འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་མཆན་དང་བཅས་པ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-07 14:42:59     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་མཆན་དང་བཅས་པ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་པྲཛྙཱ་པཱ་ར་མི་ཏཱ་སཉྩ་ཡ་གཱ་ཐཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ན་མོ་གུ་རུ་བྷྱཿ རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས། དང་པོ་ལམ་གྱི་རྩ་བ་སེམས་བསྐྱེད་པ་ནི།དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །ཞེས་པའི་རྐང་པ་གཉིས་པོ་འདི་བུདྡྷ་ཤྲཱིས་སྣོད་ལྡན་ཉན་པར་བསྐུལ་བ་ལ་སྦྱར་ནས་སེམས་བསྐྱེད་ཀྱི་ངོ་བོ་རྐང་པ་ལྷག་མ་གཉིས་ཀྱིས་བསྟན་པར་འཆད་ཀྱང་སློབ་དཔོན་ཤླཽ་ཀ་གཅིག་པོ་འདིས་སེམས་བསྐྱེད་གཙོ་བོར་བསྟན་ནས་ཞར་ལ་སྣོད་ལྡན་ཉན་པར་བསྐུལ་བར་གསུངས་པས་ཕྱི་མ་སོར་བཞག་གོ །འགྲོ་དོན་མངོན་ཞུགས་ངེས་པའི་ཤེས་རབ་ཕ་རོལ་ཕྱིན། །གང་ལ་དཔའ་རྣམས་སྤྱོད་པ་དེ་ནི་མཉན་པར་གྱིས། །ཞར་བྱུང་རབ་འབྱོར་སོགས་ཀྱིས་ཤེར་ཕྱིན་སྟོན་པ་སངས་རྒྱས་ཀྱི་མཐུ་ཡིན་པར་དཔེས་བསྒྲུབས་པ་ནི།འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་རྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཅི་ཕྱིར་ཞེ་ན་རྒྱལ་བས་ཆོས་ཚུལ་གང་བསྟན་པ། །དེ་ལ་མི་མཆོག་སློབ་མར་གྱུར་པས་མངོན་བསླབས་ཤིང། །མངོན་སུམ་བྱས་ནས་བསླབས་པ་ཇི་བཞིན་སྟོན་བྱེད་དེ། །སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན། །ཉན་ཐོས་སངས་རྒྱས་དང་དེ་ཡང་ཤེར་ཕྱིན་གྱི་སྡོམ་ལྟ་བུའི་སེམས་བསྐྱེད་ལས་འཁྲུངས་པའམ་ཤེར་ཕྱིན་རང་དབང་དུ་སྟོན་པའི་སངས་རྒྱས་སུ་གྱུར་པར་འདོད་པས་དེ་ལ་བསླབ་པར་བྱའོ་ཞེས་འབྲས་བུའི་སྒོ་ནས་བསྒྲུབས་པའོ། །གཉིས་པ་གདམས་ངག་གི་གཙོ་བོ་བདེན་པ་གཉིས་ལ་འདོམས་པའི་གདམས་ངག་ནི།གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང། །བྱང་ཆུབ་སེམས་དཔའ་མི་དམིགས་བྱང་ཆུབ་སེམས་མི་དམིགས། །དེ་སྐད་ཐོས་ནས་རྨོངས་པ་མེད་ཅིང་མི་སྐྲག་པ། །བྱང་ཆུབ་སེམས་དཔའ་དེ་ནི་བདེ་གཤེགས་ཤེས་རབ་སྤྱོད། །གསུམ་པ་གདམས་དོན་ལ་སྒོམ་བྱུང་གི་ཐོག་མ་སྦྱོར་ལམ་འཆད་པ་ལ། ངོ་བོ་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར། འབྲས་བུ་མཚུངས་ལྡན་སྤངས་རྟོགས་ཀྱི་ཁྱད་པར། རྒྱུ་ཡོངས་འཛིན་བཤེས་གཉེན་གྱི་ཁྱད་པར་གསུམ། དང་པོ་ལ་དྲོད་རྩེ་བཟོད་པ་ཆོས་མཆོག་བཞི་ལས། དྲོད་ཀྱི་དམིགས་པ་ནི། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་ཞེས་པ་ལྟར།གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད། །དེ་ལ་རྣམ་ཤེས་རྣམ་པ་ནི།གནས་པ་སྟེ་མངོན་པར་ཞེན་པ།ནི་རྡུལ་ཙམ་ཡོད་པ་མིན། །རྒྱུའི་ཁྱད་པར་ནི།དེ་ཆོས་ཀུན་ལ་མི་གནས་གནས་པ་མེད་པར་སྤྱོད། །ཡོངས་སུ་གཟུངས་མེད་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་འཐོབ། །རྩེ་མོའི་དམིགས་པ་ནི།ཇི་ལྟར་ཀུན་ཏུ་རྒྱུ་བ་ཕྲེང་ཅན་ཤེས་པ་ཡིས། །དམིགས་མེད་ཕུང་བོ་རྣམ་པར་འཇིག་པ་འབྱུང་བ་ལྟར། །བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཆོས་ཤེས་པ། །མྱ་ངན་འདས་ལ་མི་རེག་དེ་ནི་ཤེས་རབ་གནས། །རྣམ་པ་ནི།ཡང་འདི་ཤེས་རབ་འདི་ནི་གང་ཡིན་སུ་ཡི་ཡིན། །གང་ལས་ཡིན་ཞེས་ཆོས་འདི་ཐམས་ཅད་སྟོང་པར་རྟོག །ཉེ་བར་བརྟགས་ནས་ཞུམ་པ་མེད་ཅིང་སྐྲག་མེད་པ། །བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་ཉེ་བ་ཡིན། །བཟོད་པའི་དམིགས་པ་ནི།གལ་ཏེ་མི་ཤེས་བཞིན་དུ་གཟུགས་སུ་འདུ་ཤེས་ཤིང། །ཚོར་བ་སེམས་པ་རྣམ་ཤེས་ཕུང་པོར་སྤྱོད་བྱེད་ན། །ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །རྣམ་པ་ནི།གང་ཞིག་གཟུགས་མིན་ཚོར་མིན་འདུ་ཤེས་སེམས་པ་མིན། །རྣམ་པར་ཤེས་ལ་མི་སྤྱོད་གནས་པ་མེད་པར་སྤྱོད། །དེ་ནི་སྤྱོད་ཅེས་བྱ་བར་མི་དམིགས་ཤེས་རབ་བརྟན། །སྐྱེ་མེད་བློ་ལྡན་བུདྡྷ་ཤྲཱིས་འདི་ནས་ཆོས་མཆོག་ལ་སྦྱར་ཏིང་འཛིན་ཞི་བ་མཆོག་ལ་རེགཆོས་མཆོག་གི་དམིགས་པ།བྱང་ཆུབ་སེམས་གང་དེ་ལྟར་འདིར་བདག་ཞིར་གནས་པ། །དེ་ནི་སྔོན་གྱི་དེ་བཞིན་གཤེགས་པས་ལུང་བསྟན་ཡིན། །བདག་ནི་མཉམ་པར་བཞག་ཅེའམ་ལངས་ཞེས་རློམ་སེམས་མེད། །ཅི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། །དེ་ལྟར་སྤྱོད་ན་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད། །དེས་ནི་སྤྱོད་མེད་སྤྱོད་པ་ཡིན་པར་རབ་ཤེས་ཕྱིར། །ཆོས་གང་སྤྱོད་པ་དེ་ཡང་དམིགས་པར་མི་འགྱུར་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །གཟུང་རྟོག་གཉིས་ནི།གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེ་བརྟགས་ཡོད་དང་མེད་པར་བྱེད། །ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །འཛིན་རྟོག་དང་པོ་ནི།བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འདི་རྣམ་བྱང་གཟུང་རྟོག་ལ་ཡང་ཡང་སྦྱར་འབྱུང། །གང་འདིར་ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང། །འཛིན་རྟོག་གཉིས་པ།སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་ལ། །སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཡོངས་འཛིན་ནི།དགེ་བའི་བཤེས་དང་ལྡན་ཞིང་ལྷག་མཐོང་ལྡན་གྱུར་པ། །རྒྱལ་བ་རྣམས་ཀྱི་ཡུམ་ཐོས་སྐྲག་པར་ཡོང་མི་འགྱུར། །དེ་ལྟར་ཡོངས་འཛིན་གྱི་ཁྱད་པར་རྗེས་འགྲོའི་སྒོ་ནས་བསྟན་ཏེ། ཡང་ལྡོག་འགྲོའི་སྒོ་ནས་སྟོན་པར།གང་ཞིག་སྡིག་པའི་གྲོགས་ལྡན་གཞན་གྱི་དྲིང་འཇོག་པ། །དེ་ནི་སྣོད་སོ་མ་བཏང་ཆུས་རེག་ཞིག་པ་བཞིན། །བཞི་པ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་སྟོན་པར།ཅི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའ་བྱ་ཞེ་ན། །ཆགས་པ་གཅོད་བྱེད་ཀུན་ལ་ཆགས་པ་ཟད་པར་འདོད། །ལྔ་པ་སྒྲུབ་པའི་དམིགས་པ་འཆད་པར།རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་གྱུར་ལ་རེག །དེས་ན་འདི་ནི་བྱང་ཆུབ་སེམས་དཔའི་མི་ཐོབ་བོ། །དྲུག་པ་ཆེད་དུ་བྱ་བ་ཆེན་པོ་གསུམ་ནི།ཅི་ཕྱིར་དེ་ནི་སེམས་དཔའ་ཆེ་ཞེས་བྱ་ཞེ་ན། །སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང། །སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ། །དེ་ཕྱིར་སེམས་དཔའ་ཆེན་པོ་ཞེས་ནི་རབ་བརྗོད་དོ། །བདུན་པ་གོ་སྒྲུབ་འཆད་པར།གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང་། །བུདྡྷ་ཤྲཱིས་འདི་ནས་འཇུག་སྒྲུབ་བྱས།རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང། །བརྒྱད་པ་འཇུག་སྒྲུབ་འཆད་པར།གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་རབ་ཏུ་བརྗོད། །དགུ་པ་ཚོགས་སྒྲུབ་སྟོན་པར།དཔེར་ན་སྒྱུ་མ་མཁན་གྱིས་བཞི་མདོར་སྤྲུལ་བྱས་ཏེ། །སྐྱེ་བོ་ཕལ་ཆེན་མགོ་མང་བྱེ་བ་གཅོད་བྱེད་པའི། །བསད་བྱ་དེ་དག་ཅི་འདྲ་དེ་ལྟར་བྱང་ཆུབ་སེམས། །འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །གཟུགས་དང་འདུ་ཤེས་ཚོར་བ་དང་ནི་སེམས་པ་དང། །རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་ཡོད་པ་མིན། །དེ་ལྟར་བྱང་ཆུབ་ལ་འཇུག་ཞུམ་པའི་སེམས་མེད་པ། །འདི་ནི་གང་ཟག་དམ་པ་རྣམས་ཀྱི་གོ་ཆ་མཆོག །ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་བྱ་ཞེ་ན། །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །གང་ཞིག་ཞོན་ནས་ཕྱོགས་སུ་འགྲོ་བ་དམིགས་སུ་མེད། །མྱ་ངན་འདས་པར་འགྲོ་བར་གསུངས་པ་འགྲོ་མི་དམིགས། །དཔེར་ན་མི་ཤི་དེ་ཡི་འགྲོ་རྒྱུ་མེད་པ་བཞིན། །རྒྱུ་དེས་དེ་ནི་མྱ་ངན་འདས་ཞེས་རབ་ཏུ་བརྗོད། །བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་ཕྱི་མཐའ་དང། །ད་ལྟར་བྱུང་བར་མི་དམིགས་དུས་གསུམ་དག་པ་སྟེ། །གང་དག་དེ་ནི་འདུས་མ་བྱས་ཡིན་སྤྲོས་མེད་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །བཅུ་པ་ངེས་འབྱུང་སྒྲུབ་པ་སྟོན་པར།བྱང་ཆུབ་སེམས་མཁས་རིག་པ་གང་གི་དུས་ཀྱི་ཚེ། །སྐྱེ་མེད་རྣམ་པར་བསམས་ཏེ་འདི་ལྟར་སྤྱོད་བྱེད་ཅིང། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །གལ་ཏེ་སེམས་ཅན་འདུ་ཤེས་སྡུག་བསྔལ་འདུ་ཤེས་བསྐྱེད། །འགྲོ་བ་རྣམས་ཀྱི་དོན་བྱ་སྡུག་བསྔལ་སྤང་སྙམ་སྟེ། །བདག་དང་སེམས་ཅན་ཡོངས་རྟོག་བྱང་ཆུབ་སེམས་དཔའ་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། །བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉི་གར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །འཇིག་རྟེན་དག་ན་ཆོས་མིང་ཇི་སྙེད་ཡོངས་བརྗོད་པ། །ཀུན་ལ་སྐྱེ་བ་དང་ནི་ཡང་དག་འདས་སྤངས་ནས། །ཡེ་ཤེས་འཆི་མེད་དམ་པ་དེ་ལས་གཞལ་མེད་ཐོབ། །དེ་ཕྱིར་འདི་ནི་ཤེས་རབ་ཕ་རོལ་ཕྱིན་ཅེས་བྱ། །བྱང་ཆུབ་སེམས་དཔའ་གང་ཞིག་དོགས་མེད་དེ་ལྟར་སྤྱོད། །ཤེས་རབ་ལྡན་དེ་མཉམ་ཉིད་གནས་པར་ཤེས་པར་བྱ། །ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་ལེའུ་སྟེ་དང་པོའོ། །སྐབས་དང་པོའོ།། །།

༈ རྣམ་མཁྱེན་ཐོབ་བྱེད་ཀྱི་ཐབས་ལམ་ཤེས་བཤད་པ་ལ། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། དང་པོ་ལམ་ཤེས་ཀྱི་རྟེན་གེགས་ང་རྒྱལ་མངོན་གྱུར་པ་དང་བྲལ་བ་སོགས་ལམ་ཤེས་ཀྱི་ཡན་ལག་སྟོན་པར།གང་ཞིག་གཟུགས་ལ་མི་གནས་ཚོར་ལ་མི་གནས་ཤིང། །གང་ཞིག་འདུ་ཤེས་མི་གནས་སེམས་པར་མི་གནས་ལ། །རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས་པ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །གཉིས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་སྟོན་པར།རྟག་དང་མི་རྟག་བདེ་དང་སྡུག་བསྔལ་སྡུག་མི་སྡུག །བདག་དང་བདག་མེད་དེ་བཞིན་ཉིད་དང་དེ་བཞིན་སྟོང། །འབྲས་བུ་ཐོབ་དང་དགྲ་བཅོམ་ས་ལ་མི་གནས་ཤིང། །རང་རྒྱལ་ས་དང་དེ་བཞིན་སངས་རྒྱས་སར་མི་གནས། །དེའི་རྒྱུ་ངེས་འབྱེད་ཆ་མཐུན་སྟོན་པར།ཇི་ལྟར་འདྲེན་པ་འདུས་མ་བྱས་ཁམས་མི་གནས་ཤིང། །དེ་བཞིན་འདུས་བྱས་ལ་ཡང་མི་གནས་གནས་མེད་སྤྱོད། །དེ་ལྟར་བྱང་ཆུབ་སེམས་དཔའ་གནས་ལ་གནས་མེད་གནས། །གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། །གསུམ་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་སྟོན་པར།གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཕ་རོལ་ཚུ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཆོས་འཆད་པ་དང་ཉན་དང་བཤད་བྱ་གང་ཡིན་དང། །འབྲས་བུ་ཐོབ་དང་རྐྱེན་རྒྱལ་དེ་བཞིན་འཇིག་རྟེན་མགོན། །མཁས་པ་གསལ་བས་ཐོབ་པའི་མྱ་ངན་འདས་གང་ཡིན། །དེ་ཀུན་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པས་བསྟན། །གང་ཟག་བཞི་པོ་འདི་དག་དེ་ལ་མི་སྐྲག་སྟེ། །རྒྱལ་སྲས་བདེན་ལ་མཁས་དང་ཕྱིར་མི་ལྡོག་པ་དང། །དགྲ་བཅོམ་དྲི་མ་བསལ་ཅིང་སོམ་ཉི་སྤངས་པ་དང། །བཞི་པ་དགེ་བའི་བཤེས་ཀྱིས་ཡོངས་སུ་ཟིན་པ་འོ། །དེ་ལྟར་རང་སངས་རྒྱས་ཀྱི་ལམ་ལ་ཡང་བྱང་ཆུབ་སེམས་དཔས་མཁས་པར་བྱས་ཏེ་གོམས་དགོས་པར་བསྟན་པའི་ཕྱིར་གསུངས་པ།བྱང་ཆུབ་སེམས་དཔའ་མཁས་རིག་དེ་ལྟར་སྤྱོད་པ་ནི། །དགྲ་བཅོམ་ས་ལ་མི་སློབ་རྐྱེན་རྟོགས་ས་ལ་མིན། །ཐམས་ཅད་མཁྱེན་ཉིད་ཆེད་དུ་སངས་རྒྱས་ཆོས་རྗེས་སློབ། །གང་ཞིག་སློབ་མི་སློབ་ལ་མི་སློབ་དེ་སློབ་ཡིན། །དེའི་རྒྱུ་ངེས་འབྱེད་ཆ་མཐུན་སྟོན་པར།གཟུགས་འཕེལ་ཡོངས་སུ་ཉམས་དང་ཡོངས་སུ་བཟུང་ཕྱིར་མིན། །ཆོས་རྣམས་སྣ་ཚོགས་ཡོངས་སུ་བཟུང་ཕྱིར་མི་སློབ་པར། །སློབ་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་འཛིན་ལ། །ངེས་འབྱུང་གང་ཡིན་འདི་ནི་ཡོན་ཏན་དགའ་བའི་སློབ། །བཞི་པ་བྱང་སེམས་ཀྱི་མཐོང་ལམ་སྟོན་པར།གཟུགས་ནི་ཤེས་རབ་མ་ཡིན་གཟུགས་ལ་ཤེས་རབ་མེད། །རྣམ་ཤེས་འདུ་ཤེས་ཚོར་དང་སེམས་པ་འདི་དག་ནི། །ཤེས་རབ་མ་ཡིན་འདི་དག་ལ་ཡང་ཤེས་རབ་མེད། །འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་ཐ་དད་མེད། །མཐོང་ལམ་གྱི་རྣམ་པ་བདེན་བཞི་འཆད་པར།དམིགས་པ་སྡུག་བདེན་རྣམས་ཀྱི་རང་བཞིན་དེ་ནི་ཕ་མཐའ་མེད། །སེམས་ཅན་རྣམས་ཀྱི་ཕུང་སོགས་བསྐྱེད་པའི་རྒྱུ་ཀུན་འབྱུང་གི་རང་བཞིན་གང་ཡིན་དེ་ཡང་ཕ་མཐའ་མེད། །ནམ་མཁའི་ཁམས་ལྟར་སྒྲིབ་པ་ཟད་པའི་འགོག་བདེན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །འཇིག་རྟེན་མཁྱེན་པའི་ཤེས་རབ་ལམ་གྱི་བདེན་པ་དེ་ཡང་ཕ་མཐའ་མེད། །ཅེས་དེ་ལྟར་བདེན་པ་བཞི་པོ་དེ་ཡང་ཕ་མཐའ་མེད་པ་སྟེ་བདག་མེད་པའི་རྣམ་པར་མཉམ་པ་ཉིད་དུ་བསྟན་པ་ལ། ཅིའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པར་སྨྲ་ཞེ་ན་ཆོས་ཐམས་ཅད་ནི་མིང་དུ་བཏགས་པ་ཙམ་དུ་ཟད་པས་ལྟ་བ་ཕུན་ཚོགས་ཀྱི་ཕ་རོལ་ཏུ་འགྲོ་བར་འདོད་པ་རྣམས་ཀྱིས་བདེན་པར་ཞེན་པའི་འདུ་ཤེས་རྣམ་པར་བཤིག་སྟེ་བསྒོམ་དགོས་སོ་ཞེས་བསྟན་པའི་ཕྱིར་གསུངས་པ།འདུ་ཤེས་ཚུ་རོལ་ཡིན་ཞེས་འདྲེན་པས་ཡོངས་སུ་བསྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །གང་དག་འདུ་ཤེས་བྲལ་བ་འདི་ནི་རྗེས་ཐོབ་པ། །དེ་དག་ཕ་རོལ་ཕྱིན་ནས་སྟོན་པའི་བཀའ་ལ་གནས། །གལ་ཏེ་སྟོན་པས་ཀྱང་ནི་གངྒཱའི་བྱེ་སྙེད་ཀྱི། །བསྐལ་བར་བཞུགས་ཏེ་སེམས་ཅན་ཞེས་སྒྲ་ཡོངས་བསྒྲགས་ཀྱང། །གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །མཐོང་བའི་ལམ་བསྒོམ་པ་ནི་དེ་བཞིན་གཤེགས་པས་ལུང་བསྟན་པ་ཐོབ་པར་འགྱུར་རོ་ཞེས་དཔེའི་སྒོ་ནས་སྟོན་པར།གང་ཚེ་ང་ནི་ཕ་རོལ་ཕྱིན་པའི་མཆོག་འདི་དང། །མཐུན་པར་སྨྲ་གྱུར་དེ་ཚེ་སྔོན་གྱི་སྐྱེས་མཆོག་གིས། །མ་འོངས་པ་ཡི་དུས་ན་སངས་རྒྱས་འགྱུར་རོ་ཞེས། །ང་ལུང་བསྟན་པར་གྱུར་ཅེས་རྒྱལ་བ་དེ་སྐད་གསུངས། །བརྒྱ་བྱིན་གྱི་ལེའུ་སྟེ་གཉིས་པའོ།། །།

ལྔ་པ་སྒོམ་ལམ་གྱི་བྱེད་པ་ནི།ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མགོན་སྤྱོད་པ། །འདི་ནི་གང་ཞིག་གུས་བྱས་འཛིན་དང་ཆུབ་བྱེད་པ། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱིས་གླགས་ཀྱང་རྙེད་མི་འགྱུར། །དྲུག་པ་མོས་པ་སྒོམ་ལམ་ལ་གསུམ་ལས་དང་པོ་རང་དོན་མོས་པ་སྒོམ་ལམ་སྟོན་པར།ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གང་གཱ་ཡི། །བྱེ་མ་སྙེད་ཀྱིས་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །ཡོངས་སུ་བརྟག་བཟུང་ཞིང་རྣམ་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང། །བྱུག་པས་དུས་གསུམ་བསྐལ་བའམ་དེ་བས་ལྷག་མཆོད་ལ། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། །མཆོག་རྟེན་བྱས་མཆོད་བསོད་ནམས་དེ་ནི་ཆར་མི་ཕོད། །གཉིས་དོན་མོས་པ་སྒོམ་ལམ་སྟོན་པར།རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་རིག་སྔགས་ཆེ། །སེམས་ཅན་ཁམས་མང་མྱ་ངན་སྡུག་བསྔལ་ཆོས་ཞི་བྱེད། །གང་དག་འདས་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་མགོན། །རིག་སྔགས་འདི་བསླབས་སྨན་པའི་རྒྱལ་པོ་བླ་མེད་འགྱུར། །གང་དག་ཕན་དང་སྙིར་བརྩེར་བཅས་པས་སྤྱད་སྤྱོད་པ། །རིག་སྔགས་འདི་ལ་བསླབས་ནས་མཁས་པ་བྱང་ཆུབ་རེག །འདུས་བྱས་བདེ་དང་འདུས་མ་བྱས་བདེ་གང་ཡིན་པ། །བདེ་བ་དེ་ཀུན་འདི་ལས་བྱུང་བར་རིག་པར་བྱ། །ས་བོན་བཏབ་ནས་ས་ལ་གནས་ཏེ་འབྱུང་འགྱུར་བ། །ཚོགས་པ་རྙེད་ནས་རྣམ་མང་གཟུགས་དག་རྣམ་པར་སྐྱེ། །ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་ཇི་སྙེད་པ། །དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལས་སྐྱེ། །འཁོར་ལོས་སྒྱུར་རྒྱལ་ལམ་གང་ནས་ནི་རྟག་འགྲོ་བ། །ལམ་དེ་ཉིད་ནས་རིན་ཆེན་བདུན་དང་དཔུང་ཚོགས་ཀུན། །གང་ནས་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་འགྲོ། །དེ་ཉིད་ནས་ནི་ཡོན་ཏན་ཆོས་ཀུན་འགྲོ་བར་འགྱུར། །ཕ་རོལ་ཏུ་ཕྱིན་པའི་དཔག་ཏུ་མེད་པའི་ཕན་ཡོན་འཛིན་པ་དང། མཆོད་རྟེན་ལ་བཀུར་སྟི་བྱ་བའི་ལེའུ་སྟེ་གསུམ་པའོ།། །།

གཞན་དོན་མོས་པ་སྒོམ་ལམ་སྟོན་པར།རྒྱལ་བས་བརྒྱ་བྱིན་དྲི་བ་ཡོངས་དྲིས་ལན་གསོལ་བ། །གལ་ཏེ་གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་གྱུར་ལ། །དེ་ཀུན་རྒྱལ་བའི་རིང་བསྲེལ་བྱུར་བུར་གཏམས་གྱུར་ཀྱང། །བདག་ནི་ཤེས་རབ་ཕ་རོལ་ཕྱིན་པ་འདི་ཉིད་ཡིན། །ཅི་སླད་ཅེ་ན་སྐུ་གདུང་མི་གུས་བདག་མ་ལགས། །འོན་ཀྱང་ཤེས་རབ་ཡོངས་སུ་བསྒོས་པས་མཆོད་པར་བགྱིད། །དཔེར་ན་རྒྱལ་པོ་བརྟེན་མི་རིམ་གྲོ་ཐོབ་པ་ལྟར། །སངས་རྒྱས་རིང་བསྲེལ་ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། །ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་རིན་ཐང་མེད། །གབ་ཚེ་གང་དུ་སྩལ་བ་དེ་ནི་ཕྱག་བགྱི་འོས། །དེ་ཕྱུང་གྱུར་ཀྱང་གབ་ཚེ་ལ་ནི་དགའ་བགྱིད་དེ། །ཡོན་ཏན་དེ་དག་ནོར་བུ་རིན་ཆེན་དེ་ཡི་ལགས། །དེ་བཞིན་ཤེས་རབ་ཕ་རོལ་ཕྱིན་མཆོག་ཡོན་ཏན་གྱིས། །རྒྱལ་བ་མྱ་ངན་འདས་ཀྱང་རིང་བསྲེལ་མཆོད་པ་བརྙེས། །དེ་ལྟས་གང་ཞིག་རྒྱལ་བའི་ཡོན་ཏན་འཛིན་འཚལ་དེས། །ཤེས་རབ་ཕ་རོལ་ཕྱིན་བླང་འདི་ནི་ཐར་པ་ལགས། །སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །དགེ་ཆོས་ཆུད་མི་གསན་ཕྱིར་ཡོངས་སུ་འཛིན་པ་ཡིན། །འདི་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །དཔེར་ན་འཛམ་བུའི་གླིང་ན་ཤིང་རྣམས་བྱེ་བ་སྟོང། །རྣམ་པ་སྣ་ཚོགས་རྣམ་པ་དུ་མ་གཟུགས་མང་བ། །གྲིབ་མར་གྱུར་པའི་གྲངས་སུ་བརྗོད་པ་མ་གཏོགས་པར། །གྲིབ་མ་སྣ་ཚོགས་མེད་ཅིང་བྱེ་བྲག་ཡོད་མ་ཡིན། །དེ་བཞིན་རྒྱལ་བའི་ཕ་རོལ་ཕྱིན་ལྔ་འདི་དག་ཀྱང། །ཤེས་རབ་ཕ་རོལ་ཕྱིན་པའི་མིང་ཉིད་འཐོབ་པར་འགྱུར། །ཐམས་ཅད་མཁྱེན་པ་ཉིད་ཕྱིར་ཡོངས་སུ་བསྔོས་བྱས་ན། །བྱང་ཆུབ་ཅེས་བྱ་དྲུག་པོ་འདི་ཀུན་རོ་གཅིག་འགྱུར། །ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་སྟེ་བཞི་པའོ།། །།

མོས་པ་འདི་གསུམ་གྱི་བཅོས་མའི་ཉེས་པ་སྤང་བ་ནི་གོམས་པ་ཡིན་པར་ཤེས་ནས་ཤེར་ཕྱིན་བཅོས་མ་སྤང་བའི་ཕྱིར་རྗེས་འགྲོའི་སྒོ་ནས་ཤེར་ཕྱིན་བཅོས་མའི་མཚན་ཉིད་སྟོན་པར།བྱང་ཆུབ་སེམས་དཔའ་གལ་ཏེ་རབ་ཏུ་མི་ཤེས་བཞིན། །གཟུགས་དང་འདུ་ཤེས་ཚོར་དང་སེམས་པ་རྣམ་པར་ཤེས། །མི་རྟག་ཡོངས་སུ་སྟོན་པ་བཅོས་ལ་སྤྱོད་པ་སྟེ། །མཁས་པ་ནམ་ཡང་ཆོས་རྣམས་འཇིག་པར་མི་བྱེད་དོ། །ལྡོག་འགྲོའི་སྒོ་ནས་ཤེར་ཕྱིན་རྣལ་མར་སློབ་ཚུལ་འཆད་པར།གང་ལ་གཟུགས་མིན་ཚོར་མིན་འདུ་ཤེས་མི་དམིགས་ཤིང། །རྣམ་པར་ཤེས་པ་མ་ཡིན་སེམས་པ་མི་དམིགས་ལ། །ཆོས་ཀུན་སྐྱེ་མེད་སྟོང་པའི་ཚུལ་དུ་རབ་ཤེས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །བདུན་པ་སྒོམ་ལམ་གྱི་ཕན་ཡོན་ནི། དེ་ལྟར་མོས་པའི་བྱང་ཆུབ་སེམས་དཔའ་སྤྲོ་བ་བསྐྱེད་པའི་ཕྱིར། སངས་རྒྱས་རྣམས་ཀྱིས་བསྟོད་པ་དང་བཀུར་སྟི་དང་བསྔགས་པ་ལ་སོགས་པ་མཛད་དོ་ཞེས་སྟོན་པར།ལ་ལས་གང་གཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཅི་ཕྱིར་ཞེ་ན་སྨྲ་མཆོག་དེ་དག་འདིར་བསླབས་ནས། །ཆོས་རྣམས་མཐའ་དག་སྟོང་པ་ཉིད་དུ་འདིར་སྟོན་བྱེད། །དེ་ཐོས་ཉན་ཐོས་མྱུར་དུ་རྣམ་པར་གྲོལ་ལ་རེག །རང་རྒྱལ་བྱང་ཆུབ་དང་ནི་སངས་རྒྱས་བྱང་ཆུབ་རེག །མྱུ་གུ་མེད་པར་འཇིག་རྟེན་སྡོང་འབྱུང་ཡོད་མེད་ན། །དེ་ལ་ཡལ་འདབ་མེ་ཏོག་འབྲས་བུ་ག་ལ་འབྱུང། །བྱང་ཆུབ་སེམས་མེད་རྒྱལ་འབྱུང་འཇིག་རྟེན་ཡོད་མེད་ན། །འབྲས་བུ་བརྒྱ་བྱིན་ཚངས་པ་ཉན་ཐོས་ག་ལ་འབྱུང། །ཉི་མའི་དཀྱིལ་འཁོར་གང་ཚེ་འོད་ཀྱི་དྲ་བ་འགྱེད། །དེ་ཚེ་སེམས་ཅན་ལས་བྱེད་བརྩོན་པ་དེ་བཞིན་དུ། །མཁས་པ་ཤེས་ཕྱིར་འཇིག་རྟེན་བྱང་ཆུབ་སེམས་བྱུང་ན། །ཡེ་ཤེས་ཀྱིས་ནི་སེམས་ཅན་ཡོན་ཏན་ཆོས་དང་ལྡན། །དཔེར་ན་མ་དྲོས་མཚོ་ལ་ཀླུ་བདག་མེད་གྱུར་ན། །འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར། །ཆུ་ཀླུང་མེད་ན་མེ་ཏོག་འབྲས་བུ་འབྱུང་མི་འགྱུར། །རྒྱ་མཚོ་ལ་ཡང་རིན་ཆེན་གཟུགས་མང་མེད་པར་འགྱུར། །དེ་བཞིན་འདིར་ཡང་བྱང་ཆུབ་སེམས་མེད་བདེ་གཤེགས་ཀྱི། །ཡེ་ཤེས་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང། །ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །འཇིག་རྟེན་འདི་ན་སྣང་བྱེད་སྲོག་ཆགས་ཇི་སྙེད་པ། །ཀུན་གྱིས་སྣང་བར་བྱ་ཕྱིར་འོད་རྣམས་ཕྱུང་བ་བས། །ཉི་མའི་དཀྱིལ་འཁོར་འོད་ཟེར་གཅིག་ཕྱུང་ཆེས་མཆོག་སྟེ། །སྣང་བྱེད་ཚོགས་ཀྱི་འོད་རྣམས་ཀུན་གྱིས་ཆར་མི་ཕོད། །བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ་སྟེ་ལྔ་པའོ།། །།

སྟོང་ཕྲག་བརྒྱ་པ་ལ་སོགས་པ་ལྟར།རྒྱུན་དུའང་བསྔོ་བ་བརྒྱད་པར་གསུངས་ཀྱང་དོན་ལ་འགལ་བ་མེད་པས། འདིར་དེ་ལས་གོ་རིམ་བཟློག་སྟེ་བརྒྱད་པ་རྗེས་སུ་ཡི་རང་སྒོམ་ལམ་སྟོན་པར།ཉན་ཐོས་ཚོགས་རྣམས་ཇི་སྙེད་སྦྱིན་དང་ཚུལ་ཁྲིམས་དང་། །སྒོམ་དང་རབ་ཏུ་ལྡན་པའི་བསོད་ནམས་ཚོགས་བསྐྱེད་པའང། །བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རང་སེམས་གཅིག་ལ། །ཉན་ཐོས་ཚོགས་ཀྱི་བསོད་ནམས་ཕུང་པོས་ཆར་མི་ཕོད། །དགུ་བ་བསྔོ་བ་སྒོམ་ལམ་སྟོན་པར།འདས་དུས་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང། །ཞིང་མང་མཐའ་ཡས་བྱེ་སྟོང་དག་ན་གང་བཞུགས་དང། །གང་ཡང་མྱ་ངན་འདས་པའི་འཇིག་རྟེན་མགོན་པོ་རྣམས། །སྡུག་བསྔལ་ཟད་པར་བྱ་ཕྱིར་རིན་ཆེན་ཆོས་སྟོན་པ། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བསྐྱེད་པ་ནས། །རྣམ་པར་འདྲེན་པ་རྣམས་ཀྱི་དམ་ཆོས་ཟད་ཀྱི་དུས། །དེ་བར་རྒྱལ་བ་དེ་དག་བསོད་ནམས་གང་ཡིན་པ། །ཕ་རོལ་ཕྱིན་དང་ལྡན་དང་སངས་རྒྱས་ཆོས་གང་དང། །གང་ཡང་སངས་རྒྱས་སྲས་རྣམས་དང་ནི་ཉན་ཐོས་དང། །སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག་མེད་པ། །བསྡུས་ནས་བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རང་ཞིང། །འགྲོ་བའི་དོན་རྒྱུ་བྱང་ཆུབ་ཕྱིར་ན་ཐམས་ཅད་བསྔོ། །འཁོར་གསུམ་མི་དམིགས་པའི་སྒོ་ནས་བསྔོ་བ་ཁྱད་པར་དུ་བྱ་དགོས་ཞེས་སྟོན་པར།ཡོངས་བསྔོ་གལ་ཏེ་སེམས་སུ་འདུ་ཤེས་འབྱུང་འགྱུར་ཞིང། །བྱང་ཆུབ་འདུ་ཤེས་ཡོངས་བསྔོ་སེམས་ཅན་འདུ་ཤེས་ན། །འདུ་ཤེས་ཕྱིར་ན་ལྟ་གནས་སེམས་ནི་གསུམ་ལ་ཆགས། །དམིགས་པ་ཡོད་པས་ཡོངས་སུ་བསྔོས་པར་ཆུད་མ་ཡིན། །འོ་ན་ཇི་ལྟར་བསྔོ་ཞེ་ན།གལ་ཏེ་འདི་ལྟར་ཆོས་འདི་འགགས་ཤིང་ཟད་པ་དང། །གང་དུ་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང། །ཆོས་ཀྱིས་ཆོས་ལ་ནམ་ཡང་མི་བསྔོ་ཤེས་གྱུར་ན། །དེ་ལྟར་རབ་ཏུ་ཤེས་པས་ཡོངས་སུ་བསྔོས་པ་ཡིན། །གཞན་དག་ན་རེ། བསྔོ་བ་དག་པ་དང། མ་དག་པ་ཞེས་པ་མཚན་མར་འདུ་ཤེས་མེད་པ་དང་ཡོད་པས་འཇོག་ན། མདོ་སྡེ་ཁ་ཅིག་ཏུ་དམིགས་པ་གཙོ་བོར་གསུངས་པ་ཅི་ཞེ་ན། དེ་ནི་ལས་དང་པོ་བ་ཁ་ཅིག་གཞུག་པའི་ཕྱིར་ཡིན་གྱི། མངོན་ཞེན་གྱིས་བཅིངས་པའི་དགེ་བ་རྣམས་ནི་གཅིག་ཏུ་རྣམ་པར་དག་པ་མིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ།གལ་ཏེ་མཚན་མར་བྱེད་ན་དེ་ནི་བསྔོ་མ་ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །བསྔོ་བའི་དོན་བསྡུ་བར།དེ་ལྟས་འདི་ལྟར་ཡོངས་སུ་བསྔོ་བ་བསླབ་བྱ་སྟེ། །ཇི་ལྟར་རྒྱལ་བ་དེ་དག་དགེ་བ་དེ་མཁྱེན་པའི། །རྣམ་པ་གང་ཡིན་འབྱུང་གང་མཚན་ཉིད་གང་ཡིན་ལ། །རྗེས་སུ་ཡི་རང་དེ་ལྟར་དེ་ལྟར་ཡོངས་སུ་བསྔོ། །བསྔོ་བའི་འབྲས་བུ་སྟོན་པར།དེ་ལྟར་བསོད་ནམས་བྱང་ཆུབ་ཡོངས་སུ་བསྔོ་བྱེད་ན། །དུག་མེད་སངས་རྒྱས་མི་སྤོང་རྒྱལ་བས་གསུངས་པ་སྨྲ། །དེ་ལྟར་ཡོངས་བསྔོ་དཔའ་བོ་འཇིག་རྟེན་དམིགས་ཅན་གྱིས། །བྱང་ཆུབ་སེམས་དཔའ་ཇི་སྙེད་ཐམས་ཅད་ཟིལ་གྱིས་གནོན། །ཡོངས་སུ་བསྔོ་བའི་ལེའུ་སྟེ་དྲུག་པའོ།། །།

བཅུ་པ་སྒྲུབ་པ་སྒོམ་ལམ་སྟོན་པར།དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་ཐོབ་བོ། །དཔེར་ན་རི་མོའི་ལས་ནི་ཡོངས་ཟིན་མིག་མེད་པ། །ཇི་སྲིད་མིག་མ་བྲིས་པར་རྔན་པ་མི་ཐོབ་བཞིན། །གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །དེའི་ཚེ་ཆོས་ཀྱི་དབྱིངས་ལ་མངོན་པར་ཞེན་པའང་ཕྱིན་ཅི་ལོག་ཏུ་བསྟན་པའི་ཕྱིར་གསུངས་པ།གལ་ཏེ་བདག་ནི་རྒྱལ་བའི་ཤེས་རབ་སྤྱད་བྱ་ཞིང། །སེམས་ཅན་སྡུག་བསྔལ་རེག་པ་ཁྲག་ཁྲིག་མང་དགྲོལ་སེམས། །སེམས་ཅན་འདུ་ཤེས་ཡོངས་རྟོག་བྱང་ཆུབ་སེམས་དཔའ་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། །དེའི་འོག་ཏུ་རྣམ་དག་སྒོམ་ལམ་ཡིན་ཀྱང། མངོན་རྟོགས་རྒྱན་ལས། སངས་རྒྱས་བསྟེན་དང་སྦྱིན་སོགས་དང། །ཞེས་སོགས་ལྟར་རྣམ་དག་སྒོམ་ལམ་དེ་ཉིད་སྐྱེ་བ་དང་མི་སྐྱེ་བའི་རྒྱུ་གཉིས་ཤེས་དགོས་པས་རྒྱུ་གཉིས་སྟོན་པར།བྱང་ཆུབ་སེམས་དཔའ་གང་ཞིག་སྔོན་སྤྱད་སྤྱོད་པའི་ཚེ། །ཕ་རོལ་ཕྱིན་འདིར་སྤྱད་པ་མཁས་པ་སོམ་ཉི་མེད། །ཐོས་མ་ཐག་ཏུ་དེ་ནི་སྟོན་པའི་འདུ་ཤེས་སྐྱེད། །དེས་ནི་བྱང་ཆུབ་ཞི་བ་མྱུར་དུ་རྟོགས་པར་འགྱུར། །སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །དེ་གཉིས་ཀྱི་དོན་བསྡུས་ཏེ་ཡུམ་ལ་དད་པས་སློབ་རིགས་པ་དཔེ་དང་བཅས་ཏེ་གདམས་པ་ནི།དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག །རེག་པར་འདོད་ན་རྒྱལ་བའི་ཡུམ་འདིར་དད་པར་གྱིས། །དཔེར་ན་ཚོང་པ་རིན་ཆེན་གླིང་དུ་སོང་ནས་ནི། །ཟོང་ཟད་སླར་ལོག་ལྟ་བུར་གྱུར་ན་མི་རུང་ངོ་། །དམྱལ་བའི་ལེའུ་སྟེ་བདུན་པའོ།། །།

བཅུ་གཅིག་པ་རྣམ་དག་སྒོམ་ལམ་ལ་གཉིས་ལས། དང་པོ་སྤྱིར་བསྟན་པ་ནི།གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ། །གཉིས་པ་ཁྱད་པར་དུ་བརྟན་པ་ནི།འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་ཉིད་དག་པར་འགྱུར། །ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ། །ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་བཅད་དུ་མེད། །སྐབས་གཉིས་པའོ།། །།

དེ་ལྟར་རྒྱུ་ལམ་ཤེས་བཤད་ཟིན་ནས་ལམ་གྱི་གོལ་ས་ཤེས་པའི་ཕྱིར་དུ་ལམ་ཤེས་རྣམ་པར་དག་བྱེད་ཀྱི་གཞི་ཤེས་སྟོན་པ་ལ་དེ་མཚོན་བྱེད་ཀྱི་ཆོས་དགུ་ལས་དང་པོ་ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་དང། གཉིས་པ་སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས་གཉིས་སྟོན་པར།དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིས། །ཁམས་གསུམ་ཡང་དག་འདས་ལ་རྣམ་པར་གྲོལ་བའང་མིན། །ཉོན་མོངས་བསལ་བར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། །རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཞེས་གསུངས་ཏེ་འདིས་ནི་སྲིད་ཞིའི་མཐའ་གཉིས་འགོག་པའི་ཐབས་ལ་མི་མཁས་པའི་འབྲས་ཡུམ་ལ་རིང་བའི་གཞི་ཤེས་དང། དེའི་ཐབས་ལ་མཁས་པའི་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཏེ་གཞི་ཤེས་མཚོན་བྱེད་ཀྱི་ཆོས་གསུམ་པ་བཞི་པ་གཉིས་ཀྱང་ཤུགས་ལ་འཕངས་པ་ཡིན་ནོ། །དེ་ནས་ལྔ་པ་མཚན་འཛིན་གྱིས་བཅིངས་པའི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་སྟོན་པར།འགྲོ་བ་འདི་དག་མིང་དང་གཟུགས་ཀྱི་འདམ་ལ་ཆགས། །རླུང་གི་འཁོར་ལོ་ལྟ་བུའི་འཁོར་བའི་འཁོར་ལོར་འཁྱམ། །འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། །དྲུག་པ་མཚན་འཛིན་གྱི་གཉེན་པོས་ཟིན་པའི་གཉེན་པོ་གཞི་ཤེས་སྟོན་པར།ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །བདུན་པ་གཞི་ཤེས་སྦྱོར་བ་དང། བརྒྱད་པ་སྦྱོར་བའི་འཛིན་སྟངས་མཉམ་ཉིད་གཉིས་བསྡོམས་ཏེ་འཆད་པར།སྤྱོད་པ་ཡོངས་དག་གང་ཞིག་གཟུགས་ལ་མི་སྤྱོད་ཅིང། །རྣམ་ཤེས་འདུ་ཤེས་ཚོར་བ་སེམས་པར་མི་སྤྱོད་ན། །དེ་ལྟར་སྤྱོད་པ་ཆགས་པ་ཐམས་ཅད་ཡོངས་སྤོང་ཞིང། །ཆགས་ལས་རྣམ་གྲོལ་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད།།རྣམ་པར་དག་པའི་ལེའུ་སྟེ་བརྒྱད་པའོ།། །།

དགུ་པ་མཐོང་ལམ་སྟོན་པར།དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །ཆགས་པ་བཅད་ནས་གྲོལ་ལ་ཆགས་པ་མེད་པར་འགྲོ། །ཉི་མ་སྒྲ་གཅན་གཟའ་བྲལ་ལྷང་ངེར་འདུག་པ་དང། །མེ་བཏང་རྩྭ་དང་ཤིང་དང་ནགས་ཚལ་སྲེག་པ་བཞིན། །སྐབས་གསུམ་པའོ།། །།

༈ དེ་ལྟར་ཤེས་བྱ་མཁྱེན་གསུམ་གྱི་རྣམ་གཞག་བཤད་ཟིན་ནས། ཉམས་ལེན་སྦྱོར་བཞིའི་རྣམ་གཞག་བཤད་པ་ལ་བཞི་ལས། དང་པོ་དབང་དུ་བྱེད་པའི་རྒྱུ་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་གི་དང་པོ་བསྒོམ་བྱ་རྣམ་པའི་རང་བཞིན་གཏན་ལ་འབེབས་པ་ལ།ཆོས་རྣམས་ཐམས་ཅད་རང་བཞིན་དག་ཅིང་ཡོངས་དག་པར། །བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་ལྟ་ན། །བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མི་དམིགས་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །བསྟོད་པའི་ལེའུ་སྟེ་དགུ་པའོ།། །།

ཞེས་བྱུང། འདི་སྐབས་གསུམ་པའི་མཇུག་ཏུ་མཐོང་ལམ་ལ་སྦྱར་བ་ནི་སློབ་དཔོན་སེང་བཟང་གི་སྡུད་འགྲེལ་དང་མི་མཐུན་པས་དོར་བར་བྱའོ། །བུདྷ་ཤྲཱིའི་སྡུད་འགྲེལ་དང་མཐུན་ཡང་ཁས་བླངས་མི་རུང་སྟེ། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་གཅིག་མ་ཚང་བའི་ཕྱིར། དེ་ཉིད་ཀྱི་སྡུད་འགྲེལ་དུ། རྟེན་དང་བཅས་པའི་སྦྱོར་བ་དང། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཞེས་རྩ་བའི་ཚིག་བཅོས་ཏེ། སྦྱོར་བའི་རྟེན་དང་པོར་བགྲངས་པའི་ཆོས་བཅུ་གཅིག་འདྲེན་ཚུལ་གཅིག་བཤད་མོད་ཀྱང། འཕགས་སེང་སོགས་ཀྱི་འགྲེལ་པ་ཚད་ལྡན་གང་ནའང་དེ་འདྲ་མི་སྣང་ཞིང། རྒྱན་གྱི་སྐབས་བཞི་པར་མཁྱེན་གསུམ་གྱི་རྣམ་པ་དེ་ཙམ་ཞིག་རྒྱས་པར་བཤད་པ་དང་དངོས་སུ་འགལ་བར་སྣང་ངོ་། །གཉིས་པ་རྣམ་པ་དེ་དག་བསྒོམ་པའི་སྦྱོར་བ་བཤད་པ་ལ་སྦྱོར་བ་སྒོམ་པ་པོ་ངོས་བཟུང་བ་སྔོན་དུ་འགྲོ་དགོས་པས་དང་པོ་སྦྱོར་བའི་སྣོད་སྟོན་པར།རྒྱལ་བ་ལ་ནི་ལྷ་རྒྱལ་བརྒྱ་བྱིན་གྱིས་ཞུས་པ། །བྱང་ཆུབ་སེམས་དཔའ་ཤེས་རབ་སྤྱོད་པ་ཇི་ལྟར་བརྩོན། །ཕུང་པོ་ཁམས་ལ་རྡུལ་ཙམ་བརྩོན་པར་མི་བྱེད་ཅིང། །ཕུང་པོར་མི་བརྩོན་དེ་ནི་བྱང་ཆུབ་སེམས་དཔའི་བརྩོན། །གང་ཞིག་ཆོས་འདི་སྤྲུལ་དང་སྒྱུ་མ་འདྲར་ཐོས་ནས། །སོམ་ཉི་མེད་ཅིང་སློབ་ལ་ཕྱིར་ཞིང་སྦྱོར་བྱེད་པ། །སེམས་ཅན་དེ་ནི་རིང་ནས་ཐེག་ཆེན་ཞུགས་རིག་བྱ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་ལ་ལྷག་བྱས་ཡིན། །ཐེག་པ་ཆེན་པོ་མཉན་པ་སོགས་ཀྱིས་བར་མ་ཆད་ལས་འདས་པའི་བྱ་བ་རྟོགས་པའི་ཆེད་དུ་དབུགས་ཕྱུང་བའི་ཚིག་དཔེའི་སྒོ་ནས་སྟོན་པར།དགོན་པའི་ལམ་ནི་དཔག་ཚད་མང་པོར་ཞུགས་པའི་མིས། །གནག་རྫི་མཚམས་ཀྱི་ནགས་ཚལ་ཕུན་སུམ་ཚོགས་མཐོང་ན། །འདི་དག་གྲོང་དང་གྲོང་ཁྱེར་ཉེ་བའི་རྟགས་སྙམ་སྟེ། །དབུགས་ཕྱིན་རྙེད་པར་གྱུར་ཅིང་ཆོམ་རྐུན་འཇིགས་པ་མེད། །དེ་བཞིན་བྱང་ཆུབ་ཡོངས་སུ་ཚོལ་ཚེ་རྒྱལ་རྣམས་ཀྱི། །ཤེས་རབ་ཕ་རོལ་ཕྱིན་འདི་མཉན་པ་གང་ཐོབ་པ། །དེ་ནི་དབུགས་ཕྱིན་ཐོབ་པར་གྱུར་ཅིང་འཇིགས་མེད་དེ། །དགྲ་བཅོམ་ས་ལ་མ་ཡིན་རྐྱེན་རྟོགས་ས་ལ་མིན། །དེ་ལྟར་རྟེན་བསྟན་ནས་བརྟེན་པ་སྦྱར་བའི་ངོ་བོ་དཔེ་སྔོན་དུ་འགྲོ་བས་སྟོན་པ་ནི།མི་ཞིག་རྒྱ་མཚོའི་ཆུ་ནི་བལྟ་ཕྱིར་འགྲོ་བ་ཡིས། །གལ་ཏེ་ཤིང་དང་ནགས་ཚལ་རི་མཐོང་ད་དུང་རིང། །ཅི་སྟེ་རྟགས་མ་མཐོང་ན་རྒྱ་མཚོ་ཆེན་པོ་ནི། །ཉེ་བར་གྱུར་ཏོ་སྙམ་སྟེ་དེ་ལ་སོམ་ཉི་མེད། །དེ་ལྟར་བྱང་ཆུབ་དམ་པར་རབ་ཞུགས་རྒྱལ་བ་ཡི། །ཤེས་རབ་ཕ་རོལ་ཕྱིན་པ་འདི་ཉན་རིག་པར་བྱ། །རྣམ་པར་འདྲེན་པས་མངོན་སུམ་ལུང་བསྟན་མ་གྱུར་ཀྱང། །སངས་རྒྱས་བྱང་ཆུབ་རིང་པོར་མི་ཐོགས་བདག་རེག་འགྱུར། །ཞེས་རི་དང་ཤིང་སོགས་ཀྱི་མཚན་མ་དང་འདྲ་བའི་མཐོང་སྤང་གི་རྣམ་རྟོག་རགས་པ་རྣམས་ཆོས་མཆོག་ཏུ་མི་སྣང་བ་ན་རྒྱ་མཚོ་དང་འདྲ་བའི་མཐོང་ལམ་ལ་ཉེ་བར་ཤེས་པ་སྟེ་སྦྱོར་བ་བཅུ་པ་བར་ཆད་མེད་པ་དང་བཅས་པའི་སྦྱོར་བ་བསྟན་ཏོ། །དེའི་འོག་ཏུ་ལོ་འདབ་རྙིང་པ་ལྟ་བུའི་ཆོས་མཆོག་མན་གྱི་རྟོག་པ་ལས་འདས་ནས་ལོ་འདབ་གསར་པ་ལྟ་བུའི་ཟག་མེད་ཀྱི་ཆོས་གསར་པའི་རྟེན་དུ་གྱུར་པའི་སྦྱོར་བ་བཅུ་གཅིག་པ་བྱང་ཆུབ་དང་ཉེ་བའི་སྦྱོར་བ་སྟོན་པར།དཔྱིད་དུས་བཟང་ལ་སྡོང་པོ་ལོ་མ་ལྷགས་གྱུར་ན། །ཡལ་གས་རིང་པོར་མི་ཐོགས་ལོ་འབྲས་མེ་ཏོག་བསྐྲུན། །ཤེས་རབ་ཕ་རོལ་ཕྱིན་འདི་སུ་ཡི་ལག་ཐོབ་པ། །རིང་པོར་མི་ཐོགས་འདྲེན་པ་རྣམས་ཀྱི་བྱང་ཆུབ་ཐོབ། །བཅུ་གཉིས་པ་རྫོགས་བྱང་མྱུར་དུ་འཐོབ་པའི་སྦྱོར་བ་སྟོན་པར།དཔེར་ན་བུད་མེད་སྦྲུམ་གང་སྡུག་བསྔལ་ཉེན་གྱུར་ན། །དེ་ནི་དེ་ཡི་བཙའ་བའི་དུས་ལ་བབ་ཅེས་བྱ། །དེ་བཞིན་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་ཉན། །དགའ་དང་འདུན་པ་སྐྱེད་པ་མྱུར་དུ་བྱང་ཆུབ་རེག །སྦྱོར་བ་འདི་གསུམ་གསེར་ཕྲེང་ལས་དེ་ལྟར་དངོས་སུ་སྦྱར་ཞིང། བུདྡྷ་ཤྲཱིས་གོང་གི་སྦྱོར་བའི་རྟེན་སྟོན་པའི་གཞུང་ལས། རྒྱལ་བ་ལ་ནི་ལྷ་རྒྱལ་བརྒྱ་བྱིན་གྱིས་ཞུས་པ། །ཞེས་སོགས་རྐང་པ་གཉིས་ཁོ་ན་རྟེན་ལ་སྦྱོར་ཏེ། ལྷག་མའི་དངོས་ཟིན་སྦྱོར་བ་བཅུ་བཤད་ཅིང་དེ་ཡང་ཕུང་པོ་ཁམས་ལ་ཞེས་སོགས་རྐང་པ་གཉིས་ཀྱི་སྦྱོར་བ་བཀག་པའི་སྦྱོར་བ་བསྟན། ལུང་བསྟན་ཐོབ་པའི་སྦྱོར་བ་དང་ཕྱིར་མི་ལྡོག་པའི་སྦྱོར་བ་གཉིས། གང་ཞིག་ཆོས་འདི་སྤྲུལ་དང་སྒྱུ་མ་འདྲར་ཤེས་དང་། །ཞེས་དང། སོམ་ཉི་མེད་ཅིང་སློབ་ལ་ཕྱིར་ཞིང་སྦྱོར་བྱེད་པ། །ཞེས་པའི་རྐང་པ་གཉིས་པོ་རེ་རེའི་མཐར་སེམས་ཅན་དེ་ནི་ཞེས་སོགས་རྐང་པ་གཉིས་སྦྱར་བས་རིམ་བཞིན་བསྟན། ངེས་པར་འབྱུང་བའི་སྦྱོར་བ་ནི། དགོན་པའི་ལམ་ནི་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟན། དེ་ནས་གསུམ་ནི་སྔར་བཤད་པ་ལྟར་དང་ཤེས་རབ་ཕ་རོལ་ཞེས་སོགས་རྐང་པ་གཉིས། གང་ཞིག་འདིར་སྤྱོད་ཅེས་སོགས་རྐང་པ་གསུམ་གྱིས་རིམ་བཞིན་འཕེལ་འགྲིབ་མེད་པའི་སྦྱོར་བ་དང། ཆོས་དང་ཆོས་མིན་པ་མི་དམིགས་པའི་སྦྱོར་བ་དང། རྣམ་པར་མི་རྟོག་པའི་སྦྱོར་བ་གསུམ་བསྟན་པར་བྱས་ནས། འདི་ནི་ཤེས་རབ་ཅེས་སོགས་རྐང་པ་གཅིག་སྦྱོར་བའི་ཡོན་ཏན་ལ་སྦྱོར་བའི་དང་པོ་བཞི་དཔྱད་དགོས་ཤིང། ཐ་མ་སློབ་དཔོན་དང་དངོས་སུ་འགལ་ཏེ་འོག་ཏུ་འཆད་དོ། །སློབ་དཔོན་གྱིས་སྦྱོར་བ་འདི་གསུམ་རིམ་པ་ལྟར་ཆོས་ལོངས་སྤྲུལ་གསུམ་ཐོབ་བྱེད་ལ་སྦྱར་རོ། །འཕེལ་འགྲིབ་བཀག་པའི་སྦྱོར་བ་ནི།ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་ཚེ་རྣལ་འབྱོར་པ། །གཟུགས་ཀྱི་འཕེལ་བ་དང་ནི་ཡོངས་སུ་འགྲིབ་མི་མཐོང། །ཆོས་དང་ཆོས་མིན་པ་སོགས་སུ་མི་མཐོང་བའི་སྦྱོར་བ་ནི།གང་ཞིག་ཆོས་དང་ཆོས་མིན་ཆོས་དབྱིངས་མི་མཐོང་ཞིང། །མྱ་ངན་འདས་ལ་མི་རེག་དེ་ནི་ཤེས་རབ་གནས། །གསུམ་པ་སྦྱོར་བའི་ཡོན་ཏན་སྟོན་པར།གང་ཞིག་འདིར་སྤྱོད་སངས་རྒྱས་ཆོས་རྣམས་མི་རྟོག་སྟེ། །སྟོབས་དང་རྫུ་འཕྲུལ་རྐང་པ་བྱང་ཆུབ་ཞི་མི་རྟོག །རྣམ་པར་མི་རྟོག་རྟོག་བྲལ་བྱིན་གྱི་རླབས་ཀྱིས་སྤྱོད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཡོན་ཏན་བཟུང་བ་ཡོངས་སུ་བརྗོད་པའི་ལེའུ་སྟེ་བཅུ་པའོ།། །།

བཞི་པ་སྦྱོར་བའི་སྐྱོན་བཤད་པ་ལ་བསལ་བྱའི་སྐྱོན་དང། སེལ་བྱེད་ཀྱི་གཉེན་པོ་གཉིས། དང་པོ་ལ་དྲིས་ལན་གཉིས་ལས་དྲི་བ་ནི།སྨྲ་བའི་ཟླ་བ་སངས་རྒྱས་ལ་ནི་རབ་འབྱོར་ཞུས། །ཡོན་ཏན་དགའ་བ་རྣམས་ཀྱི་བར་དུ་གཅོད་གང་ལགས། །ལན་ནི།སྟོན་པས་བཀའ་སྩལ་བར་དུ་གཅོད་པར་འགྱུར་མང་སྟེ། །དེ་ལས་རེ་ཞིག་ཅུང་ཟད་ཙམ་ཞིག་ཡོངས་སུ་བརྗོད། །དེ་ཡང་སྦྱོར་སྐྱོན་ཞེ་དྲུག་ལས་འདིར་དངོས་སུ་ཟིན་པ་བརྒྱད་དེ་སྤོབས་པ་ཧ་ཅང་མྱུར་བའི་རློམ་ཞིང་བར་མ་དོར་ལྡོག་པའི་མི་བརྟན་པ་ནི།རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་འདྲི་ཚེ། །སྤོབས་པ་ཐ་དད་རྣམ་པ་དུ་མ་འབྱུང་འགྱུར་ཞིང། །འགྲོ་བའི་དོན་མ་བྱས་པར་གློག་བཞིན་མྱུར་དུ་ཡང། །ཡོངས་སུ་ཉམས་པར་འགྱུར་བ་འདི་ནི་བདུད་ཀྱི་ལས། །ཐེག་ཆེན་གྱི་སྡེ་སྣོད་ལས་ཕྱིར་ཕྱོགས་ཤིང་སྤོང་བའི་རྒྱུ་མཚན་འཛིན་པ་སྟེ་སྤོང་བའི་རྒྱུ་དངོས་སྟོན་པར།འདི་བཤད་ཚེ་ན་ཁ་ཅིག་སོམ་ཉི་ཟ་འགྱུར་ཏེ། །འདྲེན་པས་འདིར་ནི་བདག་གི་མིང་ཡང་ཡོངས་མ་བརྗོད། །རིགས་དང་ས་དང་རུས་ཀྱང་ཡོངས་སུ་མ་བརྗོད་ཅེས། །དེ་ནི་ཉན་པར་མི་འགྱུར་སྤོང་འགྱུར་བདུད་ཀྱི་ལས། །རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་སྟེ་ཆེས་ཆེར་འཛིན་པ་ཉམས་པ་ནི།དེ་ལྟར་མི་ཤེས་དེ་དག་རྩ་བ་བོར་ནས་ནི། །རྨོངས་པས་ཡལ་ག་དག་དང་འདབ་མ་འཚོལ་བར་འགྱུར། །རྣམ་པ་ཐམས་ཅད་དུ་ཐེག་པ་མཆོག་ཀུན་ཏུ་འཛིན་པ་ལས་ཉམས་པ་ནི།གླང་པོ་རྙེད་ཀྱང་གླང་པོའི་རྗེས་ནི་འཚོལ་བ་ལྟར། །ཤེས་རབ་ཕ་རོལ་ཕྱིན་ཐོས་མདོ་འཚོལ་དེ་བཞིན་ནོ། །གྱ་ནོམ་པའི་རོ་འབྲས་བུ་མཆོག་གི་བདེ་བ་མྱོང་བ་ལས་ཉམས་པ་ནི།དཔེར་ན་ལ་ལས་རོ་བརྒྱ་ལྡན་པའི་ཟས་རྙེད་ལ། །ཟས་མཆོག་རྙེད་ནས་ཟས་ངན་འཚོལ་བར་བྱེད་པ་ལྟར། །བྱང་ཆུབ་སེམས་དཔའ་ཕ་རོལ་ཕྱིན་པ་འདི་རྙེད་ནས། །དགྲ་བཅོམ་ས་ཡི་བྱང་ཆུབ་འཚོལ་བྱེད་དེ་བཞིན་ནོ། །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པའི་རོ་མྱོང་ཞིང་དེ་ལ་བལྟ་བ་ནི།བསྟི་སྟང་འདོད་པར་འགྱུར་ཞིང་རྙེད་པ་འདོད་འགྱུར་དང། །ལྟ་དང་བཅས་པའི་སེམས་ཀྱིས་ཁྱིམ་འདྲིས་བྱེད་ལྡན་ཞིང། །ལམ་མ་ཡིན་པ་བདུད་ཀྱིས་བསྟན་པའི་སྡེ་སྣོད་ལས་ཐབས་མཁས་པ་འཚོལ་བ་ནི།ཆོས་བཏང་ནས་ནི་ཆོས་མིན་བྱ་བ་སྤྱོད་འགྱུར་བ། །ལམ་བོར་ལམ་གོལ་འགྲོ་བ་འདི་ནི་བདུད་ཀྱིས་ལས། །ཉན་པ་པོ་འདུན་པ་ཆེ་ཡང་འཆད་པ་པོ་སྙོམས་ལས་ཀྱིས་ཉམས་པས་ཉན་པ་པོ་ཡང་མ་དད་པར་གྱུར་ཏེ་ཆོས་མཉན་པ་ལས་ལྡོག་པ་ནི།གང་དག་དེ་ཡི་ཚེ་ན་འདུན་ཅིང་དད་གྱུར་ནས། །ཆོས་ཀྱི་དམ་པ་འདི་ནི་ཉན་དུ་སོང་བ་ལས། །དེ་དག་གིས་ནི་ཆོས་སྨྲ་བྱ་བར་ལྡན་རིག་ནས། །དགའ་བ་མེད་ཅིང་ཡིད་མི་བདེ་བར་གྱུར་ནས་འགྲོ། །བར་གཅོད་ཀྱི་ཆོས་རྒྱས་པར་བཤད་པའི་དོན་བསྡུ་བ་ནི།དེ་ཡི་ཚེ་ན་བདུད་ཀྱི་ལས་འདི་འབྱུང་བར་འགྱུར། །དེ་ཚེ་གང་དག་གིས་ནི་དགེ་སློང་མང་དཀྲུགས་ནས། །ཤེས་རབ་ཕ་རོལ་ཕྱིན་འདི་འཛིན་པར་མི་འགྱུར་བའི། །བར་དུ་གཅོད་པ་རྣམ་མང་གཞན་ཡང་འབྱུང་བར་འགྱུར། །བར་ཆད་མང་བའི་རྒྱུ་མཚན་དཔེའི་སྒོས་བསྒྲུབ་པ་ནི།རིན་ཆེན་རིན་ཐང་མེད་པ་རྙེད་གྱུར་གང་དག་ཡིན། །དེ་དག་དགོན་ལ་དུས་རྣམས་རྟག་ཏུ་འཚེ་བའང་མང། །དེ་བཞིན་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་པ་མཆོག །རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང། །ཐེག་པ་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ། །གང་ཞིག་དཀོན་པའི་རིན་ཆེན་འདི་ནི་མ་རྙེད་པ། །དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། །སེལ་བྱེད་གཉེན་པོ་ནི་དེ་ལྟར་བར་གཅོད་མང་ཡང་གླགས་རྙེད་པར་མི་འགྱུར་ཏེ།ཅིའི་ཕྱིར་ཞེ་ན།ཕྱོགས་བཅུའི་སངས་རྒྱས་དེ་དག་ཡོངས་སུ་འཛིན་ལ་སྦྱོར། །བདུད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།།

ཅིའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་དེ་ལ་དགོངས་པར་མཛད་ཅེ་ན། དེ་ཉིད་དཔེས་བསྒྲུབ་པ་ནི།མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་པ། །དེ་ཀུན་ཡིད་མི་བདེ་ཞིང་དེ་ལ་རིམ་གྲོ་བྱེད། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང་། །ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པ་མཛད། །ལྔ་པ་སྦྱོར་བའི་མཚན་ཉིད་བཤད་པ་ལ་ཤེས་མཚན་ཞེ་དྲུག །ཁྱད་མཚན་བཅུ་དྲུག །བྱེད་མཚན་བཅུ་གཅིག །ངོ་བོ་ཉིད་མཚན་བཅུ་དྲུག་བཤད་པ་དང་བཞི། དང་པོ་ལ་ཡང་གསུམ་ལས། དང་པོ་གཞི་ཤེས་ཀྱི་ཤེས་མཚན་དེ་བཞིན་གཤེགས་པ་འབྱུང་བ་སོགས་བཅུ་དྲུག་སྟོན་པར།གང་དག་འདས་དང་ཕྱོགས་བཅུའི་འཇིག་རྟེན་མགོན་གང་དང། །མ་འོངས་དུས་ན་འབྱུང་འགྱུར་དེ་དག་འདི་ལས་འབྱུང། །འཇིག་རྟེན་སྟོན་པ་རྒྱལ་བ་རྣམས་ཀྱི་སྐྱེད་བྱེད་ཡུམ། །སེམས་ཅན་གཞན་གྱི་སེམས་ཀྱི་སྤྱོད་པར་སྟོན་པར་བྱེད། །འཇིག་རྟེན་དེ་བཞིན་ཉིད་དང་དགྲ་བཅོམ་དེ་བཞིན་ཉིད། །རང་རྒྱལ་དེ་བཞིན་ཉིད་དང་རྒྱལ་སྲས་དེ་བཞིན་ཉིད། །གཅིག་པ་ཉིད་དེ་དངོས་བྲལ་གཞན་མིན་དེ་བཞིན་ཉིད། །ཤེས་རབ་ཕ་རོལ་ཕྱིན་པ་དེ་བཞིན་གཤེགས་པས་མཁྱེན། །ལམ་ཤེས་ཀྱི་ཤེས་མཚན་སྟོན་པར།མཁས་པ་འཇིག་རྟེན་གནས་སམ་མྱ་ངན་འདས་ཀྱང་རུང། །ཆོས་ཉིད་སྐྱོན་མེད་ཆོས་རྣམས་སྟོང་པ་འདི་གནས་ཏེ། །བྱང་ཆུབ་སེམས་དཔས་དེ་བཞིན་ཉིད་འདི་རྗེས་སུ་རྟོགས། །དེ་ཕྱིར་དེ་བཞིན་གཤེགས་ཞེས་སངས་རྒྱས་མཚན་གསོལ་ཏོ། །ཤེས་རབ་ཕ་རོལ་ཕྱིན་པ་དགའ་ཚལ་ལ་བརྟེན་པ། །སྟོབས་བཅུ་རྣམ་འདྲེན་རྣམས་ཀྱི་སྤྱོད་ཡུལ་འདི་ཡིན་ཏེ། །སེམས་ཅན་སྡུག་བསྔལ་ངན་སོང་གསུམ་ལས་ཡོངས་འདོན་ཀྱང། །དེ་དག་ནམ་ཡང་སེམས་ཅན་འདུ་ཤེས་འགྱུར་བ་མེད། །དཔེར་ན་སེང་གེ་རི་སུལ་བརྟེན་ནས་འཇིགས་མེད་པར། །རི་དྭགས་ཕྲ་མོ་མང་སྐྲག་བྱེད་ཅིང་སྒྲ་སྒྲོགས་ལྟར། །མི་ཡི་སེང་གེ་ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །མུ་སྟེགས་ཅན་མང་སྐྲག་བྱེད་འཇིག་རྟེན་སྒྲ་ཡང་སྒྲོགས། །རྣམ་མཁྱེན་གྱི་ཤེས་མཚན་སྟོན་པར།དཔེར་ན་ནམ་མཁར་གནས་པའི་ཉི་མའི་འོད་ཟེར་ནི། །ས་འདི་སྐེམ་པར་བྱེད་ཅིང་གཟུགས་ཀྱང་རབ་ཏུ་སྟོན། །དེ་བཞིན་ཆོས་རྒྱལ་ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །སྲིད་པའི་ཆུ་ཀླུང་སྐེམས་ཤིང་ཆོས་ཀྱང་རབ་ཏུ་སྟོན། །བུདྡྷ་ཤྲཱིས་འདི་མན་ཆད་ཁྱད་མཚན་ལ་སྦྱར་ཡང་སློབ་དཔོན་གྱི་སྡུད་འགྲེལ་དུ་སྔ་མ་དང་དཀྱུས་གཅིག་པར་རྣམ་མཁྱེན་གྱི་ཤེས་མཚན་དུ་གསུངས་པ་ནི། རྒྱན་ལས། བརྗོད་དང་ཤེས་མཛད་མངོན་སུམ་མཛད། །ཅེས་པ་དང་མཐུན་པར་སྣང་ངོ་། །གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །འཇིག་རྟེན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།།

དེའི་འོག་ཏུ་ཁྱད་མཚན་སྟོན་པར།མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །གང་གིས་དེ་ལྟར་མཐོང་བ་དེ་ཡིས་ཆོས་ཀུན་མཐོང། །རྒྱལ་པོ་བཏང་སྙོམས་འདུག་ཅིང་བློན་པོ་ཀུན་བྱེད་ལྟར། །སངས་རྒྱས་མཛད་དང་ཉན་ཐོས་ཆོས་རྣམས་ཇི་སྙེད་པ། །དེ་དག་ཐམས་ཅད་ཤེས་རབ་ཕ་རོལ་ཕྱིན་པ་བྱེད། །རྒྱལ་པོ་གྲོང་དུ་མི་འགྲོ་ཡུལ་འཁོར་མི་འགྲོ་བར། །རང་གི་ཡུལ་ནས་འདུ་བ་ཐམས་ཅད་སྡུད་པ་ལྟར། །བྱང་ཆུབ་སེམས་དཔའི་ཆོས་ཉིད་གང་དུའང་མི་འགྲོ་ལ། །སངས་རྒྱས་ས་ཡི་ཡོན་ཏན་གང་ཡིན་ཐམས་ཅད་སྡུད། །བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ་བཅུ་གསུམ་པའོ།།།།

གང་ལ་བདེ་གཤེགས་བྱང་ཆུབ་སེམས་དཔའ་དད་བརྟན་ཡོད། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལ་བསམ་སྦྱོར་བ། །ཉན་ཐོས་རང་རྒྱལ་ས་གཉིས་ཤིན་ཏུ་འདས་བྱས་ནས། །ཟིལ་གྱིས་མི་ནོན་རྒྱལ་བའི་བྱང་ཆུབ་མྱུར་དུ་འཐོབ། །དཔེར་ན་རྒྱ་མཚོར་འཇུག་པའི་གྲུ་ནི་ཆག་གྱུར་ལ། །མི་གང་རོ་འམ་རྩྭ་འམ་ཤིང་ནི་མི་འཛིན་པ། །ཆུ་དབུས་འཇིག་པར་འགྱུར་ཏེ་ངོགས་སུ་ཕྱིན་མི་འགྱུར། །གང་ཞིག་འཛིན་པ་རྒྱ་མཚོའི་ཕ་རོལ་ཕྱིན་པར་འགྱུར། །དེ་ལྟར་དད་ལྡན་དང་བ་ཐོབ་པ་གང་ཞིག་ནི། །ཤེས་རབ་ཕ་རོལ་ཕྱིན་ཡུམ་རྗེས་སུ་མི་འཇུག་མིན། །སྐྱེ་རྒ་འཆི་དང་མྱ་ངན་རྦ་རླབས་འཁྲུགས་པ་ཡིས། །འཁོར་བའི་རྒྱ་མཚོ་དེར་ནི་རྟག་ཏུ་འཁོར་འགྱུར་བ། །གང་དེ་ཤེས་རབ་མཆོག་གིས་ཡོངས་སུ་ཟིན་པ་ན། །དངོས་པོའི་རང་བཞིན་མཁས་ཤིང་དོན་དམ་སྟོན་པར་བྱེད། །དེ་དག་ཐབས་ཀྱི་ཡོན་ཏན་ཤེས་རབ་ཡོངས་ཟིན་ན། །མཆོག་ཏུ་རྨད་བྱུང་བདེ་གཤེགས་བྱང་ཆུབ་མྱུར་དུ་རེག །དཔེར་ན་ལ་ལས་རྫ་སོ་མ་བཏང་ཆུ་སྐྱེད་ན། །ཉམ་ཆུང་ཕྱིར་ནི་མྱུར་དུ་འཇིག་པར་རིག་པར་བྱ། །སོ་བཏང་བུམ་པར་ཆུ་སྐྱེད་ལམ་དུ་འཇིག་པ་ཡི། །འཇིགས་པ་མེད་ཅིང་བདེ་བར་ཁྱིམ་དུ་ཕྱིན་པར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དཔའ་དད་པ་མང་གྱུར་ཀྱང། །ཤེས་རབ་རྣམ་པར་ཉམས་ན་མྱུར་དུ་མ་རུངས་འགྱུར། །དད་པས་ཤེས་རབ་དེ་ནི་ཡོངས་སུ་ཟིན་གྱུར་ན། །ས་གཉིས་ཤིན་ཏུ་འདས་ཏེ་བྱང་ཆུབ་མཆོག་ཐོབ་འགྱུར། །དཔེར་ན་བཅོས་ལེགས་མ་བྱས་གྲུ་ནི་རྒྱ་མཚོའི་ནང། །ནོར་དང་བཅས་ཤིང་ཚོང་པར་བཅས་ཏེ་འཇིག་པར་འགྱུར། །གྲུ་དེ་ལེགས་པར་བཅོས་ལེགས་བྱས་དང་ལྡན་གྱུར་ན། །མི་འཇིག་ནོར་དང་བཅས་པར་ངོགས་སུ་ཕྱིན་པར་འགྱུར། །དེ་ལྟར་བྱང་ཆུབ་སེམས་དཔའ་དད་པས་ཡོངས་བསྒོས་ཀྱང། །ཤེས་རབ་མེད་ན་བྱང་ཆུབ་ལས་ནི་མྱུར་ཉམས་འགྱུར། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལྡན་ན། །མ་རྨས་མ་ཉམས་རྒྱལ་བའི་བྱང་ཆུབ་རེག་པར་འགྱུར། །ལོ་བརྒྱ་ཉི་ཤུ་ལོན་ཏེ་རྒས་ཤིང་སྡུག་བསྔལ་མི། །ལངས་ཀྱང་བདག་ཉིད་འགྲོ་བར་ནུས་པ་མ་ཡིན་ཏེ། །དེ་ནི་གཡས་གཡོན་གཉིས་ནས་མི་ཡིས་བརྟེན་བྱས་ནས། །འགྱེལ་བའི་འཇིགས་པ་མེད་ཅིང་བདེ་བླག་འགྲོ་བར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དཔའ་ཤེས་རབ་སྟོབས་ཆུང་བ། །རབ་ཏུ་ཞུགས་པར་གྱུར་ཀྱང་བར་དུ་ཉམས་པར་འགྱུར། །དེ་ཉིད་ཐབས་དང་ཤེས་རབ་མཆོག་གིས་ཡོངས་ཟིན་ན། །མི་ཉམས་དེ་བཞིན་གཤེགས་ཀྱི་བྱང་ཆུབ་རེག་པར་འགྱུར། །དཔེའི་ལེའུ་སྟེ་བཅུ་བཞི་པའོ།།།།

བྱང་ཆུབ་སེམས་དཔའ་དང་པོའི་ལས་ཀྱི་སར་གནས་གང། །ལྷག་པའི་བསམ་པས་སངས་རྒྱས་བྱང་ཆུབ་མཆོག་ཞུགས་པ། །སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བརྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་དེ་བཞིན་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བྱང་ཆུབ་ཡོངས་སུ་བསྔོ་བར་གྱིས། །བྱང་ཆུབ་ཕུང་པོར་ཞེན་ནས་མཆོག་འཛིན་མ་བྱེད་ཅེས། །དང་པོའི་ལས་ཅན་དེ་ལ་དེ་སྐད་བསྟན་པར་བྱ། །བྱེད་མཚན་ནི།དེ་ལྟར་སྤྱོད་པ་ལེགས་འཚོ་སྨྲ་བའི་ཟླ་བ་རྣམས། །འགྲོ་བའི་སྐྱབས་དང་དཔུང་གཉེན་དང་ནི་གནས་ཡིན་ཏེ། །རྟེན་དང་བློ་དང་གླིང་དང་ཡོངས་འདྲེན་དོན་འདོད་པ། །གསལ་བྱེད་སྒྲོན་མ་ཆོས་མཆོག་སྨྲ་བ་མི་འཁྲུགས་ཡིན། །ངོ་བོ་ཉིད་མཚན་སྟོན་པར།གྲགས་ཆེན་ལྡན་རྣམས་བྱ་དཀའི་གོ་ཆ་གྱོན་བྱེད་དེ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀྱི་གོ་ཆ་མིན། །ཐེག་གསུམ་འདུ་ཤེས་བྲལ་ཞིང་ཡོངས་སུ་བཟུང་བ་མེད། །མི་ལྡོག་གཡོ་བ་མེད་ཅིང་མི་འཁྲུགས་ཆོས་ཅན་ཡིན། །དེ་དག་འདི་འདྲའི་ཆོས་དང་ལྡན་ཞིང་སྤྲོས་པ་མེད། །ཐེ་ཚོམ་སོམ་ཉི་ཡིད་གཉིས་བྲལ་ཞིང་དོན་དང་ལྡན། །ཤེས་རབ་ཕ་རོལ་ཕྱིན་པ་ཐོས་ནས་མི་ནུར་བ། །གཞན་གྱི་དྲིང་མི་འཇོག་ཅིང་མི་ལྡོག་རིག་པར་བྱ། །འདྲེན་པ་རྣམས་ཀྱི་ཆོས་འདི་ཟབ་སྟེ་མཐོང་བར་དཀའ། །སུས་ཀྱང་རྟོགས་པ་མེད་ཅིང་ཐོབ་པར་འགྱུར་མེད་པ། །དེ་ཕྱིར་ཕན་མཛད་བརྩེར་ལྡན་བྱང་ཆུབ་བརྙེས་ནས་འདི། །སེམས་ཅན་ཚོགས་སུས་ཤེས་སྙམ་ཐུགས་ཁྲལ་ཆུང་བར་མཛད། །སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །འཛིན་ལ་གནས་ཤིང་མི་མཁས་བླུན་རྨོངས་མུན་པ་བཞིན། །ཐོབ་པར་བྱ་བའི་ཆོས་ནི་གནས་མེད་འཛིན་མེད་དེ། །དེས་ན་འཇིག་རྟེན་དག་དང་རྩོད་པ་འབྱུང་བ་ཡིན། །ལྷའི་ལེའུ་སྟེ་བཅོ་ལྔ་པའོ།།།།

ནམ་མཁའི་ཁམས་ནི་ཤར་གྱི་ཕྱོགས་དང་ལྷོ་ཕྱོགས་དང། །དེ་བཞིན་ནུབ་ཀྱི་ཕྱོགས་དང་བྱང་ཕྱོགས་ཕ་མཐའ་ཡས། །སྟེང་དང་འོག་དང་ཕྱོགས་བཅུ་ཇི་སྙེད་རྣམས་ནའང་ཡོད། །ཐ་དད་གྱུར་པ་མེད་ཅིང་བྱེ་བྲག་གྱུར་པ་མེད། །འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །དེ་ལྟར་རྣམ་རྫོགས་སྦྱོར་བ་སྤྱིའི་རྣམ་པར་བཞག་པ་བཤད་ཟིན་ནས། དེའི་འོག་ཏུ་ཐར་པ་ཆ་མཐུན་ནས་བཟུང་སྟེ་སྐྱེ་རིམ་བཤད་པ་ལ། དང་པོ་ཐར་པ་ཆ་མཐུན་ནི།བདེ་གཤེགས་བྱང་ཆུབ་ཐ་དད་ཆོས་དང་བྲལ་གྱུར་པ། །འདི་ནི་བྱང་ཆུབ་སེམས་དཔའ་གང་ཞིག་ཐོབ་འདོད་པ། །ཐབས་དང་ལྡན་པས་ཤེས་རབ་ཕ་རོལ་ཕྱིན་ལ་སྦྱོར། །འདྲེན་པའི་ཤེས་རབ་མེད་ན་ཐོབ་པར་འགྱུར་མ་ཡིན། །བྱ་ཞིག་ལུས་ཆེ་དཔག་ཚད་བརྒྱ་རྩ་ལྔ་བཅུ་པར། །གྱུར་ལ་འདབ་གཤོག་ཟད་དེ་ཉམས་རྩལ་ཡོད་མིན་ན། །དེ་ཡིས་སུམ་ཅུ་རྩ་གསུམ་གནས་ནས་འཛམ་གླིང་འདིར། །བདག་ཉིད་མཆོངས་ན་དེར་ནི་ཉམ་ཉེས་འགྱུར་བ་ཡིན། །རྒྱལ་བ་རྣམས་ཀྱི་ཕ་རོལ་ཕྱིན་པ་ལྔ་འདི་ཡང། །བསྐལ་པ་ཕྱེ་བ་ཁྲག་ཁྲིག་མང་པོར་བསྒྲུབས་བྱས་ཤིང། །སྨོན་ལམ་མཐའ་ཡས་རྒྱ་ཆེན་འཇིག་རྟེན་རྟག་བསྟེན་ཀྱང། །ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྟུང། །ངེས་འབྱེད་ཆ་མཐུན་སྟོན་པར།སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་གང། །ཞེས་གསུངས་ཏེ་བུདྡྷ་ཤྲཱིས་རྐང་པ་གཅིག་པོ་འདི་མཚན་མ་མེད་པའི་སྦྱིན་སོགས་ཀྱིས་ངེས་པར་འབྱུང་འདོད་པ། ཞེས་མཚན་མེད་རབ་ཏུ་སྦྱིན་ལ་སོགས་ཞེས་པའི་དོན་དུ་བྱས་ནས། ཐར་ཆ་ལ་སྦྱར་མོད་སློབ་དཔོན་གྱིས་ཕྱི་མར་སྦྱར་བ་ནི་གང་ཞེས་པའི་ཡིག་དོན་ལའང་འབྲེལ་ལོ། །འགྲོ་བ་ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་དང། །ཕན་པའི་སེམས་དང་བྱམས་པའི་ཡིད་ཀྱིས་བརྟུལ་བྱ་ཞིང། །ཐ་བ་མེད་ཅིང་དྲང་ལ་ཚིག་འཇམ་སྨྲ་བར་བྱ། །དེ་བཞིན་ཉིད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།

ཕྱིར་མི་ལྡོག་པ་སྤྱིའི་མཚན་ཉིད་ཞུ་བ་ནི།འཇིག་རྟེན་མགོན་ལ་གནས་བརྟན་རབ་འབྱོར་ཡོངས་ཞུས་པ། །ཡོན་ཏན་རྒྱ་མཚོ་ཉོན་མོངས་མ་མཆིས་རྟགས་བསྟན་གསོལ། །མཐུ་ཆེ་བ་དག་ཇི་ལྟར་སླར་ལྡོག་མི་འགྱུར་བ། །དེ་ལྟར་ཡོན་ཏན་ཕྱོགས་ཙམ་རྒྱལ་བས་ལུང་བསྟན་གསོལ། །སྦྱོར་ལམ་གྱི་ཕྱིར་མི་ལྡོག་གི་མཚན་ཉིད་སྟོན་པར།ཐ་དད་འདུ་ཤེས་བྲལ་ཞིང་རིགས་པ་ལྡན་ཚིག་སྨྲ། །དགེ་སྦྱོང་དག་དང་བྲམ་ཟེ་གཞན་ལ་རྟེན་མི་བྱེད། །མཁས་པས་དུས་རྣམས་རྟག་ཏུ་ངན་སོང་གསུམ་པོ་སྤངས། །དེ་དག་དགེ་བཅུའི་ལས་ཀྱི་ལམ་ལ་མངོན་པར་བརྩོན། །ཟང་ཟིང་མེད་པར་འགྲོ་ལ་ཆོས་ནི་རྗེས་སུ་སྟོན། །ཆོས་ལ་གཅིག་ཏུ་དགའ་ཞིང་རྟག་ཏུ་ཚིག་འཇམ་ལྡན། །འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །གཙང་བྱས་གཙང་མའི་གོས་འཆང་གསུམ་པོ་དབེན་ཞིང་དག །རྙེད་འདོད་མ་ཡིན་ཁྱུ་མཆོག་རྟག་ཏུ་ཆོས་འདོད་པ། །བདུད་ཀྱི་ཡུལ་ལས་འདས་ཤིང་གཞན་གྱི་དྲིང་མི་འཇོག །བུདྡྷ་ཤྲཱི་ལྟར་ན་འདི་ནས་མཐོང་ལམ་གྱི་ཕྱིར་མི་ལྡོག་གི་མཚན་ཉིད་བསྟན་པར་བཤད་དེ། བསམ་གཏན་གྱི་ཡན་ལག་ཡོངས་སུ་ཟད་ཅེས་པ་དང་འགྲིགས།བསམ་གཏན་བཞི་ལ་བསམ་གཏན་བསམ་གཏན་དེར་མི་གནས། །སློབ་དཔོན་ལྟར་ན་འདི་ནས་བསྟན།གྲགས་པ་འདོད་པ་མ་ཡིན་ཁྲོ་བས་སེམས་དཀྲིས་མེད། །ཁྱིམ་པར་གྱུར་ན་རྟག་ཏུ་དངོས་པོ་ཀུན་མ་ཆགས། །འཚོ་བའི་ཕྱིར་ནི་ཡ་ངས་ལོངས་སྤྱོད་ཚོལ་མི་བྱེད། །དྲག་ཤུལ་སྤྱོད་སྔགས་མི་བྱེད་བུད་མེད་སྦྱོར་སྔགས་མིན། །འདོད་པའི་ལས་ཅན་ཕོ་མོར་འགྱུར་ཞེས་སྟོན་མི་བྱེད། །རབ་ཏུ་དབེན་པའི་ཤེས་རབ་ཕ་རོལ་ཕྱིན་མཆོག་བརྩོན། །འཐབ་དང་རྩོད་དང་བྲལ་ཞིང་བྱམས་པའི་སེམས་ཀྱང་བརྟན། །ཀུན་མཁྱེན་འདོད་ཅིང་བསྟན་ལ་རྟག་ཏུ་གཞོལ་སེམས་ལྡན། །མཐའ་འཁོབ་ཀླ་ཀློ་སྐྱེ་བོའི་ཡུལ་མཐའ་རྣམ་པར་སྤངས། །རང་གི་ས་ལ་དོགས་མེད་རྟག་ཏུ་རི་རབ་འདྲ། །ཆོས་ཕྱིར་སྲོག་ཀྱང་འདོར་ཞིང་རྣལ་འབྱོར་རབ་ཏུ་བརྩོན། །མི་ལྡོག་རྟགས་ནི་འདི་དག་ཡིན་པར་ཤེས་པར་བྱ། །ཕྱིར་མི་ལྡོག་པའི་རྣམ་པའི་ལེའུ་སྟེ་བཅུ་བདུན་པའོ།། །།

དེའི་འོག་ཏུ་སྒོམ་ལམ་གྱི་ཕྱིར་མི་ལྡོག་པའི་མཚན་ཉིད་སྟོན་དགོས་ཀྱང། ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློ་མི་སྐྱེ་བའི་ཕྱིར་སྒོམ་པའི་ལམ་གྱི་ཟབ་པའི་ཁྱད་པར། སྒོམ་པའི་ལམ་ནི་ཟབ་པ་སྟེ་ཞེས་སོགས་དང་མཐུན་པར་འདིར་ཡང།གཟུགས་དང་ཚོར་དང་འདུ་ཤེས་སེམས་པ་རྣམ་ཤེས་རྣམས། །ཟབ་སྟེ་རང་བཞིན་མཚན་མ་མེད་ཅིང་རབ་ཞི་བ། །དཔེར་ན་མདའ་ཡིས་རྒྱ་མཚོར་གཏིང་ཐུག་ཚོལ་བ་ལྟར། །ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །དེ་ལྟར་ཟབ་པའི་སྒོམ་ལམ་དེ་ལ་འབྲས་བུ་ལྷག་པ་ཅི་ཞིག་ཡོད་ཅེས་དྲི་བ་ནི།བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཟབ་གྱུར་ཅིང། །ཐེག་པ་དོན་དམ་ཆགས་མེད་གང་ལ་ཕུང་པོ་དང། །ཁམས་དང་སྐྱེ་མཆེད་ཡོད་མིན་ཆོས་འདི་རྟོགས་པ་དེའི། །བསོད་ནམས་ཡང་དག་གྲུབ་པ་དེ་ལས་ཅི་ཞིག་ཡོད། །དེའི་ལན་སྟོན་པ་ནི།དཔེར་ན་འདོད་ཆགས་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག །བུད་མེད་དུས་བཏབ་དེ་དང་མ་ཕྲད་དེ་ཡི་ནི། །ཉིན་གཅིག་སེམས་ཀྱི་རྣམ་རྟོག་སྤྱོད་པ་ཇི་སྙེད་པ། །དེ་སྙེད་བསྐལ་པར་བྱང་ཆུབ་སེམས་དཔའ་ཐོབ་པར་འགྱུར། །དེ་ལྟར་ཁྱད་པར་བསྟན་ནས་ཁྱད་གཞི་སྒོམ་ལམ་འཆད་པ་ལ། རྣམ་རྟོག་དགུའི་གཉེན་པོ་སྒོམ་ལམ་དགུ་ཡོད་ཀྱང་འདིར་གསུམ་དུ་བསྡུས་ཏེ་དང་པོ་སྒོམ་ལམ་ཆུང་ངུ་སྟོན་པར།བྱང་ཆུབ་སེམས་དཔའ་གང་ཞིག་བསྐལ་མང་བྱེ་སྟོང་དུ། །དགྲ་བཅོམ་རང་རྒྱལ་སྦྱིན་བྱེད་ཚུལ་ཁྲིམས་སྲུང་བྱེད་ཀྱང་། །གང་ཞིག་ཤེས་རབ་ཕ་རོལ་ཕྱིན་མཆོག་ལྡན་པའི་ཆོས། །བརྗོད་པའི་ལེགས་ལ་སྦྱིན་དང་ཚུལ་ཁྲིམས་ཆར་མི་ཕོད། །སྒོམ་ལམ་འབྲིང་བསྟན་པའི་ཕྱིར།བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ། །དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔོ་ན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད། །སྒོམ་ལམ་ཆེན་པོ་སྟོན་པར།བསོད་ནམས་དེ་ཡང་གསོག་དང་དེ་བཞིན་སྟོང་པ་དང། །གསོབ་དང་ཡ་མ་བརླ་དང་སྙིང་པོ་མེད་ཤེས་པར། །དེ་ལྟར་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱད་སྤྱོད་ན། །སྤྱོད་ཚེ་བསོད་ནམས་དཔག་ཏུ་མེད་པ་ཡོངས་སུ་འཛིན། །རྒྱན་ལས། དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང། །ཞེས་པ་ལྟར་ཆོས་ཐམས་ཅད་ཀྱི་དབྱིངས་སུ་རང་བཞིན་མེད་པར་མཉམ་པའི་ཕྱིར། སྤང་བྱ་ཟད་པ་དང་གཉེན་པོ་སྐྱེ་བ་མེད་པས་ན་རྒྱལ་སྲས་རྣམས་ཀྱི་རྟོགས་པ་མཆོག་དམན་གྱི་རིམ་པའང་མི་རིགས་སོ་སྙམ་པའི་དོགས་པ་བསུ་བར།སངས་རྒྱས་ཀྱིས་བཤད་རབ་ཏུ་སྦྱར་ཞིང་རབ་བསྟན་པའི། །ཆོས་འདི་ཐམས་ཅད་བརྗོད་པ་ཙམ་དུ་ཟད་ཤེས་ན། །བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་བརྗོད་བྱས་ཀྱང། །ཆོས་ཀྱི་དབྱིངས་ལ་ཟད་པ་མེད་ཅིང་འཕེལ་བ་མེད། །དེ་ལ་དོན་དམ་པར་འཕེལ་འགྲིབ་མེད་པར་བསྒྲུབ་ན་ཁོ་བོ་ཅག་འདོད་པ་ཁོ་ན་ཡིན་པས་གྲུབ་ཟིན་སྒྲུབ་པར་འགྱུར་ལ། ཐ་སྙད་དུ་ནི་འཁོར་འདས་ཀྱི་ཆོས་རྣམས་རྟག་པ་མེད་པའི་ཕྱིར་འཕེལ་འགྲིབ་ཀྱང་སྒྱུ་མ་ཙམ་དུ་རུང་ངོ་ཞེས་ལན་སྟོན་པར།རྒྱལ་བ་རྣམས་ཀྱི་ཕ་རོལ་ཕྱིན་ཅེས་བྱ་བ་གང། །ཆོས་དེ་རྣམས་ཀྱང་མིང་ཙམ་དུ་ནི་ཡོངས་སུ་བསྒྲགས། །ཡོངས་བསྔོ་རློམ་སེམས་མེད་པའི་བྱང་ཆུབ་སེམས་དཔའ་ནི། །ཉམས་པ་མེད་ཅིང་སངས་རྒྱས་བྱང་ཆུབ་མཆོག་རེག་འགྱུར། །སྟོང་པ་ཉིད་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།

ཁོ་ན་རེ། ཀུན་རྫོབ་ཏུ་ཡང་རྟོགས་པ་གོང་དུ་འཕེལ་བའི་བྱང་ཆུབ་པ་མི་རིགས་ཏེ། སྔ་ཕྱིར་བྱུང་བའི་སེམས་ཅན་རེ་རེས་ཀྱང་ནུས་པ་མེད་པའི་ཕྱིར་མིན་ལ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུན་རེ་རེ་བ་ཞེས་གསུངས་པའི་ཕྱིར་ཅིག་ཅར་འབྱུང་བས་མང་པོས་ཀྱང་མིན་ཞིང། སྔ་ཕྱིར་འབྱུང་བ་མང་པོས་ཀྱང་མིན་ཏེ་དེ་དག་ནང་ཕན་ཚུན་འབྲེལ་བ་མེད་པའི་ཕྱིར་ཞེས་པའི་རྩོད་པ་ཁོང་ནས་བསུས་ཏེ་དེའི་ལན་དཔེའི་སྒོ་ནས་སྟོན་པར།འབྲུ་མར་སྙིང་པོ་འབར་བ་ཕྲད་པ་དང་པོ་ཡིས། །སྙིང་པོ་ཚིག་མིན་དེ་མེད་པར་ཡང་དེ་མི་ཚིག །མེ་ལྕེ་ཕྲད་པ་ཐ་མས་སྙིང་པོ་ཚིག་མིན་ལ། །མེ་ལྕེ་ཐ་མ་མེད་པར་སྙིང་པོ་ཚིག་མིན་ལྟར། །དཔེ་བསྟན་པ་དེ་ཉིད་སྐབས་ཀྱི་དོན་བྱང་ཆུབ་པའི་ཚུལ་དང་སྦྱར་བ་ནི།དང་པོའི་སེམས་ཀྱིས་བྱང་ཆུབ་མཆོག་རེག་མ་ཡིན་ལ། །དེ་མེད་པར་ཡང་དེ་ལ་རེག་པར་ནུས་མ་ཡིན། །ཐ་མའི་སེམས་ཀྱིས་བྱང་ཆུབ་ཞི་བ་ཐོབ་མིན་ལ། །དེ་མེད་པར་ཡང་དེ་ཐོབ་ནུས་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ལམ་སྐད་ཅིག་སྔ་ཕྱི་ཚོགས་པ་བྱང་ཆུབ་ཀྱི་རྒྱུ་ཡིན་པ་སྤྱིར་བསྟན་ནས། ད་ནི་ཁྱད་པར་དུ་བྱང་ཆུབ་ཀྱི་ལམ་སྐད་ཅིག་མ་དང་པོ་ཡང་ས་བོན་འདྲ་བར་གཙོ་བོའི་རྒྱུ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ།ས་བོན་ལས་ནི་མྱུ་གུ་མེ་ཏོག་འབྲས་བུ་འབྱུང། །དེ་ཡང་འགགས་ལ་ཤིང་ཡང་མེད་པ་དེ་མིན་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་རྒྱུ་ཡིན་ཏེ། །དེ་ཡང་འགགས་ལ་བྱང་ཆུབ་མེད་པ་དེ་མ་ཡིན། །སྐད་ཅིག་མ་གཉིས་པ་ཡང་རྒྱུ་ཡིན་པར་སྟོན་པ་ལ།ས་བོན་རྙེད་ནས་འབྲུ་དང་སཱ་ལུ་ལ་སོགས་འབྱུང། །དེ་ཡི་འབྲས་བུ་དེ་ལ་ཡོད་མིན་མེད་པའང་མིན། །རྒྱལ་བ་རྣམས་ཀྱི་བྱང་ཆུབ་འདི་ནི་འབྱུང་བར་འགྱུར། །དངོས་པོའི་རང་བཞིན་བྲལ་བས་སྒྱུ་མ་འབྱུང་བར་འགྱུར། །བྱང་ཆུབ་པའི་ཚུལ་རྒྱས་པར་བསྟན་ནས་དོན་བསྡུ་བར།ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །དེ་ལྟར་ཞར་བྱུང་འཕྲོས་དོན་དང་བཅས་པ་རྒྱས་པར་བསྟན་ནས། སྐབས་དོན་དཀྱུས་མ་སྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་དངོས་སྟོན་པར།སྟོང་པ་མཚན་མེད་སྨོན་པ་མེད་པར་ཆོས་སྤྱོད་ཅིང། །མྱ་ངན་འདས་ལ་མི་རེག་མཚན་མར་མི་སྤྱོད་པ། །དཔེར་ན་མཉན་པ་མཁས་པ་ཕར་འགྲོ་ཚུར་འགྲོ་ཡང། །མཐའ་གཉིས་མི་གནས་རྒྱ་མཚོར་གནས་པ་མེད་པ་བཞིན། །སློབ་དཔོན་ལྟར་ན་འདི་ནས་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་བསྟན་ཞིང། བུདྡྷ་ཤྲཱིས་ཚིགས་བཅད་སྔ་མ་དང་སྤྲེལ་ནས་བཤད་པ་འདིའི་ཐད་ཀྱི་བརྒྱད་སྟོང་པའི་ཚིག་ཟིན་ལ་འགྲིག་སྣང་།དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་འདི་སྙམ་བདག །སྟོབས་བཅུས་ལུང་བསྟན་བྱང་ཆུབ་རེག་འགྱུར་རློམ་སེམས་མེད། །འདི་ལ་ཅི་ཡང་མེད་ཅེས་བྱང་ཆུབ་སྐྲག་པ་མེད། །དེ་ལྟར་སྤྱོད་པ་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན། །ཞིང་དག་སྦྱོར་བ་ནི།འཇིག་རྟེན་དགོན་པའི་ལམ་དང་མུ་གེའི་ནད་བཅས་པར། །མཐོང་ནས་སྐྲག་པ་མེད་ཅེས་དེ་ནས་གོ་གྱོན་ཏེ། །ཕྱི་མའི་མུ་མཐར་རྟག་ཏུ་བརྩོན་ཞིང་རབ་ཤེས་ནས། །ཡོངས་སུ་སྐྱོ་བའི་ཡིད་ནི་རྡུལ་ཙམ་སྐྱེད་མི་བྱེད། །གངྒཱའི་ལྷ་མོའི་ལེའུ་སྟེ་བཅུ་དགུ་པའོ།། །།

ཐབས་མཁས་སྦྱོར་བ་བཤད་པ་ལ་མཁས་བྱའི་ཡུལ་ནི།བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་སྤྱོད་བྱེད་ལ། །ཕུང་པོ་འདི་དག་གདོད་ནས་སྟོང་ཞིང་སྐྱེ་མེད་ཤེས། །མཉམ་པར་མ་བཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག །བར་སྐབས་དེར་ཡང་སངས་རྒྱས་ཆོས་ལས་ཡོངས་མི་ཉམས། །ཐབས་མཁས་དངོས་ལ་བཅུ་ཡོད་པས། བར་ཆད་ཀྱི་ཆོས་ལས་འདས་པའི་ཐབས་མཁས་སྦྱོར་བ་ནི།དཔེར་ན་སྐྱེས་བུ་མཁས་པ་ཡོན་ཏན་ཀུན་ལྡན་ཞིང། །སྟོབས་ལྡན་མི་ཐུབ་བརྩོན་བྱས་སྒྱུ་རྩལ་ཆོ་ག་ཤེས། །འཕོང་དང་བཟོ་གནས་མང་པོའི་ཕ་རོལ་ཕྱིན་གྱུར་ཅིང། །སྒྱུ་མ་སྒྲུབ་ཤེས་འགྲོ་དོན་རབ་ཏུ་འདོད་པ་ཞིག །ཕ་དང་མ་དང་ཆུང་མར་བཅས་པ་ཡོངས་བསྡུས་ནས། །དགྲ་བྱེད་མང་བ་དགོན་པའི་ལམ་དུ་ཕྱིན་པ་དང། །དེ་ཡིས་དཔའ་ཞིང་རྟུལ་ཕོད་སྐྱེས་བུ་མང་སྤྲུལ་ཏེ། །བདེ་བར་སོང་ཞིང་སླར་ཡང་ཁྱིམ་དུ་འོང་བ་ལྟར། །དེ་བཞིན་དེ་ཚེ་བྱང་ཆུབ་སེམས་དཔའ་མཁས་པ་ཡང། །སེམས་ཅན་ཁམས་རྣམས་ཀུན་ཏུ་སྙིང་རྗེ་ཆེ་སྐྱེད་ཅིང། །བདུད་བཞི་དག་དང་ས་གཉིས་ལས་ཀྱང་རབ་འདས་ནས། །ཏིང་འཛིན་མཆོག་ལ་གནས་ཤིང་བྱང་ཆུབ་རེག་མི་བྱེད། །མི་གནས་པའི་ཐབས་མཁས་སྦྱོར་བ་ནི།མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ནི་དེ་འདྲ་སྟེ། །ནམ་མཁའ་གང་ལ་གནས་ཡིན་དོན་འདི་བསམ་པར་གྱིས། །དེ་བཞིན་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་གནས་པ། །འགྲོ་ལ་སེམས་ཅན་ཤེས་པའི་སྨོན་ལམ་རྟེན་ཅན་གྱིས། །བྱ་བ་རྣམ་པ་སྣ་ཚོགས་དུ་མ་སྟོན་བྱེད་ཅིང། །མྱ་ངན་འདས་ལ་མི་རེག་སྟོང་པར་གནས་པ་མེད། །སྨོན་ལམ་གྱི་ཤུགས་ཀྱིས་འཕང་བའི་དེ་ནི།གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །སྟོང་པ་ཞི་བའི་ཏིང་འཛིན་དམ་པ་འདི་སྤྱོད་པ། །བར་སྐབས་དེར་ནི་མཚན་མ་རབ་ཏུ་སྒོམ་མི་བྱེད། །མཚན་མ་མེད་པར་གནས་ཤིང་ཞི་ལ་རབ་ཞི་སྤྱོད། །ཐུན་མོང་མ་ཡིན་པའི་དེ་ནི།བར་སྣང་འཕུར་བའི་བྱ་ལ་གནས་ཡོད་མ་ཡིན་ཏེ། །དེ་ན་གནས་པ་མ་ཡིན་ས་ལ་ལྟུང་མི་འགྱུར། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམ་ཐར་སྒོར་སྤྱོད་པ། །མྱ་ངན་འདས་ལ་མི་རེག་མཚན་མར་སྤྱོད་མ་ཡིན། །འདི་ནས་མ་ཆགས་པའི་དེ་བསྟན་པར་སློབ་དཔོན་གྱིས་གསུངས་ལ།བུདྡྷ་ཤྲཱིས། དཔེར་ན་འཕོང་བསླབ་ཅེས་སོགས་སྨོན་ལམ་གྱི་ཤུགས་ཅི་བཞིན་པའི་ཐབས་མཁས་ལ་སྦྱར་བ་བརྒྱད་སྟོང་འགྲེལ་ཆེན་དང་མཐུན་པས། སློབ་དཔོན་གྱི་དགོངས་པའང་གཉིས་ཀར་གནས་སམ་དཔྱད།དཔེར་ན་འཕོང་བསླབས་སྐྱེས་བུས་གནམ་དུ་མདའ་འཕངས་ཏེ། །མདའ་གཞན་དག་ནི་ཕྱི་བཞིན་རྒྱུད་མར་ལྟོང་བཏགས་ནས། །སྔ་མའི་མདའ་དེ་ས་ལ་ལྟུང་བའི་སྐབས་མི་རྙེད། །མི་དེ་འདོད་ན་མདའ་དེ་ས་ལ་ལྟུང་བར་འགྱུར། །དེ་ལྟར་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་སྤྱོད་པ། །ཤེས་རབ་ཐབས་སྟོབས་རྫུ་འཕྲུལ་གྱིས་ནི་རྣམ་དཔྱོད་པ། །དེ་དག་དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །མི་དམིགས་པའི་ཐབས་མཁས་སྦྱོར་བ་ནི།དཔེར་ན་དགེ་སློང་རྫུ་འཕྲུལ་སྟོབས་མཆོག་ལྡན་པ་ཞིག །ནམ་མཁར་གནས་ཏེ་ཅིག་ཅར་ཆོ་འཕྲུལ་རྣམ་པར་འཕྲུལ། །འགྲོ་དང་འཆག་པ་དང་ནི་ཉལ་དང་འདུག་པ་སྟོན། །དེ་ནི་སྐྱོ་བ་མེད་ཅིང་དེ་ལ་དུབ་པ་མེད། །དེ་བཞིན་བྱང་ཆུབ་སེམས་དཔའ་མཁས་པ་སྟོང་གནས་ཤིང། །ཡེ་ཤེས་རྫུ་འཕྲུལ་ཕ་རོལ་སོན་ལ་གནས་པ་མེད། །འགྲོ་བ་དག་ལ་བྱ་བ་རྣམ་པ་མཐའ་ཡས་སྟོན། །བསྐལ་པ་བྱེ་བར་སྐྱོ་བ་མེད་ཅིང་དུབ་པ་མེད། །མཚན་མ་མེད་པའི་དེ་ནི།དཔེར་ན་མི་འགའ་གཡང་ས་ཆེན་པོར་འདུག་བྱེད་ཅིང། །ལག་པ་གཉིས་ཀས་གདུགས་གཉིས་འཛིན་ཅིང་ནམ་མཁའ་ལ། །མཆོང་བར་བྱེད་ཅིང་གཡང་ས་ཆེན་པོར་ལུས་བོར་ནས། །ལྟུང་བར་མི་འགྱུར་ཇི་སྲིད་དེར་ནི་འགྲོ་བར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དཔའ་མཁས་པ་སྙིང་རྗེར་གནས། །ཐབས་དང་ཤེས་རབ་གཉིས་ཀྱི་གདུགས་ནི་ཡོངས་བཟུང་སྟེ། །ཆོས་རྣམས་སྟོང་པ་མཚན་མེད་སྨོན་པ་མེད་རྟོག་ཅིང། །མྱ་ངན་འདས་ལ་རེག་པ་མེད་ལ་ཆོས་ཀྱང་མཐོང། །སྨོན་པ་མེད་པའི་དེ་ནི།དཔེར་ན་རིན་ཆེན་འདོད་པ་རིན་ཆེན་གླིང་སོང་སྟེ། །རིན་ཆེན་རྙེད་ནས་ཕྱིར་ཡང་ཁྱིམ་དུ་འོང་འགྱུར་བ། །དེར་ནི་དེད་དཔོན་འབའ་ཞིག་བདེ་བར་འཚོ་བྱེད་ཅིང། །གཉེན་བཤེས་ཚོགས་ཡིད་མི་བདེར་འཇོག་པ་མིན་པ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་སྟོང་ཉིད་རིན་ཆེན་གྱི། །གླིང་དུ་སོང་སྟེ་བསམ་གཏན་དབང་པོ་སྟོབས་ཐོབ་པ། །མྱ་ངན་འདས་ལ་རེག་པ་འབའ་ཞིག་མངོན་དགའ་ཞིང། །སེམས་ཅན་སྡུག་བསྔལ་ཡིད་དུ་འཇོག་པར་འགྱུར་མ་ཡིན། །ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་མཁས་སྦྱོར་བ་ནི།དཔེར་ན་དོན་གཉེར་ཚོང་པ་རྒྱུས་ཤེས་བྱ་བའི་ཕྱིར། །བར་གྱི་གྲོང་ཁྱེར་གྲོང་རྡལ་གྲོང་གང་ཡིན་པར་འགྲོ། །དེར་ཡང་མི་གནས་རིན་ཆེན་གླིང་དུའང་མི་གནས་ལ། །རིག་པ་ཁྱིམ་དུ་མི་གནས་ལམ་ལ་མཁས་པར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དཔའ་གསལ་དེ་ཉན་ཐོས་དང། །རང་རྒྱལ་རྣམས་ཀྱི་ཤེས་པ་རྣམ་གྲོལ་ཀུན་ལ་མཁས། །དེ་ལ་མི་གནས་སངས་རྒྱས་ཡེ་ཤེས་གནས་མ་ཡིན། །འདུས་མ་བྱས་ལ་མི་གནས་ལམ་གྱི་ཚུལ་ཤེས་ཡིན། །ཚད་མེད་པའི་ཐབས་མཁས་སྦྱོར་བ་ནི།གང་ཚེ་འགྲོ་ལ་བྱམས་པ་རྗེས་སུ་འབྲེལ་བྱས་ནས། །ཏིང་འཛིན་སྟོང་པ་མཚན་མེད་སྨོན་པ་མེད་སྤྱོད་པ། །དེ་ནི་མྱ་ངན་འདས་པ་ཐོབ་པར་འགྱུར་ཞེ་འམ། །འདུས་བྱས་ཡིན་པར་གདགས་ནུས་དེ་ནི་གནས་མེད་དོ། །དཔེར་ན་སྤྲུལ་པའི་མི་ལུས་མི་སྣང་མ་ཡིན་ཞིང། །དེ་ནི་མིང་གིས་ཀྱང་ནི་གདགས་པར་ནུས་པ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམ་ཐར་སྒོར་སྤྱོད་པ། །དེ་ནི་མིང་གིས་ཀྱང་ནི་གདགས་པར་ནུས་པ་ཡིན། །གལ་ཏེ་སྤྱོད་པ་དང་ནི་དབང་པོ་ཡོངས་དྲིས་ལ། །བྱང་ཆུབ་སེམས་དཔའ་སྟོང་པ་མཚན་མ་མང་བའི་ཆོས། །ཡོངས་སུ་མི་སྟོན་ཕྱིར་མི་ལྡོག་པ་ས་ཡི་ཆོས། །མི་འཆད་དེ་ནི་ལུང་མ་བསྟན་པ་ཡིན་རིག་བྱ། །སྐབས་བཞི་པའོ།། །།

དབང་དུ་བྱ་བའི་འབྲས་བུ་རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད་ལས། དང་པོ་རྨི་ལམ་ན་ཡང་འཁོར་བ་ལ་ཡིད་འབྱུང་ཞིང་ཆོས་རྣམས་རྨི་ལམ་ལྟ་བུར་ལྟ་བ་དང་བདེན་ཚིག་གིས་འགྲོ་བའི་ཉེར་འཚེ་ཞི་བ་སོགས་རྟགས་བཅུ་གཉིས་ཀྱིས་མཚོན་པའི་དྲོད་རྩེ་སྦྱོར་སྟོན་པར།དགྲ་བཅོམ་ས་དང་རྐྱེན་གྱི་སངས་རྒྱས་ཡེ་ཤེས་དང། །ཁམས་གསུམ་དག་ན་རྨི་ལམ་ན་ཡང་མི་འདོད་ཅིང། །སངས་རྒྱས་རྣམས་མཐོང་འགྲོ་ལ་ཆོས་ཀྱང་སྟོན་བྱེད་པ། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །རྨི་ལམ་ན་ནི་སེམས་ཅན་ངན་སོང་གསུམ་གནས་མཐོང། །སྐད་ཅིག་དེ་ལ་ངན་སོང་རྒྱུན་གཅོད་སྨོན་ལམ་འདེབས། །བདེན་པའི་བྱིན་གྱི་རླབས་ཀྱིས་མེ་ཡི་ཕུང་པོ་ཞི། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །མི་ཡི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། །ཕན་དང་སྙིང་བརྩེར་ལྡན་པའི་བདེན་པའི་བྱིན་གྱིས་ཞི། །འོན་ཀྱང་རློམ་སེམས་མེད་ཅིང་ང་རྒྱལ་སྐྱེ་མེད་པ། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །ཐབས་མཁས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།

ལུང་བསྟན་ཐོབ་པར་རློམ་ན་བདུད་ལས་འཇུག་ཚུལ་ནི།ཅི་སྟེ་དེ་ནི་བདེན་པའི་བྱིན་རླབས་སྣ་ཚོགས་དག །འབྱོར་པས་བདག་ལུང་བསྟན་སྙམ་རློམ་སེམས་འབྱུང་བ་འམ། །གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་གྱི་ལུང་བསྟན་རློམ། །རློམ་སེམས་གནས་པ་དེ་ནི་བློ་ཆུང་ཤེས་པར་བྱ། །མིང་གི་གཞི་ལས་བདུད་ནི་ཉེ་བར་འོང་གྱུར་ནས། །འདི་སྐད་སྨྲས་ཏེ་འདི་ནི་ཁྱོད་དང་ཕ་མ་དང། །ཁྱོད་ཀྱི་བདུན་མེས་བརྒྱུད་ཀྱི་བར་གྱི་མིང་ཡིན་ཞིང། །གང་ཚེ་ཁྱོད་ནི་སངས་རྒྱས་འགྱུར་བའི་མིང་འདི་ཡིན། །སྦྱངས་སྡོམ་རྣལ་འབྱོར་ལྡན་པ་ཅི་འདྲ་འབྱུང་འགྱུར་ལ། །ཁྱོད་སྔོན་ཡོན་ཏན་ཚུལ་ཡང་འདི་འདྲའོ་ཞེས་བརྗོད་དེ། །དེ་སྐད་གང་ཐོས་རློམ་སེམས་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོངས་སུ་བསླང་ཞིང་བློ་ཆུང་རིག་པར་བྱ། །དབེན་པར་སྒྲུབ་པ་བྱས་ཀྱང་དེས་རློམ་ན་བདུད་འཇུག་ཚུལ་ནི།རབ་ཏུ་དབེན་པའི་གྲོང་དང་གྲོང་ཁྱེར་རི་སུལ་དང། །དགོན་པ་དབེན་པའི་ནགས་ཁྲོད་རབ་ཏུ་སྟེན་བྱེད་ཅིང། །བདག་བསྟོད་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོངས་སུ་བསླང་ཞིང་བློ་ཆུང་རིག་པར་བྱ། །བྱང་སེམས་ཀྱིས་དབེན་པ་དངོས་བཟུང་སྟེ་དེ་མ་བྱུང་ན་དོན་མེད་པའི་དཔེ་དང། དེ་བྱུང་ན་སྣང་ཚོད་ཀྱི་སྒོ་ནས་བརྙས་མི་རུང་ཚུལ་སོགས་སྟོན་པར།རྟག་ཏུ་གྲོང་དང་ཡུལ་འཁོར་གྲོང་རྡལ་གནས་བྱེད་ཅིང། །སེམས་ཅན་སྨིན་བྱེད་བྱང་ཆུབ་བརྩོན་པ་མ་གཏོགས་པ། །དེ་ནི་དགྲ་བཅོམ་རང་རྒྱལ་འདོད་པ་གཞར་མི་སྐྱེད། །འདི་ནི་བདེ་བར་གཤེགས་པའི་སྲས་ཀྱི་དབེན་པར་གསུངས། །གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཡི་སུལ། །སྦྲུལ་གྱིས་གང་བར་ལོ་མང་བྱེ་བར་གནས་བྱེད་ཀྱང། །དབེན་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའ་དེ། །ལྷག་པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན། །བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་བརྩོན་བསམ་གཏན་དང། །སྟོབས་དང་དབང་པོ་རྣམ་ཐར་ཏིང་འཛིན་ཐོབ་དེ་ལ། །འདི་ནི་དགོན་དབེན་སྤྱོད་པ་མིན་སྙམ་བརྙས་བྱེད་པ། །དེ་ནི་བདུད་ཀྱི་སྤྱོད་ཡུལ་གནས་ཞེས་རྒྱལ་བས་གསུངས། །གང་ཞིག་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང། །ཐེག་པ་གཉིས་ཀྱི་སེམས་བྲལ་བྱང་ཆུབ་མཆོག་ངེས་ན། །འདི་ནི་འགྲོ་དོན་ཞུགས་པ་རྣམས་ཀྱི་དབེན་པ་སྟེ། །བྱང་ཆུབ་སེམས་དཔའ་དྲོད་སྙོམ་དེ་ནི་བདག་ཉིད་ཉམས། །བདུད་ལས་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། །།

ཉེས་པ་དེ་ལྟ་བུ་མི་འབྱུང་བའང་བཤེས་གཉེན་བསྟེན་པ་ལ་རག་ལས་པས།དེ་ལྟ་བས་ན་བྱང་ཆུབ་དམ་པ་ཚོལ་བ་ཡི། །བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་ངེས་བཅོམ་སྟེ། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །སངས་རྒྱས་བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག །ཕ་རོལ་ཕྱིན་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟེན། །དེ་དག་རྗེས་སུ་སྟོན་བྱེད་འདི་ནི་བསྒྲུབ་པའི་ས། །རྒྱུ་རྣམ་གཉིས་ཀྱིས་སངས་རྒྱས་བྱང་ཆུབ་མྱུར་དུ་རྟོགས། །རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུ་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཕ་རོལ་ཕྱིན་འདི་བྱང་ཆུབ་མཆོག་ལ་ཞུགས་རྣམས་ཀྱི། །གསལ་དང་སྒྲོན་དང་སྣང་དང་སྟོན་མཆོག་ཡིན་ཞེས་བཤད། །དེ་བརྒྱད་སྟོང་པ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་སྟོན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྣང་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྒྲོན་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་འོད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱོབ་པའོ། །སྐྱབས་སོ། །གནས་སོ། །ཞེས་སོགས་མང་སྟེ། མདོར་བསྡུས་ན་སངས་རྒྱས་ཐོབ་པ་ལ་ཕྱིན་དྲུག་རྗེས་སུ་སྟོན་པའི་བཤེས་གཉེན་དང། རང་གིས་དེ་སྒྲུབ་པའི་སའམ་སྤྱོད་པ་སྟེ་རྒྱུ་གཉིས་མེད་མི་རུང་ཡིན་ཞིང།དེ་ཚང་ན་རྟགས་ཐོབ་ཀྱང་མངོན་ཞེན་མི་སྐྱེ་བ་དང་སྐྱོན་ཡོན་ཐམས་ཅད་རྟོག་པས་བཏགས་པ་ཙམ་གྱིས་འབྱུང་ཚུལ་སོགས་སྟོན་པར།ཇི་ལྟར་ཤེས་རབ་ཕ་རོལ་ཕྱིན་པ་མཚན་ཉིད་སྟོང། །ཆོས་འདི་ཐམས་ཅད་མཚན་ཉིད་དེ་དང་འདྲར་ཤེས་ཤིང། །ཆོས་རྣམས་སྟོང་ཞིང་མཚན་མ་མེད་པར་རབ་ཤེས་ན། །དེ་ལྟར་སྤྱོད་པ་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན། །སེམས་ཅན་ཡོངས་སུ་རྟོག་པས་ཟས་ལ་འདོད་བྱེད་ཅིང། །འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །བདག་དང་བདག་གི་ཆོས་གཉིས་ཡང་དག་མིན་སྟོང་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར། །དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མིན་རྟོག་སྐྱེ་ཞིང་འཇིག །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས། །འདི་ལ་གང་ཡང་ཉོན་མོངས་རྣམ་དག་འགྱུར་མེད་པར། །བྱང་ཆུབ་སེམས་དཔས་ཤེས་རབ་ཕ་རོལ་ཕྱིན་པ་རྟོགས། །རྩེ་མོའི་རྩེ་སྦྱོར་རྣམ་འཕེལ་བཅུ་དྲུག་གིས་མཚོན་བའི་དང་པོ་འཛམ་བུའི་གླིང་གི་སྐྱེ་བོ་སྙེད་ཀྱིས་སངས་རྒྱས་མཆོད་ལས་ལྷག་པའི་བསོད་ནམས་ཐོབ་པའི་རྣམ་འཕེལ་ནི།འཛམ་བུའི་གླིང་ན་སེམས་ཅན་ཇི་སྙེད་མ་ལུས་པ། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ལོ་སྟོང་བྱེ་བ་མང་པོར་སྦྱིན་པ་བྱིན་བྱས་ལ། །ཀུན་ཀྱང་འགྲོ་བའི་དོན་ཕྱིར་བྱང་ཆུབ་རྒྱུར་བསྔོ་ཡང། །གང་ཞིག་ཤེས་རབ་ཕ་རོལ་ཕྱིན་ལ་མངོན་བརྩོན་པ། །ཐ་ན་ཉི་མ་གཅིག་ཅིག་རྗེས་སུ་མཐུན་བྱེད་ན། །དེ་ལ་སྦྱིན་པའི་ཕུང་པོས་བསོད་ནམས་ཆར་མི་ཕོད། །དེ་ཕྱིར་གཡེལ་མེད་རྟག་ཏུ་ཤེས་རབ་འཇུག་པར་བྱ། །ཐབས་ཤེས་ཟུང་དུ་འབྲེལ་བའི་རྣམ་འཕེལ་ནི།ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པའི་རྣལ་འབྱོར་པ། །སྙིང་རྗེ་ཆེན་པོ་བསྐྱེད་ཅིང་སེམས་ཅན་འདུ་ཤེས་མེད། །དེ་ཚེ་མཁས་པ་འགྲོ་བ་ཀུན་གྱི་སྦྱིན་གནས་འགྱུར། །རྟག་ཏུ་ཡུལ་འཁོར་བསོད་སྙོམས་དོན་ཡོད་ཡོངས་སུ་སྤྱོད། །ཟུང་འབྲེལ་གྱི་ལམ་དེ་ལ་འབད་དགོས་ཚུལ་དཔེ་དང་བཅས་པ་ནི།བྱང་ཆུབ་སེམས་དཔའ་གང་འདིར་ཡུན་རིང་འབྲེལ་བ་ཡིན། །ལྷ་མི་ངན་སོང་གསུམ་གྱི་སེམས་ཅན་དགྲོལ་བའི་ཕྱིར། །ལམ་ཡངས་ཕ་རོལ་སེམས་ཅན་ཁམས་ལ་སྟོན་འདོད་པ། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་ལ་བརྩོན་པར་བྱ། །མི་ཞིག་སྔོན་ཆད་མ་རྙེད་པ་ཡི་རིན་ཆེན་མཆོག །དུས་གཞན་ཞིག་ན་རྙེད་པར་གྱུར་ཏེ་དགའ་བ་ལས། །རྙེད་མ་ཐག་ཏུ་བག་མེད་གྱུར་ཏེ་སྟོར་ན་ནི། །སྟོར་བས་རིན་ཆེན་མངོན་འདོད་རྟག་ཏུ་སྔུག་བསྔལ་ལོ། །དེ་ལྟར་བྱང་ཆུབ་མཆོག་ཞུགས་རིན་ཆེན་ལྟ་བུ་ཡི། །ཤེས་རབ་ཕ་རོལ་ཕྱིན་ལ་རྣལ་འབྱོར་དོར་མི་བྱ། །རིན་ཆེན་རྙེད་ནས་བླངས་ཏེ་རབ་ཏུ་བརྩོན་དཀྲིས་ནས། །མྱུར་དུ་འགྲོ་བར་བྱེད་པ་ཞི་བར་འགྱུར་བ་བཞིན། །དགེ་བའི་བཤེས་གཉེན་གྱི་ལེའུ་སྟེ་ཉེར་གཉིས་པའོ།། །།

དེས་མི་མཐུན་ཕྱོགས་ཟིལ་གྱིས་གནོན་ཚུལ་ནི།ཉི་མ་སྤྲིན་དང་བྲལ་བའི་འོད་ཟེར་དྲ་བ་ཅན། །མུན་ནག་ཐིབས་པོའི་མུན་པ་ཐམས་ཅད་འཇོམས་འཆར་བ། །སྲིན་བུ་མེ་ཁྱེར་སྲོག་ཆགས་འབྱུང་པོ་ཐམས་ཅད་དང། །སྐར་མའི་ཚོགས་དང་ཟླ་བའི་འོད་ཀུན་ཟིལ་གྱིས་གནོན། །དེ་བཞིན་བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན། །མཆོག་སྤྱོད་སྟོང་པ་དང་ནི་མཚན་མ་མེད་སྤྱོད་པ། །མཁས་པས་ལྟ་བའི་ཐིབས་པོ་བཅོམ་ནས་འགྲོ་ཀུན་དང། །དགྲ་བཅོམ་རང་རྒྱལ་བྱང་ཆུབ་སེམས་མང་ཟིལ་གྱིས་གནོན། །གཞན་སྨིན་པར་བྱེད་ཚུལ་ནི།དཔེར་ན་རྒྱལ་པོའི་བུ་ཞིག་ནོར་གཏོང་དོན་འདོད་པ། །ཀུན་གྱི་གཙོ་བོར་གྱུར་ཏེ་མངོན་པར་འགྲོ་བྱ་འོས། །འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་དགའ་བྱེད། །ཐབས་ཐོབ་གྱུར་ཏེ་རྒྱལ་སྲིད་གནས་ན་སྨོས་ཅི་དགོས། །དེ་ལྟར་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང། །བདུད་རྩི་སྦྱིན་པར་བྱེད་ཅིང་ལྷ་དང་མི་རྣམས་དགའ། །འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་ཕན་བརྩོན། །ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ན་སྨོས་ཅི་དགོས། །བརྒྱ་བྱིན་གྱི་ལེའུ་སྟེ་ཉེར་གསུམ་པའོ།། །།

མདོར་བསྡུས་པའི་དབང་གིས་དོན་ཚན་ཚང་བ་མི་འབྱུང་ཡང་གཞན་སྨིན་པར་བྱེད་པ་འདི་ལྷའི་རིས་ཐམས་ཅད་ཉེ་བར་འོངས་པའི་རྣམ་འཕེལ་ལ་སྦྱར་ན། བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་རྣམ་འཕེལ་ནི།དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམ་ཐག་སྔུག་བསྔལ་ཡིད་མི་བདེ་ཉམ་ཆུང། །ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ནུར་འགྱུར་ཞེས། །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་སྲེག་ཅིང་སྐར་མདའ་གཏོང། །གང་ཚེ་མཁས་པ་དེ་དག་བསམ་པ་རབ་ལྡན་ཞིང། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་ལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །རང་གི་སྤྱོད་པར་སྐྱོན་ཞུགས་ན་བདུད་ཀྱིས་གླགས་རྙེད་ཚུལ་ནི།གང་ཚེ་བྱང་ཆུབ་སེམས་དཔའ་འཐབ་དང་རྩོད་གྱུར་ཅིང། །ཕན་ཚུན་མི་མཐུན་ཁྲོས་པའི་སེམས་དང་ལྡན་གྱུར་པ། །དེ་ཚེ་བདུད་ནི་མཆོག་ཏུ་དགའ་ཞིང་ཉམས་བདེར་འགྱུར། །དེ་གཉིས་རྒྱལ་བའི་ཡེ་ཤེས་ལས་ནི་རིང་འགྱུར་སྙམ། །དེ་གཉིས་རིང་དུ་འགྱུར་ཞིང་ཤ་ཟ་འདྲ་བར་འགྱུར། །གཉིས་ཀ་རང་གི་དམ་བཅས་ཉམས་པར་བྱེད་པར་འགྱུར། །སྡང་ཞིང་བཟོད་དང་བྲལ་ལ་བྱང་ཆུབ་ག་ལ་ཡོད། །དེ་ཚེ་བདུད་རྣམས་ཕྱོགས་དང་བཅས་ཏེ་དགའ་བར་འགྱུར། །ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། །ཐ་བ་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་པར་གཞི་ནས་གོ་ཆ་བགོ་དགོས་སོ། །དེས་ན་བཟོད་པ་བསྟེན་དགོས་ཚུལ་ནི།སངས་རྒྱས་བཟོད་པའི་ཕ་རོལ་ཕྱིན་པས་བྱང་ཆུབ་རེག།སེམས་འདི་བཟང་བ་མིན་སྙམ་དྲན་པ་སྐྱེད་བྱེད་ཅིང། །སོ་སོར་འཆགས་པར་བྱེད་ཅིང་ཕྱིས་ཀྱང་སྡོམ་བྱེད་ལ། །དགའ་བར་མི་བྱེད་དེ་ནི་སངས་རྒྱས་ཆོས་འདིར་སློབ། །མངོན་པའི་ང་རྒྱལ་གྱི་ལེའུ་སྟེ་ཉེར་བཞི་པའོ།། །།

ཆོས་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཀྱི་བསླབ་པ་སོགས་ནང་གཙོ་བོར་གྱུར་པའི་རྣམ་འཕེལ་སྟོན་པར།གང་ཞིག་སློབ་ཚེ་བསླབ་པ་གང་ཡང་ཁས་མི་ལེན། །སློབ་པ་པོ་དང་བསླབ་པའི་ཆོས་རྣམས་མི་དམིགས་ཤིང། །བསླབ་དང་བསླབ་པ་མ་ཡིན་འདི་གཉིས་མི་རྟོག་པ། །དེ་ལྟར་གང་སློབ་དེ་ནི་སངས་རྒྱས་ཆོས་འདིར་སློབ། །བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟའི་བསླབ་འདི་ཤེས། །དེ་ནི་གཞར་ཡང་བསླབ་ཉམས་ཚུལ་ཁྲིམས་འཆལ་མི་འགྱུར། །ཞེས་སངས་རྒྱས་ཀྱི་རིགས་སུ་འགྱུར་བ་དང་།དེ་ནི་སངས་རྒྱས་ཆོས་བརྙེས་བྱ་ཕྱིར་འདི་ལ་སློབ། །ཅེས་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན་དང་།དེ་ནི་བསླབ་ལྷག་བསླབ་ལ་མཁས་ཏེ་དམིགས་པ་མེད། །ཅེས་དང་།མཁས་པ་འོད་བྱེད་རྣམས་ཀྱི་ཤེས་རབ་དེ་ལྟར་སློབ། །དགེ་བ་མ་ཡིན་སེམས་གཅིག་ཙམ་ཡང་སྐྱེད་མི་བྱེད། །ཉི་མ་མཁའ་ལ་འགྲོ་བའི་ཟེར་གྱིས་ཟིལ་གནོན་པའི། །མདུན་གྱི་བར་སྣང་ལ་ནི་མུན་པ་མི་གནས་བཞིན། །ཞེས་བདེན་འཛིན་ཀུན་བཏགས་པ་མངོན་གྱུར་ཤུགས་དྲག་མི་སྐྱེ་བ་དང། མི་མཐུན་ཕྱོགས་སེར་སྣ་སོགས་མི་སྐྱེ་བའི་རྣམ་འཕེལ་བསྟན་ལ། ཤེར་ཕྱིན་གྱི་ནང་དུ་ཕར་ཕྱིན་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་ཚུལ་ཤེས་པའི་རྣམ་འཕེལ་དཔེ་དང་བཅས་ཏེ་སྟོན་པར།ཤེས་རབ་ཕ་རོལ་ཕྱིན་ལ་བསླབ་པ་བྱས་རྣམས་ཀྱི། །ཕ་རོལ་ཕྱིན་པ་ཐམས་ཅད་འདིར་ནི་འདུས་པར་འགྱུར། །འཇིག་ཚོགས་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་ལྟར། །དེ་བཞིན་ཕ་རོལ་ཕྱིན་པ་འདི་དག་འདུས་པར་གསུངས། །དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་གཞན། །གང་དག་ཇི་སྙེད་ཡོད་པ་ཐམས་ཅད་འགག་པར་འགྱུར། །དེ་ལྟར་ཤེས་རབ་སྤྱོད་པ་མཁས་པ་མཆོག་རྣམས་ཀྱི། །ཕ་རོལ་ཕྱིན་པ་ཐམས་ཅད་འདིར་ནི་འདུས་པར་གསུངས། །འདི་མན་བུདྡྷ་ཤྲཱིས་བརྟན་པ་ལ་སྦྱར་བར། བརྒྱད་སྟོང་པར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གང་མ་བསླབ་པའི་ཕུན་སུམ་ཚོགས་པ་དེ་དག་ངས་མ་མཐོང་ངོ་། །ཞེས་པ་ནས། གནས་པར་ནི་མི་བྱེད་དེ་བདག་གིས་ཉན་ཐོས་ཀྱི་ཡོན་ཏན་འདི་ནི་བཤད་པར་བྱའོ། །ཞེས་སློབ་བོ། །ཞེས་རྣམ་འཕེལ་བཅོ་ལྔ་པ་འདི་ལེའུ་ཉེར་ལྔ་པའི་མཇུག་ཏུ་ཡོད་པ་བཞིན། སློབ་དཔོན་གྱིས་རྣམ་འཕེལ་ལ་སྦྱར་བ་ལེགས་པས།བྱང་ཆུབ་སེམས་དཔས་ཉན་ཐོས་ཡོན་ཏན་གང་དག་དང། །དེ་བཞིན་རང་རྒྱལ་ཡོན་ཏན་ཀུན་ལ་སློབ་བྱེད་ཅིང། །དེ་དག་དེ་ལ་མི་གནས་འདོད་པ་མི་སྐྱེད་དེ། །འདི་ནི་བདག་གིས་བསླབ་བྱ་ཡིན་སྙམ་དེ་ཕྱིར་སློབ། །བསླབ་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།

བུདྡྷ་ཤྲཱིས་འདི་མན་སེམས་ཀུན་ཏུ་གནས་པ་ལ་སྦྱར་བ། གླིང་བཞི་པ་དང་སྟོང་དག་དང། །ཞེས་པ་དང་འགྲིགས་ཀྱང། བརྒྱད་སྟོང་པར་ལེའུ་ཉེར་དྲུག་པའི་མགོ་བརྟན་པ་ནས་བཟུང་བ་དང་མི་འགྲིག་གོ །ལེའུ་མཚམས་དང་ཚིག་རིས་གཉིས་ཀར་བསྟུན་དགོས་ན། བརྒྱད་སྟོང་པར་སྔ་མ་བརྒྱ་བྱིན་ཡི་རང་ཚུལ་དང། ཕྱི་མ་སྟོང་གསུམ་སོགས་ཀྱི་དཔེས་བསྟན་པ་ལྟར། རྐང་པ་གཉིས་རེ་སོ་སོར་སྦྱར་ཀྱང་རུང་ངམ་སྙམ་ཡང། འདིར་སློབ་དཔོན་གྱི་དགོངས་པ་ལྟར་བསྟན་པ་ནི།མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་ཡིན། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་བ། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །སེམས་ཀུན་ཏུ་གནས་པ་ནི།དགེ་བ་དོན་གཉེར་ཕན་འདོད་སེམས་ཅན་ཇི་སྙེད་པ། །ཀུན་གྱི་བསོད་ནམས་ཕུང་པོ་ལ་ཡང་ཡི་རང་འགྱུར། །དེ་ཕྱིར་དེ་དག་རྒྱལ་བའི་ཡོན་ཏན་ཐོབ་གྱུར་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འཇིག་རྟེན་ཆོས་སྦྱིན་བྱེད། །འདིས་ཡི་རང་གི་ཡུལ་ནམ་མཁའ་དང་མཉམ་པས། སྟོང་གསུམ་གྱི་བསོད་ནམས་ལས་ལྷག་པའི་རྒྱུ་མཚན་དུ་འགྲོ་སྟེ། རྩ་བ་གཞན་ཕན་ལྷག་བསམ་གྱི་མཐུ་ཡིན་ལ། ཕན་འདོད་ཅེས་པ་འདིར་འགྲེལ་པ་གཉིས་ཀར་ཐར་འདོད་ཅེས་འབྲུ་བསྣན་འདུག་པས་དཔྱད་དགོས།

དེ་ནས་མཐོང་ལམ་རྩེ་སྦྱོར་ལ་སྤང་བྱ་འཇུག་པ་གཟུང་རྟོག་ནི།བྱང་ཆུབ་སེམས་དཔའ་གང་ཞིག་མི་རྟོག་ཆོས་རྣམས་ཀུན། །སྟོང་དང་མཚན་མ་མེད་དང་སྤྲོས་མེད་ཡོངས་ཤེས་པ། །དེ་ནི་ཤེས་རབ་གཉིས་ཀྱིས་བྱང་ཆུབ་ཚོལ་མི་བྱེད། །རྣལ་འབྱོར་པ་དེ་ཤེས་རབ་ཕ་རོལ་ཕྱིན་མཆོག་བརྩོན། །ནམ་མཁའི་ཁམས་དེ་དང་ནི་ནམ་མཁའ་དེར་འགལ་བ། །ཡོད་པ་མ་ཡིན་གང་གིས་ཀྱང་ནི་དེ་མ་ཐོབ། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང། །ནམ་མཁའ་ལྟ་བུ་ཡིན་ཏེ་ཉེ་བར་ཞི་བ་སྤྱོད། །སྐྱེས་བུ་རྫས་སུ་ཡོད་པའི་རྟེན་ཅན་འཛིན་རྟོག་དང་པོ་ནི།སྐྱེ་བོའི་དབུས་ན་སྒྱུ་མའི་སྐྱེས་བུ་འདི་སྙམ་དུ། །སྐྱེ་བོ་འདི་མགུ་བྱ་སྙམ་མི་སེམས་དེ་ཡང་བྱེད། །རྫུ་འཕྲུལ་སྣ་ཚོགས་རབ་ཏུ་སྟོན་པར་བྱེད་མཐོང་ཡང། །དེ་ལ་ལུས་མེད་སེམས་མེད་མིང་ཡང་ཡོད་མ་ཡིན། །དེ་བཞིན་ཤེས་རབ་སྤྱོད་པ་ནམ་ཡང་འདི་སྙམ་དུ། །བྱང་ཆུབ་རྟོགས་ནས་འགྲོ་བ་ཡོངས་སུ་དགྲོལ་མི་སེམས། །སྐྱེ་བ་སྣ་ཚོགས་དང་ནི་བྱ་བ་མང་ལྡན་པ། །སྒྱུ་མ་ལྟ་བུར་སྟོན་ཀྱང་རྣམ་པར་མི་རྟོག་སྤྱོད། །སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་འཛིན་རྟོག་གཉིས་པ་ནི།དཔེར་ན་སངས་རྒྱས་སྤྲུལ་པ་སངས་རྒྱས་མཛད་པ་བྱེད། །བྱེད་པ་དེ་ལ་དྲེགས་པ་ཅུང་ཟད་སྐྱེ་མི་འགྱུར། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང། །སྤྲུལ་པ་སྒྱུ་མ་བཞིན་དུ་བྱ་བ་ཐམས་ཅད་སྟོན། །ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང། །འདྲ་བའི་བཟོ་བྱས་དེ་ཡང་བྱ་བ་ཐམས་ཅད་བྱེད། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང། །རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །སྒྱུ་མའི་ལེའུ་སྟེ་ཉེར་དྲུག་པའོ།། །།

དེ་ལྟར་སྤང་བྱ་རྟོག་པ་བཞི་སྤངས་པ་སངས་རྒྱས་རྣམས་ཀྱིས་བསྟོད་ཅིང་བདུད་བཞིས་མི་ཐུབ་ཚུལ་སྟོན་པར།དེ་ལྟར་སྤྱོད་མཁས་རྣམས་ལ་ལྷ་ཚོགས་མང་པོ་དག །ཐལ་མོ་སྦྱར་བ་བཏུད་ནས་ཕྱག་ཀྱང་འཚལ་བར་བྱེད། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཇི་སྙེད་པའང། །ཡོན་ཏན་བསྔགས་པའི་ཕྲེང་བ་ཡོངས་སུ་བརྗོད་པ་མཛད། །གང་གཱའི་ཀླུང་མཉམ་ཞིང་ན་སེམས་ཅན་ཇི་སྙེད་པ། །དེ་ཀུན་ཡོངས་སུ་བརྟག་པ་བཟུང་སྟེ་བདུད་གྱུར་ལ། །བ་སྤུ་ཉག་རེ་ལས་ཀྱང་དེ་སྙེད་སྤྲུལ་བྱས་ཀྱང། །དེ་དག་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས། །རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །རྟོག་པ་དེ་བཞིའི་གཉེན་པོ་མཐོང་ལམ་རྩེ་སྦྱོར་གྱི་རྒྱུ་བྱང་ཆུབ་ཀྱི་ལམ་གཞན་ལ་སྟོན་པ་དང་ཤེར་ཕྱིན་གྱི་ཚིག་དོན་གཏོད་པ་དང་བར་ཆད་མེད་པའི་རྒྱུ་རང་ཉིད་སྒྲུབ་པ་ལ་བརྩོན་པ་གསུམ་སྟོན་པར།དེ་བཞིན་གཤེགས་ཡུམ་ཤེས་རབ་ཕ་རོལ་ཕྱིན་པ་འདི། །འཆད་ཚེ་བྱང་ཆུབ་སེམས་དཔའ་གང་ཞིག་མོས་བྱེད་ཅིང། །བསམ་པ་ཐག་པས་སྒྲུབ་པར་མངོན་པར་བརྩོན་བྱེད་ན། །ངེས་པར་ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་རིགས་བྱ། །མཐོང་རྩེ་བསྡུས་པའི་བྱང་ཆུབ་ཆེན་པོས་དྲི་མ་ཟད་པར་བྱེད་ཀྱང་དོན་དམ་པར་ཟད་པ་དང་སྐྱེ་བ་མེད་པས་གནས་པ་མེད་པར་གནས་ཚུལ་ནི།ཆོས་དབྱིངས་དེ་བཞིན་ཉིད་ལ་གནས་པ་མི་འགྱུར་ཞིང། །དཔེར་ན་བར་སྣང་སྤྲིན་བཞིན་གནས་པར་མེད་པར་གནས། །རིག་སྔགས་འཆང་བ་གནས་མེད་མཁའ་རྒྱུ་གནས་འདོད་པ། །སྔགས་མཐུས་དུས་མིན་མེ་ཏོག་ལྡན་ཞིང་བྱིན་གྱིས་རློབ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །རྟོགས་པར་བྱེད་དང་སངས་རྒྱས་ཆོས་རྣམས་དམིགས་མི་འགྱུར། །འཆད་པར་བྱེད་དང་ཆོས་འདོད་ལྟ་བར་བྱེད་མི་དམིགས། །འདི་ནི་ཞི་འདོད་ཡོན་ཏན་དགའ་བའི་གནས་པ་ཡིན། །དེའི་ཕྱིར་ཉན་རང་སོགས་ལས་གནས་ཚུལ་ཁྱད་པར་ཆེ་བ་ནི།དགྲ་བཅོམ་རྣམ་ཐར་དེ་བཞིན་གཤེགས་ཀྱི་མ་གཏོགས་པར། །གནས་པ་འདི་ནི་ཉན་ཐོས་རང་རྒྱལ་བཅས་པ་ཡི། །གནས་པ་ཞི་བའི་ཏིང་འཛིན་རབ་ཞི་བདེ་ལྡན་པ། །ཇི་སྙེད་ཀུན་གྱི་མཆོག་དང་གོང་ན་མེད་པ་ཡིན། །འདབ་ཆགས་མཁའ་ལ་གནས་ཀྱང་ལྟུང་བར་འགྱུར་མ་ཡིན། །ཉ་ནི་ཆུ་ལ་གནས་ཀྱང་འཚུགས་ཏེ་འཆི་བ་མེད། །དེ་ལྟར་བྱང་ཆུབ་སེམས་དཔའ་བསམ་གཏན་སྟོབས་དག་གིས། །ཕ་རོལ་སོན་པ་སྟོང་གནས་མྱ་ངན་འདའ་མི་འགྱུར། །དེས་ན་སྐུ་གསུམ་གྱི་གོ་འཕང་ཐོབ་པར་འདོད་པས་ཤེར་ཕྱིན་ལ་སློབ་དགོས་པའི་ཚུལ།སེམས་ཅན་ཀུན་གྱི་ཡོན་ཏན་མཆོག་ཏུ་འགྲོ་བ་དང། །སངས་རྒྱས་ཡེ་ཤེས་མཆོག་ཏུ་རྨད་བྱུང་མཆོག་རེག་དང། །ཆོས་ཀྱི་སྦྱིན་པ་རབ་མཆོག་དམ་པ་སྦྱིན་འདོད་གང། །ཕན་མཛད་རྣམས་ཀྱི་གནས་མཆོག་འདི་ལ་བསྟེན་པར་གྱིས། །སྙིང་པོའི་ལེའུ་སྟེ་ཉེར་བདུན་པའོ།། །།

བྱང་ཆུབ་ཆེན་པོ་རང་གི་ངོ་བོ་ནི།བསླབ་པ་འདི་ནི་འདྲེན་པའི་བསླབ་པ་ཡོངས་བརྗོད་པ། །བསླབ་པ་ཇི་སྙེད་ཀུན་གྱི་མཆོག་དང་གོང་ན་མེད། །མཁས་པ་གང་ཞིག་བསླབ་ཀུན་ཕ་རོལ་འགྲོ་འདོད་པས། །སངས་རྒྱས་བསླབ་པ་ཤེས་རབ་ཕ་རོལ་ཕྱིན་འདིར་སློབ། །འཕྲོས་དོན་ཟིན་ནས་དཀྱུས་མ་མཐོང་བའི་ལམ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཀྱི་གཏེར་སྦྱིན་སོགས་རེ་རེ་ཕྱིན་དྲུག་ཕན་ཚུན་བསྡུས་ཏེ་རྣམ་པ་སུམ་ཅུ་རྩ་དྲུག་གི་མཛོད་དང། དོན་དམ་པར་སངས་རྒྱས་ཀྱི་རིགས་སུ་སྐྱེས་ཤིང་དོན་དམ་པའི་ས་བཅུའི་ཡོན་ཏན་ཐམས་ཅད་འདི་ལས་སྐྱེ་ཚུལ་དཔེ་ཚན་གཉིས་དང་བཅས་པ་ནི།འདི་ནི་ཆོས་གཏེར་མཆོག་དང་ཆོས་མཛོད་དམ་པ་ཡིན། །སངས་རྒྱས་རིགས་ཡིན་འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །འདས་དང་མ་བྱོན་ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་འགྱུར། །ཤིང་དང་འབྲས་བུ་མེ་ཏོག་ནགས་ཚལ་ཇི་སྙེད་པ། །དེ་དག་ཐམས་ཅད་ས་ལས་ཡང་དག་འབྱུང་ཞིང་འཐོན། །འོན་ཀྱང་ས་ལ་ཟད་པ་མེད་ཅིང་འཕེལ་བ་མེད། །ཡོངས་སུ་མི་ཉམས་རྣམ་པར་མི་རྟོག་སྐྱོ་བ་མེད། །སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང། །ཤེས་རབ་རྣམས་ཀྱང་ཟད་པ་མེད་ཅིང་འཕེལ་བ་མེད། །སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་བྱུང། །མ་རིག་འཁྲུལ་འཁོར་དེ་ནི་ཟད་མེད་འཕེལ་བ་མེད། །ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང། །རྐྱེན་རྣམས་ཚོགས་ནས་ཡེ་ཤེས་འཁྲུལ་འཁོར་རབ་ཏུ་འབྱུང། །ཤེས་རབ་ཕ་རོལ་ཕྱིན་ལ་ཟད་མེད་འཕེལ་བ་མེད། །བུདྡྷ་ཤྲཱིས་འདི་བར་དུ་བྱང་ཆུབ་ཀྱི་རྒྱུ་གསུམ་ལ་སྦྱར་རོ། །མཐོང་བའི་ལམ་སེངྒེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ལས་ལངས་ནས་རྟེན་འབྲེལ་ལུགས་འབྱུང་ལྡོག་དང་ཐོད་རྒལ་གྱི་ཏིང་ངེ་འཛིན་སོགས་ལ་ཞུགས་ཏེ་རང་བྱུང་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་ཚུལ་ནི།བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་འབྱུང་ལ། །སྐྱེ་མེད་ཟད་པ་མེད་པར་ཤེས་རབ་འདི་ཤེས་ཏེ། །ཉི་མ་སྤྲིན་མེད་འོད་ཟེར་འཕྲོ་བས་མུན་བསལ་ལྟར། །མ་རིག་ཐིབས་པོ་བཅོམ་ནས་རང་བྱུང་ཐོབ་པར་འགྱུར། །མེ་ཏོག་བཀྲམ་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།

སྒོམ་ལམ་རྩེ་སྦྱོར་སྟོན་པ་ལ་སྤང་བྱ་གཟུང་རྟོག་གཉིས་ནི།མཐུ་ཆེན་ལྡན་པ་བསམ་གཏན་བཞིས་ཀྱང་གནས་བྱེད་ལ། །རྟེན་པར་བྱེད་པ་མ་ཡིན་གནས་པར་བྱེད་པ་མེད། །འོན་ཀྱང་བསམ་གཏན་ཡན་ལག་བཅས་པ་བཞི་པོ་འདི། །བྱང་ཆུབ་དམ་པ་མཆོག་ཐོབ་པ་ཡི་རྟེན་དུ་འགྱུར།བུདྡྷ་ཤྲཱིས་དྲན་པ་ཞེས་པས་གཟུང་རྟོག་དང། གནས་པ་ཞེས་པ་འཛིན་རྟོག་ལ་སྦྱར་ཏེ་འདི་མན་བར་ཆད་མེད་པའི་རྩེ་སྦྱོར་ལ་སྦྱར་ཡང། སློབ་དཔོན་ལྟར་ན་འཛིན་རྟོག་གཉིས་སྤངས་ཏེ་ཏིང་ངེ་འཛིན་མཐའ་ཡས་པ་ལ་གོམས་ཤིང་སྐྱེ་བ་སྣ་ཚོགས་བཟུང་སྟེ་གཞན་དོན་སྒྲུབ་པའི་ཚུལ་ནི།ཤེས་རབ་མཆོག་ཐོབ་བསམ་གཏན་དག་ལ་གནས་པ་ནི། །གཟུགས་མེད་ཏིང་འཛིན་དམ་པ་བཟི་ཡང་ཉམས་སུ་མྱོང། །བསམ་གཏན་འདི་དག་བྱང་ཆུབ་དམ་པ་མཆོག་ལ་ཕན། །བྱང་ཆུབ་སེམས་དཔའ་ཟག་པ་ཟད་ཕྱིར་སློབ་པ་མིན། །འདི་ནི་ཡོན་ཏན་སོགས་པའི་ངོ་མཚར་རྨད་བྱུང་སྟེ། །བསམ་གཏན་ཏིང་ངེ་འཛིན་ལ་གནས་ནས་མཚན་མ་མེད། །དེ་ལ་གནས་རྣམས་གལ་ཏེ་ལུས་ནི་ཞིག་གྱུར་ན། །བསམ་པ་ཇི་བཞིན་འདོད་པའི་ཁམས་སུ་ཡང་སྐྱེ་བ། །ཆུ་ཡི་པདྨ་བཞིན་སྲིད་པར་གནས་ཀྱང་སྲིད་པས་མ་གོས་པའི་བར་ཆད་མེད་པའི་རྩེ་སྦྱོར་ནི།དཔེར་ན་འཛམ་གླིང་མི་ཞིག་སྔོན་ཆད་ལྷ་ཡུལ་གྱི། །ལྷ་ཡི་གྲོང་ཁྱེར་མཆོག་ཏུ་མ་ཕྱིན་ཕྱིས་སོང་སྟེ། །དེ་ནས་ཡོངས་སུ་བཟུང་བའི་ཡུལ་དེ་རྣམས་མཐོང་ནས། །ཕྱིས་འདིར་འོངས་པར་གྱུར་ན་ཆགས་པར་མི་བྱེད་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡོན་ཏན་མཆོག་འཆང་བ། །རྣལ་འབྱོར་བརྩོན་ཏེ་བསམ་གཏན་ཏིང་འཛིན་ལ་གནས་ནས། །ཕྱིར་ཡང་འདོད་པའི་ཁམས་སུ་གནས་ཏེ་ཆགས་པ་མེད། །ཆུ་ཡི་པདྨ་བཞིན་དུ་བྱིས་པའི་ཆོས་མི་གནས། །བསལ་བྱ་ལོག་སྒྲུབ་ནི་བུདྡྷ་ཤྲཱི་ལྟར་ན་གོང་གི །འདི་ནི་ཡོན་ཏན་སོགས་པའི་ངོ་མཚར་རྨད་བྱུང་སྟེ། །ཞེས་པ་ནས་བསྟན་པ་ཡིན་ཀྱང། སློབ་དཔོན་གྱི་དགོངས་པ་ནི་ཆོས་ཀུན་བདེན་པར་མེད་ན་དམིགས་པ་དང་དོན་གཉེར་བླང་དོར་སོགས་ཇི་ལྟར་འཐད་སྙམ་དུ་ལོག་པར་ཞུགས་པ་ལ་འཁོར་གསུམ་གང་དུའང་ཆགས་པའམ་ཞེན་པ་མེད་པར་དོན་གཉིས་རྫོགས་པར་བྱེད་ཚུལ་ནི།བདག་ཉིད་ཆེན་པོ་སེམས་ཅན་ཡོངས་སུ་སྨིན་བྱ་དང། །ཞིང་སྦྱང་ཕ་རོལ་ཕྱིན་རྫོགས་དོན་བྱེད་ཁོ་ནར་ཟད། །བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །དཔེར་ན་མི་ཞིག་རིན་ཆེན་གཏེར་རྣམས་རྙེད་གྱུར་ན། །དེ་ལ་འདོད་པའི་བློ་ནི་བསྐྱེད་པར་མ་བྱས་ལ། །དེས་ཀྱང་དུས་གཞན་ཞིག་ན་དེ་དག་ཡོངས་བླངས་ཤིང། །བླངས་ནས་ཁྱིམ་དུ་སོང་སྟེ་ཆགས་པར་མི་བྱེད་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་མཁས་པ་དགའ་བ་དང། །བདེ་སྦྱིན་བསམ་གཏན་ཏིང་འཛིན་ཞི་བ་བཞི་ཐོབ་ནས། །བསམ་གཏན་བདེ་ལྡན་བསམ་གཏན་ཏིང་འཛིན་ཐོབ་བཏང་སྟེ། །འགྲོ་ལ་སྙིང་བརྩེར་ལྡན་པ་ཕྱིར་ཡང་འདོད་ཁམས་འཇུག །བླང་དོར་སོགས་སུ་ཞེན་ན་ལྷག་པར་ལོག་ཞུགས་སུ་འགྲོ་བའི་ཚུལ།གལ་ཏེ་བྱང་ཆུབ་སེམས་དཔའ་ཏིང་འཛིན་བསམ་གཏན་གནས། །དགྲ་བཅོམ་རང་རྒྱལ་ཐེག་པར་འདོད་པའི་བློ་སྐྱེད་ན། །མཉམ་པར་མ་བཞག་རྒོད་ཅིང་སེམས་གཡེངས་གྱུར་པ་སྟེ། །སངས་རྒྱས་ཡོན་ཏན་ཡོངས་ཉམས་མཉན་པ་གྲུ་ཞིག་བཞིན། །དེས་ན་སྒྱུ་མ་ལྟ་བུའི་ཚུལ་དུ་ལམ་ལ་སློབ་དགོས་པ་ནི།གཞན་ཡང་གཟུགས་དང་སྒྲ་དང་དེ་བཞིན་དྲི་དང་རོ། །རེག་དང་འདོད་ཡོན་ལྔ་ལ་མངོན་པར་བརྩོན་གྱུར་ཀྱང། །དགྲ་བཅོམ་རང་རྒྱལ་ཐེག་བྲལ་བྱང་ཆུབ་སེམས་དགའ་ན། །དཔའ་བོ་རྟག་ཏུ་མཉམ་གཞག་ཡིན་པར་ཤེས་པར་བྱ། །སྐབས་ལྔ་པའོ།། །།

མཐར་གྱིས་སྦྱོར་བ་ནི།སེམས་ཅན་གང་དག་གཞན་ཕྱིར་སེམས་པ་རྣམ་དག་པ། །བརྩོན་འགྲུས་ཕ་རོལ་ཕྱིན་ལ་མངོན་བརྩོན་རྣམ་པར་སྤྱོད། །དཔེར་ན་བྲན་མོ་ཆུ་ཆུན་དབང་མེད་རྗེ་བོའི་དབང། །དེ་བཞིན་དཔའ་རྣམས་སེམས་ཅན་ཀུན་གྱི་དབང་གིས་འགྲོ། །སྐབས་དྲུག་པའོ།། །།

འདིས་ཕར་ཕྱིན་དྲུག་རྗེས་སུ་དྲན་པས་མངོན་པར་བརྩོན་པ་དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང་ལྷ་རྗེས་སུ་དྲན་ནས་ཅི་བྱེད་དེའི་དབང་དུ་གཏོང་བ་ལས་རང་དགར་མི་འཇུག་པ་དང། ངོ་བོ་ཉིད་མེད་པར་རྗེས་སུ་དྲན་པས་སེམས་རྣམ་པར་དག་པ་བསྟན་པ་ཡིན་ནམ་སྙམ་ལ། རྐང་པ་དང་པོར་རྩ་བའི་འགྱུར་རྣམས་སུ། སེམས་ཅན་གང་དག་ཅེས་འབྱུང་ཡང། འགྲེལ་པ་གཉི་གས་སེམས་ཅན་དང་གང་ཟག་ཅེས་སྒྲ་བཤད་བྱས་སྣང་ངོ་། །སྤྱོ་བ་བྱས་སམ་འོན་ཏེ་རྟག་ཏུ་བརྡེག་ཀྱང་རུང། །བྲན་མོ་རྗེ་བོ་ལ་ནི་ཟློག་ཚིག་མི་སྨྲ་ཡི། །འདི་ཡིས་བདག་ནི་བསད་པར་འགྱུར་དུ་འོང་སྙམ་ནས། །ཤིན་ཏུ་སྐྲག་པའི་ཡིད་ཀྱིས་འཇིགས་བཅས་ཟིལ་གྱིས་གནོན། །དེ་བཞིན་བྱང་ཆུབ་ཆེད་དུ་བྱང་ཆུབ་མཆོག་ཞུགས་པ། །འགྲོ་བ་ཀུན་ལ་བྲན་གྱུར་བཞིན་དུ་གནས་པར་བྱ། །འདི་ལ་བྱང་ཆུབ་ཐོབ་ཅིང་ཡོན་ཏན་རྫོགས་པར་འགྱུར། །རྩྭ་དང་ཤིང་ལས་མེ་བྱུང་བས་ནི་དེ་ཉིད་སྲེག །སྐབས་བདུན་པའོ།། །།

༈ འདིས་སྐད་ཅིག་སྦྱོར་བ་བསྟན་ཚུལ་ནི་ལྷག་བསམ་གོམས་པ་མཐར་ཐུག་པར་བསྟན་པས་མཚོན་ཏེ་བྱང་སེམས་ཀྱི་ལམ་ཐམས་ཅད་མཐར་ཕྱིན་པར་བསྟན་པ་ཡིན་ནོ། །བདག་གི་བདེ་བ་བཏང་ནས་རེ་བ་མེད་སེམས་ཀྱིས། །སེམས་ཅན་གཞན་གྱི་དགོས་ལ་ཉིན་མཚན་མངོན་པར་བརྩོན། །བུ་གཅིག་པ་ལ་མ་ནི་རིམ་གྲོ་བྱེད་པ་ལྟར། །བསམ་པ་ཐག་པས་རྣམ་པར་སྐྱོ་མེད་གནས་པར་བྱ། །རྗེས་སུ་རིག་པའི་ལེའུ་སྟེ་ཉེར་དགུ་པ་དང་སྐབས་བརྒྱད་པའོ།། །།

༈ འདི་མན་ཆད་རྒྱན་དང་སྦྱར་དུ་མེད་ལ། སྦྱོར་བའི་ལུགས་ཤིག་སྔོན་ནས་ཀྱང་ཡོད་འདུག་པ་སློབ་དཔོན་གྱིས་བཀག་གོ །འདིས་ཆོས་སྐུ་བསྟན་ཚུལ་ནི་སྐུ་བཞི་མངོན་དུ་མཛད་དེ་འཁོར་བ་མ་སྟོངས་བར་དུ་སྐྱོ་བ་མེད་པར་བཞུགས་ནས་འཕྲིན་ལས་ཉེར་བདུན་གྱིས་འགྲོ་བའི་དོན་མཛད་པར་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་ཞིག་ཡུན་རིང་འཁོར་འདོད་ཅིང། །སེམས་ཅན་དོན་དང་ཞིང་སྦྱོང་བརྩོན་པའི་རྣལ་འབྱོར་པ། །སྐྱོ་བའི་བློ་ནི་རྡུལ་ཙམ་སྐྱེ་བར་མི་འགྱུར་ན། །དེ་ནི་བརྩོན་འགྲུས་ཕ་རོལ་ཕྱིན་ལྡན་གཡེལ་བ་མེད། །བྱང་ཆུབ་སེམས་དཔའ་མི་མཁས་བསྐལ་པ་བྱེ་བ་བགྲང། །གལ་ཏེ་རིང་བར་འདུ་ཤེས་སྡུག་བསྔལ་བྱང་ཆུབ་སྒྲུབ། །ཡང་དག་ཆོས་སྒྲུབ་བྱེད་ཚེ་ཡུན་རིང་སྡུག་བསྔལ་འགྱུར། །དེས་ན་བརྩོན་འགྲུས་ཕ་རོལ་ཕྱིན་ཉམས་ལེ་ལོ་ཅན། །བྱང་སེམས་མཁས་པ་རྣམས་དུས་ཡུན་རིང་བ་དང་བྱ་དཀའ་བ་ལ་མི་བལྟ་བར་སྙིང་སྟོབས་བསྐྱེད་པ་འཕགས་པ་རྟག་ངུ་ལྟ་བུ་ཡིན་ཏེ།བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང་པོ་ནས་བཟུང་སྟེ། །བྱང་ཆུབ་བླ་ན་མེད་པ་ཐོབ་པར་འགྱུར་གྱི་བར། །ཉིན་མཚན་གཅིག་ཙམ་དུ་ནི་ཡིད་ལ་སེམས་བྱེད་ན། །མཁས་པ་གསལ་བས་བརྩོན་འགྲུས་བརྩམས་པར་རིག་པར་བྱ། །གལ་ཏེ་འགའ་ཞིག་འདི་སྐད་རི་རབ་རི་བཤིག་པའི། །རྗེས་ལ་བྱང་ཆུབ་མཆོག་ཐོབ་འགྱུར་ཞེས་སྨྲ་བ་ལས། །ཇི་སྟེ་སྐྱོ་བའི་བློ་སྐྱེད་ཚད་ཀྱང་སྐྱེད་བྱེད་ན། །དེ་ཚེ་བྱང་ཆུབ་སེམས་དཔའ་ལེ་ལོར་གྱུར་པ་ཡིན། །ཇི་སྟེ་དེ་ནི་འདི་ཙམ་ཚོད་ལྟ་ཅི་དཀའ་ཞེས། །སྐད་ཅིག་ཙམ་ལ་རི་རབ་ཐལ་བར་བརླག་སེམས་བསྐྱེད། །བྱང་ཆུབ་སེམས་དཔའ་མཁས་པ་བརྩོན་འགྲུས་བརྩམས་པ་སྟེ། །རིང་པོར་མི་ཐོགས་འདྲེན་པའི་བྱང་ཆུབ་མཆོག་ཐོབ་འགྱུར། །དེ་ལྟར་བརྩོན་འགྲུས་རྩོམ་པ་ནའང་མངོན་ཞེན་མེད་པ་གལ་ཆེ་བའི་ཚུལ།འགྲོ་བ་ཡོངས་སུ་སྨིན་པར་བྱས་ནས་དོན་བྱ་ཞེས། །གལ་ཏེ་ལུས་དང་ངག་དང་ཡིད་ཀྱིས་བརྩོན་བྱེད་ན། །བདག་ཏུ་འདུ་ཤེས་གནས་པས་ལེ་ལོར་གྱུར་པ་སྟེ། །ཐམས་ཅད་མཁྱེན་པ་ཉིད་ལས་རིང་འགྱུར་གནམ་ས་བཞིན། །གང་ཚེ་ལུས་དང་སེམས་དང་སེམས་ཅན་འདུ་ཤེས་མེད། །འདུ་ཤེས་རྣམ་པར་ལོག་ནས་གཉིས་སུ་མེད་ཆོས་སྤྱོད། །འདི་ནི་བྱང་ཆུབ་ཞི་བ་མི་ཉམས་མཆོག་འདོད་པའི། །བརྩོན་འགྲུས་ཕ་རོལ་ཕྱིན་ཅེས་ཕན་པ་མཛད་པས་གསུངས། །རྟག་ངུས་ཤེར་ཕྱིན་འཚོལ་བའི་ཕྱིར་ཆོས་འཕགས་བསྟེན་པ་ལྟར་དཀའ་སྤྱད་སྡུག་བསྔལ་ལ་བཟོད་སྲན་དགོས་ཚུལ།གལ་ཏེ་གཞན་ལས་ངན་བརྗོད་ཚིག་རྩུབ་ཐོས་གྱུར་ན། །བདག་བདེ་ཡིན་ཞེས་བྱང་ཆུབ་སེམས་དཔའ་མཁས་པ་དགའ། །སུ་སྨྲ་སུས་ཐོས་གང་གིས་གང་ཞིག་གང་གི་ཕྱིར། །བཟོད་པའི་ཕ་རོལ་ཕྱིན་མཆོག་ལྡན་པ་མཛངས་པ་ཡིན། །བྱང་ཆུབ་སེམས་དཔའ་གང་ཞིག་བཟོད་པའི་ལེགས་ཆོས་ལྡན། །གང་ཞིག་སྟོང་གསུམ་རིན་ཆེན་བཀང་སྟེ་འཇིག་རྟེན་མཁྱེན། །སངས་རྒྱས་རྣམས་དང་དགྲ་བཅོམ་རང་རྒྱལ་ཕུལ་བྱས་པ། །སྦྱིན་པའི་ཕུང་པོས་དེ་ལ་བསོད་ནམས་ཆར་མི་ཕོད། །བཟོད་ལ་གནས་པའི་ལུས་ནི་ཡོངས་སུ་དག་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་དང་མཐུ་སྟོབས་ཕ་མཐའ་ཡས། །སེམས་ཅན་རྣམས་ལ་ཆོས་རབ་སྟོང་པ་སྒྲོགས་པར་བྱེད། །འདི་ནི་བཟོད་ལྡན་དེ་ལ་འགྲོ་བ་དགར་འགྱུར་མཁས། །གལ་ཏེ་སེམས་ཅན་ལ་ལས་ཙན་དན་ཕུར་མ་བླངས། །རབ་གུས་བྱང་ཆུབ་སེམས་དཔའ་ལ་ནི་ཉུག་བྱེད་ལ། །གཞན་ཞིག་མེ་མདག་མགོ་ལ་འཐོར་བྱེད་གཉིས་ཀ་ལ། །དེ་ཡིས་མཉམ་ཞིང་སྙོམས་པའི་སེམས་ནི་བསྐྱེད་པར་བྱ། །བྱང་ཆུབ་སེམས་དཔའ་མཁས་པས་དེ་ལྟར་བཟོད་བྱས་ནས། །སེམས་བསྐྱེད་དེ་ནི་བྱང་ཆུབ་མཆོག་ཏུ་ཡོངས་བསྔོས་ན། །དཔའ་བོ་འཇིག་རྟེན་ཀུན་ལ་བཟོད་པས་དགྲ་བཅོམ་དང། །རང་རྒྱལ་སེམས་ཅན་ཁམས་ཀྱི་ཇི་སྙེད་ཟིལ་གྱིས་གནོན། །བཟོད་བྱེད་འདི་སྙམ་དུ་ཡང་སེམས་ནི་བསྐྱེད་བྱ་སྟེ། །སེམས་དམྱལ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་མང། །འདོད་པའི་ཡོན་ཏན་རྒྱུ་ཡིས་དབང་མེད་གནོད་མྱོང་ན། །བྱང་ཆུབ་ཆེད་དུ་ཅི་ཕྱིར་ད་བཟོད་མི་བྱ་སྙམ། །ལྕག་དབྱུག་མཚོན་དང་བསད་དང་བཅིང་དང་བརྡེག་པ་དང། །མགོ་གཅོད་པ་དང་རྣ་བ་རྐང་ལག་སྣ་གཅོད་དང། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་བདག་གིས་བཟོད་སྙམ་པ། །བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཕྱིན་ལ་གནས། །ཆོས་ཀྱི་དོན་དུ་མགོ་དང་རྐང་ལག་གཅོད་པ་ཚུན་ཆད་ཀྱང་བཟོད་དགོས་པའི་དཔེར་བྱས་ནས་བསྟན་ཏེ། སློབ་དཔོན་གྱི་སྡུད་འགྲེལ་ལས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཇི་སྙེད་བསྟན་པའི་རང་བཞིན་ལ་གནས་ཏེ་རྟག་ངུ་བཞིན་ནོ། །ཞེས་གསུངས་སོ། །རྟག་ངུའི་ལེའུ་སྟེ་སུམ་ཅུ་པའོ།། །།

ཚུལ་ཁྲིམས་ཀྱིས་ནི་ཞི་བ་འདོད་རྣམས་འཕགས་པར་འགྱུར། །སྟོབས་བཅུའི་སྤྱོད་ཡུལ་གནས་ཤིང་ཚུལ་ཁྲིམས་ཉམས་པ་མེད། །སྡོམ་པ་བྱ་བ་ཇི་སྙེད་ཀུན་གྱི་རྗེས་སུ་འཇུག །སེམས་ཅན་ཀུན་ལ་ཕན་ཕྱིར་དེ་ཡང་བྱང་ཆུབ་བསྔོ། །བྱང་ཆུབ་སེམས་དཔའ་ཆོས་འཕགས་གནས་སྐབས་འདོད་ཡོན་ལྔ་ལ་དགའ་མགུར་རོལ་པ་ལྟར་སྣང་ཡང་ཚུལ་ཁྲིམས་རྣམ་པར་དག་པ་བཞིན་བྱང་སེམས་ཀྱི་ཚུལ་ཁྲིམས་དག་མ་དག་རང་དོན་ཡིད་བྱེད་ཡོད་མེད་ཀྱི་སྟེང་ནས་འཇོག་དགོས་པ་ནི།གལ་ཏེ་རང་རྒྱལ་དགྲ་བཅོམ་བྱང་ཆུབ་རེག་འདོད་ན། །ཚུལ་ཁྲིམས་འཆལ་ཅིང་མི་མཁས་དེ་བཞིན་སྤྱོད་པ་ཉམས། །ཇི་སྟེ་བྱང་ཆུབ་ཞི་བ་མཆོག་ཏུ་ཡོངས་བསྔོ་ན། །འདོད་ཡོན་བརྩོན་ཡང་ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་གནས། །ཆོས་གང་ངེས་པའི་བྱང་ཆུབ་ཡོན་ཏན་འབྱུང་འགྱུར་བ། །དེ་ནི་ཡོན་ཏན་ཆོས་ལྡན་རྣམས་ཀྱི་ཚུལ་ཁྲིམས་དོན། །ཆོས་གང་ཕན་བྱེད་རྣམས་ཀྱི་བྱང་ཆུབ་ཡོངས་ཉམས་པ། །འདི་ནི་ཚུལ་ཁྲིམས་འཆལ་ཅེས་རྣམ་པར་འདྲེན་པས་གསུངས། །གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་སྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཚུལ་ཁྲིམས་བསྲུང་ཞིང་བྱང་ཆུབ་མཆོག་ཏུ་ཡོངས་བསྔོ་ལ། །དེ་ཡིས་རློམ་སེམས་མེད་ཅིང་བདག་བསྟོད་མི་བྱེད་ལ། །ང་ཡི་འདུ་ཤེས་སེམས་ཅན་འདུ་ཤེས་ཡོངས་སུ་སྤངས། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་བརྗོད། །ཚུལ་ཁྲིམས་དེ་ལའང་བདེན་ཞེན་དང་རློམ་སེམས་བསྐྱེད་མི་རུང་བ་ནི།གལ་ཏེ་བྱང་ཆུབ་སེམས་དཔའ་རྒྱལ་བའི་ལམ་སྤྱོད་པ། །སེམས་ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཅེས། །སྣ་ཚོགས་འདུ་ཤེས་ཞུགས་པ་ཤིན་ཏུ་ཚུལ་ཁྲིམས་འཆལ། །ཚུལ་ཁྲིམས་ཉམས་ཤིང་དེ་ལ་ཡོངས་དག་ཚུལ་ཁྲིམས་མེད། །གང་ལ་བདག་གི་འདུ་ཤེས་སེམས་ཅན་འདུ་ཤེས་མེད། །འདུ་ཤེས་འདོད་ཆགས་བྲལ་ལ་སྡོམ་མིན་ག་ལ་ཡོད། །གང་ལ་སྡོམ་དང་སྡོམ་པ་མ་ཡིན་རློམ་སེམས་མེད། །འདི་ནི་ཚུལ་ཁྲིམས་སྡོམ་པར་རྣམ་པར་འདྲེན་པས་གསུངས། །སེམས་ཅན་དག་པ་གང་ཞིག་དེ་ལྟར་ཁྲིམས་ལྡན་པ། །སྡུག་དང་མི་སྡུག་ཀུན་ལ་ལྟ་བ་མེད་པ་ཡིན། །མགོ་དང་རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད། །བདོག་པ་ཐམས་ཅད་གཏོང་ཞིང་རྟག་ཏུ་ཞེན་པ་མེད། །ཆོས་རྣམས་རང་བཞིན་བདག་མེད་ཡ་མ་བརླར་ཤེས་ནས། །བདག་གི་ཤ་ཡང་གཏོང་ལ་ཞུམ་པའི་སེམས་མེད་ན། །དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་དགོས། །གལ་ཏེ་སེར་སྣ་བྱེད་པ་དེ་ནི་གནས་མེད་དོ། །བདག་ཏུ་འདུ་ཤེས་དངོས་ལ་བདག་གིར་འཛིན་པས་ཆགས། །བླུན་པོ་རྣམས་ལ་གཏོང་བའི་བློ་ལྟ་ག་ལ་ཡོད། །སེར་སྣའི་ཉེས་དམིགས་བྱང་སེམས་ཀྱི་སྦྱིན་པའི་ཕན་ཡོན་དང་བཅས་པ།སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ་བར་འགྱུར། །ཇི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་བོར་འགྱུར། །དེ་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་དབུལ་ཤེས་ནས། །གཏོང་ལ་མོས་པར་འགྱུར་ཞིང་རྟག་ཏུ་ལྷུག་པར་གཏོང། །གླིང་བཞི་ལེགས་པར་བརྒྱན་པ་མཆིལ་མའི་ཐལ་བ་འདྲ། །བྱིན་ནས་དགའ་བར་འགྱུར་གྱིས་གླིང་ཐོབ་དེ་ལྟ་མིན། །བྱང་ཆུབ་སེམས་དཔའ་མཁས་པ་གསལ་བ་སྲིད་གསུམ་གྱི། །སེམས་ཅན་ཇི་སྙེད་དེ་དག་ཀུན་ལ་སྦྱིན་པ་འདི། །བྱིན་པར་གྱུར་ཅིག་སྙམ་དུ་བསམས་ནས་སྦྱིན་བྱིན་ལ། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་མཆོག་ཏུ་བསྔོ། །སྦྱིན་པ་བྱིན་ནས་དངོས་ལ་གནས་པར་བྱེད་པ་མེད། །དེ་ནི་ནམ་དུའང་རྣམ་པར་སྨིན་ལ་རེ་བ་མེད། །དེ་ལྟར་གཏོང་བ་མཁས་པ་ཐམས་ཅད་གཏོང་བ་སྟེ། །ཆུང་ངུ་བཏང་ལ་མང་པོ་དཔག་ཏུ་མེད་པར་འགྱུར། །སྲིད་པ་གསུམ་ན་སེམས་ཅན་མ་ལུས་ཇི་སྙེད་པ། །ཡོངས་སུ་བརྟག་པ་བཟུང་སྟེ་དེ་དག་ཐམས་ཅད་ཀྱིས། །འཇིག་རྟེན་མཁྱེན་པ་སངས་རྒྱས་དགྲ་བཅོམ་རང་རྒྱལ་ལ། །བསྐལ་པ་མཐའ་ཡས་སྦྱིན་བྱིན་ཉན་ཐོས་ལེགས་ཚོལ་ན། །བྱང་ཆུབ་སེམས་དཔའ་མཁས་པ་ཐབས་མཁས་གང་ཞིག་གིས། །དེ་དག་བསོད་ནམས་བྱ་བའི་དངོས་ལ་ཡི་རང་ནས། །སེམས་ཅན་དོན་དུ་བྱང་ཆུབ་མཆོག་རབ་ཡོངས་བསྔོ་ན། །ཡོངས་སུ་བསྔོ་བས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན། །ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང། །རིན་ཆེན་བཻ་ཌཱུརྱ་གཅིག་དེ་ཀུན་ཟིལ་གྱིས་གནོན། །བྱང་སེམས་ཐབས་མཁས་པས་ནོར་དངོས་སུ་མ་བཏང་ཡང་ཚོགས་རླབས་པོ་ཆེ་ཚེགས་མེད་པར་རྫོགས་པའི་ཚུལ་ནི།དེ་བཞིན་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན། །རྗེས་སུ་ཡི་རང་བྱང་ཆུབ་སེམས་དཔས་ཟིལ་གྱིས་གནོན། །གལ་ཏེ་བྱང་ཆུབ་སེམས་དཔས་འགྲོ་ལ་སྦྱིན་བྱིན་ནས། །དེ་ལ་བདག་གིར་མི་བྱེད་དངོས་པོ་ཕངས་མེད་ན། །དེ་ལས་དགེ་བའི་རྩ་བ་མཐུ་ཆེན་འཕེལ་འགྱུར་ཏེ། །སྤྲིན་མེད་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ། །ཞེས་རང་གཞན་གྱི་ཕྱིན་དྲུག་གི་སྤྱོད་པ་མཐའ་མེད་དུ་ཡར་སྤེལ་བ་ནི། སྡུད་འགྲེལ་ལས། ཆོས་འཕགས་བཞིན་དུ་དགེ་བའི་བཤེས་གཉེན་གྱི་བྱ་བ་ཡིན་པར་རིག་པར་བྱའོ། །ཞེས་སྦྱར་བས་ཆོས་འཕགས་ཀྱི་ལེའུ་སྟེ་སོ་གཅིག་པའོ།། །།

རྒྱ་འགྲེལ་གཞན་གཉིས་ལས་བར་འདིར་སྐབས་ལྔ་པའི་ལེ་མཚམས་བྱས་ཤིང་འོག་མ་འདི་རྣམས་སྦྱིན་པ་ཤེས་རབ་བར་དག་དང། །ཞེས་པའི་དོན་དུ་བསམ་ནས་མཐར་གྱིས་སྦྱོར་བར་བཤད་དོ། །བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང། །མི་ཁོམ་བརྒྱད་སྤོང་དེ་ཡི་དལ་བ་རྟག་ཏུ་རྙེད། །བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེན་ཐོབ་འགྱུར་ཏེ། །གསེར་མདོག་སྡུག་ཅིང་འགྲོ་བས་ལྟ་བའི་འོས་སུ་འགྱུར། །བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། །བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་སྒྲུབ། །ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །བུདྡྷ་ཤྲཱིས་འདི་ནས་སྐབས་དྲུག་པའི་ལེ་མཚམས་བྱས་ཤིང་དེའི་རྒྱུ་མཚན་ཉི་ཁྲི་ལས་མཐར་གྱིས་སྦྱོར་བ་བཅུ་གཉིས་ལ་རེ་རེ་ཞིང། མཐར་གྱིས་བྱ་བ། མཐར་གྱིས་སློབ་པ། མཐར་གྱིས་སྒྲུབ་པ་གསུམ་དུ་བྱས་ནས་གསུངས་ཀྱང། བརྒྱད་སྟོང་པར། སེང་གེའི་སྒྲ་སྒྲོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རིག་པར་བྱའོ། །ཞེས་གསུངས་པ་དེ་གཉིས་ཀའི་དགོངས་པར་བསམ་པར་སྣང་ལ། སློབ་དཔོན་གྱིས་ཕར་ཕྱིན་བཅུ་དང་སྦྱར་ཏེ་ཤེས་རབ་ལྷག་པར་ཐོབ་ནས་སངས་རྒྱས་སུ་སྤྲུལ་ཏེ་ཆོས་སྟོན་པའི་དོན་དུ་མཛད།ཆོས་འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའ་དེ། །འདིའང་བུདྡྷ་ཤྲཱིས་སྐད་ཅིག་སྦྱོར་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པའི་ལམ་གྱི་མཐར་ཐུག་ཡིན་པར་བསམས་ཏེ་རྐང་པ་འདི་གཅིག་པུ་སྐབས་བདུན་པར་བྱས་ཀྱང། སློབ་དཔོན་ཐབས་མཁས་ཀྱིས་ཕར་ཕྱིན་གྱི་སྒོ་ནས་ཚོགས་གཉིས་རྫོགས་པའི་དོན་དུ་མཛད། དེ་བཞིན་དུ་སྨོན་ལམ་གྱི་ཕར་ཕྱིན་ལྷག་པས་ས་བརྒྱད་པར་ཞིང་དག་སྦྱོར་བ་འགྲུབ་པ་དང། སྟོབས་ཀྱི་ཕར་ཕྱིན་ལྷག་པས་སོ་སོ་ཡང་དག་རིག་པ་བཞི་རྗེས་སུ་མཐུན་པའི་སྒོ་ནས་ཆོས་བསྟན་ཏེ་སེམས་ཅན་ཡོངས་སུ་འཛིན་པ་དང། ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པས་སངས་རྒྱས་ས་ལ་རེག་ཅིང་རྒྱལ་བའི་དགོངས་པ་རང་དབང་དུ་བཀྲལ་ནས་བྱང་སེམས་གཞན་དུ་མ་བསྐྲུན་པས་ཆོས་དང་དགེ་འདུན་གྱི་རིགས་འཛིན་པ་དང། སངས་རྒྱས་ནས་ཆོས་ཀུན་འཛིན་ཚུལ་སྟོན་པར།ཡོངས་དག་ཞིང་དང་སེམས་ཅན་དག་པ་ཡོངས་སུ་འཛིན། །སངས་རྒྱས་རྒྱུད་དང་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན། །དེ་བཞིན་དགེ་འདུན་རྒྱུད་དང་ཆོས་ཀུན་ཡོངས་སུ་འཛིན། །འགྲོ་བའི་ནད་གསོ་མཛད་པ་སྨན་པའི་མཆོག་གྱུར་པ། །ཤེས་རབ་བསྟན་པ་བྱང་ཆུབ་ལམ་ལྡན་འདི་གསུངས་ཏེ། །མིང་ནི་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་ལམ། །ལམ་འདི་སེམས་ཅན་ཀུན་གྱིས་ཐོབ་པར་བྱ་ཕྱིར་བཤད།ཡོངས་སུ་གཏད་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།

འདིས་ཡོངས་གཏད་ཀྱི་དོན་བསྡུས་ཚུལ་ནི། འདིའི་ཐད་ཀྱི་བརྒྱད་སྟོང་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོགས་ཐེག་པ་ཆེན་པོའི་ལམ་འབྲས་ཀུན་འདི་ལས་འབྱུང་བའི་ཡོན་ཏན་རིན་པོ་ཆེའི་འབྱུང་ཁུངས་དང་ཤེར་ཕྱིན་འདི་གང་དུ་སྤྱོད་པ་དེར་སངས་རྒྱས་བཞུགས་ཤིང་ཆོས་སྟོན་པ་དང་དགེ་འདུན་འདུ་བ་སོགས་འབྱུང་བས་མདོ་སྡེ་ཐམས་ཅད་ལས་འདི་ནན་ཏན་དུ་བསྲུང་དགོས། ཞེས་ལན་གསུམ་དུ་གཏད་པ་ཡིན་པས། འདིར། ལམ་འདི་སེམས་ཅན་ཀུན་གྱིས་ཐོབ་པར་བྱ་ཕྱིར་བཤད། །ཅེས་པའི་ཚིག་གི་ནུས་པ་འདོན་ཚུལ་སྡུད་འགྲེལ་ལས། བྱ་ཞེས་པ་ནི་འཕགས་པ་ཀུན་དགའ་བོ་ལ་སོགས་པ་ལ་ཡོངས་སུ་གཏོད་པ་ཡིན། ཞེས་ཤེར་ཕྱིན་སེམས་ཅན་ཀུན་གྱིས་ཐོབ་པ་སངས་རྒྱས་ཀྱི་དགོངས་པའི་གཙོ་བོ་ཡིན་ཞིང། དེ་ཤེར་མདོ་མི་ཉམས་པར་གནས་པ་ལ་རག་ལས་པའི་རྒྱུ་མཚན་གྱིས་ནན་ཏན་དུ་གཏད་པ་ཡིན་ནོ། །བུདྡྷ་ཤྲཱི་དང་ཁ་ཆེ་དྷརྨཱ་ཤྲིས་འདིའི་འང་རྐང་པ་ཕྱི་མ་གཉིས་མ་གཏོགས་པ་སྐབས་བརྒྱད་པ་དང་སྦྱར་བ་ཚིག་ཟིན་འབྲེལ་ཆགས་པ་ལྟར་འོངས་ཀྱང། བརྒྱད་སྟོང་པའི་ལེའུའི་རིམ་པ་དང་སྦྱར་བའི་ཚེ་སློབ་དཔོན་གྱི་སྡུད་འགྲེལ་དགོངས་པ་ཟབ་པར་སྣང་ངོ་། །རྒྱན་ཡུམ་ཤེར་ཕྱིན་ཟབ་མོའི་དོན། །ཉུང་ངུའི་ཚིག་གིས་བཀྲལ་བའི་དགེས། །རྒྱལ་བའི་དགོངས་པ་ལེགས་རྟོགས་ནས། །ཡང་དག་ལམ་བཟང་མྱུར་བགྲོད་ཤོག །མཆན་བུ་འདི་ནི། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྔར་རང་ལོ་ཉེར་བཞི་པ་ལ་དཔལ་ལྡན་འབྲས་སྤུངས་སུ་ཆོས་གྲྭ་འགྲིམ་བཞིན་པའི་སྐབས་མདོ་རྒྱས་པ་རྣམས་དང་རྒྱན་སྦྱོར་ཚུལ་ཐད་ཀ་རེ་ཙམ་ངེས་ཐུབ་ཀྱང་ཆ་ཚང་བློར་མི་འཇགས་པས། རྒྱུན་གྱི་བཤར་སྦྱང་ལ་སྡུད་པ་དང་སྦྱར་ན་བདེ་བར་འདུག་སྙམ་ནས་སྐབས་བཞི་པའི་ཕྱེད་ཡན་བྲིས་ཀྱང། གྲྭ་སྐོར་གྱིས་དུས་གཏུགས་པས་པོ་ཏི་གཞན་རྣམས་འཛིན་སྐྱོར་དང། སོ་སོའི་མཆན་དང་བསྡུས་དོན་གསར་དུ་བྲི་རྒྱུ་སོགས་ཀྱིས་འཕྲོ་ཅན་དུ་ལུས་པ། ཨ་མཆོག་དགོན་གྱི་ལམ་རིམ་ཁྲི་པ་ལྷག་བསམ་རྣམ་དཔྱོད་ཡངས་པ་འཇམ་དབྱངས་ཕུན་ཚོགས་ཀྱིས་སྟོད་ཆའི་རིམ་པ་པར་དུ་བསྒྲུབས་ཏེ་མཇུག་ཆ་ཚང་བ་བྱེད་དགོས་ཞེས་ནན་ཏན་དུ་བསྐུལ་བ་བཞིན་གྲུབ་པར་བགྱིས་པ་འདིས་ཀྱང་བསྟན་པའི་སྙིང་པོ་དར་ཞིང་རྒྱས་པར་གྱུར་ཅིག།། །།

                                                                                                  རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།