ཤེས་རབ་སྙིང་པོའི་རང་བཞིན་གྱིས་སྟོང་པའི་མདོ་ཚིག་ལ་བརྟག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2021-04-24 21:28:06     རྩོམ་པ་པོ།   སེར་ཤུལ་ངག་དབང་མཁས་གྲུབ།    ཀློག་ཐེངས།  

ཤེས་རབ་སྙིང་པོའི་རང་བཞིན་གྱིས་སྟོང་པའི་མདོ་ཚིག་ལ་བརྟག་པ།

བཅོམ་ལྡན་འདས་ཀྱིས་ཡོངས་གྲགས་སུ་ཆོས་ཚུལ་ཆེན་པོ་གསུམ་བསྐོར་བ་ལས་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་ནང་གསེས་ཤེས་རབ་སྙིང་པོ་ལས།ཕུང་པོ་ལྔ་བོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་ལྟའོ།།གཟུགས་སྟོང་པའོ།།སྟོང་པ་ཉིད་གཟུགས་སོ།།གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ།།སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།།ཞེས་པའི་མདོ་ཚིག་འདི་ལ་ཅུང་ཟད་དཔྱད་ན།སྤྱིར་ལེགས་སྦྱར་གྱི་སྐད་དོད་དང་ལོ་ཙཱ་པས་སྒྱུར་སྟངས་ཐད་ལ།དཔེར་ན།ལེགས་སྦྱར་སྐད་དུ་བྷ་བ་ཏི་ཞེས་པ་ཡོད་པ་དང་དངོས་པོ་གཉིས་ཀ་ལ་འཇུག་པར་སྒྲ་གཞུང་སོགས་སུ་གསལ་ལ།དེ་བཞིན་ལོ་ཙཱ་པས་སྐབས་རེར་ཡོད་པའི་སྐད་དོད་དུ་བྱས་ནས་བསྒྱུར་བ་དང་།སྐབས་རེར་དངོས་པོའི་སྐད་དོད་དུ་བྱས་ནས་བསྒྱུར་གནང་མཛད་ཡོད་པར་སྣང་།འོན་ཀྱང་ཡོད་པ་དང་དངོས་པོ་གཉིས་སྤྱི་བྱེ་བྲག་སྟེ།དེ་ཡང་ཆོས་ཐམས་ཅད་ལ་ཁྱབ་པའི་ཡོད་པ་དང་།དོན་བྱེད་ནུས་པའི་མཚོན་བྱར་འཇོག་པའི་དངོས་པོ་གཉིས་གཏན་མི་གཅིག།གལ་ཏེ་ལེགས་སྦྱར་སྐད་དུ་བྷ་བ་ཏི་ཞེས་པ་ཡོད་པ་དང་དངོས་པོ་གཉིས་ཀར་འཇུག་པའི་དབང་དུ་བཏང་ན།བྱེ་མདོ་སོགས་ནང་པའི་གྲུབ་མཐའ་སྨྲ་བ་དག་གིས་ཡོད་པ་དང་དངོས་པོ་གཉིས་དོན་གཅིག་ཏུ་འཇོག་དགོས་མོད།བྱེ་བྲག་སྨྲ་བས་གཞི་གྲུབ་ན་དངོས་པོ་ཡིན་པས་ཁྱབ་པ་ཁས་ལེན་ཡང་མདོ་སྡེ་པས་གཏན་ནས་ཁས་མི་ལེན་ཏེ།མདོ་སྡེ་པའི་ལུགས་ལ།བྷ་བ་ཏི་ཞེས་པ་ཡོད་པ་དང་དངོས་པོ་གཉིས་ཀྱི་སྐད་དོད་དུ་བྱས་ནས་བསྒྱུར་ན།ལུགས་འདིའི་གྲུབ་མཐའི་རྣམ་གཞག་མང་པོ་ཞིག་འཆོལ་འགྲོ་བའི་ཉེན་ཡོད།དེ་བས་འདི་ལྟ་བུ་ནི་སྒྲ་བསྒྱུར་ལས་དོན་བསྒྱུར་གཙོ་བོར་བྱེད་ན།གཞུང་ལུགས་མང་པོ་ཞིག་གི་གོ་དོན་ལ་གོ་ནོར་ཐེབས་འགྲོ་བའང་ཡོད་སྲིད།དཔེར་ན།གུང་མགོན་པོ་སྐྱབས་ཀྱིས་བོད་ཡིག་ཏུ་བསྒྱུར་པའི་ཐང་སན་ལམ་ཡིག་ལས་དོགས་གནས་ཤིག་བསླངས་ཡོད།དེར་ཡི་གེ་ནི་ཀཱ་ལི་ཉི་ཤུ་རྩ་ལྔ་ཙམ་དུ་འདུ་ཞིང་ལཉྪ་དང་བོད་ཡིག་ལྟར་འཕྲེད་དུ་ཀློག་པར་བྱེད་དོ།།ཞེས་པའི་ཚིག་དུམ་ཞིག་ཡོད།སྤྱིར་ཐང་སན་བླ་མ་དང་སློབ་དཔོན་ཐོན་མི་གཉིས་དུས་རབས་གཅིག་གི་ནང་དུ་བྱོན་ཀྱང་དུས་ཚོད་སྔ་ཕྱི་མི་འདྲ་བས།འདིས་སྲོང་བཙན་གོང་དུ་བོད་ཡིག་ཡོད་མེད་ལ་བསྐྱར་དུ་འཁྲུལ་གཞི་གསར་བ་ཞིག་མི་བསླང་ཐབས་མེད་རེད།།སྤྱིར་རྒྱའི་སློབ་དཔོན་ཆེན་མོ་ཐང་ཟན་བླ་མ་ནི་རྒྱ་བརྒྱུད་ནང་བསྟན་ལ་ཧ་ཅང་སྲི་ཞུ་ཆེ་བའི་བཙུན་པ་ཞིག་ཡིན་ལ།ཁོང་གི་རྣམ་ཐར་ལྷ་སྒྲུང་དུ་བཟོས་པ་དེང་སང་རྒྱའི་གློག་བརྙན་གྲགས་ཆེན་ཐང་གུར་བླ་མའི་རྣམ་ཐར་ཞེས་པ་དེ་རེད།

འོན་ཀྱང་ལྷ་སྒྲུང་ནི་ལྷ་སྒྲུང་ཙམ་ལས་དོན་དངོས་ཀྱི་ཤེས་བྱ་རེག་རྒྱུ་ཧ་ཅང་ཉུང་།གང་ལྟར་ཁོང་ནི་ཕྱི་ལོ(600-664)བར་བྱོན་པ་སྟེ།ཐང་ཀྲེན་ཀོན་ཁྲི་ལོ་དང་པོར་ཁྲང་ཨན་ནས་ལམ་ཐེག་ལེ་དབར་ཁྲི་ལྔས་ཆོད་པའི་ནང་བསྟན་ཆོས་ལུགས་ཀྱི་ལྟེ་གནས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་དཔལ་ནཱ་ལེནྜར་སློབ་གཉེར་གནང་ལ། (641)ལོར་ཆིའུ་ནའེ་གྲོང་ཁྱེར་ནས་མཁས་པ་སྟོང་ཕྲག་མང་པོ་འདུས་པའི་སར་ནང་ཆོས་ཀྱི་རྩོད་པ་བྱས་པར་ཐེག་པ་ཆེན་པོའི་སློབ་དཔོན་གྱི་མཚན་གནས་ཐོབ། (645)ལོར་ཆོས་གཞུང༦༥༧དང་རྟེན་སྐལ་མང་པོ་བཅས་བསྣམས་ནས་ཕྱིར་ཁྲང་ཨན་དུ་ཕེབས་ཏེ།རྒྱ་གར་ནས་བསྣམས་པའི་སངས་རྒྱས་ཆོས་ལུགས་ཀྱི་བསྟན་བཅོས་དེ་དག་རྒྱ་ཡིག་ཏུ་བསྒྱུར་བའི་ཕྱག་ལས་གཉེར་ནས་སངས་རྒྱས་ཀྱི་སྡེ་སྣོད༧༥དང་བམ་པོ༡༣༣༥ཡིག་འབྲུ་ཁྲི༡༣༠༠ལྷག་བསྒྱུར་གནང་མཛད།འདི་དག་ནི་ཁྲང་ཨན་ཧུང་ཧྥ་དགོན་དུ་གཏེར་དུ་སྦས་ཡོད་ཅེས་རྒྱའི་རྩོམ་པ་པོ་གྲགས་ཆེན་སུའུ་ཧྲུའུ་དབྱང་གིས་ཀྲུང་གོ་སྤྱི་བཤད་ལས་བཤད།བོད་འགྱུར་བསྟན་འགྱུར་ཁྲོད་དུ་བཞུགས་པའི་དགོངས་འགྲེལ་འགྲེལ་ཆེན་བམ་པོ་བདུན་ཅུ་རྩ་ལྔ་པ་ཞེས་པ་ཡང་ཁོང་གི་སློབ་མ་ཀོ་རི་ཡའི་ལྷ་བཙུན་ཝེན་ཚེག་གིས་ཟིན་ཐོ་བཀོད་པ་ཡིན་ལ།རྒྱ་གར་གནས་ཡིག་གམ་ལམ་ཡིག་འདི་ཡང་ཁོང་གི་གསུང་སློབ་མ་པེན་ཅིས་ཀྱིས་ཡི་གེར་ཕབ་པ་ཞིག་རེད།མཐར་དགུང་ལོ་རེ་བཞིའི་ཐོག་ཡུས་ཧྭ་དགོན་དུ་སྐུ་གཤེགས།ཞོན་ཙང་ངམ་ཐང་སན་ཙང་དང་ཝེན་ཚེག་གཉིས་བླ་སློབ་ཡིན་པ་ལས་གང་ཟག་གཅིག་མིན་པར་བླ་མ་འཇིག་རྟེན་མགོན་པོས་གསུངས་ལ།དེང་གི་ལོ་རྒྱུས་ཞིབ་འཇུག་པ་དག་གིས་ཀྱང་བཤད་པས་ཁོང་གཉིས་མི་རིགས་ཐ་དད་ཡིན།འོན་ཀྱང་རྗེ་ཙོང་ཁ་པས་རྒྱ་ནག་འགྲེལ་ཆེན་ཞོན་ཙང་གིས་བརྩམས་པར་བཞེད་པ་ནི་གསུང་བ་པོ་ལ་དགོངས་པ་ཡིན་པར་སེམས་སོ།།མདོར་ན་རྒྱ་བརྒྱུད་ནང་བསྟན་ལ་ཕྱག་རྗེས་ཆེ་བའི་སློབ་དཔོན་ཞོན་ཙང་ངམ་ཡོངས་གྲགས་ཐང་སན་བླ་མ་མཆོག་ནི།ཕྱི་ལོ(600ཡང་ན602)ཡས་མས་སུ་འཁྲུངས་ལ། (664)ཡང་ན(665)ལོར་འདས་པར་རྒྱའི་ལོ་རྒྱུས་ཀུན་དང་མཐུན་པ་ལྟར་ན།ཁོང་དང་སློབ་དཔོན་ཐོན་མིའི་དུས་ཚིགས་ལ་ཁྱད་པར་ཆེན་པོ་ཤོར་བ་རེད།དེ་བས་ཁོང་གི་ལམ་ཡིག་དེར་བོད་ཡིག་ལྟར་འཕྲེད་དུ་ཀློག་ཅེས་ད་ལྟའི་བོད་ཡིག་འདི་བྱུང་མེད་པས།ཚིག་དུམ་འདི་འབྱུང་མི་སྲིད་པ་ལྟ་བུ་རེད།དེས་ན་ཐང་ཟན་ལམ་ཡིག་བོད་འགྱུར་དུ།བོད་ཡིག་ལྟར་འཕྲེད་དུ་ཀློག་ཅེས་པ་ཡོད་ཀྱང་མ་རྩོམ་རྒྱ་ཡིག་ལ་དེ་ལྟར་མི་འབྱུང་བར་བོད་ཀྱི་གྲྭ་བཙུན་རྩོམ་པ་པོ་ཤེས་རབ་བསྟན་དར་ལགས་ཀྱིས་བཤད་པས།དེ་ནི་ལོ་ཙཱ་པ་མགོན་པོ་སྐྱབས་ཀྱིས་དོན་སྒྱུར་རམ་འབྲུ་སྣོན་བྱས་པ་ཞིག་རེད།འདིས་སྲོང་བཙན་ཡན་ལ་བོད་ཡིག་ཡོད་མེད་ཀྱི་དོགས་གཞི་གསར་བ་བསླངས་པ་ལྟ་བུས་མཚོན།མ་རྩོམ་རང་དུ་མེད་པ་བསྒྱུར་ཡིག་ལ་གསར་དུ་བཅུག་པའི་རྐྱེན་གྱིས་དོགས་གཞི་དེ་འདྲ་འབྱུང་བ་རེད།དེས་མ་རྩོམ་རང་ལ་མ་བལྟས་སྔོན་འགྱུར་ཡིག་ཁོ་ན་ལ་བརྟེན་ནས་ཐག་གཅོད་མི་ནུས་པར་མཚོན་ཡོད།ད་ནི་བཤད་པའི་གཞི་བསླངས་ཏེ་དཔྱད་པ་གཙོ་བོ་ནི།བོད་འགྱུར་ཤེས་རབ་སྙིང་པོའི་རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ།།ཞེས་རང་བཞིན་གྱིས་སྟོང་ཞེས་པ་འདི་ཤེར་སྙིང་གི་ལེགས་སྦྱར་དཔེ་རུ་བཞུགས་མིན་ཏེ།ད་ལྟའི་བོད་འགྱུར་ཤེར་སྙིང་ཆུང་བ་ཞེས་པའི་དཔེ་ལས།རྒྱ་གར་སྐད་དུ།ཨརྱ་པྲ་ཛྙཱ་པཱ་ར་མི་ཏཱ་ཏྲ་ད་ཡཱ།།བོད་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བོ་བམ་པོ་གཅིག་གོ།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།

འདི་ལྟར་འཕགས་པ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་བོ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པའི་ཚེ།རྣམ་པར་བལྟས་ན་ལྔ་ཕུང་དེ་དག་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ་།།འདི་ནི་ཤཱ་རིའི་བུགཟུགས་སྟོང་པ་ཉིད་དེ།སྟོང་པ་ཉིད་ཀྱང་གཟུགས་སོ།།གཟུགས་དང་སྟོང་པ་ཉིད་ཐ་དད་པ་ཡང་མ་ཡིན།སྟོང་པ་ཉིད་གཟུགས་དང་ཡང་ཐ་མྱི་དད་དོ།།གང་གཟུགས་དེ་སྟོང་པ་ཉིད།།གང་སྟོང་པ་ཉིད་དེ་གཟུགས་སྟེ།།དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའོ།།འདི་ནི་ཤཱ་རིའི་བུ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་མ་སྟེ།མྱི་སྐྱེ་མྱི་འགོག་མྱི་གཙང་མྱི་བརྩོག་མྱི་འཕེལ་མྱི་འབྲི།དེ་ལྟ་བས་ན་ཤཱ་རིའི་བུ་སྟོང་པ་ཉིད་ལ་གཟུགས་ཀྱང་མྱེད།ཚོར་བ་ཡང་མྱེད།འདུ་ཤེས་ཀྱང་མྱེད།འདུ་བྱེད་ཀྱང་མྱེད།རྣམ་པར་ཤེས་པ་ཡང་མྱེད།མྱིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱང་མྱེད།མ་རིག་པ་ཡང་མྱེད།རིག་པ་ཟད་པ་ཡང་མྱེད།མ་རིག་པ་ཟད་པ་ཡང་མྱེད་པས་ན་རྒས་ཤིང་ཤི་བ་ཟད་པ་ཡང་མྱེད།རྒས་ཤིང་ཤི་བ་མི་ཟད་པ་ཡང་མྱེད།སྡུག་བསྔལ་དང་འདུས་པ་ཀུན་འབྱུང་དང་འགོག་པ་དང་ལམ་ཡང་མྱེད།ཤེས་པ་ཡང་མྱེད།ཐོབ་པ་ཡང་མྱེད།སེམས་མི་སྤྱོད་པ་ཡང་མྱེད།དེལྟར་མྱེད་པར་ལ་གནས་པས་ན་ལོག་པས་ཤིན་ཏུ་འདས་སྟེ།ཐུབ་པ་ནི་མྱ་ངན་ལས་འདས་པའོ།།དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་སྟེ།སྤྱོད་པས་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཏུ་ཀུན་ཏུ་མངོན་པར་སངས་རྒྱས་སོ།།དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་སྔགས།རིག་པ་ཆེན་པོའི་སྔགས།བླ་ན་མྱེད་པའི་སྔགས།མཉམ་པ་མྱི་མཉམ་པའི་སྔགས།སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་སྔགས།བདེན་ཏེ་མྱི་རྫུན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་སོ།།སྔགས་ལ་ཏདྱ་ཐཱ་འགའ་ཏེ་འགའ་ཏེ་པཱ་ར་འགའ་ཏེ།བྷོ་དི་སཱ་ཧཱ།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྫོགས་སཱོ།།སྤྱིར་ལེགས་སྦྱར་དང་རྒྱ་ནག་འགྱུར་དུ་ཤེར་སྙིང་ཆེ་ཆུང་གི་དཔེ་གཉིས་བཞུགས་མོད།བོད་དུ་ཤེར་སྙིང་ཆེ་བའི་དཔེ་རྒྱུན་དུ་འཚོགས་ནས་གསུང་གིན་ཡོད་པ་འདི་ཙམ་ལས་མི་བཞུགས། ཕྱི་ལོ༨༡༤ལོར་སྐད་གསར་བཅད་བྱས་ལ།ཤེར་སྙིང་ཆུང་བའི་དཔེ་འདི་ནི་དེའི་གོང་རོལ་དུ་བསྒྱུར་ཟིན་པ་དང་།དེ་ཡང་ཏུང་ཧོང་མ་དཔེ་གཉིས་དང་བསྡུར་ནས་ཞུས་དག་བྱས་ཏེ་བཀོད་པ་ཡིན་ཚུལ་བོད་ཀྱི་རྩོམ་པ་པོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བཤད།དེས་ན་དཔྱད་གཞི་ནི་འདིར་ཤེར་སྙིང་ཆུང་བ་ལས།རྣམ་པར་བལྟས་ན་ལྔ་ཕུང་དེ་དག་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ་།།འདི་ནི་ཤཱ་རིའི་བུ་གཟུགས་སྟོང་པ་ཉིད་དེ།སྟོང་པ་ཉིད་ཀྱང་གཟུགས་སོ།།གཟུགས་དང་སྟོང་པ་ཉིད་ཐ་དད་པ་ཡང་མ་ཡིན།སྟོང་པ་ཉིད་གཟུགས་དང་ཡང་ཐ་མྱི་དད་དོ།།གང་གཟུགས་དེ་སྟོང་པ་ཉིད།གང་སྟོང་པ་ཉིད་དེ་གཟུགས་སྟེ།ཞེས་གསལ་བ་ལྟར་ངོ་བོ་ཉིད་ཀྱིས་སྟོང་ཞེས་པ་ཙམ་ལས།རང་བཞིན་གྱིས་སྟོང་ཞེས་པའི་ཚིག་མི་གསལ་པ་འདིས་བོད་འགྱུར་ཤེར་སྙིང་ཆེ་ཆུང་གི་དཔེ་གཉིས་ལ་འགྱུར་མི་འདྲ་བ་ཡོད་པར་གསལ་བས།དོན་གྱིས་མ་ཕྱི་ལེགས་སྦྱར་ལས་རང་བཞིན་ནམ་ངོ་བོ་ཉིད་ཀྱི་སྐད་དོད་བཞུགས་ངེས་པར་བརྟག་དགོས་པར་མཚོན་ཡོད།གལ་ཏེ་འདིར་རང་བཞིན་གྱིས་སྟོང་པའི་སྐད་དོད་ལ་ངོ་བོ་ཉིད་ཀྱིས་སྟོང་པར་ལོ་ཙཱ་པས་བསྒྱུར་པ་ཡིན་ཚེ།ཤེར་སྙིང་ཆུང་བའི་བོད་དཔེ་ལས་དེ་ལྟར་ངོ་བོ་ཉིད་ཅེས་འབྱུང་ཡང་ཤེར་སྙིང་ཆེ་བའི་དཔེ་ལྟར་རང་བཞིན་གྱིས་སྟོང་པའི་སྐད་དོད་བཞུགས་པར་མངོན་པས་དོགས་པ་ཆེར་མེད་མོད།གལ་ཏེ་ངོ་བོ་ཉིད་ཀྱིས་སྟོང་པའི་སྐད་དོད་ལ་རང་བཞིན་གྱིས་སྟོང་པ་ཞེས་ལོ་ཙཱ་པས་དོན་བསྒྱུར་བྱས་པ་ཡིན་ཚེ་གཞུང་དོན་ལ་གོ་ནོར་ཐེབས་འགྲོ།།གཞན་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཤེས་རབ་སྒྲོན་མར་དྲངས་པ།འདིར་རབ་ཏུ་བྱེད་པའི་དོན་ནི་སྐྱེ་བ་མེད་པ་བསྟན་པ་ཡིན་པས།དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པའི་ཁུངས།གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས།།དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད།།གང་ཞིག་རྐྱེན་ལ་ལྟོས་པ་དེ་སྟོང་གསུངས།།གང་གིས་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན།།ཞེས་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་ཚུལ་གྱིས་བསྟན་པ་དང་།སློབ་དཔོན་ཟླ་བ་གྲགས་པས་ཚིག་གསལ་དང་།དབུ་མ་ལ་འཇུག་པའི་རང་འགྲེལ་གཉིས་སུ་དྲངས་པ་ལས་ནི།གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས།།དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན།།རྐྱེན་ལ་རག་ལས་གང་དེ་སྟོང་བར་བཤད།།གང་ཞིག་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན།།ཞེས་རང་བཞིན་གྱིས་སྐྱེ་བ་མེད་ཚུལ་གྱིས་བསྟན་པ་གཉིས་ཀྱང་ལུང་ཚིག་གཅིག་ཡིན་ནའང་འདྲེན་ཚུལ་མི་འདྲ་བ་འདི་ལོ་ཙཱ་པའི་འགྱུར་སྐྱོན་ནམ་གང་ལགས་དཔྱད་དགོས།ཤླཽ་ཀ་འདིས་སློབ་དཔོན་གཉིས་ཀྱི་རང་རང་གི་ལུགས་ཀྱི་ལྟ་བའི་ཁུངས་མཚོན་པར་བྱས་ཡོད་ལ།ལུང་གི་གོ་དོན་ཡང་ལེགས་ལྡན་གྱིས་ངོ་བོ་ཉིད་ཀྱིས་ཞེས་དང་།ཟླ་བས་རང་བཞིན་གྱིས་ཞེས་ཚིག་གི་ནུས་པས་བསྟན་ཡོད།གཞན་ཡང་དབུ་མ་ཐལ་འགྱུར་བས།ཤེས་རབ་སྙིང་པོ་ལས།རང་བཞིན་གྱིས་སྟོང་པའོ་ཞེས་པ་སྒྲས་ཟིན་ལྟར་ཁས་ལེན་ལ་རང་རྒྱུད་པས་དགག་བྱ་དོ་དམ་ལ་སྦྱར་དགོས་པ་དང་། དབུ་མའི་ལྟ་བའི་དགག་བྱ་དྲུག་ལས་དོན་དམ་པར་གྲུབ་པ། ཡང་དག་པར་གྲུབ་པ། བདེན་པར་གྲུབ་པ་བཅས་གསུམ་ནི་རང་རྒྱུད་པས་ཀྱང་ཐ་སྙད་དུ་ཡང་ཞལ་གྱིས་མི་བཞེས་ཚུལ་ཡང་འཐད་དཀའ་ལ།ལེགས་བཤད་སྙིང་པོའི་སེམས་ཙམ་སྐབས་ལས་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཡུམ་མདོའི་སྒྲས་ཟིན་གྱི་གདུལ་བྱར་ཁས་ལེན་པར་གསུངས་པ་དང་།བླ་མ་རྗེ་བཙུན་པའི་དྲང་ངེས་སྤྱི་དོན་ལས་དབུ་མ་ཐལ་འགྱུར་པ་ཤེས་རབ་སྙིང་པོའི་སྒྲས་ཟིན་གྱི་གདུལ་བྱ་ཡིན་པར་གསུངས་པ་ཡང་ཤེས་རབ་སྙིང་པོའི་སྒྲས་ཟིན་དུ་ཆོས་རྣམས་རང་བཞིན་གྱིས་སྟོང་པར་བསྟན་པ་ལྟར་ཁས་ལེན་པས་ཡིན་ལ།རང་རྒྱུད་པས་འཕགས་སེང་གི་ལུགས་འགོད་སྐབས་འཁོར་ལོ་བར་བ་ལ་སྒྲ་ཇི་བཞིན་པ་འབུམ་དང་ཉི་ཁྲི་བརྒྱད་སྟོང་པ་བཅས་རྒྱས་འབྲིང་བསྡུས་གསུམ་དང་།སྒྲ་ཇི་བཞིན་པ་མིན་པ་ཤེར་སྙིང་ལྟ་བུ་བཅས་ཡུམ་མདོ་ལ་གཉིས་སུ་ཕྱེས་ཡོད་པ་དང་།དེ་བས་འཁོར་ལོ་བར་བ་ལ་སྒྲ་ཇི་བཞིན་པས་མ་ཁྱབ་པར་འདོད་ལ། ཐལ་འགྱུར་བས་སྒྲ་ཇི་བཞིན་པས་ཁྱབ་པར་འདོད་པའི་ཁྱད་འབྱེད་པའང་མཐར་གཏུགས་ན་ཤེས་རབ་སྙིང་པོའི་ཚིག་ཟིན་དུ་རང་བཞིན་གྱིས་སྟོང་པ་བསྟན་མིན་ལ་ཐུག་ཡོད།།མདོར་དྲིལ་ན་འཕགས་སེང་གཉིས་ཀྱི་ལུགས་ལ་ཤེར་སྙིང་ལས་གཟུགས་སོགས་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་མཉམ་དུ་བཀའ་བསྩལ་པས་སྒྲས་ཟིན་ལྟར་ཁས་མི་ལེན་པ་དང་།ཟླ་བ་གྲགས་པ་སོགས་ཐལ་འགྱུར་བ་རྣམས་ཀྱིས་དེ་ལྟར་གསུངས་པ་སྒྲ་ཇི་བཞིན་དུ་ཁས་ལེན་པའི་ཁྱད་པར་ཏེ་རང་བཞིན་གྱིས་སྟོང་པ་སྒྲ་ཇི་བཞིན་དུ་ཁས་ལེན་མིན་གྱི་གནད་ལ་ཐུག་ཡོད་དོ།།

འོན་ཀྱང་འཕགས་པ་གྲོལ་སྡེའི་ཉི་ཁྲི་སྣང་བ་ལས།ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཀྱི་ཡོངས་སུ་བསྔོ་བ་ནི།སེམས་གང་གིས་ཡོངས་སུ་བསྔོ་བའི་སེམས་དེ་ཉིད་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།དེ་ནི་འདི་ལྟར་ཆོས་ཐམས་ཅད།།རང་བཞིན་གྱིས་སྟོང་ངོ་ཞེས་གང་གསུངས་པ་བཞིན་ནོ།།ཞེས་དང་།འདུལ་བ་མེད་པའི་རྣམ་པས།ཆོས་ཐམས་ཅད་རང་བཞིན་གྱིས་འདུལ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ངེས་པར་འབྱིན་པའི་རྣམ་པ་སྟེ།ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་གང་ཡིན་པ་ནི་ཉོན་མོངས་པ་འདུལ་བར་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་སོ།།ཞེས་སོགས་རང་བཞིན་གྱིས་སྟོང་པར་བརྗོད་པའི་ཚིག་མང་དུ་བཞུགས་ལ།དེ་བཞིན་ཤེར་ཕྱིན་འབུམ་བམ་པོ་བརྒྱ་དང་སོ་བརྒྱད་པ་ལས།རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་དེ་ལྟར་སྟོན་པ་ནི།ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མི་བཤད་དོ།།ཞེས་དང་།ཉི་ཁྲི་བམ་པོ་དོན་གཅིག་པ་ལས།ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དང་།རང་བཞིན་སྟོང་པ་ཉིད་དང་།རང་གི་མཚན་ཉིད་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ནས།ཞེས་དང་།བམ་པོ་བདུན་ཅུ་པར།རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་གང་འཇིག་པར་འགྱུར་བའམ་ཡོངས་སུ་ཉམས་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་དམིགས་སུ་མེད་དོ།།ཞེས་དང་།བམ་པོ་ཉེར་གཅིག་པར།འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ།རང་གི་མཚན་ཉིད་ཀྱིས་སྟོང་པའོ།།ཞེས་སོགས་རང་བཞིན་གྱིས་སྟོང་པའི་ཚིག་མང་པོ་བཞུགས་པ་ནི།རྗེ་བླ་མའི་དྲང་ལེགས་བཤད་སྙིང་པོ་ལས། འགྲེལ་མཛད་པ་རྣམས་ཀྱིས་ཡུམ་འབུམ་པ་ལས་གསུངས་པ་རྣམས་ནི་དོན་དམ་པར་རང་བཞིན་གྱིས་སྟོང་པར་འགྲེལ་དགོས་གསུངས་པ་ལྟར་ལགས་ལ།འཕགས་པ་གྲོལ་སྡེ་དང་སློབ་དཔོན་སེང་གེ་བཟང་པོ་གཉིས་ནི་སློབ་དཔོན་ཞི་འཚོའི་རྗེས་འབྲང་ཡིན་པས་དབུ་མ་རང་རྒྱུད་པ་ཡིན་ལ། དེ་བས་ཉི་སྣང་དང་རྒྱན་སྣང་སོགས་ལས་མངོན་རྟོགས་རྒྱན་གྱི་དགོངས་པ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་གྲུབ་མཐར་བཀྲལ་ལ། རྒྱན་ལས་ཀྱང་། གཟུང་དོན་རྟོགས་པ་སྤོང་ཕྱིར་དང་།།འཛིན་པ་མི་སྤོང་ཕྱིར་དང་ནི།།ཞེས་ཉན་རང་ལ་བདེན་མེད་མ་རྟོགས་པ་དང་།ཤེས་པ་བདེན་འཛིན་མ་སྤངས་པ་ཡོད་པར་གསུངས་པས་ཐལ་འགྱུར་བའི་གྲུབ་མཐའི་འདོད་ཚུལ་དང་མི་མཐུན་པ་ཡོད་ལ།ཉོན་མོངས་ཤེས་བྱ་ལམ་གསུམ་གྱི།།ཉམས་ཕྱིར་སློབ་མ་བསེ་རུ་དང་།།རྒྱལ་སྲས་རྣམས་ཀྱི་དག་པ་སྟེ།།སངས་རྒྱས་རྣམ་ཀུན་ཤིན་ཏུ་བ།།ཞེས་སོགས་ཀྱི་དོན་ཡང་འདི་དང་མཐུན་པར་བཀྲལ་ཡོད།

འོན་ཀྱང་མཁས་གྲུབ་ཐམས་ཅད་མཁྱེན་པའི་སྟོང་ཐུན་ལས།མངོན་རྟོགས་རྒྱན་གྱི་དགོངས་པ་ནི།གང་ཟག་བདེན་པར་གྲུབ་པས་སྟོང་པ་ཉིད་གང་ཟག་གི་བདག་མེད་དང་།རང་བཞིན་གྱིས་གྲུབ་པ་ཐ་སྙད་དུ་ཡང་མི་བཞེད་པ་ཐལ་འགྱུར་པའི་ལུགས་སུ་གནས་སོ་ཞེས་ཤེས་པར་བྱ་སྟེ།དེའི་ཚུལ་ནི་གཞན་དུ་བཤད་པར་བྱའོ།།ཞེས་གསུངས་ལ། ཁོང་གི་སློབ་མ་ཞང་ཞུང་ཆོས་དབང་གྲགས་པས་ཟིན་བྲིས་བྱས་པའི་མངོན་རྟོགས་རྒྱན་གྱི་དགོངས་པ་མཐར་ཐུག་ཐལ་འགྱུར་དུ་བཀྲལ་བའི་གཞུང་ལས་ཀྱང་ཚུལ་དེ་རྒྱས་པར་གསུངས་ཡོད་མོད།རྗེ་བླ་མས་ལེགས་བཤད་གསེར་ཕྲེང་ལས།ཡུམ་གྱི་རྒྱན་འདི་ལས་ཉན་རང་གི་སྦྱོར་ལམ་སྐབས་སུ་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཅན་གསུངས་པ་ལྟར་སྣང་ཡང་སྤྱིའི་ཁོག་ལ་མི་འགྲིག་གོ།ཞེས་གསུངས་པ་ལྟར།མངོན་རྟོགས་རྒྱན་གྱི་དགོངས་པ་ཐལ་འགྱུར་བའི་གྲུབ་མཐའ་ལ་འགྲེལ་སྒྲིག་དཀའ་བར་སྣང་ངོ་།།མདོར་ན་སློབ་དཔོན་བདག་ཉིད་ཆེན་པོ་དེ་དག་གི་མཐར་ཐུག་གི་དབུ་མའི་ལྟ་བ་གང་དུ་གནས་བཤད་དཀའ་ནའང་ཐུན་མོང་དུ་ཐལ་རང་གི་གྲུབ་མཐའི་ཁྱད་པར་དང་།ལྟ་གྲུབ་འཇོག་སྟངས་ལའང་རྩོད་པ་མང་དུ་ཤོར་སྐད་ཀྱིས་འགྲེལ་བ་བྱེད་པ་དག་གིས་གྲུབ་མཐའ་གོང་འོག་གི་རྣམ་གཞག་ཅིག་མཛད་པ་ལྟར་འདིར་ཡང་དེ་ལྟར་དཔྱད་པའོ།།མཐའ་དོན་ཤེར་སྙིང་ཆུང་བའི་དཔེ་གོང་དུ་གསལ་བ་ལྟར་ན་རང་རྒྱུད་པས་ཀྱང་སྒྲ་ཇི་བཞིན་དུ་ཁས་ལེན་པར་འོང་ཡང་རང་རྒྱུད་པས་ཤེས་རབ་སྙིང་པོ་སྒྲས་ཟིན་ལྟར་ཁས་མི་ལེན་པར་གསུངས་ལ། རང་རྒྱུད་པས་ཤེས་རབ་སྙིང་པོ་ལའང་དྲང་ངེས་ཀྱི་ཆ་གཉིས་སུ་ཕྱེ་དགོས་པའི་འཛིན་མཚམས་ཤིག་ཀྱང་སྔོན་མ་བྱུང་བ་ཞིག་ཏུ་སྣང་བས་དོགས་འཆར་འདི་དག་བྱུང་བ་ཡིན།།སྤྱིར་རྗེ་ཙོང་ཁ་པའི་དབུ་མའི་ལྟ་དགོངས་ལ་ཐལ་འགྱུར་བའི་ལུགས་ལ་རང་བཞིན་གྱིས་སྟོང་པ་དང་ངོ་བོ་ཉིད་ཀྱིས་སྟོང་པ་ལ་སྟོང་ཚུལ་གྱི་ཁྱད་པར་ཕྲ་རགས་སྤུ་ཙམ་ཡང་མེད་པར་དོན་གཅིག་ཏུ་འཇོག །རང་རྒྱུད་པའི་ལུགས་ལ་སྟོང་ཚུལ་དེ་དག་ལ་ཕྲ་རགས་ཀྱི་ཁྱད་པར་ཆེན་པོ་ཡོད་པས་ཐལ་རང་གཉིས་ཀྱི་གྲུབ་མཐའ་ཡང་དགག་བྱ་ལ་ཕྲ་རགས་ཡོད་པའི་གནད་ཀྱིས་འཇོག་གོ །དེས་ན་རང་རྒྱུད་པའི་ལུགས་ཀྱི་དགག་བྱས་སྟོང་ཚུལ་ནི་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པས་སྟོང་པར་འཇོག་ལ། ཐལ་འགྱུར་བའི་ལུགས་ཀྱིས་ནི་ཆོས་གང་གི་བཏགས་དོན་བཙལ་ནས་མ་གྲུབ་པ་དེ་ག་རང་ལ་འཇོག་པས་དགག་བྱ་ལ་ཁྱད་པར་ཆེན་པོ་ཡོད་པར་གསུངས་པ་ལྟར་དཔྱད་པ་འདི་ཡང་ཚུལ་དེ་བཞིན་བགྱིས་པ་ཡིན་ནོ། །

                                                                                              རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
    གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn



བརྒྱུད་འགོད།