ་མྱུར་ཐོབ་ཤོག །པར་འདི་ཁ་སྒང་ཨོ་བསོ་བཀྲ་ཤིས་ཆོས་རྫོང་དུ་བཞུགས། སརྦ་མངྒལཾ།། །།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།