འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱི་རྣམ་བཤད་གསུང་རབ་སྒྲོན་མེ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-08-31 07:54:18     རྩོམ་པ་པོ།   ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

༄༅། །སྟོབས་བཅུ་མངའ་བ་བདེ་གཤེགས་དོན་ཀུན་གྲུབ། །རྗེ་བཙུན་མི་ཕམ་མགོན་དང་འཇམ་པའི་དབྱངས། །སློབ་དཔོན་སྐུ་མཆེད་མཁན་པོ་མཆིམས་ལ་འདུད། །དེ་དག་གཞུང་ལ་བརྟེན་ནས་ཚུལ་འདི་འཆད། ༈ །སྡོམ་ནི། རྒྱལ་བའི་ཡུམ་ལས་གསུངས་པ་ཡི། །འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱི་གྲངས། །ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད། །རེག་པ་དྲུག་དང་ཚོར་བ་དྲུག །ཁམས་དྲུག་རྟེན་འབྲེལ་བཅུ་གཉིས་ཏེ། །ཀུན་ཉོན་ཕྱོགས་ཀྱི་ལྔ་བཅུ་གསུམ། ༈ །རྣམ་བྱང་ཕྱོགས་ཀྱི་ང་ལྔ་ནི། །སྤྱོད་པའི་ལམ་ལ་ཕར་ཕྱིན་དྲུག །སྟོང་ཉིད་བཅོ་བརྒྱད་སོ་སོར་བགྲངས། །བྱང་ཆུབ་ཕྱོགས་ཆོས་སྡེ་ཚན་བདུན། །བདེན་པ་བཞི་དང་བསམ་གཏན་བཞི། །ཚད་མེད་བཞི་དང་གཟུགས་མེད་བཞི། །རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུ། །རྣམ་ཐར་སྒོ་གསུམ་མངོན་ཤེས་དྲུག །ཏིང་འཛིན་གསུམ་དང་གཟུངས་སྒོ་བཞི། །སྟོབས་བཅུ་དང་ནི་མི་འཇིགས་བཞི། །སོ་རིག་བཞི་དང་བྱམས་པ་ཆེ། །ཐུགས་རྗེ་ཆེན་པོ་མ་འདྲེས་ཆོས། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང༌། །ཉན་ཐོས་དགྲ་བཅོམ་རང་སངས་རྒྱས། །གཞི་ཤེས་དང་ནི་ལམ་ཤེས་དང༌། །རྣམ་པ་ཐམས་ཅད་མཁྱེན་པའོ། །ཞེས་སོ། །དེ་རྣམས་ཅུང་ཟད་རྒྱས་པར་བཤད་པ་ལ་ཀུན་ཉོན་ཕྱོགས་དང༌། རྣམ་བྱང་ཕྱོགས་ཀྱི་འགྲེས་རྐང་བཤད་པ་གཉིས།

ཕུང་པོ་ལྔ་བཤད་པ།

དང་བོ་ཕུང་བོ་ལྔ་བཤད་པ་ལ། ཆོས་དུ་མ་སྤུངས་པ་ནི་ཕུང་བོའི་དོན་ནོ། །ཕུང་བོ་ལ་དབྱེ་ན། གཟུགས་ཀྱི་ཕུང་བོ། ཚོར་བའི་ཕུང་བོ། འདུ་ཤེས་ཀྱི་ཕུང་བོ། འདུ་བྱེད་ཀྱི་ཕུང་བོ། རྣམ་པར་ཤེས་པའི་ཕུང་བོ་དང་ལྔའོ། །གཟུགས་སུ་རུང་བ་ནི། གཟུགས་ཀྱི་ཕུང་བོའི་མཚན་ཉིད། ཀུན་བཏུས་ལས། གཟུགས་ཀྱི་ཕུང་བོའི་མཚན་ཉིད་ཅི་ཞེ་ན། གཟུགས་སུ་ཡོད་པ་རྣམ་པ་གཉིས་ཀྱིས། གཟུགས་སུ་ཡོད་པའི་མཚན་ཉིད་དེ། རེག་པས་གཟུགས་སུ་ཡོད་པ་དང༌། ཡུལ་དཔྱད་པས་གཟུགས་སུ་ཡོད་པའོ། །ཞེས་སོ། །གཟུགས་ལ་དབྱེ་ན། ཕྱིའི་གཟུགས་དང༌། ནང་གི་གཟུགས་གཉིས་ཡོད། ཕྱིའི་གཟུགས་ལ་དབྱེ་ན། གཟུགས་ཀྱི་སྐྱེ་མཆེད་དང༌། སྒྲའི་སྐྱེ་མཆེད་དང༌། དྲིའི་སྐྱེ་མཆེད་དང༌། རོའི་སྐྱེ་མཆེད་དང༌། རེག་བྱའི་སྐྱེ་མཆེད་དང་ལྔའོ། །མིག་གི་སྤྱོད་ཡུལ་དུ་གྱུར་པའི་གཟུགས་ནི། གཟུགས་ཀྱི་སྐྱེ་མཆེད་ཀྱི་དོན་ཡིན་ལ། དེ་ལ་དབྱེ་ན། ཁ་དོག་དང་དབྱིབས་གཉིས། དང་བོ་ལ་རྩ་བ་དང་ཡན་ལག་གི་ཁ་དོག་གཉིས་ལས། དང་བོ་ལ་སྔོ་སེར་དཀར་དམར་བཞི་དང༌། ཡན་ལག་གི་ཁ་དོག་ལ། སྤྲིན་དང་དུ་བ་དང༌། རྡུལ་དང་ཁུག་སྣ་དང༌། སྣང་བ་དང་མུན་པ་དང༌། གྲིབ་མ་དང༌། ཉི་མའི་འོད་ཟེར་དང་བརྒྱད་ཡོད། དབྱིབས་ལ་དབྱེ་ན། རིང་བོ་དང༌། ཐུང་ངུ་དང༌། མཐོན་པོ་དང༌། དམའ་བ་དང༌། ལྷམ་པ་དང༌། ཟླུམ་པོ་དང༌། ཕྱལ་ལེ་བ་དང༌། ཕྱལ་ལེ་བ་མ་ཡིན་པ་དང་བརྒྱད་ཡོད་དོ། །མངོན་པའི་རྒྱན་ལས། དབྱིབས་མཉམ་པའམ་ངོས་ཡངས་པ་ནི་ཕྱལ་ལེ་བ་དང༌། མི་མཉམ་པའམ་ངོས་དོག་པ་ནི། ཕྱལ་ལེ་བ་མ་ཡིན་པའོ། །ཞེས་སོ། །རྣ་ཤེས་ཀྱི་ཉན་བྱ། སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཟིན་པའི་འབྱུང་བ་ཆེན་པོའིརྒྱུ་ལས་བྱུང་བའི་སྒྲ་དང༌། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའི་སྒྲ་གཉིས་དང༌། དེ་གཉིས་པོ་རེ་རེ་ལ་དོན་སྟོན་པའི་སྒྲ་དང་དོན་མི་སྟོན་པའི་སྒྲ་གཉིས་གཉིས་དང༌། དེ་བཞི་བོ་རེ་རེ་ལའང་ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བའི་སྒྲ་གཉིས་གཉིས་ཏེ་བརྒྱད་ཡོད་དོ། །སྣ་ཤེས་ཀྱི་མྱོང་བྱ་དེ། དྲིའི་སྐྱེ་མཆེད་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ལྷན་སྐྱེས་ཀྱི་དྲི་དང༌། །དྲི་ཅན་གཞན་དག་དང་ལྷན་ཅིག་ཏུ་སྦྱར་བྱུང་གི་དྲི་གཉིས་དང༌། དེ་རེ་རེ་ལའང་དྲི་ཞིམ་པ་དང༌། མི་ཞིམ་པ་གཉིས་གཉིས་ཏེ་བཞིའོ། །ལྕེ་ཤེས་ཀྱི་མྱོང་བྱ་ནི། རོའི་སྐྱེ་མཆེད་ཀྱི་མཚན་ཉིད། རོ་ལ་དབྱེ་ན། མངར་བ་དང་སྐྱུར་བ། ཁ་བ་དང་བསྐ་བ། ཚ་བ་དང་ལན་ཚ་བ་དྲུག་གོ། སྨན་གྱི་རྒྱུད་ལས། དེ་ཡང་མངར་བའི་རོ་དེ་མྱང་བས་ཁ་ལ་ཆགས་ཤིང་ཞིམ་པས་སྲེད་པ་སྐྱེ། །སྐྱུར་བ་སོ་བརྩེ་བཞིན་སྡུད་ཁ་ཆུ་འཛག །ལན་ཚ་རེག་ན་ཚ་ཞིང་མཆིལ་མ་འདུ། །ཁ་བ་ཁ་ཡི་དྲི་སྦྱོར་ཡི་ག་ལྡོག །ཚ་བ་ཁ་ལྕེ་བསྲེག་ཅིང་མིག་ཆུ་འཛག །བསྐ་བ་ལྕེ་རྐན་ལ་ཆགས་རྩུབ་སྙམ་བྱེད། །ཅེས་གསུངས་པ་ལྟར་རོ། །ལུས་ཤེས་ཀྱི་མྱོང་བྱ་ནི། རེག་བྱའི་སྐྱེ་མཆེད་ཀྱི་མཚན་ཉིད། དེ་ལ་དབྱེ་ན། རྒྱུའི་རེག་བྱ་ས་ཆུ་མེ་རླུང་སྟེ་འབྱུང་བ་ཆེན་པོ་བཞི་དང་། འབྲས་བུ་འབྱུང་གྱུར་གྱི་རེག་བྱ་ལ་དབྱེ་ན། འཇམ་པ་དང་རྩུབ་པ་དང༌། ལྕི་བ་དང་ཡང་བ་དང༌། གྲང་བ་དང་བཀྲེས་པ་དང༌། སྐོམ་པ་དང་བདུན་ནོ། །བཀྲེས་པ་ནི། ཕོ་བའི་ནང་དུ་འབྱུང་བ་རླུང་ཤས་ཆེ་བ་ལས་གྱུར་པའི་རེག་བྱ་དང༌། སྐོམ་པ་ནི། མེ་ཤས་ཆེ་བ་ལས་གྱུར་བའི་རེག་བྱ་ཞིག་ལ་བཤད་དོ། །སྲ་ཞིང་འཐས་པ། རླན་ཞིང་གཤེར་པ། ཚ་ཞིང་སྲེག་པ། ཡང་ཞིང་གཡོ་བ་རྣམས་ནི། རིམ་པ་བཞིན་ས་ཆུ་མེ་རླུང་གི་མཚན་ཉིད་དང༌། འཛིན་པ་དང་སྡུད་པ་དང༌། སྨིན་པ་དང་རྒྱས་པར་བྱེད་པ་ནི། རིམ་པ་བཞིན་ས་ཆུ་མེ་རླུང་གི་བྱེད་ལས་ཡིན་ནོ། །དེ་ལྟར་ཡང་མཛོད་ལས། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །རོ་ནི་རྣམ་དྲུག་དྲི་རྣམ་བཞི། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་དང༌། འཛིན་པ་ལ་སོགས་ལས་སུ་གྲུབ། །སྲ་གཤེར་དྲོ་ཉིད་གཡོ་བ་རྣམས། །ཞེས་གསུངས་སོ། །རང་སྟོབས་ཀྱིས་དོན་གྱི་ཁྱད་པར་བདེ་སྡུག་བར་མ་ཅི་རིགས་ཉམས་སུ་མྱོང་བའི་སེམས་བྱུང་དེ། ཚོར་བའི་ཕུང་བོའི་དོན་དང༌། དབྱེ་ན། ཚོར་བ་བདེ་བ་དང༌། སྡུག་བསྔལ་དང༌། བཏང་སྙོམས་གསུམ་དང༌། ཚོར་བ་ཡིད་བདེ་དང༌། ཡིད་མི་བདེ་ལོགས་སུ་བགྲངས་པས་ལྔར་ཡང་གསུངས་སོ། །བསམ་གཏན་གསུམ་པའི་ཚོར་བ་བདེ་བ་ནི། ཡིད་ཤེས་འཁོར་གྱི་ཚོར་བ་ཁོ་ན་ཡིན་ཞིང༌། དེ་ལས་གཞན་པའི་བདེ་དབང་དང༌། ལྔར་ཕྱེ་བའི་ཚོར་བ་སྡུག་བསྔལ་ནི་དབང་ཤེས་ཡིན་ལ། ཚོར་བ་ཡིད་བདེ་དང་ཡིད་མི་བདེ་ནི་ཡིད་ཤེས་ཁོ་ནའོ། །རང་ཡུལ་རང་སྟོབས་ཀྱིས་མཚན་མར་འཛིན་པའི་སེམས་བྱུང་ནི། འདུ་ཤེས་ཀྱི་ཕུང་བོའི་དོན་ཡིན་ཏེ། ཀུན་བཏུས་ལས། ཚོར་བའི་མཚན་ཉིད་ཅི་ཞེ་ན། མྱོང་བའི་མཚན་ཉིད་དེ། མྱོང་བའི་ངོ་བོ་གང་གིས་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་སོ་སོར་མྱོང་བའོ། །འདུ་ཤེས་ཀྱི་མཚན་ཉིད་ཅི་ཞེ་ན། འདུས་ཏེ་ཤེས་པར་བྱེད་པའི་མཚན་ཉིད་དེ། མཚན་མར་འཛིན་པ་དང༌། བཀྲ་བར་འཛིན་པ་གང་གིས་ཇི་ལྟར་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པའི་དོན་རྣམས་ལ་ཐ་སྙད་འདོགས་པའོ། །ཞེས་སོ། །གཟུགས་དང་ཚོར་བ་དང་འདུ་ཤེས་དང་རྣམ་ཤེས་ཀྱི་ཕུང་བོ་གང་རུང་མ་ཡིན་པའི་རང་འབྲས་མངོན་པར་འདུ་བྱེད་པ་ནི། འདུ་བྱེད་ཀྱི་ཕུང་བོའི་མཚན་ཉིད། ཚོར་བ་དང་འདུ་ཤེས་ལས་གཞན་པའི་སེམས་བྱུང་ཐམས་ཅད་ནི། མཚུངས་ལྡན་འདུ་བྱེད་དང༌། འགྲོ་བ་དྲུག་དང༌། མི་རྟག་པ་ལ་སོགས་པ་ནི་མཚུངས་ལྡན་མིན་པའི་འདུ་བྱེད་དོ། །དེ་ཡང་སེམས་བྱུང་རྣམས་ཀྱི་ཚུལ་ནི་མངོན་པའི་རྒྱན་ལས། གོང་མ་དག་ནི་སེམས་ལས་བྱུང་བ། ཚོར་དང་འདུ་ཤེས་སེམས་པ་དང༌། །ཡིད་བྱེད་རེག་དང་ཀུན་འགྲོ་ལྔ། །འདུན་མོས་དྲན་དང་ཏིང་འཛིན་དང༌། །ཤེས་རབ་ཅེས་བྱ་ཡུལ་ངེས་ལྔ། །དད་དང་ངོ་ཚ་ཤེས་ཁྲེལ་ཡོད། །མ་ཆགས་ལ་སོགས་གསུམ་བརྩོན་འགྲུས། །ཤིན་ཏུ་སྦྱངས་དང་བག་ཡོད་དང༌། །བཏང་སྙོམས་རྣམ་པར་མི་འཚེ་བ། །བཅུ་གཅིག་དགེ་བའོ་རྩ་ཉོན་ནི། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང༌། །མ་རིག་ལྟ་བ་ཐེ་ཚོམ་དྲུག །ཁྲོ་དང་ཁོན་འཛིན་འཆབ་དང་འཚིག །ཕྲག་དོག་སེར་སྣ་སྒྱུ་དང་གཡོ། །རྒྱགས་པ་དང་ནི་རྣམ་པར་འཚེ། །ངོ་ཚ་ཁྲེལ་མེད་རྨུགས་རྒོད་དང༌། །མ་དད་ལེ་ལོ་བག་མེད་དང༌། །བརྗེད་ངེས་ཤེས་བཞིན་མ་ཡིན་དང༌། །རྣམ་པར་གཡེང་བ་ཞེས་བྱ་བ། །ཉེ་བའི་ཉོན་མོངས་བཅུ་ཚན་གཉིས། །གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི། །ཞེས་ལྔ་བཅུ་རྩ་གཅིག་གསུངས་ལ། སུམ་ཅུ་བ་དང༌། ཕུང་བོ་ལྔ་བ་ལས། ཀུན་ཏུ་འགྲོ་དང་བྱེ་བྲག་ངེས། །སེམས་ལས་བྱུང་བ་དགེ་བ་དང༌། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཞེས་དང༌། འགྱོད་དང་གཉིད་ཀྱང་དེ་བཞིན་ཏེ། །རྟོག་པ་དང་ནི་དཔྱོད་པ་དང༌། །ཉེ་བའི་ཉོན་མོངས་གཉིས་རྣམ་གཉིས། །ཞེས་དང་བོ་ལྔ་ནི་སེམས་ཐམས་ཅད་དང་མཚུངས་པར་ལྡན་པས་ཀུན་ཏུ་འགྲོ་བ་དང༌། འདུན་པ་བསམ་པའི་དངོས་པོ་དང༌། མོས་པ་ངེས་པའི་དངོས་པོ་དང༌། དྲན་པ་འདྲིས་པའི་དངོས་པོ་དང༌། ཏིང་ངེ་འཛིན་དང་ཤེས་རབ་ནི་སྐྱོན་ཡོན་བརྟགས་པའི་དངོས་པོ་ལ་འཇུག་གི མ་བསམ་པ་ལ་སོགས་པ་ཡུལ་གཞན་ལ་འཇུག་པ་ཉུང་བས་འདུན་པ་ལ་སོགས་པ་ལྔ་ནི་ཡུལ་སོ་སོར་ངེས་པ་དང༌། དད་པ་ལ་སོགས་པ་བཅུ་གཅིག་ནི་དགེ་བ་དང༌། འདོད་ཆགས་ལ་སོགས་པ་དྲུག་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ཞིང་སེམས་ཉོན་མོངས་པར་བྱེད་པས་རྩ་བའི་ཉོན་མོངས་དང༌། ལྷག་མ་ཁྲོ་བ་ལ་སོགས་པ་ཉི་ཤུ་པོ་རྣམས་ནི་རྩ་ཉོན་རྣམས་ཀྱི་ཆར་གཏོགས་ཤིང་དེ་དག་དང་ཉེ་ལ་སེམས་ཉོན་མོངས་པར་བྱེད་པས་ཉེ་བའི་ཉོན་མོངས་པ་ཁོ་ན་དང༌། གཉིད་འགྱོད་དང་རྟོག་དཔྱོད་གཉིས་ཚན་གཉིས་ཏེ་བཞི་ནི་ཉེ་ཉོན་ཁོ་ནར་ངེས་ཀྱི། ཉོན་མོངས་ཅན་དང༌། ཉོན་མོངས་ཅན་མ་ཡིན་པ་རྣམ་པ་གཉིས་སམ། ཉོན་མོངས་ཅན་མ་ཡིན་པ་ལའང་དགེ་བ་དང་མ་བསྒྲིབས་ལུང་མ་བསྟན་གཉིས་སུ་འགྱུར་བས་གསུམ་མམ། ཉོན་མོངས་ཅན་ལའང་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་གཉིས་ཏེ་བཞིར་ཡང་འགྱུར་བས་གཞན་དུ་འགྱུར་བ་སྟེ། སྡེ་ཚན་དྲུག་ཏུ་བཤད་པ་ལས་སྡེ་ཚན་དང་བོ་གཉིས་དང་གསུམ་པའི་གཏི་མུག་མེད་པ་དང༌། བག་ཡོད་བཏང་སྙོམས་རྣམ་པར་མི་འཚེ་བ་སྟེ་བཞི་མ་གཏོགས་པའི་ལྷག་མ་བདུན་དང༌། ལྟ་བ་ལས་གཞན་པའི་རྩ་ཉོན་ལྔ་སྟེ་ཉི་ཤུ་རྩ་གཉིས་ནི་བརྗོད་པ་སྒྲ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་བློའི་ཡུལ་དུ་འགྱུར་བས་རྫས་ཡོད་དང༌། ལྷག་མ་ཉི་ཤུ་རྩ་དགུ་ནི་རྒྱུ་མཚན་དེ་ལས་བཟློག་པས་བཏགས་ཡོད་ཡིན་པའམ། ཁ་ཅིག་ན་རེ། གང་ཞིག་རང་གི་ངོ་བོ་ལོགས་སུ་གྲུབ་པ་ནི་རྫས་ཡོད་དང༌། གང་ཞིག་ལས་རང་བཞིན་ལོགས་སུ་གྲུབ་པ་མེད་པ་ལོགས་སུ་བརྗོད་པ་ནི་བཏགས་ཡོད་ཡིན་ནོ། །ཞེས་ཟེར་ཞེས་གསུངས་ཤིང༌། མངོན་པ་འོག་མ་ལྟར་ན་མཛོད་ལས། ཚོར་དང་སེམས་པ་འདུ་ཤེས་དང༌། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང༌། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། ༈ །དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང༌། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང༌། ༈ །རྨོངས་དང་བག་མེད་ལེ་ལོ་དང༌། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང༌། ༈ །མི་དགེ་ལ་ནི་ཁྲེལ་མེད་དང༌། །ངོ་ཚ་མེད་པའོ༌༈ ཁྲོ་བ་དང༌། །ཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་འཆབ་སེར་སྣ་དང༌། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་བ་རྣམས། །ཞེས་དང༌། སློབ་དཔོན་དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང༌། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང༌། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་གསུངས་པ་ལྟར་སེམས་བྱུང་ཞེ་དྲུག་པོ་ཐམས་ཅད་རྫས་ཡོད་དུ་བཞེད་དོ། །དེའི་ཕྱིར་གཏི་མུག་མེད་པའི་དགེ་རྩ་ནི་ཤེས་རབ་དགེ་བ་དང༌། རྩ་ཉོན་གྱི་ལྟ་བ་དང་ཤེས་བཞིན་མ་ཡིན་པ་གཉིས་ནི་ཤེས་རབ་ཉོན་མོངས་ཅན་དང༌། བརྗེད་ངེས་དང་རྣམ་གཡེང་ནི། རིམ་པ་བཞིན་ཉོན་མོངས་ཅན་གྱི་དྲན་པ་དང་ཏིང་ངེ་འཛིན་ཡིན་པས་སེམས་བྱུང་ལྔ་བཅུ་རྩ་གཅིག་གི་རྣམ་བཞག་མ་བྱས་སོ། །དེ་དག་ལས་ཚོར་བ་དང༌། འདུ་ཤེས་ཀྱི་ངོ་བོ་ནི་བཤད་ཟིན་ལ། སེམས་པ་ནི། རང་སྟོབས་ཀྱིས་སེམས་མངོན་པར་འདུ་བར་བྱེད་པ་ཡིད་ཀྱི་ལས་སོ། །རང་སྟོབས་ཀྱིས་ཞེས་པ་འདི་སེམས་བྱུང་ཐམས་ཅད་ཀྱི་དོན་ལ་སྦྱར་དགོས་སོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པ་སྟེ། དམིགས་པ་ལ་སེམས་འཛིན་པའི་སེམས་བྱུང་ངོ༌། །རེག་པ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པའི་དེའོ། །འདུན་པ་ནི། ཡུལ་དེ་འདོད་པའི་སེམས་བྱུང་ངོ༌། །མོས་པ་ནི། ཇི་ལྟར་ངེས་པ་བཞིན་མི་འཕྲོགས་པར་འཛིན་པའི་དེའོ། །དྲན་པ་ནི། འདྲིས་པའི་དངོས་པོ་མི་བརྗེད་པའི་དེའོ། །ཏིང་ངེ་འཛིན་ནི། དམིགས་པ་ལ་སེམས་རྩེ་གཅིག་ཏུ་གཏོད་པའི་དེའོ། །ཤེས་རབ་ནི། རང་ཡུལ་སོ་སོར་འབྱེད་པའོ། །དད་པ་ནི་ཡོན་ཏན་ཅན་ལ་དགའ་བ་དང་ལས་འབྲས་སོགས་ལ་ཡིད་ཆེས་པའོ། །ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་གཉིས་རིམ་པ་བཞིན་རང་དང་གཞན་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པའོ། །ཞེ་སྡང་མེད་པ་ནི། ཀུན་ནས་མནར་སེམས་མེད་པའི་སེམས་བྱུང་ངོ༌། །གཏི་མུག་མེད་པ་ནི། ཡུལ་ལ་སོ་སོར་བརྟགས་ཏེ་ཉེས་སྤྱོད་ལ་མི་འཇུག་པའི་དེའོ། །བརྩོན་འགྲུས་ནི། དགེ་ཕྱོགས་ལ་སྤྲོ་བའི་དེའོ། །ཤིན་སྦྱངས་ནི། ལུས་སེམས་ལས་རུང་དུ་བྱེད་པའི་དེའོ། །བག་ཡོད་ནི། ཉེས་སྤྱོད་ལས་སེམས་སྲུང་བའི་དེའོ། །བཏང་སྙོམས་ནི། སེམས་མཉམ་པ་ཉིད་ལ་འཇུག་པའི་དེའོ། །རྣམ་པར་མི་འཚེ་བ་ནི། གཞན་ལ་ཐོ་མི་འཚམ་པའི་དེའོ། ༈ །འདོད་ཆགས་ནི། སེམས་ཡུལ་དེ་ལ་ཞེན་ཞིང་ཆགས་པར་བྱེད་པའི་སེམས་བྱུང་ངོ༌། །ཁོང་ཁྲོ་ནི། མི་བཟོད་ཅིང་སེམས་འཁྲུགས་པར་བྱེད་པའི་དེའོ། །ང་རྒྱལ་ནི། སེམས་ཁེངས་པར་བྱེད་པའི་དེའོ། །མ་རིག་པ་ནི། སེམས་རྨོངས་པར་བྱེད་པའི་དེའོ། །ཐེ་ཚོམ་ནི། བདེན་པ་སོགས་ལ་སེམས་ཡིད་གཉིས་བྱེད་པའི་དེའོ། །འཇིགས་ཚོགས་ལ་ལྟ་བ་ནི། ཉེར་ལེན་གྱི་ཕུང་བོ་སོགས་ལ་བདག་ཏུའམ་བདག་གིར་འཛིན་པའིལྟ་བའོ། །མཐར་འཛིན་པར་ལྟ་བ་ནི། ཉེར་ལེན་གྱི་ཕུང་བོ་དེ་དག་ལ་རྟག་པའམ་ཆད་པར་ལྟ་བའི་ལྟ་བའོ། །ལྟ་བ་མཆོག་འཛིན་ནི། ལོག་ལྟ་སོགས་ལྟ་བ་ངན་པ་དང་ལྟ་བའི་གནས་ཉེར་ལེན་གྱི་ཕུང་པོ་སོགས་ལ་དམ་པ་དང་མཆོག་ཏུ་འཛིན་པའི་ལྟ་བའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ནི། ཚུལ་ཁྲིམས་དམན་པ་དང་བརྟུལ་ཞུགས་དམན་པ་སོགས་ཐར་བ་དང་གྲོལ་བའི་རྒྱུར་འཛིན་པའི་ལྟ་བའོ། །ལོག་ལྟ་ནི། ལས་འབྲས་སོགས་མེད་པར་འཛིན་པའི་ལྟ་བའོ། ༈ །ཉེ་ཉོན་རྣམས་ལས། ཁྲོ་བ་ནི། ཁོང་ཁྲོའི་ཆར་གཏོགས། གཞན་ལ་ཀུན་ནས་མནར་བར་འདོད་པའི་སེམས་བྱུང་ངོ༌། །ཁོན་དུ་འཛིན་པ་ནི། ཁྲོས་པའི་འོག་ཏུ་ད་དུང་མི་བཟོད་པར་ཁོན་དེ་ཉིད་སེམས་ལ་རྒྱུན་ཏུ་འཛིན་པའི་སེམས་བྱུང་ངོ༌། །འཆབ་པ་ནི། ཉེས་པ་དེ་དངོས་སུ་སྦེད་ཅིང་གསོད་པར་བྱེད་པའི་སེམས་བྱུང་ངོ༌། །འཚིག་པ་ནི། ཁོང་ཁྲོ་དང་ཁོན་འཛིན་སོགས་ཀྱིས་ཀུན་ནས་བླངས་ཏེ་ཚིག་རྩུབ་པོ་དང་བརླང་བོ་སོགས་སྨྲ་བར་འདོད་པའི་དེའོ། །ཕྲག་དོག་ནི། གཞན་གྱི་ཕུན་སུམ་ཚོགས་པ་ལ་བློ་མི་བདེ་ཞིང་མི་བཟོད་པའི་དེའོ། །སེར་སྣ་ནི། ཡོ་བྱད་སོགས་དམ་པོར་བཟུང་ནས་གཞན་ལ་གཏོང་མི་འདོད་པའི་དེའོ། །སྒྱུ་ནི། བཟང་བོ་མིན་ཡང་བཟང་བོ་ལྟར་རྫུ་བ་དང༌། ཡོན་ཏན་མེད་ཀྱང་ཡོད་པ་ལྟར་འཆོས་པར་འདོད་པའི་དེའོ། །གཡོ་ནི། སེམས་གྱ་གྱུ་བ་སྟེ་ཉེས་པ་ཐབས་ཀྱིས་སྦེད་པར་འདོད་པ་སྟེ། ཉེས་སྦེད་གཡོ་དང་བཟང་རྫུ་སྒྱུ། །ཞེས་པ་ལྟར་རོ། །རྒྱགས་པ་ནི། རང་གི་རིགས་གཟུགས་ཐོས་པ་ལང་ཚོ་དབང་ཐང་སོགས་ཅི་རིགས་ལ་དམིགས་ནས་ཡིད་ཚིམ་ཞིང་གཏུགས་པའི་དེའོ། རྣམ་པར་འཚེ་བ་ནི། གཞན་ལ་ཐོ་འཚམ་པར་འདོད་པའི་དེའོ། ངོ་ཚ་མེད་པ་ནི། རང་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམ་པ་དང༌། ཁྲེལ་མེད་པ་ནི། གཞན་རྒྱུ་མཚན་དུ་བྱས་ནས་དེ་ལ་མི་འཛེམ་པའི་དེའོ། །ཡང་ན་མཛོད་ལས། མ་གུས་ངོ་ཚ་མེད་ཁྲེལ་མེད། །ཁ་ན་མ་ཐོ་འཇིགས་མི་ལྟ། །དགའ་དད་གུས་ཉིད་ངོ་ཚ་ཤེས། །ཞེས་པ་ལྟར་རོ། །རྨུགས་པ་ནི། གཏི་མུག་གི་ཆར་གཏོགས་སེམས་ལ་མུན་པ་བབ་པ་ལྟར་སེམས་ཀྱི་དམིགས་པ་མི་གསལ་བར་བྱེད་པའི་དེའོ། །རྒོད་པ་ནི། ཡུལ་སྡུག་པ་སོགས་ལ་སེམས་འཕྲོ་བར་བྱེད་པའི་དེའོ། །མ་དད་པ་ནི། ལས་འབྲས་སོགས་ལ་ཡིད་མི་ཆེས་ཤིང་དགེ་ཕྱོགས་ལ་མི་དགའ་བའི་དེའོ། །ལེ་ལོ་ནི། དགེ་བའི་ཕྱོགས་ལ་ཡིད་མི་སྤྲོ་བའི་དེའོ། །བག་མེད་ནི། ཉེས་པའི་ཕྱོགས་ལ་སྒོ་གསུམ་ཅི་རིགས་ལྷོད་པོར་འཇུག་པར་བྱེད་པའི་དེའོ། །བརྗེད་ངེས་དང་ཤེས་བཞིན་མ་ཡིན་པ་གཉིས་རིམ་པ་བཞིན་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་དྲན་པ་དང་ཤེས་རབ་ཡིན་པར་གསུངས་ལ། ངོ་བོ་ནི་རིམ་པ་བཞིན་ཡུལ་གྱི་དོན་དེ་ཡིད་ལ་དྲན་པར་མི་བྱེད་པ་དང༌། ཡུལ་གྱི་དོན་ལ་སེམས་ཀྱིས་ལྟ་རྟོག་བྱེད་དུ་མི་འཇུག་པའི་སེམས་བྱུང་ངོ༌། །རྣམ་གཡེང་ནི། སེམས་ཕྱི་རོལ་ཏུ་འཕྲོ་བར་བྱེད་པའི་སེམས་བྱུང་ངོ༌། །གཞན་འགྱུར་བཞི་ལས། གཉིད་ནི། སེམས་ཀྱི་འཇུག་པ་རང་དབང་མེད་པར་སྡུད་པར་བྱེད་པ་སྟེ། ཀུན་སློང་དང་མཚུངས་ལྡན་གྱི་དབང་གིས་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་དོ། །འགྱོད་པ་ནི། དགེ་བ་དང་མི་དགེ་བའི་བྱ་བ་ཡིད་ལ་བཅགས་པ་སྟེ། དགེ་བ་ལ་འགྱོད་པ་མི་དགེ་བ་དང༌། །མི་དགེ་བ་ལ་འགྱོད་པ་དགེ་བ་ཡིན་པ་ལ་འདི་ལ་ལུང་མ་བསྟན་མེད་དོ། །རྟོག་པ་ནི། དོན་གྱི་ངོ་བོ་ལ་རྩིང་བར་འཇུག་པ་དང༌། དཔྱོད་པ་ནི། དོན་གྱི་ཁྱད་པར་ལ་ཞིབ་མོར་འཇུག་པའི་སེམས་བྱུང་སྟེ། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་པ་ལྟར་རོ། །སེམས་བྱུང་དེ་རྣམས་ལས། ཁོང་ཁྲོ་དང་ཁོང་ཁྲོའི་ཆར་གཏོགས་ཀྱི་སེམས་བྱུང་མི་དགེ་བ་སོགས་ཁམས་གོང་མར་མེད་ལ། བསམ་གཏན་དང་བོ་ཙམ་ན་རྟོག་དཔྱོད་གཉིས་ཀ་ཡོད་ཀྱང༌། དང་བོ་ཁྱད་པར་ཅན་ན་དཔྱོད་པ་ཙམ་ལས་རྟོག་པ་མེད་ལ། བསམ་གཏན་གཉིས་པ་ཡན་ཆད་ན་དེ་གཉིས་གང་ཡང་མེད་དེ། མཛོད་ལས། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་བོ་དག་ན་མེད། །རྟོག་པ་བསམ་གཏན་ཁྱད་པར་ཅན། །དེ་ཡི་གོང་ན་དཔྱོད་པ་ཡང་། །ཞེས་གསུངས་པའི་ཕྱིར་རོ། །མདོ་དྲན་པ་ཉེར་བཞག་ལས། ཇི་ལྟར་ཉི་མའི་འོད་ཟེར་གཅིག་ཏུ་འདུ་ཡང་འོན་ཀྱང་ངོ་བོ་གཞན་ཡིན་པ་དེ་བཞིན་དུ། རྣམ་པར་ཤེས་པའི་མཚན་ཉིད་གཞན་ཡིན་པ་ནས་སེམས་པའི་བར་དུ་གཞན་ནོ། །ཞེས་གསུངས་པ་ལྟར། སེམས་དང་སེམས་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་ཐ་དད་པ་རྣམས་ཀྱི་ངོ་བོ་དང་བྱེད་ལས་སོགས་མི་འདྲ་བ་ཡིན་ཡང་སོ་སོར་རྟོགས་པར་དཀའ་སྟེ། མཆིམས་འཇམ་པའི་དབྱངས་ཀྱིས། འདི་དག་གི་ཁྱད་པར་ནི་ཡིད་ཆེས་པའི་ལུང་ལས་ཤེས་པར་བྱ་བ་ཡིན་གྱི། ཕྲ་བས་རྟོགས་པར་དཀའ་བའི་ཕྱིར་དབང་བོའི་ཡུལ་ནི་མ་ཡིན་ཏེ། ཞེས་དང༌། མཛོད་འགྲེལ་ལས། རེ་ཞིག་སྨན་ལ་སོགས་པ་གཟུགས་ཅན་རྣམས་ལ་ཡང་རོ་མང་བོ་ཁ་ཅིག་རོའི་ཁྱད་པར་དབང་བོས་གཟུངས་པར་བྱ་བ་རྣམས་ངེས་པར་གཟུང་བར་དཀའ་ན། ཆོས་གང་དག་གཟུགས་ཅན་མ་ཡིན་ཞིང་བློས་གཟུང་བར་བྱ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པས་སོ། །ད་ནི་རྣམ་པར་ཤེས་པའི་ཕུང་བོ་འཆད་དེ། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང༌། །ཞེས་པ་ལྟར། ཡུལ་གྱི་ངོ་བོ་རང་སྟོབས་ཀྱིས་སོ་སོར་རྣམ་པར་རིག་པ་ནི། རྣམ་པར་ཤེས་པའི་ཕུང་བོའི་མཚན་ཉིད། དབྱེ་ན་རང་གི་སྡེ་བ་ཕལ་ཆེར་ནི། མིག་གི་རྣམ་པར་ཤེས་པར་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་རྣམ་ཤེས་ཚོགས་དྲུག་ཏུ་འདོད་ལ། རྣལ་འབྱོར་སྤྱོད་པའི་སློབ་དཔོན་ཕལ་ཆེར་ནི། མདོ་སྡེའི་དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་དང༌། སྟུག་པོ་བཀོད་པའི་མདོ་ལས། ཇི་ལྟར་ཟླ་བ་སྐར་ཚོགས་དང༌།། ལྷན་ཅིག་མཁའ་ལ་གནས་པ་ལྟར༌། །དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང༌། །རྣམ་ཤེས་བདུན་དང་ལྷནཅིག་གནས། །ཞེས་སོགས་ལྟར། རྣམ་ཤེས་ཚོགས་དྲུག་གི་སྟེང་དུ་ཉོན་ཡིད་དང་ཀུན་གཞི་རྣམ་ཤེས་དང་བཅས་རྣམ་ཤེས་ཚོགས་བརྒྱད་དུ་འདོད་ཅིང༌། སློབ་དཔོན་ཡང་དག་བདེན་པས་ཚོགས་བརྒྱད་ཀྱི་སྟེང་དུ་དྲི་མ་མེད་པའི་རྣམ་ཤེས་དང་བཅས་རྣམ་ཤེས་ཚོགས་དགུར་འདོད། ཡང་སློབ་དཔོན་ཁ་ཅིག བྲམ་ཟེའི་ཚོམ་ལས། གང་ཞིག་ལུས་མེད་ཕུག་ན་གནས། །རིང་དུ་འགྲོ་ཞིང་གཅིག་པུ་རྒྱུ། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །དེ་ནི་བྲམ་ཟེ་ངས་བཤད་དོ། །ཞེས་པ་ལྟར་རྣམ་ཤེས་གཅིག་ལས་མེད་ཀྱང༌། དབང་པོའི་སྒོ་ཐ་དད་པ་ནས་ཡུལ་ལ་འཇུག་པའི་དབང་གིས་རྣམ་ཤེས་དྲུག་ལྟ་བུར་མངོན་ཏེ། དཔེར་ན་སྒྲོན་མེ་གཅིག་ཉིད་བུ་ཀ་སོ་སོ་ནས་སྣང་བ་བཞིན་ནོ། །ཞེས་བཤད་དོ། །རྣམ་གྲངས་ནི། མཛོད་ལས། སེམས་དང་ཡིད་དང་རྣམ་ཤེས་རྣམས། །དོན་གཅིག་ཅེས་པ་ལྟར་རོ།།

ཁམས་བཅོ་བརྒྱད་བཤད་པ།

ད་ནི་ཁམས་བཅོ་བརྒྱད་འཆད་དེ། གཟུགས་ཀྱི་ཁམས་དང༌། སྒྲའི་ཁམས་དང༌། དྲིའི་ཁམས་དང༌། རོའི་ཁམས་དང༌། རེག་བྱའི་ཁམས་དང༌། ཆོས་ཀྱི་ཁམས་ཏེ། གཟུང་བ་ཡུལ་གྱི་ཁམས་དྲུག་གོ། མིག་གི་ཁམས་དང༌། རྣ་བའི་ཁམས་དང༌། སྣའི་ཁམས་དང༌། ལྕེའི་ཁམས་དང༌། ལུས་ཀྱི་ཁམས་དང༌། །ཡིད་ཀྱི་ཁམས་ཏེ་རྟེན་དབང་བོའི་ཁམས་དྲུག་གོ །མིག་གི་རྣམ་པར་ཤེས་པའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་རྣམ་པར་ཞེས་པའི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་གོ། མཛོད་ལས། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། །ཞེས་གསུངས་པས། འདོད་པ་ན་ཁམས་བཅོ་བརྒྱད་དང༌། གཟུགས་ན་དྲི་རོ་དང་སྣ་ལྕེ་རྣམ་ཤེས་མ་གཏོགས་པའི་བཅུ་བཞིའོ། །གཟུགས་མེད་ཁམས་ན་ཆོས་ཡིད་རྣམ་ཤེས་ཀྱི་ཁམས་གསུམ་ཙམ་ཡོད་དོ། །འདོད་པའི་ཟག་བཅས་ཐམས་ཅད་ནི་འདོད་ཁམས་ཡིན་ལ། འདོད་པའི་འདོད་ཆགས་ཀྱི་དམིགས་པ་ཐམས་ཅད་འདོད་པའི་ཟག་བཅས་ཡིན་པས། ཁམས་གོང་མ་གཉིས་ལ་ཡང་དེ་ལྟར་ཡིན་ནོ། །སྐྱེ་མཆེད་བཅུ་གཉིས་ཀྱི་སྐབས་སུ། རྣམ་ཤེས་ཀྱི་ཁམས་དྲུག་ཡིད་ཀྱི་སྐྱེ་མཆེད་དུ་བསྡུས་ནས་བསྟན་པ་ཡིན་ལ། དེ་ཡང་གཟུགས་ཀྱི་ཁམས་དང་གཟུགས་ཀྱི་སྐྱེ་མཆེད་གཉིས་དོན་གཅིག་ཡིན་པ་ནས། ཡིད་ཀྱི་ཁམས་དང་ཡིད་ཀྱི་སྐྱེ་མཆེད་དག་དོན་གཅིག་ཡིན་པའི་བར་རོ། །དེའི་ཕྱིར་བཅོ་བརྒྱད་ཀྱི་ཡིད་ཁམས་ཀྱང་རྣམ་ཤེས་དྲུག་ལས་རྫས་ལོགས་སུ་མེད་དོ། །གཟུགས་ཅན་གྱི་དབང་བོ་ལྔ་ནི་ནང་གི་གཟུགས་ཤིན་ཏུ་དང་བ་ཞིག་ཡིན་པས། མིག་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་ནོ། །གཞུང་གཞན་ལས། མིག་གི་དབང་བོ་ནི་ཟི་རའི་མེ་ཏོག་ཁ་ཕྱེ་བ་ལྟ་བུ་དང༌། རྣ་བའི་དབང་བོ་ནི་གྲོ་ག་གཅུས་པ་ལྟ་བུ་དང༌། སྣའི་དབང་བོ་ནི་རག་དུང་ཁ་ཐུར་དུ་གཤིབས་པ་ལྟ་བུ་དང༌། ལྕེའི་དབང་བོ་ནི་ཟླ་གམ་ལྟ་བུ་དང༌། ༈ ལུས་ཀྱི་དང་བོ་ནི་བྱ་རེག་འཇམ་གྱི་པགས་པ་ལྟ་བུ་ཞིག་ཡིན་པར་བཤད་དོ། །ཕུང་བོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད། །ཅེས་གསུངས་པས། ཕུང་བོ་ལ་འདུས་བྱས་ཀྱིས་ཁྱབ་ལ། སེམས་བྱུང་རྣམས་དང་འདུས་མ་བྱས་རྟག་པ་སོགས་ཀྱང་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཡིན་པས། ཤེས་བྱ་ཡིན་ན་སྐྱེ་མཆེད་བཅུ་གཉིས་གང་རུང་དང༌། ཁམས་བཅོ་བརྒྱད་པོ་གང་རུང་ཡིན་པས་ཁྱབ་བོ།།

རེག་པ་དྲུག་ནི། མིག་གི་འདུས་ཏེ་རེག་པ། རྣ་བའི་འདུས་ཏེ་རེག་པ། སྣའི་འདུས་ཏེ་རེག་པ། ལྕེའི་འདུས་ཏེ་རེག་པ། ལུས་ཀྱི་འདུས་ཏེ་རེག་པ། ཡིད་ཀྱི་འདུས་ཏེ་རེག་པ་སྟེ་དྲུག་གོ །ངོ་བོ་ནི། དབང་བོའི་ཡུལ་དང་དབང་བོ་དང་རྣམ་ཤེས་གསུམ་འདུས་ཏེ་རང་གི་ཡུལ་ཡོངས་སུ་གཅོད་པའི་སེམས་བྱུང་ངོ༌། ༈ །ཚོར་བ་དྲུག་ནི། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟེ་དྲུག་གོ།

༈ ཁམས་དྲུག་ནི། ས་ཆུ་མེ་རླུང་གི་ཁམས་བཞི་དང༌། ནམ་མཁའི་ཁམས་དང༌། རྣམ་ཤེས་ཀྱི་ཁམས་སོ། །མདོ་ལས། དགེ་སློང་དག་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ། །ཞེས་དང༌། ཁམས་དྲུག་ལ་བརྟེན་ནས་མའི་མངལ་དུ་འཇུག་པར་འགྱུར་རོ། །ཞེས་གསུངས་ཤིང༌། སྨན་གྱི་རྒྱུད་ལས་ཀྱང༌། ལས་མ་མཛོམ་ན་རྣམ་ཤེས་མི་འཇུག་སྟེ། །ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། །མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། །ནམ་མཁའ་མེད་པར་འཕེལ་བའི་གོ་མི་ཕྱེད། །ཅེས་གསུངས་པ་ལྟར་རོ།།

རྟེན་འབྲེལ་ཡན་ལག་བཅུ་གཉིས་བཤད་པ།

རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། མངོན་པ་ཀུན་བཏུས་ལས། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤིའི་རྟེན་འབྲེལ་ལོ། །མདོར་བསྡུས་བས། ཇི་ལྟ་བུ་ཡིན་ཞེ་ན། འཕེན་པའི་ཡན་ལག་དང༌། འཕངས་པའི་ཡན་ལག་དང༌། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང༌། མངོན་པར་གྲུབ་པའི་ཡན་ལག་གོ། འཕེན་པའི་ཡན་ལག་གང་ཞེ་ན། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའོ། །འཕངས་པའི་ཡན་ལག་གང་ཞེ་ན། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བའོ། །མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་གང་ཞེ་ན། སྲེད་པ་དང༌། ལེན་པ་དང༌། སྲིད་པའོ། །མངོན་པར་གྲུབ་པའི་ཡན་ལག་གང་ཞེ་ན། སྐྱེ་བ་དང༌། རྒ་ཤིའོ། །ཞེས་གསུངས་པ་ལྟར་ལ། གསུམ་པ་རྣམ་ཤེས་ལ་རྒྱུ་དུས་དང་འབྲས་དུས་ཀྱི་ཆ་གཉིས་ཡོད་པས། འདི་ནི་རྒྱུ་དུས་ཀྱི་རྣམ་ཤེས་ཀྱི་དབང་དུ་བྱས་ཤིང༌། འབྲས་དུས་ཀྱི་རྣམ་ཤེས་ནི་འཕང་འབྲས་ཡིན་ནོ། །ཐོག་མའི་མ་རིག་པ་ནི། དབུ་མ་ལ་འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣམ་འབྱོར་བ་ཡིས་བདག་ནི་འགོག་པར་བྱེད། །ཅེས་དང༌། ཚད་མ་རྣམ་འགྲེལ་ལས། ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན། །རིག་པའི་མི་མཐུན་ཕྱོགས་ཕྱིར་དང༌། །སེམས་བྱུང་ཉིད་ཀྱིས་དམིགས་པའི་ཕྱིར། །ལོག་པར་དམིགས་ཉིད་མ་རིག་པར། །གསུངས་ཕྱིར་གཞན་ནི་རིགས་མ་ཡིན། །ཞེས་དང༌། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་ཐོག་མའི་མ་རིག་པའི་གཙོ་བོ་ལ་འཇིག་ལྟ་ཞིག་དགོས་པར་གསུངས་ལ། དེ་ཡང་ཟླ་བ་སྒྲོན་མེ་མདོ་ལས། མི་ཤེས་པ་མེད་པ་གང་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་རྣམས་ལ་སྒྲོ་འདོགས་པ་མེད་པ་ཡིན་ནོ། །ཞེས་པ་འདི་ཁུངས་སུ་བྱེད་པར་གསུངས་སོ། །སློབ་དཔོན་ཆེན་པོ་ཐོགས་མེད་ཀྱིས་ནི། བསྡུ་བ་ལས། གལ་ཏེ་མ་རིག་པ་དང་ལྟ་བ་རྣམས་མཚན་ཉིད་འདྲ་བ་ཡིན་པར་འགྱུར་ན། དེས་ན་བཅོམ་ལྡན་འདས་ཀྱིས་བག་ལ་ཉལ་བདུན་པོ་དག་ཏུ་ལྟ་བའི་བག་ལ་ཉལ་རྣམ་པར་བཞག་པ་མཛད་པར་མི་འགྱུར་ལ། བཅོམ་ལྡན་འདས་ཀྱིས་ལྟ་བ་རྣམས་ལ་མ་རིག་པ་ཞེས་བྱ་བའི་མིང་གིས་ནི་གང་དུའང་མ་བསྟན་ཏོ། །ཞེས་དང༌། མཛོད་ལས་ཀྱང༌། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་རྫུན་སོགས་བཞིན། །ཀུན་སྦྱོར་སོགས་ཚིག་ཕྱིར་གལ་ཏེ། །ཤེས་རབ་ངན་པའོ་མིན་ལྟ་ཕྱིར། །ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ། །ཞེས་མ་རིག་པ་ནི། རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་ཞིག་ཡིན་ཞིང༌། དེ་ཡང་དཔེར་ན། མཛའ་བའི་འགལ་ཟླ་མི་མཛའ་བ་དང༌། བདེན་ཚིག་གི་འགལ་ཟླ་རྫུན་ཚིག་འཇོག་པ་བཞིན་དུ། རིག་པའི་འགལ་ཟླ་ཞིག་དགོས་ལ། འཇིག་ལྟ་མ་རིག་པ་ཡིན་ན། འཇིག་ལྟ་དང་མཚུངས་ལྡན་གྱི་སེམས་ཀྱི་འཁོར་དུ་མ་རིག་པ་གཉིས་ཡོད་དགོས་པས་རྫས་མཚུངས་ཉམས་པའི་སྐྱོན་ཡོད་པར་གསུངས་སོ། །རྟེན་འབྲེལ་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པས། འཕགས་པ་ལ་གཉིས་པ་འདུ་བྱེད་ཀྱི་ལས་གསར་དུ་གསོགས་པ་མེད་ལ། དེའི་ཕྱིར་འཕགས་པས་ཐོག་མའི་མ་རིག་པ་མ་སྤང་ནའང་མངོན་དུ་མི་འགྱུར་བར་བཤད་དོ།།

གཉིས་པ་འདུ་བྱེད་ཀྱི་ལས་ནི། ཀུན་བཏུས་ལས། ལས་གཅིག་གིས་ལུས་དུ་མ་འཕེན་པའི་ལས་ཀྱང་ཡོད། ལས་དུ་མས་ལུས་གཅིག་འཕེན་པའི་ལས་ཀྱང་ཡོད། ཅེས་གསུངས་ལ། མཛོད་ལས། གཅིག་གིས་སྐྱེ་བ་གཅིག་འཕེན་ཏོ། །ཡོངས་རྫོགས་བྱེད་པ་དུ་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་ན། ལས་གཅིག་གིས་སྐྱེ་བ་དུ་མ་འཕངས་པར་གསུངས་པའི་མདོ་དང་མི་འགལ་ལམ་ཞེ་ན་མི་འགལ་ཏེ། དཔེར་ན། མི་ཞིག་གིས་དོང་ཙེ་གཅིག་ལན་དུ་མར་བསྒྱུར་ཏེ། བདག་ནི་དོང་ཙེ་གཅིག་གིས་དབང་ཕྱུག་འདི་ཐོབ་པར་གྱུར་རོ། །ཞེས་སྨྲས་པ་ལྟ་བུའོ། །ཞེས་བྱེ་བྲག་སྨྲ་བས་འདོད་དོ། །མདོ་ལས། སེམས་ཅན་འདི་དག་ནི་ལས་བདག་གིར་བྱ་བ། ༈ ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་ལ་བརྟེན་པར་བྱ་བ་དག་སྟེ། ལས་ནི་སེམས་ཅན་མཐོན་པོ་དང༌། དམའ་བ་དང༌། ངན་པ་དང༌། གྱ་ནོམ་པ་རྣམ་པར་འབྱེད་པའོ། །ཞེས་གསུངས་ཤིང༌། དེ་ཡང་མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་པ་ལྟར། རྫུན་སྨྲ་བར་བྱའོ་སྙམ་པ་དང༌། སྲོག་གཅོད་པར་བྱའོ་སྙམ་པའི་ལུས་ངག་གི་ལས་ཀྱི་ཀུན་སློང་གི་སེམས་པ་ནི། ཡིད་ཀྱི་ལས་དང༌། སེམས་པ་དེ་དག་གིས་ཀུན་ནས་བསླང་ཏེ་རྫུན་སྨྲ་བའི་ལས་དང༌། སྲོག་བཅད་པའི་ལས་ནི་བསམ་པའི་ལས་སོ། །བྱེ་བྲག་སྨྲ་བ་སོགས་ཀྱིས་ལུས་ངག་གི་ལས་བདུན་གཟུགས་སུ་འདོད་ཅིང༌། སེམས་ཙམ་པ་དང་རང་རྒྱུད་པ་སོགས་ཀྱིས་ལུས་ངག་གི་བྱ་བ་དེ་དང་མཉམ་དུ་འཇུག་པའི་སེམས་པ་ཞིག་ལ་འདོད་དོ། །དེ་ཡང་ལས་དེ་དག་དངོས་སུ་བསགས་པའིསྐབས་ཀྱི་དབང་དུ་བྱས་ཀྱི། རྫུན་དང་སྲོག་གཅོད་ཀྱི་ལས་སོགས་གཞན་ལ་བཅོལ་བས་བྱུང་བ་ཡོད་པའི་ཕྱིར་དང༌། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་པའི་ལུང་གི་དོན་གྲུབ་མཐའ་སོ་སོའི་བཤད་ཚུལ་ཡོད་པའི་ཕྱིར། སྤྱིར་ལས་ལ་དབྱེ་ན། ལས་དེའི་རྣམ་སྨིན་ལས་དེ་བསགས་པའི་ཚེ་དེ་ལ་མཐོང་བས་མཐོང་ཆོས་ལ་མྱོང་བར་འགྱུར་བའི་ལས་དང༌། ལས་བསགས་པའིདངོས་ཀྱི་སྐྱེ་བ་ཕྱི་མ་ལ་རྣམ་སྨིན་མྱོང་བར་འགྱུར་བས། སྐྱེ་ནས་མྱོང་འགྱུར་གྱི་ལས་དང༌། སྐྱེ་བ་གཉིས་ཕན་ཆད་དུ་མྱོང་བར་འགྱུར་བས་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང༌། རྣམ་སྨིན་མྱོང་བར་མ་ངེས་པས་མ་ངེས་པའི་ལས་དང་བཞི་ལས། བྱེ་བྲག་སྨྲ་པས། ངེས་པའི་ལས་གསུམ་པོ་གང་རུང་ཡིན་ན། རྣམ་སྨིན་འབྱིན་པས་ཁྱབ་ཅིང༌། མཐོང་ཆོས་མྱོང་འགྱུར་གྱི་ལས་ལ་རང་ཉིད་བསགས་པའི་རྟེན་དེ་ལ་རྣམ་སྨིན་གྱི་འགོ་བརྩམས་ནས། མཇུག་རྫོགས་དགོས་པས་འཕེན་བྱེད་ཀྱི་ལས་མེད་པར་འདོད་དེ། གསུམ་གྱིས་རིས་ནི་འཕེན་པར་བྱེད། །ཅེས་དང༌། ལྷག་པས་གནོད་པ་ལྷག་པར་འགྱུར། །ཞེས་སོགས་གསུངས་པ་ལྟར་རོ། །གོང་མའི་ལུགས་ལ་མཚམས་མེད་ཀྱི་ལས་ཀྱང༌། སྟོབས་བཞི་ཚང་བའི་བཤགས་བསྡམ་གྱིས་འདག་ནུས་པས། ངེས་པའི་ལས་གསུམ་གྱིས་ཀྱང་གཅིག་ཏུ་རྣམ་སྨིན་འབྱིན་པའི་མ་ཁྱབ་ལ། མྱོང་འགྱུར་གསུམ་ཡང་ལས་བསགས་པ་པོ་དང༌། དེའི་སྐྱེ་བ་གཉིས་པ་དང་གསུམ་པའི་རྟེན་ལ་རྣམ་སྨིན་གྱི་འགོ་བརྩམས་པས་ཆོག་གི་མཇུག་སྐྱེ་བ་མང་བོའི་བར་དུ་མྱོང་བ་ཡོད་དེ། བཤེས་སྤྲིང་ལས། གང་ཞིག་སྡོན་ཆད་བག་མེད་གྱུར་བ་དག །ཕྱིས་ནས་བག་དང་ལྡན་པ་ཉིད་གྱུར་ན། །ཟླ་བ་སྤྲིན་བྲལ་ལྟ་བུར་རབ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་པ་དང༌། གཞོན་ནུ་ཞིག་གིས་ལྷར་སྐྱེ་བར་འདོད་ནས། སངས་རྒྱས་འཁོར་བཅས་ལ་བསོད་སྙོམས་ཕུལ་པའི་ལས་ཀྱི་རྣམ་སྨིན་དང༌། གནས་བརྟན་མ་འགགས་པའི་བྱུང་བ་ལྟ་བུའོ། །གཞན་ཡང༌། མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་ནི་རིམ་བཞིན་དུ། །ནག་དང་དཀར་དང་གཉིས་ཀའི་ལས། །ཞེས་འདོད་པའི་དགེ་བའི་ལས་ཀྱི་ངོ་བོ་དཀར་ཡང༌། འདོད་པ་ན་མི་དགེ་བ་མང་ཞིང་སྟོབས་ཆེ་བས་དེ་ལྟར་གསུངས་ལ། ཀུན་བཏུས་ལས། ཁམས་གསུམ་གྱི་དགེ་བའི་ལས་རྣམས་དཀར་བའི་ལས་དང༌། བསམ་པ་གནག་ལ་སྦྱོར་བ་དཀར་བའམ་སྦྱོར་བ་གནག་ལ་བསམ་པ་དཀར་བོའི་ལས་ནི། རྣམ་སྨིན་དཀར་ནག་འདྲེས་མའི་ལས་སུ་གསུངས་སོ། །སྒྲ་བཤད་ནི་ཡང་སྲིད་མངོན་པར་འདུ་བར་བྱེད་པའི་ལས་ཡིན་པས་འདུ་བྱེད་ཀྱི་ལས་ཞེས་བྱ་ལ། དགྲ་བཅོམ་པའི་རྒྱུད་ལ་འདུ་བྱེད་ཀྱི་ལས་ཡོད་ཀྱང༌། ཡང་སྲིད་འདུ་བར་མི་བྱེད་དེ། སློབ་དཔོན་གང་སྤེལ་གྱིས། སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །ཞོན་ཞིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །འདི་ནི་ཉོན་མོངས་འཕང་ལོ་གཅིག་ཉམས་ན། །ལས་ཀྱི་འཕང་ལོ་གཅིག་བུ་འཁོར་མ་ཡིན། །ཞེས་གསུངས་པའི་ཕྱིར། ༈ གསུམ་པ་རྣམ་ཤེས་ལ་འཕེན་བྱེད་རྒྱུ་དུས་དང་འབྲས་དུས་ཀྱི་རྣམ་ཤེས་གཉིས་ལས། གཉིས་པ་འདུ་བྱེད་ལས་ཀྱི་བག་ཆགས་བགོ་གཞིའི་རྣམ་ཤེས་ནི་དང་བོ་དང༌། ལས་དེའི་དབང་གིས་གྲུབ་པའི་སྐྱེ་སྲིད་ཀྱི་རྣམ་ཤེས་ནི་གཉིས་པ་ཡིན་ནོ། ༈ བཞི་བ་མིང་གཟུགས་ནི། ལས་དེའི་འཕང་འབྲས་ཀྱི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་བཞི་ནི། མིང་ཡིན་ལ། འཕང་འབྲས་ཀྱི་ལུས་དབང་ལ་སོགས་པ་ནི། གཟུགས་ཀྱི་རྟེན་འབྲེལ་ཡིན་ནོ། ༈ །ལྔ་བ་སྐྱེ་མཆེད་ནི། རྫས་སྐྱེས་ལ་འཕང་འབྲས་ཀྱི་མིག་སོགས་སྐྱེ་མཆེད་རྣམས་གཅིག་ཆར་གྲུབ་ལ། སྐྱེ་གནས་གཞན་གསུམ་ལ་ལུས་དབང་སྔོན་དུ་གྲུབ་པའི་རྗེས་སུ་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་རིམ་གྱིས་གྲུབ་བོ། ༈ །དྲུག་པ་རེག་པ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་ཏེ་ཡུལ་ལ་རེག་པ་སྟེ། རང་སྟོབས་ཀྱིས་ཡུལ་ཡོངས་སུ་གཅོད་པའི་འཕང་འབྲས་ཀྱི་སེམས་བྱུང་རེག་པའོ། །དེ་ཡང་མདོ་ལས། མཚོ་ནི་གང་ལས་ལྡོག་པར་འགྱུར། །ལམ་ནི་གང་ལས་ལྡོག་པ་ལགས། །ཞེས་པའི་དོན་རྣལ་འབྱོར་སྤྱོད་པའི་ས་ལས། མཚོ་ཆུ་དང་ལྡན་ཞིང༌། ཆུ་ཡོད་ལ་རེག་ན་བདེ་བ་ནི། ནས། ཐ་ན་རི་དྭགས་དང་བྱ་ཡན་ཆད་ཀྱི་ཉེ་བར་འཚོ་བ་ཡིན་པ་བཞིན་དུ། རེག་པའི་སྐྱེ་མཆེད་དྲུག་ཀྱང༌། ནས། སྲེད་པའི་རླན་གྱི་ཆ་དེ་དག་གཏན་དུ་ཡོངས་སུ་ཟད་པར་མ་གྱུར་ཅིང་མཐར་ཐུག་པར་མ་གྱུར་གྱི་བར་དུ་བྱིས་པ་རྣམས་ཡུལ་དྲུག་གི་རེག་པ་རེག་ན་བདེ་བ་རྣམས་ཀྱིས་ཉེ་བར་འཚོའོ། །ཞེས་གསུངས་པ་ལྟར་རོ། ༈ །བདུན་པ་ཚོར་བ་ནི། རེག་པ་དེ་དག་གིས་རྐྱེན་ལས་བྱུང་བའི་འཕང་འབྲས་ཀྱི་ཚོར་བའོ། ༈ །བརྒྱད་པ་སྲེད་པ་ནི། ཚོར་བ་དེ་དག་གི་རྐྱེན་ལས་བྱུང་སྟེ། ཡུལ་ཡིད་དུ་འོང་བ་སོགས་ལ་དམིགས་པའི་འདོད་ཆགས་སོ། ༈ །དགུ་བ་ལེན་པ་ནི། སྲེད་པ་དེའི་རྐྱེན་ལས་བྱུང་སྟེ། སྲེད་པའི་ཡུལ་དེ་དག་དོན་དུ་གཉེར་ཞིང༌། འཕེན་བྱེད་ལས་ལ་གསོས་འདེབས་པའི་བྱེད་ལས་ཅན་གྱི་འདོད་ཆགས་སོ། ༈ །བཅུ་བ་སྲིད་པ་ནི། ལེན་པའི་རྐྱེན་གྱིས་ཡང་སྲིད་འགྲུབ་པའི་ནུས་པ་མཐུ་ཅན་དུ་གྱུར་པའི་ལས་སོ། །དེ་ཡང་ཕལ་ཆེར་གྱི་དབང་དུ་བྱས་པ་ལས། མཚམས་མེད་ཀྱི་ལས་སོགས་ལས་སྟོབས་ལྡན་འགའ་ཞིག་ལེན་པས་གསོས་བཏབ་པ་ལ་མ་ལྟོས་པར། བཅུ་བ་སྲིད་པར་གྱུར་བའང་ཡོད་པར་བཤད་དོ། ༈ །བཅུ་གཅིག་པ་སྐྱེ་པ་ནི། ལས་དེའི་མཐུས་སྐྱེ་གནས་སུ་ཉིང་མཚམས་སྦྱར་བའི་འཕང་འབྲས་ཀྱི་ཕུང་བོ་བཞིའམ་ལྔའོ། ༈ །བཅུ་གཉིས་པ་རྒ་ཤི་ནི། རིམ་པ་བཞིན་ན་ཚོད་གཞན་དུ་གྱུར་བ་དང༌། འགྲོ་བ་དེའི་རིས་མཐུན་པ་དོར་བའོ། །དེ་ཡང་འཇིག་རྟེན་དུ་རྒ་བ་དང་ཤི་བའི་གོ་རིམ་མ་ངེས་པས། དེ་གཉིས་ཡན་ལག་གཅིག་ཏུ་བྱས་པར་གསུངས་སོ། །གནས་སྐབས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། མཛོད་ལས། དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །སྔོན་དང་ཕྱི་མཐར་གཉིས་གཉིས་དང༌། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལོ། །མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྡོན་ལས་ཀྱི། །རྣམ་ཤེས་མཚམས་སྦྱོར་ཕུང་བོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་ཅན་གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན། །འདི་ནི་གནས་སྐབས་པར་འདོད་ལོ། །ཞེས་གསུངས་པ་ལྟར་རོ། །ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་ཚུལ་ནི། རྟེན་འབྲེལ་ལས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་བ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་དང༌། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་དང༌། མཛོད་ལས། ཉོན་མོངས་པ་ལས་ཉོན་མོངས་དང༌། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །འདིར་ནི་སྲིད་པའི་ཡན་ལག་ལུགས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་དཔེར་ན། མ་རིག་པ་ནི། རྒན་མོ་ལོང་བ་ལྟ་བུ། འདུ་བྱེད་ཀྱི་ལས་ནི་རྫ་མཁན་ལྟ་བུ། རྣམ་ཤེས་ནི་སྤྲེའུ་ལྟ་བུ། མིང་གཟུགས་ནི་གྲུ་མཁན་ལྟ་བུ། སྐྱེ་མཆེད་དྲུག་ནི་གྲོང་ལྟ་བུ། རེག་པ་ནི་འོ་བྱེད་པ་ལྟ་བུ། ཚོར་བ་ནི་བུས་མོར་མདའ་ཟུག་པ་ལྟ་བུ། སྲེད་པ་ནི་ཆང་འཐུང་བ་ལྟ་བུ། ལེན་པ་ནི་མེ་ཏོག་འཐུ་བ་ལྟ་བུ། སྲིད་པ་ནི་བྱ་སྒོང་ལྟ་བུ། སྐྱེས་པ་ནི་མ་ལས་བུ་སྐྱེས་པ་ལྟ་བུ། རྒ་ཤི་དག་ནི་རྒན་པོ་དང་འཆི་བའི་རྣམ་པ་ལྟ་བུའི་རི་མོ་འབྲི་ཚུལ་སོགས་འདུལ་བའི་སྡེ་སྣོད་དག་ལས་གསུངས་སོ།།

སྤྱོད་པའི་ལམ་ཕར་ཕྱིན་དྲུག་བཤད་པ།

གཉིས་པ་རྣམ་བྱང་ཕྱོགས་ཀྱི་འགྲེས་རྐང་ལྔ་བཅུ་རྩ་ལྔ་ལས། དང་བོ་སྤྱོད་པའི་ལམ་ཕར་ཕྱིན་དྲུག་འཆད་དེ། དབུ་མ་རིན་ཆེན་ཕྲེང་བ་ལས། སྦྱིན་པ་རང་གི་བདོག་པ་གཏོང༌། །ཚུལ་ཁྲིམས་གཞན་ལ་ཕན་པར་བྱེད། །བཟོད་པ་ཁྲོ་བའི་གཉེན་པོར་གསུངས། །བརྩོན་འགྲུས་དགེ་ལ་བརྩོན་པ་སྟེ། །བསམ་གཏན་ཉོན་མོངས་མེད་རྩེ་གཅིག །ཤེས་རབ་བདེན་དོན་ངེས་འབྱེད་ཡིན། །སྦྱིནཔའི་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པའི་མདངས་དང་བརྩོན་པས་འོད། །བསམ་གཏན་ཞི་དང་བློ་གྲོས་གྲོལ། །ཞེས་དང༌། བྱང་ས་ལས། སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། ཡོ་བྱད་ཐམས་ཅད་དང་རང་གི་ལུས་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའི་མ་ཆགས་པ་དང༌། ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང༌། དེས་ཀུན་ནས་བསླང་བའི་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང་ངག་གི་ལས་དང༌། སྦྱིན་པར་བྱ་བའི་དངོས་པོ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་ཡོངས་སུ་གཏོང་བ་དང༌། ཞེས་དང༌། ཀུན་བཏུས་ལས། སྦྱིན་པའི་ལས་གང་ཞེ་ན། དེའི་གཞི་དང༌། ཀུན་ནས་སློང་པ་དང༌། དངོས་པོ་དང༌། ངོ་བོ་ཉིད་ཀྱིས་ཀྱང་རིག་པར་བྱ་སྟེ། གཞི་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་དང་ཏིག་མུག་མེད་པའོ། །ཀུན་ནས་སློང་པ་ནི། དེ་དག་དང་མཚུངས་པར་ལྡན་པའི་སེམས་པའོ། །དངོས་པོ་ནི་སྦྱིན་པར་བྱ་བའི་དངོས་པོའོ། །ངོ་བོ་ཉིད་ནི། གཏོང་བ་ན་ལུས་དང་ངག་གི་ལས་སོ། །ཞེས་དང༌། མཛོད་འགྲེལ་ལས། གང་ཚེ་སྐྱེས་བུ་དགེ་ཡིད་ཀྱིས། །རང་གི་རྫས་དག་སྦྱིན་བྱེད་པ། །དེ་ཚེ་དགེ་བའི་ཕུང་པོ་རྣམས། །སྦྱིན་པ་ཞེས་ནི་བརྗོད་པ་ཡིན།། ཞེས་སྦྱིན་པའི་སྐབས་ཀྱི་ལུས་དང་ངག་གི་ལས་ཀུན་སློང་མཚུངས་ལྡན་དང་བཅས་པ་སྦྱིན་པ་ཡིན་པར་གསུངས་སོ། །བྱང་ས་ལས། དེ་ལ་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་གང་ཞེ་ན། མདོར་བསྡུ་ན་ཡོན་ཏན་རྣམ་པ་བཞི་དང་ལྡན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པ་དང༌། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང༌། ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང༌། མི་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་ནས་དྲན་པ་ཉེ་བར་གནས་པའོ། །ཞེས་པ་དང༌། མཛོད་ལས། རྣམ་དག་ཡོན་ཏན་བཞི་ལྡན་ནོ། །འཆལ་ཁྲིམས་དེ་རྒྱུ་འཕེན་མ་བྱུང༌། །དེ་གཉེན་པོ་དང་ཞི་ལ་བརྟེན། །ཞེས་འཆལ་ཁྲིམས་ཀྱིས་སྐྱོན་མ་བྱུང་བ་དང༌། འཆལ་ཁྲིམས་ཀྱི་རྒྱུ་ཆགས་སོགས་ཉོན་མོངས་པས་སྐྱོན་མ་བྱུང་པ་དང༌། འཆལ་ཁྲིམས་ཀྱི་གཉེན་པོ་དྲན་ཤེས་བག་ཡོད་བརྟེན་པ་དང༌། ཚུལ་ཁྲིམས་ཀྱི་དགེ་བ་ཐར་བའི་རྒྱུར་བསྡོས་པས་ཞི་བ་ལ་བརྟེན་པ་སྟེ། སོ་ཐར་གྱི་ཚུལ་ཁྲིམས་རྣམ་དག་ཡོན་ཏན་བཞི་ལྡན་དུ་གསུངས་པ་དང་གཉིས་མི་འདྲའོ། །ཡང་བྱང་ས་ལས། རིག་པའི་གནས་ལྔ་བོ་ནང་གི་རིག་པ་དང༌། གཏན་ཚིགས་རིག་པ་དང༌། གསོ་བ་རིག་པ་དང༌། སྒྲའི་རིག་པ་དང༌། བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ལ་དམིགས་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །ཞེས་གསུངས་ཤིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་དོན་ནི། བརྒྱད་སྟོང་འགྲེལ་ཆེན་ལས། ཕ་རོལ་ཏེ་རབ་ཀྱི་མཐར་འགྲོ་བ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དང༌། འཇུག་འགྲེལ་ལས། དེ་ལ་ཕ་རོལ་ནི་འཁོར་བའི་རྒྱ་མཚོའི་ཕར་འགྲམ་མམ་ངོགས་ཏེ། ཞེས་གསུངས་ལ། བརྒྱད་སྟོང་དོན་བསྡུས་ལས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །སྒྲུབ་བྱའི་དོན་དང་དེ་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་སངས་རྒྱས་ཀྱི་སའི་གཉིས་སུ་མེད་པའི་ཡེ་ཤེས་ནི། འབྲས་བུ་ཤེར་ཕྱིན་དང༌། བྱང་ཆུབ་སེམས་དཔའི་རྒྱུད་གྱི་ལམ་ཤེར་ཕྱིན་དང༌། ཡུམ་འབུམ་པ་སོགས་གཞུང་ཤེར་ཕྱིན་དུ་གསུངས་ལ། དེ་ཡང་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ཕ་རོལ་ཏུ་ཕྱིན་ཟིན་པ་དང༌། ཕྱིན་བྱེད་ཀྱི་དབང་དུ་བྱས་པའི་བཤད་ཚུལ་ཡང་ཡོད་དོ།།

ལྟ་བའི་ལམ་སྟོང་ཉིད་བཅོ་བརྒྱད་བཤད་པ།

ད་ནི་ལྟ་བའི་ལམ་སྟོང་ཉིད་བཅོ་བརྒྱད་འཆད་དེ། རྒྱུད་བླ་མ་ལས། ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི། །སྦྲང་རྩི་རོ་གཅིག་པ་བཞིན་ཏེ། །ཞེས་དང༌། རང་བཞིན་འགྱུར་བ་མེད་པ་དང༌། །དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་གྱི་ནི། གཟུགས་དང་མཚུངས་པར་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར། དེ་བཞིན་ཉིད་ཐམས་ཅད་ནི་དགག་བྱ་བདེན་གྲུབ་བཀག་པ་ཙམ་དུ་རོ་གཅིག་པ་དང༌། ངོ་བོ་གཞན་དུ་འགྱུར་བ་མེད་ཀྱང་སྟོང་གཞི་མི་འདྲ་བའི་དབང་གིས་སྟོང་ཉིད་བཅུ་དྲུག་དང་བཅོ་བརྒྱད་དང་ཉི་ཤུར་ཡང་གསུངས་སོ། །དེ་ཡང་མིག་ནས་ཡིད་དབང་གི་བར་ནང་གི་དབང་བོ་དྲུག་བདེན་པར་གྲུབ་པས་སྟོང་བའི་སྟོང་བ་ཉིད་ནི། ནང་སྟོང་བ་ཉིད་དང༌། ཕྱིའི་ཡུལ་དྲུག་བདེན་པས་སྟོང་བ་ནི་ཕྱི་སྟོང་བ་ཉིད་དང༌། ཕྱི་ནང་གཉིས་ཀའི་སྐྱེ་མཆེད་བདེན་གྲུབ་ཀྱིས་སྟོང་བ་ནི་ཕྱི་ནང་སྟོང་བ་ཉིད་དེ། ཕྱི་ནང་མིག་འབྲས་སོགས་ལ་སྦྱར་ནས་བཤད་པའང་ཡོད་མོད། འདིའི་མདོ་ལས་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང་སྦྱར་ནས་གསུངས་སོ། །སྟོང་བ་ཉིད་བདེན་པས་སྟོང་བ་ནི་སྟོང་བ་ཉིད་སྟོང་བ་ཉིད་དང༌། ཤར་ལ་སོགས་པའི་ཕྱོགས་རྣམས་བདེན་པས་སྟོང་བ་ནི་ཆེན་པོ་སྟོང་པ་ཉིད་དེ། ཕྱོགས་ཀྱིས་འཇིག་རྟེན་ཐམས་ཅད་ལ་ཁྱབ་པས་ཕྱོགས་ལ་ཆེན་པོ་ཞེས་བརྗོད་དོ། །ཐར་བའམ་མྱ་ངན་ལས་འདས་པ་ནི་དོན་དམ་པའི་དགེ་བ་ཡིན་པས་དེ་བདེན་པས་སྟོང་བ་ནི་དོན་དམ་པ་སྟོང་བ་ཉིད་དང༌། འདུས་བྱས་བདེན་པས་སྟོང་བ་ནི་འདུས་བྱས་སྟོང་བ་ཉིད་དང༌། འདུས་མ་བྱས་བདེན་བས་སྟོང་བ་ནི་འདུས་མ་བྱས་སྟོང་བ་ཉིད་དང༌། དབུ་མའི་ལམ་ནི་རྟག་པ་དང་ཆད་པའི་མཐའ་ལས་འདས་པ་ཡིན་པས་དེ་བདེན་པས་སྟོང་བ་ནི་མཐའ་ལས་འདས་པ་སྟོང་བ་ཉིད་དང༌། འཁོར་བ་སྤྱི་ལ་ཐོག་མ་དང་མཐའ་མ་མེད་པས་འཁོར་བ་བདེན་པས་སྟོང་བ་ནི་ཐོག་མ་དང་མཐའ་མ་མེད་པ་སྟོང་བ་ཉིད་དང༌། སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་དོར་བྱ་མ་ཡིན་པས་དགེ་བའི་ཆོས་བདེན་པས་སྟོང་པ་ནི་དོར་བ་མེད་པ་སྟོང་པ་ཉིད་དང༌། ཆོས་རྣམས་ཀྱི་གནས་ལུགས་སམ་རང་བཞིན་བདེན་པས་སྟོང་བ་ནི་རང་བཞིན་སྟོང་བ་ཉིད་དང༌། ཆོས་ཐམས་ཅད་བདེན་པས་སྟོང་བ་ནི་ཆོས་ཐམས་ཅད་སྟོང་བ་ཉིད་དང༌། ཆོས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་མཚན་ཉིད་བདེན་པས་སྟོང་བ་ནི་རང་གི་མཚན་ཉི་སྟོང་བ་ཉིད་དང༌། འདས་མ་འོངས་ད་ལྟའི་དུས་གསུམ་ཕན་ཚུན་གཅིག་གི་དུས་སུ་གཅིག་མི་དམིགས་པས་དུས་གསུམ་བདེན་པས་སྟོང་བ་ནི་མི་དམིགས་པ་སྟོང་བ་ཉིད་དང༌། དངོས་པོ་རྣམས་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བས། དངོས་པོའི་ངོ་བོ་རང་བཞིན་གྱིས་མེད་པའི་ཀུན་རྫོབ་ཀྱི་ངོ་བོ་ཉིད་བདེན་གྲུབ་ཀྱིས་སྟོང་བ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་དང༌། ཕུང་པོ་ལྔ་ལ་སོགས་པའི་དངོས་པོ་བདེན་པས་སྟོང་བ་ནི་དངོས་པོ་སྟོང་པ་ཉིད་དང༌། དངོས་མེད་བདེན་པས་སྟོང་བ་ནི་དངོས་པོ་མེད་པ་སྟོང་ཉིད་དོ། །དེའི་སྟེང་དུ་ཆོས་རྣམས་རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་རང་བཞིན་བདེན་པས་སྟོང་བ་ནི་རང་གི་ངོ་བོ་སྟོང་བ་ཉིད་དང༌། གཙོ་བོ་སོགས་གཞན་གྱིས་བྱས་པ་མ་ཡིན་པར་ཐོག་མ་མེད་པ་ནས་གནས་པའི་ཆོས་རྣམས་ཀྱི་རང་བཞིན་བདེན་གྲུབ་ཀྱིས་སྟོང་བ་ནི། གཞན་གྱི་དངོས་པོ་སྟོང་བ་ཉིད་དེ་ཉི་ཤུའོ། །དེ་ཡང་ཤེར་མདོའི་ཚོགས་སྒྲུབ་ཡེ་ཤེས་ཀྱི་ཚོགས་ཀྱི་སྐབས་སོགས་སུ་གསུངས་ཏེ། འཇུག་པ་ལས། ཤེས་རབ་ཕ་རོལ་ཕྱིན་ཚུལ་ལས། །དེ་དག་དེ་སྐད་རབ་ཏུ་བསྒྲགས། །ཞེས་གསུངས་པ་ལྟར་རོ། །ད་ནི་རྣལ་འབྱོར་གྱི་ལམ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འཆད་དེ། དེ་ཡང་དྲན་པ་ཉེར་བཞག་བཞི། ཡང་དག་པར་སྤོང་པ་བཞི། རྫུ་འཕྲུལ་གྱི་རྐང་བ་བཞི། དབང་བོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཀུན་བཏུས་ལས། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དམིགས་པ་གང་ཞེ་ན། ལུས་དང་ཚོར་བ་དང༌། སེམས་དང་ཆོས་སོ། །ཞེས་དང༌། ངོ་བོ་ཉིད་གང་ཞེ་ན། ཤེས་རབ་དང་དྲན་པའོ། །ཞེས་དང༌། བསྒོམ་པ་གང་ཞེ་ན། ནང་གི་ལུས་ལ་སོགས་པ་ལ་ལུས་ལ་སོགས་པའི་རྗེས་སུ་ལྟ་བའོ། །ཞེས་དང༌། མཛོད་ལས། དྲན་པ་ཉེར་བཞག་བསྒོམ་པར་བྱ། །ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ཤེས་རབ་ཐོས་སོགས་ལས་བྱུང་བ། གཞན་ནི་འབྲེལ་དང་དམིགས་པ་ལས། །རིམ་ནི་ཇི་ལྟར་སྐྱེ་བ་བཞིན། །ཕྱིན་ཅི་ལོག་གི་གཉེན་པོར་བཞི། །ཞེས་གསུངས་པ་ལྟར། ལུས་མི་གཙང་བ་ལ་གཙང་བར་འཛིན་པ་དང༌། ཚོར་བ་སྡུག་བསྔལ་བ་ལ་བདེ་བར་འཛིན་པ་དང༌། སེམས་མི་རྟག་པ་ལ་རྟག་པར་འཛིན་པ་དང༌། ཆོས་བདག་མེད་པ་ལ་བདག་ཏུ་གྲུབ་པར་འཛིན་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོར་སྦྱར་རོ། །རང་གི་ལུས་དུར་ཁྲོད་ཀྱི་ཤི་རོའི་ལུས་སོགས་ཀྱི་རྗེས་སུ་ལྟ་བ་ནི། ལུས་ལ་ལུས་ཀྱི་རྗེས་སུ་སྒོམ་ཚུལ་ལོ། །མདོ་ལས་ཀྱང༌། དགེ་སློང་དག་བགྲོད་པ་གཅིག་པའི་ལམ་ནི་འདི་ཡིན་ནོ། །འདི་ལྟར་སྟེ་དྲན་པ་ཉེ་བར་བཞག་པ་རྣམས་སོ། །ཞེས་གསུངས་སོ། ༈ །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཡང་དག་པར་སྤོང་བ་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེ་བ་རྣམས་མི་བསྐྱེད་པའི་ཡང་དག་པར་སྤོང་བ་དང༌། དགེ་བའི་ཆོས་མ་སྐྱེ་བ་རྣམས་སྐྱེད་པའི་ཡང་དག་པར་སྤོང་བ་དང༌། དགེ་བའི་ཆོས་སྐྱེ་བ་རྣམས་གོང་དུ་སྤེལ་བའི་ཡང་དག་པར་སྤོང་བ་སྟེ་ཡང་དག་པར་སྤོང་བ་རྣམ་པ་བཞིའོ། །དེ་ཡང་སྡིག་པ་སྐྱེས་པ་སྤོང་བ་ནི། སྡིག་པ་དེ་མི་འཆབ་པ་དང་འགྱོད་པ་དང་བདག་ལ་སྨོད་པ་དང་བཤགས་པ་སོགས་སོ། །སྡིག་པ་མ་སྐྱེ་བ་མི་སྐྱེད་པ་ནི། དྲན་པ་དང་ཤེས་བཞིན་གྱི་སྒོ་ནས་སྤོང་བར་སེམས་པའོ། །དགེ་བ་མ་སྐྱེ་བ་བསྐྱེད་པ་ནི། དགེ་བའི་བཤེས་གཉེན་བསྟེན་པ་ལ་སོགས་པའོ། །དགེ་བ་སྐྱེས་པ་གོང་དུ་སྤེལ་བ་ནི། ཡོན་ཏན་ཤེས་ནས་དགའ་བ་ལ་སོགས་པའོ། ༈ །ཀུན་བཏུས་ལས། འདུན་པའི་རྫུ་འཕྲུལ་གྱི་རྐང་བ་རྣམས་ཀྱང་བཤད་པར་བྱའོ། །ནས། འདི་ན་དགེ་སློང་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་ཅིང་གཅིག་ཏུ་གྱུར་ནས་མང་བོ་འགྱུར་ཞེས་བྱ་བ་ལ་སོགས་པ་དང༌། དེ་བཞིན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་བསྒྱུར་བར་བྱེད་དེ་འདི་ནི་རྫུ་འཕྲུལ་ཞེས་བྱའོ། །རྫུ་འཕྲུལ་གྱི་རྐང་བ་གང་ཞེ་ན། འདུན་པའི་ཏིང་ངེ་འཛིན་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང༌། སེམས་པའི་ཏིང་ངེ་འཛིན་དང༌། དཔྱོད་པའི་ཏིང་ངེ་འཛིན་ཏེ། འདི་དག་ནི་རྫུ་འཕྲུལ་གྱི་རྐང་བ་ཞེས་བྱའོ། །ཞེས་གསུངས་པས། རྫུ་འཕྲུལ་ནི་སྤྲུལ་བསྒྱུར་དང༌། འདུན་པ་དང་བརྩོན་འགྲུས་དང་སེམས་པ་དང་དཔྱོད་པ་བཞི་ནི་རྒྱུ་དང་རྐང་བ་ནི་ཏིང་ངེ་འཛིན་ཡིན་ནོ། །མཛོད་འགྲེལ་ལས། ཅིའི་ཕྱིར་ཏིང་ངེ་འཛིན་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བཤད་ཅེ་ན་དེ་ནི་ཡོན་ཏན་ཐམས་ཅད་འབྱོར་བའི་རྟེན་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །ཏིང་ངེ་འཛིན་དེ་སྐྱེ་བའི་ཐབས་ནི། དབུས་མཐའ་ལས། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་ཉེས་པ་ལྔའི་གཉེན་པོར་འདུ་བྱེད་བརྒྱད་བསྟེན་དགོས་པར་གསུངས་ལ། དེ་ཡང་ཉེས་པ་ལྔ་ནི། ཏིང་ངེ་འཛིན་ལ་མི་འཇུག་པའི་ལེ་ལོ་དང༌། ཏིང་ངེ་འཛིན་གྱི་དམིགས་རྟེན་བརྗེད་པ་དང༌། བྱིང་རྒོད་གཉིས་དང༌། བྱིང་རྒོད་གཉིས་གང་རུང་བྱུང་བའི་ཚེ་དེའི་གཉེན་པོ་མི་བསྟེན་པ་སྟེ་འདུ་མི་བྱེད་པ་དང༌། ཞི་ལྷག་ཟུང་འབྲེལ་དུ་འཇུག་ཅིང་བྱིང་རྒོད་ཞི་བའི་ཚེ་ན་དེ་དག་གི་གཉེན་པོ་འདུ་བྱེད་པ་དང་ལྔའོ། །ཉེས་པ་དང་པོ་ལེ་ལོའི་གཉེན་པོ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་བསམ་ནས་དེ་ལ་ཡིད་ཆེ་བའི་དད་པ་དང༌། ཏིང་ངེ་འཛིན་བསྒོམ་འདོད་ཀྱི་འདུན་པ་དང༌། ཏིང་དེ་འཛིན་སྒོམ་པའི་བརྩོན་འགྲུས་དང༌། བརྩོན་འགྲུས་དེ་ལས་བྱུང་བའི་ཤིན་སྦྱངས་བཞིའོ། །གཉིས་པ་གདམས་ངག་བརྗེད་པ་སྟེ་ཏིང་ངེ་འཛིན་གྱི་དམིགས་རྟེན་བརྗེད་པའི་གཉེན་པོ་ནི། ཏིང་ངེ་འཛིན་གྱི་དམིགས་རྟེན་མི་བརྗེད་པའི་དྲན་པའོ། །ཉེས་པ་གསུམ་པ་བྱིང་རྒོད་ཀྱི་གཉེན་པོ་ནི། དེ་དག་བྱུང་མ་བྱུང་རྟོགས་པའི་ཤེས་བཞིན་ནོ། །ཉེས་པ་བཞི་པ་བྱིང་རྒོད་བྱུང་བའི་ཚེ་དེ་དག་གི་གཉེན་པོ་མི་བསྟེན་པའི་གཉེན་པོ་ནི། བྱིང་རྒོད་ཀྱི་གཉེན་པོ་འདུ་བྱེད་པའོ། །ཉེས་པ་ལྔ་པའི་གཉེན་པོ་ནི། བྱིང་རྒོད་ཞི་ནས་ཏིང་ངེ་འཛིན་སྐྱོན་མེད་པར་གནས་པའི་ཚེ་འདུ་བྱེད་བཏང་སྙོམས་སུ་འཇོག་པའོ། །དེ་ལྟར་ཡང་དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །དེ་དག་ཉེས་པ་ལྔར་འདོད་དོ། །ཞེས་དང༌། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་བ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་སོ། །དེ་ཡང་འདིའི་གནས་ནི་འདུན་པ་དང༌། དེ་ལ་གནས་པ་ནི་རྩོལ་བའོ། །རྒྱུ་ནི་འདུན་པའི་རྒྱུ་དད་པའོ། །འབྲས་བུ་ནི་ཤིན་སྦྱང་ངོ༌། །ལྷག་མ་བཞི་ཚིག་ལ་གསལ་པ་ལྟར་རོ། ༈ །དད་པའི་དབང་བོ་དང༌། བརྩོན་འགྲུས་ཀྱི་དབང་བོ་དང༌། དྲན་པའི་དབང་བོ་དང༌། །ཏིང་ངེ་འཛིན་གྱི་དབང་བོ་དང༌། ཤེས་རབ་གྱི་དབང་བོ་སྟེ། རྣམ་བྱང་ཕྱོགས་ལ་དབང་བྱེད་པའི་དབང་བོ་ལྔའོ། ༈ །དད་པའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་དང༌། དྲནཔའི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་ཏེ། མ་དད་པ་ལ་སོགས་པ་རང་རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པའི་སྟོབས་ལྔའོ།།

དྲན་པ་བྱང་ཆུབ་ཀྱི་ཡན་ལག་དང༌། ཤེས་རབ་བྱང་ཆུབ་ཀྱི་ཡན་ལག་དང༌། བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་དང༌། དགའ་བ་བྱང་ཆུབ་ཀྱི་ཡནལག་དང༌། ཤིན་སྦྱང་བྱང་ཆུབ་ཀྱི་ཡན་ལག་དང༌། ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་དང༌། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །སྒྲ་བཤད་ནི། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ནི་སྐབས་འདིའི་བྱང་ཆུབ་དང་དེའི་གྲོགས་སུ་གྱུར་པས་ན་བྱང་ཆུབ་ཀྱི་ཡན་ལག་གོ།

འཕགས་ལམ་ཡན་ལག་བརྒྱད་སོགས་བཤད་པ།

འཕགས་པའི་ལམ་ཡན་ལག་བརྒྱད་ནི། ཡང་དག་པའི་རྩ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏེ་བརྒྱད་དོ། །དེ་ཡང་རྫུན་ཏུ་སྨྲ་བ་སོགས་ངག་གི་ལས་རྣམ་པར་དག་པའི་ཡང་དག་པའི་ངག་གི་ལས་དང༌། སྲོག་གཅོད་པ་སོགས་ལུས་ཀྱི་ལས་རྣམ་པར་དག་པའི་ཡང་དག་པའི་ལས་ཀྱི་མཐའ་སྟེ་ལུས་ཀྱི་ལས་དང༌། ཚུལ་ཆོས་སོགས་ལུས་ངག་གཉིས་ཀའི་ལས་རྣམ་པར་དག་པའི་ཡང་དག་པའི་འཚོ་བ་སྟེ། འདི་ལ་ལུས་ངག་གཉིས་ཀའི་ལས་ཡོད་དོ། །ལུས་ངག་གི་ལས་དེ་དག་གྲུབ་མཐའ་གོང་མ་ཕལ་ཆེར་གྱིས་སེམས་བྱུང་སེམས་པར་འདོད་ཅིང༌། བྱེ་བྲག་སྨྲ་བ་སོགས་ཀྱིས་ལུས་ངག་གི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་འདོད་དོ། །བྱང་ཕྱོགས་སྡེ་ཚན་བདུན་ལམ་གང་གི་སྐབས་སུ་ཐོབ་ཅེ་ན། མཛོད་ལས། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང༌། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །སྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་ཚོགས་ལམ་དང༌། སྦྱོར་ལམ་དྲོད་རྩེ་བཟོད་པ་ཆོས་མཆོག་བཞི་སྟེ། ཚོགས་སྦྱོར་གྱི་ལམ་ལྔའི་སྐབས་སུ་སྡེ་ཚན་དང་པོ་ལྔ་རིམ་གྱི་འཐོབ་པར་གསུངས་ལ། གོང་མ་ལྟར་ན་མངོན་པའི་རྒྱན་ལས། ཐེག་པ་གོང་མ་རྣམས་ནི་དབུས་མཐའ་ལས། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་འབྱུང་བས་སྡེ་ཚན་བདུན་པོ་མདོ་ལས་གསུངས་པའི་གོ་རིམ་ལྟར། ཚོགས་ལམ་ཆུང་ངུ་དང༌། འབྲིང་དང་ཆེན་པོ་དང༌། སྦྱོར་ལམ་དྲོད་རྩེ་གཉིས་དང༌། བཟོད་མཆོག་གཉིས་དང༌། མཐོང་ལམ་དང༌། སྒོམ་ལམ་རྣམས་སུ་རིམ་པ་ལྟར་སྒོམ་སྟེ། འདི་ནི་འཇུག་པ་བདེ་བའི་ལམ་ཡིན་ནོ་ཞེས་བཞེད་དོ། །ཞེས་གསུངས་པ་ལྟར་རོ། །ཁ་ཅིག་ན་རེ། བྱང་ཕྱོགས་སོ་བདུན་ལས་དང་པོ་བཅུ་གཉིས་ལ་མཚུངས་ལྡན་དང་བཅས་པ་འཇོག་ཀྱང༌། སྡེ་ཚན་ཕྱི་མ་བཞི་ལ་དེ་ལྟར་མིན་ཏེ། དད་པའི་དབང་པོ་ལ་དད་པ་དགོས་པ་སོགས་ཡིན་པའི་ཕྱིར། གཙོ་བོ་སྨྲོས་པ་དེ་དག་ནི། །སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན། །ཞེས་སྡེ་ཚན་དང་པོ་གསུམ་དམིགས་ཀྱིས་བཀར་བའི་ཕྱིར་ཞེས་ཟེར་རོ། །གཞན་ཡང་མཛོད་ལས། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་ཉིད་ཕྱིར། །སུམ་ཅུ་རྩ་བདུན་དེ་ཕྱོགས་མཐུན། །མིང་གི་སྒོ་ནས་རྫས་སུ་བཅུ། །དད་དང་བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱང༌། །ཞེས། ངོ་བོ་ཉིད་ཀྱི་བྱང་ཕྱོགས་སོ་བདུན་རྫས་བཅུར་འདུ་བར་གསུངས་ལ། དེ་དག་ལས་ཤེས་རབ་དང༌། བརྩོན་འགྲུས་དང༌། ཏིང་ངེ་འཛིན་ཡིན་པ་བརྒྱད་བརྒྱད་ཡོད་དེ། དྲན་པ་ཉེར་བཞག་ཤེས་རབ་སྟེ། །བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །རྫུ་འཕྲུལ་རྐང་བ་ཏིང་འཛིན་ཏོ། །ཞེས་གསུངས་པའི་ཕྱིར་དང༌། སྡེ་ཚན་ཕྱི་མ་བཞི་པོ་རེ་རེ་ལས་དེ་དག་རེ་རེ་ཡོད་པའི་ཕྱིར། དྲན་པ་བཞི་དང༌། དད་པ་གཉིས་ཡོད་དེ། སྡེ་ཚན་ཕྱི་མ་བཞི་ཆར་ལས་དྲན་པ་ཡོད་པའི་ཕྱིར་དང༌། དབང་སྟོབས་ཀྱི་དད་པ་གཉིས་ཡོད་པའི་ཕྱིར། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ཚུལ་ཁྲིམས་ཀྱི་རྫས་སུ་འདུ་ཞིང༌། ལྷག་མ་བཏང་སྙོམས་དང་དགའ་བ་དང་རྟོག་པ་དང་ཤིན་སྦྱང་བཞི་ནི་རྫས་རེ་རེ་བ་ཡིན་ནོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་བ་ཞེས་པའི་དཔྱོད་པ་ནི་ཤེས་རབ་དང༌། བྱང་ཆུབ་ཡན་ལག་གི་བཏང་སྙོམས་ནི་འདུ་བྱེད་བཏང་སྙོམས་དང༌། དགའ་བ་ནི་ཚོར་བ་ཡིད་བདེ་དང༌། འཕགས་ལམ་ཡན་ལག་གི་རྟོག་པ་ནི། གཞན་འགྱུར་གྱི་རྟོག་པ་ཡིན་ཏེ། བསམ་གཏན་དང་བོ་ན་ཐམས་ཅད། །མི་ལྕོགས་མེད་ན་དགའ་མ་གཏོགས། །གཉིས་པ་ན་ནི་རྟོག་མ་གཏོགས། །གཉིས་ན་དེ་གཉིས་མ་གཏོགས་པ། །བསམ་གཏན་བར་ནའང་གཟུགས་མེད་པ། །གསུམ་ནའང་དེ་དང་ཚུལ་ཡན་ལག །ཞེས་གསུངས་པས་སོ། །ད་ནི་འཕགས་པའི་བདེན་པ་བཞི་འཆད་དེ། དེ་ཡང་སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་བའི་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པའོ། །ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་དང༌། སྡུག་བསྔལ་གྱི་བདེན་པའི་སྤྱིའི་མཚནཉིད་གང་ཞེ་ན། མི་རྟག་པ་ཉིད་ཀྱི་མཚན་ཉིད་དང༌། སྡུག་བསྔལ་བའི་མཚན་ཉིད་དང༌། སྟོང་པའི་མཚན་ཉིད་དང༌། བདག་མེད་པའི་མཚན་ཉིད་དོ། །མི་རྟག་པའི་མཚན་ཉིད་གང་ཞེ་ན། གང་མེད་པའི་མཚན་ཉིད་དང༌། རྣམ་པར་འཇིག་པའི་མཚན་ཉིད་དང༌། འགྱུར་བའི་མཚན་ཉིད་དང༌། འབྲལ་བའི་མཚན་ཉིད། ཅེས་སོགས་དང༌། སྡུག་བསྔལ་གྱི་མཚན་ཉིད་གང་ཞེ་ན། སྡུག་བསྔལ་ཉིད་གསུམ་དང༌། སྡུག་བསྔལ་རྣམ་པ་བརྒྱད་ནི་སྡུག་བསྔལ་ཞེས་བྱའོ། །ཞེས་དང༌། བཅོམ་ལྡན་འདས་ཀྱིས་འདུ་བྱེད་མི་རྟག་པ་ཉིད་དང༌། འདུ་བྱེད་འགྱུར་པ་ཉིད་ལ་དགོངས་ནས། གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བཀའ་སྩལ་ཏོ། །ཞེས་དང༌། མཛོད་ལས། ཡིད་འོང་ཡིད་དུ་མི་འོང་དང༌། །དེ་ལས་གཞན་ཟག་བཅས་རྣམས་ཉིད། །སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །ཞེས་ཚོར་བ་སྡུག་བསྔལ་དང༌། ཟག་བཅས་ཀྱི་ཚོར་བ་བདེ་པ་དང༌། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་གསུམ་ལ་རིམ་པ་བཞིན་སྡུག་བསྔལ་གྱིས་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དུ་གསུངས་ཤིང༌། ཕྱི་མ་གཉིས་སྡུག་བསྔལ་དངོས་མིན་ཡང༌། སློབ་དཔོན་དབྱིག་གཉེན་གྱིས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །དེ་ཉིད་མིག་ཏུ་སོང་ན་ནི། །མི་དགའ་བ་དང་གནོད་སྐྱེད་ལྟར། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ནི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང༌། །ཞེས་དང༌། གང་གི་ཚེ་ཚོར་བའི་ཕྱོགས་གཅིག་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དེའི་ཆེ་ཇི་ལྟར་ན་འདུ་བྱེད་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ཞེས་བརྗོད་ཅེ་ན། རྣམ་པར་འགྱུར་བ་དང༌། མི་རྟག་པའི་ཆོས་ཅན་ཡིན་པའི་ཕྱིར་རྣམ་གྲངས་ཀྱིས་ནི་སྡུག་བསྔལ་ཉིད་ཡིན་ནོ། །དེ་ལ་བདེ་བར་མཐོང་ན་ནི་འདོད་ཆགས་ཅན་རྣམས་དེའི་རོ་མྱོང་བར་བྱེད་པའི་ཕྱིར་འཆིང་བར་འགྱུར་ལ། སྡུག་བསྔལ་དུ་མཐོང་ན་ནི་དེ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་ཐར་བར་འགྱུར་བས། བཅོམ་ལྡན་འདས་ཀྱིས་འདི་ཇི་ལྟར་མཐོང་ན་ཐར་བར་འགྱུར་བ་དེ་ཁོ་ན་བཞིན་དུ་བལྟ་བར་བཀའ་སྩལ་པ་ཡིན་ནོ། །ཞེས་གསུངས་པ་ལྟར། རྣམ་གྲངས་པའི་སྡུག་བསྔལ་ཡིན་ལ། དེ་ཡང་ཟག་བཅས་ཀྱི་ཚོར་བ་བདེ་བ་ནི། རང་གི་ངོ་བོ་བདེ་བ་ཡིན་ཀྱང་ཕྱིས་འགྱུར་བ་ན་སྡུག་བསྔལ་འདྲེན་པར་བྱེད་པས་འགྱུར་བའི་སྡུག་བསྔལ་དང༌། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ནི་ཁམས་གསུམ་ས་དགུ་ཐམས་ཅད་ལ་ཁྱབ་ཅིང་སྡུག་བསྔལ་ཉེ་བར་འདུ་བར་བྱེད་པས་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དུ་གསུངས་སོ། །དེས་ན་ཚོར་བ་སྡུག་བསྔལ་ཡུལ་དང་བཅས་པ་སྡུག་བསྔལ་དུ་གསུངས་པ་ཡང༌། རྣམ་གྲངས་པའི་སྡུག་བསྔལ་དུ་གསུངས་པ་ཡིན་གྱི། དེ་ལྟར་མ་ཡིན་ན་བདེ་བ་དང་སྡུག་བསྔལ་གཉིས་ཀྱི་གཞི་མཐུན་ཡོད་པར་འགྱུར་ཏེ། ཡུལ་ཟག་བཅས་ཀྱི་དངོས་པོ་གཅིག་གིས་ཀྱང་འགའ་ཞིག་ལ་བདེ་བ་དང་འགའ་ཞིག་ལ་སྡུག་བསྔལ་བསྐྱེད་པ་མཐོང་བའི་ཕྱིར། སྟོང་བའི་མཚན་ཉིད་གང་ཞེ་ན། གང་ལ་མེད་པ་དེ་ནི་དེས་སྟོང་བར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདིར་ཡོད་པའོ། །ཞེས་དང༌། བདག་མེད་པའི་མཚན་ཉིད་གང་ཞེ་ན། ཇི་ལྟར་བདག་ཏུ་སྨྲ་བ་རྣམས་ཀྱིས་བདག་ཏུ་བཏགས་པའི་མཚན་ཉིད་དེས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་མཚན་ཉིད་དང་བྲལ་བའོ། །ཞེས་དང༌། རྣམ་འགྲེལ་ལས། དེ་ནི་རེས་འགའ་དམིགས་པའི་ཕྱིར། །མི་རྟག་ཉེས་པའི་རྟེན་ཕྱིར་དང༌། །རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། །བདག་མིན་བྱིན་གྱིས་བརླབས་པའང་མིན། །རྒྱུ་མིན་བྱིན་གྱིས་རླབ་པ་མིན། །ཞེས་སོགས་ཀྱིས། སྡུག་བདེན་རང་ཉིད་གང་ཟག་གི་བདག་མིན་པ་དང༌། བདག་གི་ངོ་བོར་མེད་པས་ན་སྡུག་བདེན་བདག་མེད་པ་དང༌། གང་ཟག་གི་བདག་དེས་སྡུག་བདེན་ལ་དབང་བསྒྱུར་བའམ་བྱིན་གྱིས་བརླབས་པ་དང་བྲལ་བས་ན་སྡུག་བདེན་བདག་གིས་སྟོང་བ་ཞེས་བཤད་ཅིང༌། སྡུག་བདེན་བདག་ཏུ་འཛིན་པའི་གཉེན་པོར་སྡུག་བདེན་བདག་མེད་པ་དང༌། བདག་གིར་འཛིན་པའི་གཉེན་པོར་སྡུག་བདེན་བདག་གིས་སྟོང་བ་སྒོམ་པར་ཡང་གསུངས་སོ། །ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང༌། ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །ཞེས་དང༌། རྒྱུའི་མཚན་ཉིད་དང༌། རབ་ཏུ་སྐྱེ་བའི་མཚན་ཉིད་དང༌། རྐྱེན་གྱི་མཚན་ཉིད་དོ། །རྒྱུའི་མཚན་ཉིད་གང་ཞེ་ན། ཡང་སྲིད་པའི་བག་ཆགས་འཇོག་པའི་བྱེད་རྒྱུ་ཡིན་པའི་ཕྱིར་རྒྱུའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་དང༌། སེམས་ཅན་བག་ཆགས་བསགས་པ་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེར་ཀུན་འབྱུང་བའི་བྱེད་རྒྱུ་ཡིན་ཕྱིར། ཀུན་འབྱུང་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་དང༌། སོ་སོར་རང་དང་རྣམ་པ་མཆོག་ཏུ་འབྱུང་བའི་བྱེད་རྒྱུ་ཡིན་པའི་ཕྱིར་རབ་ཏུ་སྐྱེ་བའི་མཚན་ཉིད་དུ་བལྟའོ། །ཞེས་དང༌། གཞན་དང་གཞན་འཐོབ་པ་དང་འདའ་བའི་བྱེད་རྒྱུ་ཡིན་པའི་ཕྱིར་རྐྱེན་གྱི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་དང༌། འགོག་པའི་བདེན་པ་གང་ཞེ་ན། ནས། ཉོན་མོངས་པ་མི་འབྱུང་བ་སྟེ། གང་དུ་འགོག་པ་དང༌། གང་གིས་འགོག་པ་དང་གང་འགོག་པའོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། །གང་དུ་མིག་དང་རྣ་བ་དང༌། །དེ་བཞིན་སྣ་དང་ལྕེ་དང་ལུས། །ཡིད་དང་དེ་བཞིན་མིང་དང་གཟུགས། །མ་ལུས་པར་ནི་འགོག་གྱུར་པ། །ཞེས་གསུངས་པ་ལྟ་བུའོ། །འགོག་པའི་བདེན་པའི་མཚན་ཉིད་རྣམ་པ་བཞིར་རིག་པར་བྱའོ། །འགོག་པའི་མཚན་ཉིད་དང༌། ཞི་བའི་མཚན་ཉིད་དང༌། གྱ་ནོམ་པའི་མཚན་ཉིད་དང༌། ངེས་པར་འབྱུང་བའི་མཚན་ཉིད་དོ། །ཅིའི་ཕྱིར་འགོག་པའི་མཚན་ཉིད་ཅེས་བྱ་ཞེ་ན། ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་ཞི་བའི་མཚན་ཉིད་ཅེས་བྱ་ཞེ་ན། སྡུག་བསྔལ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་གྱ་ནོམ་པའི་མཚན་ཉིད་ཅེས་བྱ་ཞེ་ན། གཙང་བ་དང་བདེ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་འབྱུང་བའི་མཚན་ཉིད་ཅེས་བྱ་ཞེ་ན། རྟོག་པ་དང་ཕན་པའི་གཞི་ཡིན་པའི་ཕྱིར་རོ། །ཞེས་དང༌། ལམ་གྱི་བདེན་པ་གང་ཞེ་ན། ནས། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་མོ། །ཞེས་དང༌། ཡང་ལམ་གྱི་བདེན་པའི་རྣམ་པ་ནི་མཚན་ཉིད་བཞིན་རིག་པར་བྱ་སྟེ། ལམ་གྱི་མཚན་ཉིད་དང༌། རིག་པའི་མཚན་ཉིད་དང༌། སྒྲུབ་པའི་མཚན་ཉིད་དང༌། ངེས་པར་འབྱིན་པའི་མཚན་ཉིད་དོ། །ཅིའི་ཕྱིར་ལམ་གྱི་མཚན་ཉིད་ཅེས་བྱ་ཞེ་ན། དེ་ཁོ་ནའི་དོན་ཡོངས་སུ་ཚོལ་བའི་ཕྱིར་རོ། །ཅིའི་ཕྱིར་རིག་པའི་མཚན་ཉིད་ཅེས་བྱ་ཞེ་ན། ཉོན་མོངས་པའི་གཉེན་པོའི་ཕྱིར་རོ། །ཅིའི་ཕྱིར་སྒྲུབ་པའི་མཚན་ཉིད་ཅེས་བྱ་ཞེ་ན། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་འབྱིན་པའི་མཚན་ཉིད་ཅེས་བྱ་ཞེ་ན། རྟག་པའི་གནས་སུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །ཞེས་དང༌། འཕགས་པའི་བདེན་པ་བཞི་ཞེས་པའི་དོན་ཡང་མདོ་ལས། འཕགས་པའི་བདེ་བར་གང་གསུངས་པ། །དེ་ནི་གཞན་གྱིས་སྡུག་བསྔལ་རིག །གཞན་གྱི་བདེ་བར་གང་སྨྲས་པ། །དེ་ནི་འཕགས་པས་སྡུག་བསྔལ་རིག །ཅེས་དང༌། ཉན་ཐོས་ཀྱི་ས་ལས། ཅིའི་ཕྱིར་དེ་དག་འཕགས་པ་རྣམས་ཁོ་ནའི་བདེན་པ་དག་ཡིན་ཞེ་ན། འཕགས་པ་རྣམས་ཀྱིས་བདེན་པ་དེ་དག་དེ་ཁོ་ན་ལྟ་བུ་ཡིན་པར་བདེན་པའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་གཟིགས་ཀྱི། བྱིས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་མི་མཐོང་བས་ན་འཕགས་པའི་བདེན་པ་ཞེས་བྱའོ། །ཞེས་སོགས་གསུངས་ལ། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། ལོག་རྟོག་བཅུ་དྲུག་ངོས་བཟུང་བ་དང༌། དེ་དང་འགལ་བའི་རྣམ་པ་བཅུ་དྲུག་ངོས་བཟུང་བའོ། །དང་པོ་ནི། སྡུག་བསྔལ་ལ་ལོག་པར་ཞུགས་པ་གཙང་བ་དང༌། བདེ་བ་དང༌། རྟག་པ་དང༌། བདག་ཏུ་འཛིན་པ་བཞི་དང༌། ཀུན་འབྱུང་ལ་ལོག་པར་ཞུགས་པ་སྡུག་བསྔལ་རྒྱུ་མེད་དུ་འཛིན་པ་དང༌། མི་མཐུན་པ་རྒྱུར་འཛིན་པ་གཉིས། ཕྱི་མ་ལའང་རྒྱུ་གཅིག་ཁོ་ནས་བྱས་པར་འཛིནཔ་དང༌། དབང་ཕྱུག་ལ་སོགས་པ་གཞན་གྱིས་བློ་སྔོན་དུ་བཏང་ནས་བྱས་པར་འཛིན་པ་དང༌། རང་བཞིན་རྟག་ལ་གནས་སྐབས་འགྱུར་པར་འཛིན་པའོ། །འགོག་པ་ལ་ལོག་ཞུགས་ནི། ཐར་བ་ཡེ་མེད་དུ་འཛིན་པ་དང༌། ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ་དང༌། རང་བཞིན་རྟག་ལ་གནས་སྐབས་འགྱུར་བར་འཛིན་པའོ། །སྡུག་བསྔལ་ཟད་པ་ཡོད་ཀྱང་ཡང་ལྡོག་པར་འཛིན་པའོ། །ལམ་ལ་ལོག་ཞུགས་ནི། ཐར་ལམ་ཡེ་མེད་དུ་འཛིན་པ་དང༌། བདག་མེད་གོམས་པ་ལམ་དུ་མི་རིགས་པར་འཛིན་པ་དང༌། བསམ་གཏན་གྱི་ཁྱད་པར་འགའ་ཞིག་ཙམ་ཐར་ལམ་དུ་འཛིན་པ་དང༌། སྡུག་བསྔལ་མི་ལྡོག་པའི་ཆོས་ཅན་དུ་བྱེད་པའི་ལམ་མེད་པར་འཛིན་པའོ། །ཞེས་གསུངས་སོ། །མངོན་པའི་རྒྱན་ལས། ཁ་ཅིག། རྒྱུད་བླ་མ་ལས། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །ཞེས་གསུངས་པའི་ལམ་གྱི་བདེན་པའི་ཆོས་གསུམ་དང༌། ལམ་དང་རིག་པ་དང་སྒྲུབ་པ་དང་ངེས་པར་འབྱིན་པའི་ཆོས་བཞི་མེད་པའི་ཕྱིར། དང་པོ་གཉིས་ལམ་བདེན་མཚན་ཉིད་པ་མ་ཡིན་ནོ་ཞེས་ཟེར་བའང་རིགས་པར་བལྟའོ། །དེས་ན་ལམ་དང་པོ་གཉིས་ནི་རིམ་པ་ལྟར་ལམ་དངོས་ལ་འཇུག་པའི་སྒོ་དང༌། དངོས་སུ་སྦྱོར་བས་ལམ་དུ་བཏགས་པ་ཡིན་ལ། ཕྱི་མ་གསུམ་ནི་རིམ་པ་ལྟར་བདེན་པ་མངོན་སུམ་དུ་མཐོང་པ་དང༌། དེའི་རྒྱུན་གོམས་པར་བྱེད་པ་དང༌། གོམས་པ་མཐར་ཕྱིན་པའི་ལམ་མཚན་ཉིད་པ་ཡིན་ནོ། །ཞེས་ཚོགས་ལམ་དང་སྦྱོར་ལམ་གཉིས་ལམ་བདེན་བཏགས་པ་བར་གསུངས་ཤིང༌། ཚོགས་ལམ་གྱི་མཚན་ཉིད་ཀྱང་དེ་ཉིད་ལས། མཚན་ཉིད་ནི། རྣམ་གྲོལ་ལ་འཇུག་པའི་སྒོ་སྦྱོར་ལམ་གྱི་སྔ་རོལ་ཏུ་བྱུང་བའི་དགེ་བའི་ཚོགས་སོ། །ཞེས་དང༌། སྒྲའི་དོན་ནི་ཐར་བར་འཇུག་པའི་ཚོགས་སྒྲུབ་པའི་ཕྱིར་ཚོགས་ཀྱི་ལམ་མོ། །ཞེས་དང༌། མཐོང་ལམ་དོན་དམ་མངོན་སུམ་དུ་མཐོང་བ་ལ་སྦྱོར་བར་བྱེད་པས་སྦྱོར་ལམ་མོ། །ཞེས་དང༌། ཚོགས་ལམ་ཁྱད་པར་ཅན་ཐར་བ་ཆ་མཐུན་ནི། གང་སྤེལ་ལས། གང་ཞིག་ལ་བསམ་པ་ཐག་པ་ནས་འཁོར་བ་འདོར་བའི་བློ་དང་མྱ་ངན་ལས་འདས་པ་ལ་མོས་པ་འཇུག་པ་ཡོད་པ་དེས་ནི། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། ཐོས་པ་དང༌། བསམ་པ་ལས་བྱུང་བ་ཉུང་ཟད་ཀྱིས་ཀྱང་ཐར་བའི་ཆ་དང་མཐུན་པ་འཕེན་གྱི་དེ་ལས་བཟློག་པས་ནི་མང་བ་ཀྱང་མི་འཕེན་ནོ། །ཞེས་དང༌། རྒྱལ་སྲས་མ་ལས། འདི་ནི་ཆུང་ངུ་ཟིན་ཀྱང་ཐར་བ་འདོད་པའི་སྟོབས་བསྐྱེད་པས་ཐར་བའི་ཆ་དང་མཐུན་པ་འཕེན་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ།།

སྐྱེས་པའི་བསམ་གཏན་བཞི་ནི། བསམ་གཏན་དང་པོ་དང༌། བསམ་གཏན་གཉིས་པ་དང༌། བསམ་གཏན་གསུམ་པ་དང༌། བསམ་གཏན་བཞི་པའོ། །བསམ་གཏན་དང་བོ་ལ་ཚངས་རིས་དང༌། ཚངས་འདུན་དང༌། ཚངས་ཆེན་གསུམ། བསམ་གཏན་གཉིས་པ་ལ། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་གསུམ། བསམ་གཏན་གསུམ་པ་ལ་དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་གསུམ། བསམ་གཏན་བཞི་པ་ལ། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་སྟེ་སོ་སྐྱེའི་གནས་གསུམ་དང་དེའི་གོང་ན་མི་ཆེ་བ་དང༌། མི་གདུང་བ་དང༌། གྱ་ནོམ་སྣང་བ་དང༌། ཤིན་ཏུ་མཐོང་བ་དང༌། འོག་མིན་ཏེ། འཕགས་པའི་གནས་གཙང་མ་ལྔ་ཡོད་དེ། རྣལ་འབྱོར་སྤྱོད་པའི་ས་ལས། གཟུགས་ཀྱི་ཁམས་ན་གནས་གཞན་བཅོ་བརྒྱད་ཡོད་དེ། བསམ་གཏན་དང་བོ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡོངས་སུ་བསྒོམས་པས། ཚངས་རིས་རྣམས་དང༌། ཚངས་པའི་མདུན་ན་འདོན་རྣམས་དང༌། ཚངས་པ་ཆེན་པོ་རྣམས་སོ། །བསམ་གཏན་གཉིས་པ་ཆུང་དུ་དང་འབྲིང་དང་ཆེན་པོ་བསྒོམས་པས། འོད་ཆུང་རྣམས་དང༌། ཚད་མེད་འོད་རྣམས་དང༌། འོད་གསལ་རྣམས་སོ། །བསམ་གཏན་གསུམ་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་བསྒོམས་པས། དགེ་ཆུང་རྣམས་དང༌། ཚད་མེད་དགེ་རྣམས་དང༌། དགེ་རྒྱས་རྣམས་སོ། །བསམ་གཏན་བཞི་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡོངས་སུ་བསྒོམས་པས། སྤྲིན་མེད་པ་རྣམས་དང༌། བསོད་ནམས་སྐྱེས་རྣམས་དང༌། འབྲས་བུ་ཆེ་བ་རྣམས་སོ། །བསམ་གཏན་བཞི་བ་སྤེལ་མར་སྒོམ་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེས་ཆེ་བ་དང་མཆོག་ཏུ་ཆེ་བ་ཡོངས་སུ་བསྒོམས་པས། གནས་གཙང་མའི་ས་ལྔ་པོ་མི་ཆེ་བ་རྣམས་དང༌། མི་གདུང་བ་རྣམས་དང༌། གྱ་ནོམ་སྣང་བ་རྣམས་དང༌། ཤིན་ཏུ་མཐོང་བ་རྣམས་དང༌། འོག་མིན་རྣམས་སོ། །གནས་གཙང་མ་རྣམས་ལས་འདས་པ་ན་དབང་ཕྱུག་ཆེན་པོའི་གནས་ཡོད་དེ། བྱང་ཆུབ་སེམས་དཔའ་ས་བཅུ་བ་ལ་གནས་པ་རྣམས་ཀྱིས་ས་བཅུ་ཡོངས་སུ་བསྒོམས་ནས་གང་དུ་སྐྱེ་བའོ། །ཞེས་རྒྱུ་དངོས་གཞི་སྙོམས་འཇུག་ཆུང་འབྲིང་ཆེན་པོའི་དབང་གིས་བསམ་གཏན་སོ་སོའི་གནས་དེ་དག་དང༌། བསམ་གཏན་བཞི་བའི་དངོས་གཞི་ཟག་བཅས་ཟག་མེད་སྤེལ་བ་ལྔའི་སྟོབས་ཀྱིས་གནས་གཙང་ལྔར་སྐྱེ་བར་གསུངས་ལ། ས་བཅུའི་དབང་ཕྱུག་ཆེན་པོའི་གནས་ནི། ཇི་སྐད་དུ། གཙང་མའི་གནས་ནི་རྣམས་སྤངས་ནས། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་བོ་གཅིག་འདིར་འཚང་རྒྱས། །ཞེས་པ་ལྟར་རོ།།

ཚད་མེད་བཞི་ནི། སེམས་ཅན་རྣམས་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་ཚད་མེད་དང༌། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་ཚད་མེད་དང༌། བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་ཚད་མེད་དང༌། ཆགས་སྡང་གཉིས་དང་བྲལ་བར་གྱུར་ཅིག་སྙམ་པའི་བཏང་སྙོམས་ཚད་མེད་དེ་བཞིའོ། །མཛོད་ལས། གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །ཞེ་སྡང་མེད་བྱམས་སྙིང་རྗེ་ཡང༌། །ཡིད་བདེ་བ་ནི་དགའ་བ་ཡིན། །བཏང་སྙོམས་མ་ཆགས། ཞེས་ཚད་མེད་བཞི་རིམ་པ་བཞིན་གནོད་སེམས་དང༌། རྣམ་འཚེ་དང༌། གཞན་གྱི་ཕུན་ཚོགས་ལ་མི་དགའ་བ་དང༌། རང་གཞན་གྱི་ཕྱོགས་ལ་དམིགས་པའི་ཆགས་སྡང་གི་གཉེན་པོ་དང༌། ངོ་བོ་ནི། བྱམས་པ་དང་སྙིང་རྗེ་གཉིས་ནི་ཞེ་སྡང་མེད་པའི་དགེ་རྩ་དང༌། དགའ་བ་ཚད་མེད་ནི། ཚོར་བ་ཡིད་བདེ་དང༌། བཏང་སྙོམས་ཚད་མེད་ནི། མ་ཆགས་པའི་དགེ་རྩར་གསུངས་སོ། །འདི་དག་ལ་མཆིམས་འཇམ་པའི་དབྱངས་ཀྱིས། གལ་ཏེ་སེམས་ཅན་བདེ་བ་ལ་སོགས་པ་དང་མི་ལྡན་པ་ལ་སོགས་པར་ཡིད་ལ་བྱེད་པའི་ཕྱིར་ཕྱིན་ཅི་ལོག་ཡིན་ལ། ཕྱིན་ཅི་ལོག་ནི་མི་དགེ་བ་ཡིན་པའི་ཕྱིར། ཇི་ལྟར་དགེ་བར་འགྱུར་ཞེ་ན། སྡུག་བསྔལ་ལ་སོགས་པ་ལ་བདེ་བའོ་སྙམ་དུ་ཤེས་པ་ལ་སོགས་པ་ནི་མ་ཡིན་གྱི། འོན་ཀྱང་སྡུག་བསྔལ་བའི་སེམས་ཅན་འདི་དག་བདེ་བར་གྱུར་ཅིག་ཅེས་མོས་པ་ཡིད་ལ་བྱེད་པའི་ཕྱིར་དགེ་བ་ཡིན་ནོ། །དེ་ལྟར་ནའང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་མི་སྲིད་པའི་ཕྱིར་ཕྱིན་ཅི་ལོག་པར་མོས་པ་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱི་བསམ་པ་བཟང་བའི་ཕྱིར་དང༌། གནོད་སེམས་ལ་སོགས་པ་མི་དགེ་བའི་གཉེན་པོ་བྱེད་པའི་ཕྱིར་དང༌། གཅིག་ཏུ་སེམས་ཅན་ལ་ཕན་པར་ཞུགས་པའི་ཕྱིར་དགེ་བ་ཡིན་ཏེ། རིན་པོ་ཆེའི་ཕྲེང་བ་ལས། གཅིག་ཏུ་གཞན་ལ་ཕན་པ་བདེན། །མི་ཕན་ཕྱིར་ན་གཅིག་ཤོས་མིན། །ཞེས་གསུངས་པ་བཞིན་ནོ་ཞེས་སོ། །ངེས་ཚིག་ནི། སེམས་ཅན་ཚད་མེད་པ་ལ་དམིགས་ཤིང༌། དེ་བཞི་བསྒོམས་པའི་འབྲས་བུ་བསོད་ནམས་ཀྱང་ཚད་མེད་པ་འབྱུང་བས་ན་ཚད་མེད་པ་བཞི་དང༌། ཚངས་པ་ཆེན་པོར་སྐྱེ་བར་འགྱུར་བའི་བསོད་ནམས་དང་ཆ་འདྲ་བ་འཐོབ་པས་ན་ཚངས་པའི་གནས་པ་བཞི་ཞེས་ཀྱང་བཤད་དོ།།

གཟུགས་མེད་པ་བཞི་ནི། མཛོད་ལས། གཟུགས་མེད་པ་ན་གཟུགས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །དེར་ནི་རིས་དང་སྲོག་ལ་ཡང༌། །སེམས་ཀྱི་རྒྱུན་ནི་བརྟེན་པ་ཡིན། །ཞེས་གསུངས་པ་ལྟར་ནམ་མཁའ་མཐའ་ཡས་དང༌། རྣམ་ཤེས་མཐའ་ཡས་དང༌། ཅི་ཡང་མེད་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་དང་བཞིའོ།།

རྣམ་ཐར་བརྒྱད་ནི། རང་ལ་གཟུགས་ཀྱི་འདུ་ཤེས་བཞག་སྟེ། ཕྱི་རོལ་གྱི་ཆགས་ཡུལ་ཁ་དོག་དང་དབྱིབས་སོགས་ལ་དམིགས་ནས་རྣམ་པར་སྡོས་པ་དང༌། ཐོར་བ་ལ་སོགས་པའི་རྣམ་པར་ལྟ་བའི་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང༌། རང་ལ་གཟུགས་ཀྱི་འདུ་ཤེས་གཞིག་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་སྔར་ལྟར་མི་སྡུག་པར་ལྟ་བའི་གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་དང༌། དེ་ནས་གཟུགས་སྡུག་པ་དག་སྤྲུལ་ཏེ། དེ་ལ་དམིགས་ནས་སྡུག་པར་ལྟ་བར་གཟུགས་སྡུག་པའི་རྣམ་ཐར་དང༌། ནམ་མཁའ་མཐའ་ཡས་རྣམ་ཐར་དང༌། རྣམ་ཤེས་མཐའ་ཡས་རྣམ་ཐར་དང༌། ཅི་ཡང་མེད་པའི་རྣམ་ཐར་དང༌། སྲིད་རྩེ་རྣམ་ཐར་དང༌། འགོག་བའི་རྣམ་ཐར་རོ། །ཅིའི་ཕྱིར་འདི་བརྒྱད་ལ་རྣམ་པར་ཐར་བ་ཞེས་བྱ་ཞེ་ན། རྣམ་ཐར་དང་པོ་གཉིས་ནི། ཀུན་བཏུས་ལས། སྤྲུལ་བའི་སྒྲིབ་པ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར། ཞེས་དང༌། གསུམ་པ་ནི། སྡུག་པ་དང་མི་སྡུག་པ་ལ་ཀུན་ནས་ཉོན་མོངས་པ་འགྱུར་བའི་སྒྲིབ་པ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར། ཞེས་དང༌། གཟུགས་མེད་ཀྱི་རྣམ་ཐར་བཞི་ནི། འདི་ལྟར་ཞི་བའི་རྣམ་པར་ཐར་བ་ལ་ཆགས་པའི་སྒྲིབ་པ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར་རོ། །ཞེས་དང་། འགོག་པའི་རྣམ་ཐར་ནི། འདུ་ཤེས་དང༌། ཚོར་བ་འགོག་པ་ལ་སྒྲིབ་པ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར། ཞེས་གསུངས་པ་ལྟར་ལ། གཞན་ཡང༌། ཉོན་མོངས་པ་ཐག་བསྲིང་བ་དང༌། མོས་པ་ལྟར་བྱིན་གྱིས་བརླབ་པ་དང༌། ཚེ་གཏོང་འཇོག་དང༌། སྙོམས་འཇུག་ལ་དབང་འབྱོར་པའི་ཕྱིར་ཡང་རྣམ་ཐར་འདི་དག་བསྒོམས་པར་བཤད་དོ།།

མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བཤད་པ།

མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི། བསམ་གཏན་དང་པོའི་སྙོམས་འཇུག་དང༌། གཉིས་པའི་སྙོམས་འཇུག་དང༌། གསུམ་པའི་སྙོམས་འཇུག་དང༌། བཞི་པའི་སྙོམས་འཇུག་དང༌། ནམ་མཁའ་མཐའ་ཡས་སྙོམས་འཇུག་དང༌། རྣམ་ཤེས་མཐའ་ཡས་སྙོམས་འཇུག་དང༌། ཅི་ཡང་མེད་པའི་སྙོམས་འཇུག་དང༌། སྲིད་རྩེའི་སྙོམས་འཇུག་དང༌། འགོག་པའི་སྙོམས་འཇུག་སྟེ་དགུའོ། །སྙོམས་འཇུག་དགུ་ཇི་ལྟར་ཐོབ་པའི་ཚུལ་ནི། རྩ་བའི་ཉོན་མོངས་པ་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། ཐེ་ཚོམ་དྲུག་ལས། ལྟ་བ་ལ། འཇིག་ལྟ་མཐར་ལྟ་ལོག་ལྟ་ལྟ་བ་མཆོག་འཛིན་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་དང་ལྔར་དབྱེ་བས་ལྟ་བ་ལྔ་དང་ལྟ་མིན་ལྔ་སྟེ་བཅུའོ། །དེ་དག་ལས་ཐེ་ཚོམ་དང་ལྟ་བ་ཕྱི་མ་གསུམ་ནི། མཐོང་སྤང་ཁོ་ན་ཡིན་ཞིང༌། འཇིག་ལྟ་མཐར་ལྟ་གཉིས་དང༌། ལྟ་མིན་གཞན་ཁྲོ་ཆགས་ང་རྒྱལ་མ་རིག་པ་བཞི་ལ་མཐོང་སྤང་དང༌། བསྒོམ་སྤང་གཉིས་ཀ་ཡོད་པས། འདོད་པའི་བདེན་བཞི་མཐོང་སྤང་བཞི་བཅུ་དང༌། ཁམས་གོང་མ་གཉིས་ལ་ཁོང་ཁྲོ་དོར་བས་སོ་དྲུག་སོ་དྲུག་སྟེ། མཐོང་སྤང་ཉོན་མོངས་བརྒྱད་རྩ་བཅུ་གཉིས་ཡོད་དོ། །འདོད་པའི་བསྒོམ་སྤང་གི་འཇིག་མཐར་ཆགས་རྒྱལ་ཁོང་ཁྲོ་མ་རིག་པ་དྲུག་དང༌། ཁམས་གོང་མ་གཉིས་ཀྱི་བསྒོམ་སྤང་ལ་ཁོང་ཁྲོ་དོར་བས་ལྷག་མ་འཇིག་མཐར་ཆགས་རྒྱལ་མ་རིག་པ་ལྔ་ལྔ་སྟེ། བསྒོམ་སྤང་ལྷན་སྐྱེ་བཅུ་དྲུག་ཡོད་ལ། དེ་དག་གཞི་བྱས་པའི་འདོད་པའི་བསྒོམ་སྤང་ཉོན་མོངས་ལ་ཆེ་འབྲིང་ཆུང་གསུམ་དང༌། དེ་རེ་རེ་ལའང་ཆེ་འབྲིང་ཆུང་གསུམ་ཕྱེ་བས། འདོད་ཉོན་སྐོར་དགུ་དང༌། བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱིས་བསྒོམ་སྤང་ཉོན་མོངས་ལའང་སྐོར་དགུ་རེ་ཕྱེ་བས་ཁམས་གསུམ་ས་དགུའི་བསྒོམ་སྤང་ཉོན་མོངས་སྐོར་བརྒྱད་ཅུ་གྱ་གཅིག་ཡོད་དེ། །འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་ལམ་ཀྱིས་འདོད་ཉོན་དགུ་བ་ནས་ཅི་ཡང་མེད་ཀྱི་ཉོན་མོངས་དགུ་བའི་བར་ལ་ཆགས་བྲལ་བྱས་ཚེ་བསམ་གཏན་དང་པོའི་སྙོམས་འཇུག་ནས་སྲིད་རྩེའི་སྙོམས་འཇུག་པར་འཐོབ་པར་འགྱུར་ལ། འགོག་པའི་སྙོམས་འཇུག་ནི། ཕྲ་བ་ཕྲ་བའི་འཇུག་ཐོགས་སུ། །ཞེས་གསུངས་པ་ལྟར། སྲིད་རྩེའི་སྙོམས་འཇུག་ཐོབ་པའི་རྗེས་སུ་འཕགས་པ་ཁོ་ནས་འཐོབ་བོ། །འཇིག་རྟེན་པའི་ལམ་གྱི་ཆགས་བྲལ་བྱེད་ཚུལ་ནི། མཛོད་ལས། འཇིག་རྟེན་པ་ཡི་རྣམ་གྲོལ་དང༌། །བར་ཆད་མེད་ལམ་གོ་རིམ་བཞིན། །ཞི་སོགས་རགས་སོགས་རྣམ་པ་ཅན། །གོང་དང་འོག་མའི་སྤྱོད་ཡུལ་ཅན། །ཞེས་གསུངས་ལ། དེ་ཡང་འདོད་ཉོན་སྐོར་དགུ་ལ་ཆགས་བྲལ་བྱེད་པའི་འཇིག་རྟེན་པའི་བར་ཆད་མེད་ལམ་དགུ་ནི། ས་འོག་མ་འདོད་པ་ལ་དམིགས་ནས་རགས་པ་དང་ཐ་བ་ངན་པ་སོགས་སུ་ལྟ་བའི་རྣམ་པ་ཅན་དང༌། དེའི་རྣམ་གྲོལ་ལམ་དགུ་ནི། གོང་མ་བསམ་གཏན་དང་པོ་ལ་དམིགས་ནས་ཞི་བ་དང༌། གྱ་ནོམ་པ་སོགས་སུ་ལྟ་བའི་རྣམ་པ་ཅན་ཡིན་པ་ནས། ཅི་ཡང་མེད་ཀྱི་ཉོན་མོངས་སྐོར་དགུའི་གཉེན་པོ་བར་ཆད་མེད་ལམ་དགུས་ཅི་ཡང་མེད་ལ་དམིགས་པ་དང༌། དེའི་རྣམ་གྲོལ་ལམ་དགུས་སྲིད་རྩེ་ལ་དམིགས་པའི་བར་འདྲ་ཞིང༌། སྲིད་རྩེ་ལ་གོང་ས་མེད་པས་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་བྱེད་མི་ནུས་སོ། །འདོད་ཉོན་སྐོར་དགུའི་གཉེན་པོ་བར་ཆད་མེད་ལམ་དགུ་དང༌། རྣམ་གྲོལ་ལམ་དང་བོ་བརྒྱད་ནི་བསམ་གཏན་དང་བོའི་ཉེར་བསྡོགས་དང༌། རྣམ་གྲོལ་ལམ་དགུ་བ་བསམ་གཏན་དང་པོའི་དངོས་གཞི་ཡིན་པ་ནས། ཅི་ཡང་མེད་ཀྱི་ཉོན་མོངས་སྐོར་དགུའི་གཉེན་པོ་བར་ཆད་མེད་ལམ་དགུ་དང༌། རྣམ་གྲོལ་ལམ་དང་བོ་བརྒྱད་ཅི་ཡང་མེད་ཀྱི་ཉེར་བསྡོགས་དང༌། ཅི་ཡང་མེད་ཀྱི་ཉོན་མོངས་དགུ་བ་སྤང་བའི་རྣམ་གྲོལ་ལམ་དགུ་བ་སྲིད་རྩེའི་དངོས་གཞི་ཡིན་པའི་བར་ས་འོག་མ་གསུམ་མ་གཏོགས་འདྲ་སྟེ། མཛོད་ལས། ས་གསུམ་རྒྱལ་ལ་བསམ་གཏན་ནམ། །ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ། །ཞེས་དབང་བོ་རྣོ་རྟུལ་གྱི་དབང་གིས། ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས། དངོས་གཞིའི་ཚོར་བ་བདེ་བ་འཕོ་ནུས་པ་དང་མི་ནུས་པས། རིམ་པ་བཞིན་རྣམ་གྲོལ་ལམ་དགུ་བ་བསམ་གཏན་གྱི་དངོས་གཞི་དང་ཉེར་བསྡོགས་དུ་འགྱུར་བར་གསུངས་པའི་ཕྱིར། ཟག་མེད་འདས་ལམ་གྱིས་སྒོམ་སྤང་ཉོན་མོངས་སྤང་བ་ལ་སྤང་བྱ་གཅིག་ཅར་བ་རྣམས་ཀྱིས། བསམ་གཏན་དང་བོའི་ཉེར་བསྡོགས་ཟག་མེད་ལ་བརྟེན་པའི་བར་ཆད་མེད་ལམ་དགུས་ཁམས་གསུམ་ས་དགུའི་ཉོན་མོངས་ཆེན་པོའི་ཆེན་པོ་དགུ་གཅིག་ཅར་སྤོང་བ་ནས། ཆུང་ངུའི་ཆུང་ངུ་དགུ་གཅིག་ཅར་སྤོང་བས་འདི་ལ་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་མེད་དོ། །སྤང་བྱ་རིམ་གྱི་བས་བསྒོམ་སྤང་ཉོན་མོངས་བརྒྱད་ཅུ་གྱ་གཅིག་སྒོམ་ལམ་བར་ཆད་མེད་ལམ་བརྒྱད་ཅུ་གྱ་གཅིག་གིས་སྤོང་ཞིང༌། བར་ཆད་མེད་ལམ་གྱ་གཅིག་པ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། དེའི་རྣམ་གྲོལ་ལམ་ནི་མི་སློབ་ལམ་ཡིན་ནོ། །འདོད་པ་དང་བསམ་གཏན་དང་པོ་དང་གཉིས་པ་སྟེ། །ས་གསུམ་གྱི་ཉོན་མོངས་དགུ་བ་སྤངས་པའི་རྣམ་གྲོལ་ལམ་དགུ་བ་གསུམ་ནི། རང་རྒྱུད་ལྡན་གྱི་གང་ཟག་དབང་བོ་རྣོན་པོ་ཞིག་ཡིན་ན་ནི། རིམ་པ་བཞིན་བསམ་གཏན་དང་པོ་ནས་གསུམ་པའི་བར་གྱི་དངོས་གཞི་ཡིན་ལ། རྟུལ་པོ་ཞིག་ཡིན་ན་ནི་རིམ་པ་བཞིན་བསམ་གཏན་དང་བོ་གསུམ་གྱི་ཉེར་བསྡོགས་ཡིན་ཞིང༌། དེ་ཡང་ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས་དེ་དངོས་གཞིའི་ཚོར་བ་ཡིད་བདེ་དང་བདེ་བའི་ངོ་བོར་སྤོ་བར་ནུས་པ་དང་མི་ནུས་པས་ཡིན་ནོ། །དེ་ཡང༌། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ཆགས་བྲལ། །ས་གསུམ་རྒྱལ་ལ་བསམ་གཏན་ནམ། །ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ། །གོང་མའི་ཉེར་བསྡོགས་ལས་མིན་འཕགས། །བརྒྱད་ཀྱིས་རང་གོང་ས་ལས་རྒྱལ། །ཞེས་གསུངས་པ་ལྟར་རོ། །ཐེག་ཆེན་གྱིས་ནི་སྒོམ་ལམ་བར་ཆད་མེད་ལམ་བཅུ་གཅིག་གིས་སྤོང་བར་བཤད་ལ། དེ་ཡང་ཁམས་གསུམ་ས་དགུའི་ཉོན་མོངས་ཆེན་པོའི་ཆེན་པོ་ལ་ཆེ་ཆུང་གཉིས་དང་། ཆུང་ངུའི་ཆུང་ངུ་ལ་ཆེ་ཆུང་གཉིས་ཕྱེ་ནས་སྤོང་ཞིང༌། ཤེས་སྒྲིབ་སྐོར་བཅུ་གཅིག་ཏུ་ཕྱེ་ནས་སྤོང་ཚུལ་ཡང་དེ་དང་འདྲ་བར་བཤད་ལ། དགྲ་བཅོམ་པའི་རྟོགས་པ་སྡོན་དུ་སོང་བའི་བྱང་སེམས་ཀྱིས་ཤེས་སྒྲིབ་འབའ་ཞིག་དང༌། ཐེག་པ་ཆེན་པོར་རིགས་ངེས་པས་སྒྲིབ་པ་གཉིས་ཀ་སྐོར་བཅུ་གཅིག་ཏུ་ཕྱེ་ནས་གཅིག་ཅར་སྤོང་བར་བཤད་དོ།།

ཡུལ་རྣམ་པར་ཐར་བའི་སྒོ་གསུམ་ནི། འདུས་བྱས་ཀྱི་ཆོས་རྣམས་ཀྱི་རང་རང་གི་ངོ་བོ་བདེན་པར་གྲུབ་པས་སྟོང་བ་ནི། སྟོང་ཉིད་རྣམ་ཐར་དང༌། དེ་དག་གི་རྒྱུ་བདེན་པས་སྟོང་བ་ནི་མཚན་མེད་རྣམ་ཐར་དང༌། དེ་དག་གི་འབྲས་བུ་བདེན་པས་སྟོང་བ་ནི་སྨོན་མེད་རྣམ་ཐར་ཏེ་རྒྱུ་འབྲས་ངོ་བོ་གསུམ་ལ་སྦྱར་བ་དང༌། བདེན་པ་བཞི་ལ་སྦྱར་བ་ནི། སྡུག་བདེན་གྱི་རྣམ་པའི་སྟོང་བ་དང༌། བདག་མེད་པ་གཉིས་ནི་སྟོང་ཉིད་རྣམ་ཐར་དང༌། འགོག་ལམ་གྱི་རྣམ་པ་བརྒྱད་ནི་མཚན་མེད་རྣམ་ཐར་དང༌། སྡུག་བདེན་གྱི་རྣམ་པའི་མི་རྟག་སྡུག་བསྔལ་གཉིས་དང་ཀུན་འབྱུང་གི་རྣམ་པ་བཞི་ནི་སྨོན་པ་མེད་པའི་རྣམ་ཐར་ཏེ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང༌། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་དང༌། ཉི་ཁྲི་སྣང་བ་ལས། དེ་ལ་སྟོང་པ་དང་བདག་མེད་པའི་རྣམ་པ་གཉིས་ཀྱིས་རྣམ་པར་ཐར་པའི་སྒོ་སྟོང་བ་ཉིད་དོ། །མི་རྟག་པ་དང་སྡུག་བསྔལ་བ་གཉིས་དང༌། ཀུན་འབྱུང་བའི་བདེན་པའི་རྣམ་པ་བཞི་བོ་རྣམས་ཀྱིས་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །འགོག་པ་དང༌། ལམ་གྱི་རྣམ་པ་བརྒྱད་ཀྱིས་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་ཏེ། མཚན་མ་མེད་པ་གང་ཡིན་པ་འགོག་པ་དང༌། མཚན་མའི་རྣམ་པར་རྟོག་པ་གང་གིས་བསལ་བ་ནི་ལམ་ཡིན་པའི་ཕྱིར་རོ། །མཚན་མེད་ཞི་བའི་རྣམ་པ་དང༌། ཞེས་གང་གསུངས་པ་ནི། དངོས་པོའི་མཚན་མ་དང་རྗེས་སུ་འབྲེལ་བ་ཉན་ཐོས་ཀྱི་ལམ་གྱི་དབང་དུ་མཛད་པ་ཡིན་པའི་ཕྱིར། དེ་དང་འདི་ལ་འགལ་བ་མེད་དོ། །ཞེས་གསུངས་སོ། །དེ་ཡང་རྣམ་པར་ཐར་པའི་སྒོ་དངོས་ནི་དེ་དག་རྟོགས་པའི་ལམ་མོ།།

ཡོན་ཏན་ཁྱད་པར་ཅན་གྱི་ལམ་ལ། མངོན་ཤེས་དང་ཏིང་ངེ་འཛིན་དང༌། གཟུང་གྱི་སྒོ་རྣམས་ཡོད་པ་ལས། དང་པོ་མངོན་པར་ཤེས་པ་དྲུག་ནི། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ངོ་བོར་གྱུར་པའི་རྫུ་འཕྲུལ་གྱི་མངོན་ཤེས་དང༌། སྒྲ་སྣ་ཚོགས་མངོན་པར་ཤེས་པའི་ལྷའི་རྣ་བའི་མངོན་ཤེས་དང༌། སེམས་ཅན་གཞན་གྱི་སེམས་ཀྱི་སྤྱོད་པ་ཤེས་པའི་ཕ་རོལ་སེམས་ཤེས་སམ་གཞན་སེམས་ཤེས་པའི་མངོན་ཤེས་དང༌། སྔོན་གྱི་སྐྱེས་རབས་དང་དེ་དག་གི་གནས་སོགས་ཤེས་པའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང༌། སེམས་ཅན་རྣམས་ཀྱི་འཆི་འཕོ་དང༌། གང་དུ་སྐྱེ་བ་སོགས་མཐོང་བའི་ལྷའི་མིག་གི་མངོན་ཤེས་སམ་འཆི་འཕོ་སྐྱེ་བ་མཐོང་བའི་མངོན་ཤེས་དང༌། ཉོན་མོངས་པའི་ཟག་པ་ཟད་པ་ཤེས་པའི་ཟག་ཟད་ཀྱི་མངོན་པར་ཤེས་པའོ།།

ཏིང་ངེ་འཛིན་གསུམ་ནི། རྟོག་དང་དཔྱོད་པ་གཙང་ཞིབ་ཉིད། །ཅེས་དང༌། རྟོག་པ་བསམ་གཏན་ཁྱད་པར་ཅན། །དེ་ཡི་གོང་ན་དཔྱོད་པ་ཡང༌། །ཞེས་པ་ལྟར་གྱི་རྟོག་དཔྱོད་གཉིས་ཀ་དང་མཚུངས་ལྡན་དུ་སོང་པའི་རྟོག་བཅས་དཔྱོད་བཅས་ཀྱི་ཏིང་ངེ་འཛིན་དང༌། དཔྱོད་པ་ཙམ་དང་ལྡན་པའི་རྟོག་མེད་དཔྱོད་བཅས་ཀྱི་ཏིང་ངེ་འཛིན་དང༌། རྟོག་དཔྱོད་གཉིས་གང་དང་ཡང་མི་ལྡན་པའི་རྟོག་མེད་དཔྱོད་མེད་ཀྱི་ཏིང་ངེ་འཛིན་ནོ། །ཉི་སྣང་ལས། ཏིང་ངེ་འཛིན་རྣམས་ནི་ཡན་ལག་ལས་འདའ་བར་བྱེད་པའི་དོན་གྱིས་སོ། །ཞེས་གསུངས་སོ། ༈ །གཟུང་གྱི་སྒོ་རྣམས་ནི། གང་ཐོས་པའི་ཆོས་ཀྱི་ཚིག་རྣམས་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་ནི། ཚིག་གམ་ཆོས་ཀྱི་གཟུང་དང༌། ཆོས་ཐོས་པ་རྣམས་ཀྱི་དོན་མི་བརྗེད་པའི་དྲན་པ་དང་ཤེས་རབ་ནི་དོན་གྱི་གཟུང་དང༌། སྟོང་པ་ཉིད་སོགས་ལ་མི་སྐྲག་པའི་བཟོད་པའི་ངོ་བོར་གྱུར་པའི་དྲན་པ་དང་ཤེས་རབ་ནི་བཟོད་པའི་གཟུང་དང༌། གཞན་གྱི་ནད་ཡམས་སོགས་ཞི་བའི་ཆེད་དུ་གསང་སྔགས་ཀྱི་ཆོ་ག་སོགས་བརྩམས་ཏེ། དེ་ལྟར་བྱིན་གྱིས་རློབ་ནུས་པའི་དྲན་པ་དང་ཤེས་རབ་ནི། གསང་སྔགས་ཀྱི་གཟུང་སྟེ་བཞིའོ། །དེ་ཡང་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ནས་ཐོབ་ཅིང༌། ཁྱད་པར་ཅན་ས་དང་པོ་ནས་འཐོབ་པར་གསུངས་སོ།།

འབྲས་བུའི་ལམ་ལ་སྟོབས་བཅུ་ནི། དབུ་མ་ལ་འཇུག་པ་ལས། གནས་དང་གནས་མིན་མཁྱེན་སྟོབས་དང༌། །དེ་བཞིན་ལས་རྣམ་སྨིན་བློ་དང༌། །མོས་པ་སྣ་ཚོགས་ཐུགས་ཆུད་དང༌། །སྣ་ཚོགས་ཁམས་རྣམས་མཁྱེན་སྟོབས་དང༌། །དེ་བཞིན་དབང་མཆོག་མཆོག་མ་ཡིན། །མཁྱེན་དང་ཐམས་ཅད་དུ་འགྲོ་དང༌། །བསམ་གཏན་རྣམ་ཐར་ཏིང་འཛིན་དང༌། །སྙོམས་པར་འཇུག་སོགས་བློ་སྟོབས་དང༌། །སྔོན་གནས་དྲན་པ་མཁྱེན་པ་དང༌། །དེ་བཞིན་འཆི་འཕོ་སྐྱེ་བློ་དང༌། །ཟག་རྣམས་ཟད་པ་མཁྱེན་སྟོབས་ཏེ། །སྟོབས་ནི་བཅུ་པོ་འདི་དག་གོ །ཞེས་པ་ལྟར། ལས་དགེ་བ་ལས་རྣམ་སྨིན་ཡིད་དུ་འོང་བ་འབྱུང་བ་གནས་དང༌། དེ་ལས་རྣམ་སྨིན་ཡིད་དུ་མི་འོང་པ་འབྱུང་བ་གནས་མ་ཡིན་པ་སོགས་མཁྱེན་པ་ནི། གནས་དང་གནས་མ་ཡིན་པར་མཁྱེན་པའི་སྟོབས་དང༌། ལས་ཇི་འདྲ་བ་ལས་རྣམ་སྨིན་ཇི་འདྲ་བ་འབྱུང་བ་མཁྱེན་པ་ནི། ལས་དང་རྣམ་སྨིན་མཁྱེན་པའི་སྟོབས་དང༌། སེམསཅན་རྣམས་འཁོར་འདས་ཀྱི་ཆོས་གང་ལ་མོས་པ་སོགས་བསམ་པ་སྣ་ཚོགས་པ་མཁྱེན་པ་ནི། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། ཉན་རང་དང་ཐེག་ཆེན་གྱི་རིགས་སོགས་སེམས་ཅན་རྣམས་ཀྱི་ཆོས་ཉིད་དང་རྒྱས་འགྱུར་གྱི་རིགས་སྣ་ཚོགས་མཁྱེན་པ་ནི། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། སེམས་ཅན་རྣམས་ཀྱི་དབང་པོ་རྣོ་འབྲིང་རྟུལ་པོ་སོགས་མཁྱེན་པ་ནི། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། འགྲོ་བ་རིགས་དྲུག་ཏུ་འགྲོ་བའི་ལམ་དང༌། བྱང་ཆུབ་གསུམ་དུ་འགྲོ་བའི་ལམ་སོགས་མཁྱེན་པ་ནི། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། བསམ་གཏན་དང་རྣམ་ཐར་ལ་སོགས་པའི་ངོ་བོ་དང་སྙོམས་པར་འཇུག་ལྡང་སོགས་མཁྱེན་པ་ནི། བསམ་གཏན་དང་རྣམ་ཐར་མཁྱེན་པའི་སྟོབས་དང༌། སེམས་ཅན་རྣམས་ཀྱི་སྔོན་གྱི་སྐྱེ་གནས་སོགས་མཁྱེན་པ་ནི། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་གང་དུ་སྐྱེ་བ་སོགས་མཁྱེན་པ་ནི། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཉན་རང་དགྲ་བཅོམ་དག་གི་ཉོན་མོངས་པའི་ཟག་པ་ཟད་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཀ་ཟད་པ་མཁྱེན་པ་ནི། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ།།

མི་འཇིགས་པ་བཞི་ནི། ང་ནི་སངས་རྒྱས་སོ་ཞེས་རྟོགས་པ་ཕུན་ཚོགས་སུ་དམ་བཅའ་བ་ལ་མི་འཇིགས་པའི་ཡེ་ཤེས་དང༌། ང་ནི་ཟག་པ་ཟད་པའོ་ཞེས་སྤངས་པ་ཕུན་ཚོགས་སུ་དམ་བཅའ་བ་ལ་མི་འཇིགས་པའི་ཡེ་ཤེས་དང༌། གཞན་དོན་གྱི་དབང་དུ་བྱས་ནས། སྒྲིབ་གཉིས་དག་ནི་རིམ་པ་བཞིན་ཐར་བ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་ཆོས་སུ་བསྟན་པ་ལ་མི་འཇིགས་པའི་ཡེ་ཤེས་དང༌། གཞི་ཤེས་སོགས་ངེས་པར་འབྱུང་བའི་ལམ་དུ་བསྟན་པ་ལ་མི་འཇིགས་པའི་ཡེ་ཤེས་དང་བཞིའོ།།

སོ་སོ་ཡང་དག་པར་རིག་པ་བཞི་ནི། ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་དང༌། ངེས་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དང་པོ་ནི། བསྟན་པའི་ཆོས་སྡེ་སྣོད་གསུམ་ལ་སོགས་པའི་མིང་ཚིག་ཡི་གེའི་ཚོགས་ལ་ཐགས་ཐོགས་མེད་པ་དང༌། གཉིས་པ་ནི། བསྟན་བཅོས་ཀྱི་དོན་དང་ཆོས་རྣམས་ཀྱི་མཚན་ཉིད་སོགས་ལ་ཐགས་ཐོགས་མེད་པ་དང༌། གསུམ་པ་ནི། ངེས་པའི་ཚིག་རྣམས་ལ་ཐགས་ཐོགས་མེད་པ་དང༌། བཞི་བ་ནི། ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་དང་འབེལ་གཏམ་ལ་ཐགས་ཐོགས་མེད་པའི་ཡེ་ཤེས་སོ།།

བྱམས་པ་ཆེན་པོ་ནི། འཇུག་པ་ལས། འགྲོ་ལ་ཕན་པ་ཉེར་སྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་པ་ལྟར་ལ། ཐུགས་རྗེ་ཆེན་པོ་ནི། ཉི་སྣང་ལས། ཐུགས་རྗེ་ཆེན་པོ་ནི། ཕན་པར་དགོངས་པ་ཉིད་དེ། གང་གིས་དུས་ཐམས་ཅད་དུ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ། ཉིན་ཞག་གཅིག་ལ་ལན་དྲུག་ཏུ་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལ་སོ་སོར་རྟོག་པ་ཡིན་ནོ།། ཇི་ལྟར་རྟོག་ཅེ་ན། སུ་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན། སུ་ནི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན། སུ་ནི་མངོན་པར་མཐོ་བ་བསྟན་པའི་སྣོད་ཡིན། སུ་ནི་ངེས་པར་ལེགས་པ་བསྟན་པའི་སྣོད་ཡིན། སུ་ནི་སངས་རྒྱས་ཀྱི་འབྱོར་བའི་སྣོད་ཡིན། གང་ཞིག་ལ་ཅི་ཞིག་བྱ་ཞེས་སོ་སོར་རྟོག་གོ། །ཞེས་གསུངས་པ་ལྟར་ལ། མཛོད་ལས། ཚོགས་དང་རྣམ་པ་སྤྱོད་ཡུལ་དང༌། །མཉམ་པའི་ཕྱིར་དང་ཆེས་ཆེ་ཕྱིར། །ཐ་དད་བྱ་བ་རྣམ་པ་བརྒྱད། །ཅེས་དང༌། མངོན་པའི་རྒྱན་ལས། ཅིའི་ཕྱིར་འདི་ལ་ཐུགས་རྗེ་ཆེན་པོའི་སྒྲར་བརྗོད་ཅེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཡང་དག་པར་འགྲུབ་པའི་ཕྱིར་དང༌། རྣམ་པ་སྡུག་བསྔལ་གསུམ་ལ་རྟོག་པའི་རྣམ་པ་ཅན་ཡིན་པའི་ཕྱིར་དང༌། སྤྱོད་ཡུལ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཕྱིར་དང༌། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཅན་དུ་དྲན་པར་མཉམ་པ་ཉིད་དུ་འཇུག་པའི་ཕྱིར་དང༌། ཤེས་རབ་ཀྱི་ངོ་བོ་ཡིན་པས་ཤིན་ཏུ་རྣོ་བའི་ཕྱིར་དེ་བས་ཆེས་ཆེ་བ་གཞན་མེད་པས་ཆེས་ཆེ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ།།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བཤད་པ།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། སྐུ་ལ་འཁྲུལ་བ་མི་མངའ་བ་དང༌། གསུངས་ལ་ཅ་ཅོ་མི་མངའ་བ་དང༌། ཐུགས་དྲན་པ་ཉམས་པ་མི་མངའ་བ་དང༌། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང༌། འཁོར་འདས་ཀྱི་ཆོས་ལ་སྤང་བླང་དུ་ཞེན་པའི་ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ་དང༌། ཡུལ་ལ་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་དྲུག་དང༌། འདུན་པ་དང་བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བ་དྲུག་དང༌། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་གསུམ་དང༌། འདས་པ་དང་ད་ལྟ་བ་དང་མ་འོངས་པའི་ཆོས་རྣམས་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་གསུམ་སྟེ། བཅོ་བརྒྱད་དོ། །མཛོད་ལས། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེར་བཞག་གསུམ་དང༌། ཐུགས་རྗེ་ཆེན་པོ་སྟེ་བཅོ་བརྒྱད་དུ་བཤད་དོ། །དྲན་པ་ཉེར་བཞག་གསུམ་ནི། དེ་བཞིན་གཤེགས་པས་ཆོས་སྟོན་པ་ན་འཁོར་ཁ་ཅིག་གུས་པས་ཉན་པ་སོགས་བྱེད་ན། དེས་དེ་བཞིན་གཤེགས་པ་ཀུན་ཏུ་དགྱེས་པ་དང་ཡིད་བདེ་བ་དང་ཐུགས་ཡ་ཡོ་བོར་མི་འགྱུར་བའི་དྲན་པ་ཉེ་བར་བཞག་པ་དང༌། འཁོར་ཁ་ཅིག་གུས་པས་ཉན་པ་སོགས་མི་བྱེད་ན་དེས་དེ་བཞིན་གཤེགས་པ་ཀུན་ཏུ་མི་དགྱེས་པ་དང་ཡིད་མི་བདེ་བ་སོགས་མེད་པའི་དྲན་པ་ཉེ་བར་བཞག་པ་དང༌། ཁ་ཅིག་གུས་པས་ཉན་པ་དང་ཁ་ཅིག་མི་ཉན་པ་སོགས་ལ་དེ་བཞིན་གཤེགས་པ་དགྱེས་པ་དང༌། མི་དགྱེས་པ་གཉིས་ཀར་མི་འགྱུར་བའི་དྲན་པ་ཉེ་བར་བཞག་པ་གསུམ་སྟེ། འདི་དག་བསྟེན་ན་འཁོར་ལ་རྗེས་སུ་སྟོན་པར་འོས་པར་མདོ་ལས་གསུངས་སོ།།

གང་ཟག་གི་སྡེ་ནི། རྒྱུན་ཞུགས་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་རྣམས་སོ། །དེ་ལ་འབྲས་བུ་རིམ་གྱིས་པའི་དབང་དུ་བྱས་ནས་མཛོད་ལས། ས་དང་ས་ན་ཉེས་རྣམ་དགུ། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ཆུང་དང་འབྲིང་དང་ཆེ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །འབྲས་གནས་སྒོམ་སྤང་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པའང་ཡིན། །རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། །ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་པར་ཆད་གཅིག་པ་དང༌། །གསུམ་པ་ལ་ནི་ཞུགས་པའང་ཡིན། །དེ་དགུ་ཟད་པས་ཕྱིར་མི་འོང༌། །ཞེས་དང༌། སྲིད་རྩེའི་བར་ཆད་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །དགུ་བའི་བར་ཆད་མེད་ལམ་ཡང༌། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །དེ་ཟད་ཐོབ་དང་ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་གསུངས་པ་ལྟར། འབྲས་བུ་རིམ་གྱིས་པའི་ཉན་ཐོས་ཀྱི་མཐོང་ལམ་བཟོད་པ་བརྒྱད་ལ་གནས་པ་ནི། རྒྱུན་ཞུགས་ཞུགས་པ་དང༌། མཐོང་ལམ་རྣམ་གྲོལ་ལམ་ལ་གནས་པ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ་ཙམ་ཡིན་ལ། དེ་ཡང་མཐོང་ལམ་གྱི་སྔ་རོལ་ཏུ་འདོད་ཉོན་སྐོར་དགུའི་གཅིག་ལའང་ཆགས་བྲལ་མ་བྱས་པ་ཞིག་ཡིན་ན་ནི། མཆོག་ཏུ་ཐོགས་ནའམ་རེ་ལྟར་ཐོགས་ན་རྒྱུན་ཞུགས་སྲིད་པ་ལན་བདུན་པ་ཡིན་ཏེ། མདོ་ལས། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་འདི་གནས་མེད་དོ། །ཞེས་དང༌། ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་འཁོར་ཞིང་སོང་ནས་སྡུག་བསྔལ་གྱི་མཐར་བྱེད་དོ། །ཞེས་གསུངས་པའི་ཕྱིར། འདོད་ཉོན་གསུམ་པའམ་བཞི་པ་ཙམ་ལ་ཆགས་བྲལ་བའི་རྒྱུན་ཞུགས་དེ་ནི་ཚེ་འཕོས་ན། རིམ་པ་བཞིན་དུ་ལན་གསུམ་མམ་གཉིས་སུ་ལྷའི་རིགས་ནས་རིགས་སུ་སྐྱེ་བའམ། མིའི་རིགས་ནས་རིགས་སུ་སྐྱེ་བར་འགྱུར་རོ། །ཟག་བཅས་ཟག་མེད་ཀྱི་ལམ་གཉིས་པོ་གང་རུང་གིས་འདོད་ཉོན་ལྔ་པ་སྤངས་ན་ཚེ་དེ་ལ་འདོད་ཉོན་དྲུག་པའང་སྤངས་པས་ཁྱབ་སྟེ། འདོད་ཉོན་ལྔ་པ་གཅིག་པུས་ཕྱིར་འོང་གི་འབྲས་བུ་འཐོབ་པ་ལ་གེགས་བྱེད་མི་ནུས་པར་གསུངས་པའི་ཕྱིར། འདོད་ཉོན་དྲུག་པ་སྤངས་པ་ནས་དགུ་པ་མ་སྤངས་པའི་བར་དུ་ལན་ཅིག་ཕྱིར་འོང་བ་ཡིན་ལ། འདོད་ཉོན་བརྒྱད་པ་སྤངས་པའི་ཕྱིར་འོང་དེ་ནི། དགྲ་བཅོམ་ཐོབ་པ་ལ་ཚེ་གཅིག་དང༌། ཕྱིར་མི་འོང་གི་འབྲས་བུ་འཐོབ་པ་ལ་བར་ཆད་གཅིག་གིས་ཐོགས་པ་ཡིན་པས་ཕྱིར་འོང་ཚེ་གཅིག་པར་ཆད་གཅིག་པའོ། །འདོད་ཉོན་དགུ་བ་སྤང་བ་ན་ཁམས་ལས་འདའ་དགོས་པས་དེ་གཅིག་བུས་ཀྱང་ཚེ་དེར་ཕྱིར་མི་འོང་གི་འབྲས་བུ་འཐོབ་པ་ལ་བར་ཆད་བྱེད་ནུས་པར་གསུངས་སོ། །ཕྱིར་འོང་འབྲས་གནས་ཁྱད་པར་ཅན་དེ་ནི་ཕྱིར་མི་འོང་ཞུགས་པ་ཡིན་ལ། འདོད་ཉོན་དགུ་པ་སྤངས་པ་ནས་སྲིད་ཉོན་དགུ་བ་སྤངས་པའི་བར་དུ་ཕྱིར་མི་འོང་གི་འབྲས་བུ་ལ་གནས་པ་ཡིན་ནོ། །འདི་ལ་གཟུགས་ཁམས་ཀྱི་བར་སྲིད་དང་སྐྱེ་སྲིད་ཀྱི་རྟེན་ལ་དགྲ་བཅོམ་ཐོབ་པ་དང༌། བསམ་གཏན་སྤེལ་སྒོམ་གྱི་དབང་གིས་གནས་གཙང་འོག་མིན་གྱི་བར་དུ་འགྲོ་བ་དང༌། སྲིད་རྩེའི་བར་དུ་སོང་ནས་དགྲ་བཅོམ་འཐོབ་པའང་ཡོད་དོ། །གལ་ཏེ་མཐོང་ལམ་གྱི་སྔ་རོལ་ཏུ་འདོད་ཉོན་བརྒྱད་པ་མན་ཆད་དང༌། འདོད་ཉོན་དགུ་བ་ནས་ཅི་ཡང་མེད་ཀྱི་ཉོན་མོངས་དགུ་མན་ཆད་གང་རུང་ལ་ཆགས་བྲལ་བྱས་པ་ཞིག་ཡིན་ན། མཐོང་ལམ་རྣམ་གྲོལ་ལམ་གྱི་ཚེ་རིམ་པ་བཞིན་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གི་འབྲས་བུ་དང༌། ཕྱིར་མི་འོང་གི་འབྲས་བུ་ཐོབ་པར་འགྱུར་ཏེ། མཐོང་སྤང་སྤངས་པའི་འགོག་བདེན་དང༌། མཐོང་ལམ་རྣམ་གྲོལ་ལམ་ནི་དེ་དག་གི་འབྲས་བུ་ཡིན་པའི་ཕྱིར། འདོད་ཉོན་ཆུང་ངུ་སྐོར་གསུམ་གྱི་དབང་གིས་འདོད་པར་ལན་གཅིག་ཙམ་ལས་སྐྱེ་མི་སྲིད་པས་ན་ལན་ཅིག་ཕྱིར་འོང་བ་དང༌། འདོད་ཉོན་དགུ་བ་སྤངས་པ་ན་འདོད་པ་སོགས་རང་གང་དུ་སྐྱེས་པའི་ས་དེར་ལས་ཉོན་གྱིས་ཕྱིར་མི་སྐྱེ་བས་ན་ཕྱིར་མི་འོང་དང༌། སྲིད་རྩེའི་ཉོན་མོངས་དགུ་བ་སྤངས་པ་ན་ཁམས་གསུམ་གྱི་ཉོན་མོངས་པའི་དགྲ་མ་ལུས་པར་བཅོམ་པས་ན། དགྲ་བཅོམ་པ་ཞེས་བཤད་དོ། །རང་རྒྱལ་རྣམས་ནི། རྣལ་འབྱོར་སྤྱོད་པའི་ས་ལས། རང་སངས་རྒྱས་རྣམས་ནི། མངོན་པར་བྱང་ཆུབ་པའི་སྔ་རོལ་ཉིད་ནས་རང་བཞིན་གྱི་ཉོན་མོངས་ཆུང་བའི་རིགས་ཡིན་ཏེ། དེས་ན་དེ་དག་གི་སེམས་འདུ་འཛི་ལ་མི་འཇུག་གི་གཅིག་པུ་དགའ་བ་ལ་འཇུག་གོ། །ཞེས་དང༌། རང་བཞིན་གྱི་སྙིང་རྗེ་ཆུང་བ་ཡིན་ཏེ། དེས་ན་དེ་དག་གི་སེམས་ཆོས་སྟོན་པ་དང་སེམས་ཅན་གྱི་དོན་བྱ་བ་ལ་སེམས་མི་འཇུག་གི སེམས་ལས་ཆུང་ངུར་གནས་པ་ལ་སེམས་འཇུག་གོ །ཞེས་དང༌། རང་བཞིན་གྱི་དབང་པོ་འབྲིང་དང་ང་རྒྱལ་སྤྱད་པའི་རང་བཞིན་ཅན་ཡིན་ཏེ། དེས་ན་སློབ་དཔོན་མེད་པ་དང་འགྲན་ཟླ་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་དོ། །འདི་ན་ལ་ལ་རང་སངས་རྒྱས་ཀྱི་ལམ་དང་བོ་བསྐལ་པ་བརྒྱ་ཚང་བར་ཚོགས་བསགས་ནས་བསྐལ་བ་བརྒྱ་འདས་པའི་འོག་ཏུ་སངས་རྒྱས་རྣམས་འབྱུང་བ་མེད་པ་ན། སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་ནས་རང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དོ། །ཞེས་དང༌། དེ་ལ་ཡང་དག་པར་འགྲུབ་པ་དང་བོ་ནི། བསེ་རུ་ལྟར་སྤྱོད་པའི་རང་སངས་རྒྱས་སུ་འགྱུར་རོ། །ཡང་དག་པར་འགྲུབ་པ་གཉིས་པ་དང་གསུམ་པ་ནི། གཅིག་ཏུ་ངེས་པར་གཅིག་བུ་འདུག་པ་ལ་དགའ་ཞིང་གཅིག་པུར་གནས་པའི་རང་རྒྱལ་བར་འགྱུར་པ་མ་ཡིན་གྱི། ཚོགས་དང་གནས་པར་འགྱུར་རོ། །གནས་པ་ལྷག་མ་ནི། དེ་ཡང་བསེ་རུ་ལྟར་སྤྱོད་པ་ཇི་ལྟ་བ་བཞིན་ནོ། །ཞེས་གསུངས་པ་ལྟར་ལ། ཉན་ཐོས་དང་རང་རྒྱལ་གཉིས་ཀྱི་སྤང་བྱ་དང་རྟོགས་རིགས་འདྲ་བར་འདོད་པ་དང༌། མི་འདྲ་བར་འདོད་པ་གཉིས་ལས། ཕྱི་མ་ནི་མངོན་པར་རྟོགས་པའི་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་དང༌། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང༌། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་དང༌། འགྲེལ་བ་ལས། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང༌། དེ་དང་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་པོ་གཟུང་པའི་དོན་གྱི་རྣམ་པར་རྟོག་པ་དང༌། ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་གསུམ་སྤངས་པའི་ཕྱིར། གོ་རིམ་བཞིན་དུ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དག་པ་ཡིན་ནོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སྤངས་པའི་ཕྱིར། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ལས་བྱུང་བ་ཉིད་ནི་བླ་ན་མེད་པའི་སངས་རྒྱས་ཀྱི་ཡིན་པར་འདོད་དོ། །ཞེས་གསུངས་པ་ལྟར་རོ།།

མཁྱེན་པ་གསུམ་བཤད་པ།

ད་ནི་མཁྱེན་པ་གསུམ་འཆད་དེ། ཉན་ཐོས་འཕགས་པ་དང་རང་རྒྱལ་འཕགས་པའི་ལམ་ཐམས་ཅད་ནི་གཞི་ཤེས་དང༌། བྱང་སེམས་འཕགས་པའི་ལམ་ཐམས་ཅད་ནི་ལམ་ཤེས་དང༌། སངས་རྒྱས་འཕགས་པའི་ཡེ་ཤེས་ཐམས་ཅད་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ཏེ། ཉི་ཁྲི་སྣང་བ་ལས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་ཞེས་གསུངས་པས། གཞི་ཤེས་དང་ལམ་ཤེས་དག་ཀྱང་འཕགས་པ་ཁོ་ནའི་ལམ་ཡིན་པའི་ཕྱིར། འོན་ཀྱང་འཆད་པར་འགྱུར་པའི་མདོ་ལ་རྟེན་ནས་གཞི་ཤེས་དང་ལམ་ཤེས་དག་ནི་རིམ་པ་བཞིན། ཉན་རང་དང་བྱང་སེམས་ཚོགས་ལམ་ནས་ཀྱང་ཡོད་པ་དང༌། མཁྱེན་པ་གསུམ་རྟེན་སོ་སོར་ངེས་པར་ཡང་སློབ་དཔོན་ཆེན་པོ་དག་གིས་གསུངས་སོ། །དེ་ཡང་རྫས་རྒྱུན་དང་རྟོགས་རིགས་སོགས་ཀྱི་སྒོ་ནས་བཞག་པའི་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་དང་ལམ་ཤེས་དག་ནི་མཁྱེན་པ་དེ་དང་དེ་དངོས་ཡིན་ཟེར་བ་དང༌། མིན་ཟེར་བའི་ལུགས་གཉིས་བྱུང་བ་ཡིན་ནོ། །དེ་ལྟར་ཡང་རྒྱལ་བའི་ཡུམ་བར་མ་ལས། ཐམས་ཅད་ཤེས་པ་ཉིད་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །རྒྱལ་བའི་ཡུམ་ལས་ཡང་ཡང་གསུངས་པའི་གཟུགས་ནས་རྣམ་ཀུན་མཁྱེན་པའི་བར། །ཀུན་བྱང་ཕྱོགས་རྣམས་ཚུལ་བཞིན་བཤད་ལས་བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་འགྲོ་འདིས་མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང༌། །མཐོང་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱི་རྣམ་བཤད་གསུང་རབ་སྒྲོན་མ་ཞེས་བྱ་བ་འདི་ནི། བཙུན་པ་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བས་སྦྱར་བ་ལས། ཡེ་གེ་བ་ནི་བྱ་མདོའི་དགེ་སློང་བསྐལ་བཟང་རྒྱ་མཚོའོ། །བྱང་ཕྱོགས་ཁ་སྒང་འོ་སོ་ཞེས། །དཔལ་ལྡན་བཀྲ་ཤིས་ཆོས་རྫོང་དུ། །གཙུག་ལག་ཆོས་སྦྱིན་མི་ཟད་པའི། །ལེགས་བྱས་སྒོ་བརྒྱ་ཡངས་པོར་ཕྱེ།། །།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།