འགྲེལ་པ་དོན་གསལ་གྱི་ཟིན་བྲིས་སྦས་དོན་གསལ་བའི་སྒྲོན་མེ།གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-07 14:11:18     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

    ༄༅། །འགྲེལ་པ་དོན་གསལ་གྱི་སྟེང་ནས་རྒྱས་འབྲིང་བསྡུས་གསུམ་མངོན་རྟོགས་རྒྱན་རྩ་འགྲེལ་སོགས་མདོ་རྒྱན་སྦྱར་བའི་གཟབ་བཤད་ཀྱི་ཟིན་བྲིས་སྦས་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།                                                                                                                   གཉིས་པ།

༈ གཉིས་པ་བསྡུས་དོན་ནི། དེ་ལྟར་འབྲེལ་བ་ལ་སོགས་པ་བསྙད་ནས་ཞེས་སོགས་བྱུང༌། འདིའི་སྐབས་སུ་མ་འཛིངས་པ་ཞེས་པ་འའི་འཕུལ་ཅན་དུ་འདུག་པས་འཁྲུགས་མི་འགྲོ་བ་སྟེ། དེའང་སྐབས་བརྒྱད་ཀྱི་བསྟན་དོན་དངོས་པོ་བརྒྱད་ཀྱི་གྲངས་དང་སོ་སོའི་མཚོན་བྱེད་ཀྱི་ཆོས་ཀྱི་གྲངས་སོགས་དུ་ཞིག་ཡོད་ཐོག་མར་མ་བསྟན་པར་ལུ་གུ་རྒྱུད་དུ་བཤད་ན། དངོས་པོ་བརྒྱད་སོ་སོའི་འགོ་གང་ནས་ཚུགས་མཇུག་གང་དུ་རྫོགས་པ་སོགས་མི་ཤེས་པར་གོང་འོག་འཁྲུགས་པར་འགྱུར་བས་དེ་སེལ་བའི་ཕྱིར་དང༌། དོན་ཚན་སོ་སོའི་ས་མཚམས་སོགས་མ་འཛིངས་པའམ་མ་འཁྲུགས་པའི་སྒོ་ནས་རྟོགས་པར་བྱ་བའི་ཕྱིར་དུ་ས་བཅད་ལྟར་ཐོག་མར་ལུས་མདོར་བསྟན་གསུངས་པ་ཡིན་ལ། དེའང་ཤེས་རབ་ཕ་རོལ་ནས། དེ་རྣམས་བརྒྱད། །ཅེས་པའི་བར་གྱིས་དངོས་པོ་བརྒྱད་རྐང་གྲངས་ཀྱི་སྒོ་ནས་མདོར་བསྟན་པ་དང༌། སེམས་བསྐྱེད་པ་དང་ནས་བཞིར་ནི་ཡང་དག་བརྗོད། །ཅེས་པའི་བར་གྱིས་དོན་བདུན་ཅུ་རྐང་གྲངས་ཀྱི་སྒོ་ནས་རྒྱས་པར་བསྟན་པ་ཡིན་ལ། འདི་ནི་གཞུང་སྔ་མ་ལ་ལྟོས་ཏེ་རྒྱས་པར་བཤད་པ་དང༌། སེམས་བསྐྱེད་པ་ནི་གཞན་དོན། ཞེས་སོགས་ལ་ལྟོས་ཏེ་མདོར་བསྟན་ཡིན་གསུངས། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་པའི་ཚིག་འདི་བསྟན་བཤད་སྦྱོར་བའི་ཚིག་ཡིན་ལ། བསྟན་བཤད་སྦྱོར་ཚུལ་ནི། ཚིག་རྐང་འདིས། སེམས་བསྐྱེད་པ་དང་ཞེས་པ་ནས། ངེས་པར་འབྱུང་བཅས་རྣམས། །ཞེས་པའི་བར་གྱི་རྒྱས་བཤད་འདི་རྣམ་ཀུན་མཁྱེན་ཉིད་ཅེས་པའི་རྒྱས་བཤད་ཡིན་པར་ངོ་སྦྱོར་བྱེད་པ་ཡིན་པའི་ཕྱིར། མཐར་གྱིས་པ་སོགས་འགའ་ཞིག་གི་བསྟན་བཤད་སྦྱོར་བའི་ཚིག་ཐོག་མ་ན་ཡོད་གསུངས། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་པའི་ཆོས་སྐུ་ནི་སློབ་དཔོན་ལྟར་ན་ཡེ་ཤེས་ཆོས་སྐུ་ལ་བྱེད་དགོས་ཤིང༌། ཆོས་སྐུ་ཙམ་སྨོས་པ་ནི་བསྟན་བཤད་སྦྱོར་བའི་ཆེད་དང་སྡེབ་སྦྱོར་གྱི་དབང་གིས་ཡིན་པར་གསུངས་ལ། འཕགས་པ་ལྟར་ན་མཚོན་བྱེད་ཀྱི་ཆོས་བཞིའི་གཅིག་ལ་འཕྲིན་ལས་འདྲེན་དགོས་པས། དེ་ནི་མཛད་པ་དང་བཅས་པ། །ཞེས་པས་བསྟན་པར་འདོད་ལ། ཆོས་སྐུ་ཞེས་པའི་ཚིག་འདི་བསྟན་བཤད་སྦྱོར་བའི་ཚིག་ཏུ་འཇོག་པ་ཡིན་གསུངས། རྣམ་མཁྱེན་རྒྱུའི་སྒོ་ནས་མཚོན་ཚུལ་ནི། སྒྲུབ་པ་རྣམ་མཁྱེན་གྱི་རྒྱུ་ཡིན་ལ། དེའང་རྟེན་དམིགས་པ་ཆེད་དུ་བྱ་བ་སྒྲུབ་པ་རང་གི་ངོ་བོ་སྟེ་ཁྱད་པར་བཞི་ལྡན་ཡིན་པ་དང༌། རྟེན་དེའང་བསམ་པའི་ཁྱད་པར་སེམས་བསྐྱེད་པ། དེ་གོང་དུ་འཕེལ་བའི་ཁྱད་པར་གདམས་ངག །སྦྱོར་བའི་ཁྱད་པར་ངེས་འབྱེད་ཡན་ལག་ལ་གནས་པ། རིགས་ཀྱི་ཁྱད་པར་ཆོས་དབྱིངས་ཏེ། ཁྱད་པར་བཞི་ལྡན་དང༌། སྒྲུབ་པ་རང་གི་ངོ་བོ་ལའང་གོ་སྒྲུབ་སོགས་བཞི་ཡོད་པས། དེ་ལྟར་ན་མཚོན་བྱེད་གཞན་རྣམས་སྒྲུབ་པའི་ཁྱད་ཆོས་དང༌། ཐེག་ཆེན་སྒྲུབ་པ་རང་ཉིད་རྣམ་མཁྱེན་གྱི་རྒྱུ་ཡིན་པས་རྒྱུས་འབྲས་བུ་མཚོན་པ་ཡིན་ལ། ཡུལ་གྱིས་ཡུལ་ཅན་མཚོན་ཚུལ་ནི། སྤྱིར་སའི་རྡུལ་དང་སྲིན་བུའི་གྲངས་སོགས་མཁྱེན་ཡང་རུང་མི་མཁྱེན་ཡང་དེའི་སྒོ་ནས་རྣམ་མཁྱེན་དུ་མི་འཇོག་པར། ཐར་པ་དོན་གཉེར་རྣམས་ཀྱི་ཐར་པ་ཐོབ་པའི་ཐབས་ཆ་ཚང་ཞིག་མཁྱེན་ན་དེ་ཙམ་གྱིས་རྣམ་མཁྱེན་རྫོགས་པ་ཡིན་པས། འདིར་མཚོན་བྱེད་ཀྱི་ཆོས་བཅུའི་རྣམ་མཁྱེན་དུ་བགྲོད་པའི་ལམ་ཆ་ཚང་ཞིག་བསྟན་པ་ཡིན་ལ། རྣམ་མཁྱེན་གྱིས་དེ་མངོན་སུམ་དུ་གཟིགས་པས་ཡུལ་གྱིས་ཡུལ་ཅན་མཚོན་པར་བྱེད་པ་ཡིན་གསུངས།

༈ གསུམ་པ་ཚིག་དོན་ལ་མཁྱེན་གསུམ། སྦྱོར་བཞི་རྒྱས་བཤད་དོ། །དང་པོ་ལ་རྣམ་མཁྱེན། ལམ་ཤེས། གཞི་ཤེས་གསུམ། དང་པོ་བསམ་པ་སེམས་བསྐྱེད་དང་དེའི་དོན་སྟོན་པའི་གདམས་ངག་དང༌། གདམས་དོན་ཇི་ལྟར་སྒྲུབ་པའི་སྒྲུབ་པ་དང་གསུམ། དང་པོ་ནི། སེམས་བསྐྱེད་པ་ནི་ཞེས་སོགས་བྱུང༌། དེའང་སྤྱིར་དང་པོར་གདམས་ངག་ཉན། དེ་ནས་རིགས་སད། དེ་ནས་སེམས་བསྐྱེད་དགོས་གསུངས། འདིར་སེམས་བསྐྱེད་ཐོག་མར་བསྟན་པ་ནི། དཔེར་ན་ལྷ་རིས་མཁན་གྱིས་ལྷ་སྐུ་ལ་ཡ་ཡོ་སོགས་ཀྱི་སྐྱོན་མི་འབྱུང་བའི་ཆེད་དུ་ཚངས་ཐིག་འདེབས་པ་ལྟར། མི་རྟག་པ་སྒོམ་པ་སོགས་ཆོས་ལྡན་གྱི་བྱ་བ་གང་བྱས་པ་གོལ་ས་གཞན་དུ་མི་འགྲོ་བར་སངས་རྒྱས་ཁོ་ནའི་རྒྱུར་འགྲོ་བ་ལ་ཐོག་མར་ཀུན་སློང་མ་མཐའ་སེམས་བསྐྱེད་བཅོས་མ་རེ་ཚུན་ཆད་གསལ་འདེབས་དགོས་པར་ཤེས་པའི་ཆེད་དུ་ཡིན་པར་ཡོངས་འཛིན་རིན་པོ་ཆེ་ནས་ཐོས་པའི་མན་ངག་ཡིན་གསུངས། སྡུད་པ་དང་སྦྱོར་བའི་ཚེ་སེམས་བསྐྱེད་ནས་སྦྱོར་བ་ཡིན་པས། དེའང་འཕགས་པ་སྡུད་པ་ཞེས་པའི་འཕགས་པ་ནི་མདོ་གཞན་ལས་ཁྱད་པར་དུ་འཕགས་པ་དང༌། སྡུད་པ་ནི་དབང་འབྱོར་བའི་དོན་ཡིན་གསུངས། འདིར་འཁོར་རྣམ་བཞི་ཙམ་གསུངས་པ་ནི་དེ་དག་བརྟེན་པའི་འཁོར་དང༌། བྱང་སེམས་རྣམས་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་གཞན་ནས་བྱོན་པ་སོགས་ཡིན་པས་མི་བརྟན་པའི་རྒྱུ་མཚན་གྱིས་ཡིན་པར་བཤད་གསུངས། དགའ་དང་གུས་དང་ཞེས་པ་ནས། མཉན་པར་གྱིས། །ཞེས་པའི་བར་གྱི་ཤླཽ་ཀ་གཅིག་གིས་སེམས་བསྐྱེད་བསྟན་པ་ཡིན་ལ། བུདྡྷ་ཤྲཱིས་རྐང་པ་དང་པོ་གཉིས་སྣོད་ལྡན་ཉན་པར་བསྐུལ་བ་དང༌། ཕྱི་མ་གཉིས་སེམས་བསྐྱེད་ལ་སྦྱར་ཡང༌། སློབ་དཔོན་གྱིས་བཞི་སེམས་བསྐྱེད་སྟོན་བྱེད་ཀྱི་གཞུང་དུ་བྱས་འདུག་པས། དགའ་དང་ཞེས་པས་ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་ལ་དང་བའི་དད་པ་དང༌། གུས་དང་ཞེས་པས་བླ་མེད་བྱང་ཆུབ་ཐོབ་པར་འདོད་པའི་མངོན་འདོད་ཀྱི་དད་པ། དད་པའི་མཆོག་ཅེས་པས་བླ་མེད་བྱང་ཆུབ་དེའང་ཤེར་ཕྱིན་ཉམས་སུ་བླངས་པ་ལས་ཐོབ་པར་འགྱུར་བའི་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པའི་ཡིད་ཆེས་ཀྱི་དད་པ་བསྟན་ལ། སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །ཞེས་པས། ལམ་འབྲས་ཐོབ་པ་ལ་གེགས་བྱེད་པས་སྒྲིབ་པ། རང་རྒྱུད་ལྡན་གྱི་གང་ཟག་སྡུག་བསྔལ་བར་བྱེད་པས་ཉོན་མོངས། གཞོམ་བྱ་ཡིན་པས་དྲི་མ་ཞེས་སོ་སོར་བསྟན་ལ། འདིས་ཆོས་སྐུ་བསྟན་པར་བྱས་ན་རུང་ངམ་སྙམ། དེ་ལྟར་ན་དང་པོས་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང༌། འགྲོ་དོན་མངོན་ཞུགས་ཞེས་པས་བྱང་ཆུབ་འདོད་པ་དེའང་གཞན་དོན་དུ་ཡིན་པ་དང༌། དཔའ་རྣམས་ཞེས་པས་བྱང་ཆུབ་སེམས་དཔའ་དང༌། སྤྱོད་པ་ཞེས་པས་ལམ་ལ་སློབ་ཚུལ་བསྟན་པ་ཡིན་པས། རྟེན་གྱི་གང་ཟག་གང་གིས། དགོས་པ་གང་གི་ཕྱིར། ཡུལ་གང་ལ། ཚུལ་ཇི་ལྟར་བསླབ་པར་བྱ་བ་རྣམས་བསྟན་པ་ཡིན་གསུངས། ཉི་ཁྲིའི་སེམས་བསྐྱེད་སྟོན་པའི་ཚིག་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནས། ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་པ་འདི་དང༌། བརྒྱད་སྟོང་པ་ལས་རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་སྤོབས་པར་བྱོས་ཤིག །ཅེས་པའི་ཚིག་འདི་ཡིན་ལ། འདིའི་ཤེར་ཕྱིན་ལ་ཕྱིན་ཟིན་དང་ཕྱིན་བྱེད་གཉིས་བྱས་ནས། གང་གིས། གང་གི་ཆེད་དུ། གང་ལ། ཇི་ལྟར་བསླབ་ན། ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་སློབ་ཚུལ་སོགས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཆ་ཚང་བ་ཞིག་བསྟན་ཡོད་པས་འདི་དག་གིས་སེམས་བསྐྱེད་བསྟན་གསུངས་པ་ཡིན་ལ། སེམས་བསྐྱེད་སྟོན་པ་ལ་དེ་འདྲ་ཞིག་དགོས་ཏེ། རང་རེའི་ཡིག་ཆའི་སེམས་བསྐྱེད་ཀྱི་མཚན་ཉིད་སྟོན་སྐབས་སུ་ས་བོན་དང་སྡོམ་ལྟ་བུར་གསུངས་པའི་རྒྱུ་མཚན་ཡང་དེ་ཡིན་གསུངས། སེམས་ཡུལ་ཁྱད་པར་དུ་འཕགས་པ་སྣང་བ་ཅན་འབྱུང་བ་མ་ཡིན་ནམ་ཞེས་པས་སེམས་བསྐྱེད་ཀྱི་སྒྲ་བཤད་པས་སློབ་དཔོན་སོགས་སེམས་བསྐྱེད་སེམས་སུ་འདོད་མཁན་རྣམས་ཀྱིས་སེམས་དང་བསྐྱེད་པ་གཉིས་སོ་སོར་མི་བྱེད་པར། སྔར་རང་དོན་ཁོ་ན་བསམ་པ་དེ་ལས་བཟློག་སྟེ་སེམས་དམིགས་པ་རྒྱ་ཆེན་པོར་གྱུར་པས་ན་བསྐྱེད་ཅེས་བྱ་སྟེ། དཔེར་ན་འཇིག་རྟེན་ན་འདི་སྔར་ལས་སེམས་རྒྱ་ཇེ་ཆེར་སོང་ཡོད་ཟེར་བ་ལྟ་བུ་ཡིན་གསུངས། སེམས་བསྐྱེད་ལ་འདོད་པའི་མིང་གིས་འདོགས་ཚུལ་ལ་གཉིས་ཡོད་པས་རྒྱུ་མིང་འབྲས་བུ་ལ་བཏགས་པའི་འདོད་པ་ནི་གསེར་ཕྲེང་ལྟར་ན་བྱང་ཆུབ་ལ་དམིགས་པ་དང༌། རྣམ་བཤད་ལྟར་ན་གཞན་དོན་ལ་དམིགས་པའི་འདོད་པར་བཤད་པས་འདི་ལྟར་ན། གཞན་དོན་ཕྱིར་འདོད་ཅེས་ཚིག་གོང་འོག་སྦྲེལ་ནས་བསྟན་པ་ཡིན་ནམ་སྙམ་སྟེ། སྐབས་འདི་འདྲ་ལ་འདི་གཉིས་ཀྱི་དོན་ཡང་མི་མཐུན་པ་འདྲ་བ་ཞིག་འདུག་གསུངས། དེ་དང་དེ་ནི་མདོ་བཞིན་དུ། །ཞེས་སོགས་ཀྱི་དོན་ནི། ཡུམ་བར་མའི་མདོ་བཞིན་དུ། གཞན་གཉིས་ལས་ཀྱང་བསྡུས་དང་རྒྱས་པའི་སྒོ་ནས་བཤད་ཅེས་པའོ། །བསྡུས་པ་དང་རྒྱས་པར་བཤད་པའི་ངག་ལ་ཡུམ་གསུམ་ག་འཇོག་པ་འདི་སློབ་དཔོན་གྱི་དགོངས་པ་ཡིན་ཏེ། ཀུན་གྱི་རྒྱན་དུ་འགྱུར་བ་ནི། །ཞེས་པ་ལྟར་ཡུམ་གསུམ་གའི་རྒྱན་དུ་འགྲེལ་པའི་ཕྱིར། ཕྱོགས་གླང་གིས། དེ་ལྟར་ཇི་སྐད་བཤད་རྣམས་ཀྱི། །བརྒྱད་སྟོང་འདིར་དོན་མ་ཚང་མེད། །འདིར་གཞུང་བསྡུས་པ་ཡིན་པར་འདོད། །དོན་ནི་ཇི་སྐད་གསུང་དེ་ཉིད། །ཅེས་གསུངས་པ་ལྟར་བརྒྱད་སྟོང་པ་གཅིག་པུས་རྒྱས་བསྡུས་གཉིས་ཀྱི་སྒོ་ནས་མ་བསྟན་ཀྱང༌། ཡུམ་གསུམ་ག་བསྡོམས་ན་དེ་ལྟར་བསྟན་བྱས་ན་ཆོག་གསུངས། སྡུད་པ་ལས། འཛམ་བུ་གླིང་འདིར། ནས། འཐུས་མ་ཡིན། །ཞེས་པའི་བར་འདི་སེམས་བསྐྱེད་སྟོན་པའི་གཞུང་དེའི་ཞར་བྱུང་ལྟ་བུ་ཡིན་ལ། དེའང་གླིང་འདིར་ཆུ་ཀླུང་དང་མེ་ཏོག་སོགས་ཇི་སྙེད་ཅིག་སྐྱེ་བ་ཐམས་ཅད་མཚོ་མ་དྲོས་པའི་མཐུས་འབྱུང་བ་བཞིན་དུ་ཉན་ཐོས་རྣམས་ཀྱིས་ཤེར་ཕྱིན་ལ་ཐོས་སོགས་བྱེད་པ་གདུལ་བྱ་གཞན་ལ་སྟོན་པ་དེ་དག་གིས་ཀྱང་ཉམས་སུ་བླངས་ནས་འབྲས་བུ་འཐོབ་པ་སོགས་ཐམས་ཅད་སངས་རྒྱས་ཀྱི་མཐུས་ཡིན་པར་བསྟན་པས། འདིའི་སྟོན་དང་འཆད་དང་རིགས་པ་དག་དང༌། ཞེས་པའི་ཚིག་འདི་གསུམ། བརྒྱད་སྟོང་པ་ལས། སྨྲ་བ་དང༌། སྟོན་པ་དང༌། ཉེ་བར་སྟོན་པ་དང༌། གསལ་བ་དང༌། བརྗོད་པ་དང༌། ཡང་དག་པར་གསལ་བར་བྱེད་པ་ཞེས་གསུངས་པ་དང་དོན་འདྲ་ཞིང༌། དེའང་ཐོས་བྱུང་གི་ཤེས་རབ་སྐྱེ་བའི་ཕྱིར་དུ་ཚིག་འཛིན་པ་དང༌། ཁ་ཏོན་བྱེད་པ་སོགས་ཀྱི་སྒོ་ནས་སྨྲ་བ་དང་། །བསམ་བྱུང་གི་ཤེས་རབ་བསྐྱེད་པའི་ཕྱིར་དུ་ཚིག་དེའི་དོན་འདི་དང་འདི་ཞེས་སྟོན་པ་དང༌། སྒོམ་བྱུང་གི་ཤེས་རབ་བསྐྱེད་པའི་ཕྱིར་དུ་གེགས་སེལ་བོགས་འདོན་གྱི་སྒོ་ནས་ཉེ་བར་སྟོན་པ་ཡིན་ལ། གསལ་བ་སོགས་གསུམ་གྱིས་དེ་གསུམ་བཤད་པ་ཡིན་པས་དོན་འདྲ་གསུངས། གཞུང་འདི་སེམས་བསྐྱེད་སྟོན་པའི་གཞུང་དེའི་ཞར་བྱུང་དུ་འགྲོ་ཚུལ་ནི་ཉན་ཐོས་རྣམས་ཀྱིས་ཤེར་ཕྱིན་གྱི་མདོ་སྡེ་སོགས་རང་དབང་དུ་སྟོན་མ་ནུས་པ་དེ་སློབ་ལམ་དུ་ཐེག་ཆེན་གྱི་སྡེ་སྣོད་ལ་དམིགས་ཏེ་ཐོས་བསམ་སོགས་རྒྱ་ཆེན་པོ་མ་བྱས་པའི་དབང་གིས་ཡིན་ལ། སངས་འཕགས་ཀྱིས་རང་དབང་དུ་སྟོན་ནུས་པ་དེ་རྒྱུའི་དུས་སུ་ཤེར་ཕྱིན་ལ་ཐོས་བསམ་རྒྱ་ཆེར་བྱས་པའི་ལག་རྗེས་ཡིན་པས། འབྲས་བུའི་སྒོ་ནས་རྒྱུ་སྒྲུབ་པ་ཡིན་ནམ་གསུངས། ཚ་བ་འཇོམས་པར་བྱེད་པས་མ་དྲོས་པ་དང༌། གཙོ་བོ་ཡིན་པས་ཀླུ་དབང༌། བྱེ་ཚན་གྱི་འཇིགས་པ་མེད་པས་ཀླུ་བདག་ཅེས་བཤད་གསུངས། སྦྱོར་ལམ་གོང་མར་འཕོས་ཚད་སོགས་སྤང་བྱ་ཉམས་སྨད་ཚུལ་སོགས་ཀྱིས་གོ་སླའང༌། ཚོགས་ལམ་གསུམ་གྱི་གོང་མར་འཕོས་ཚད་དཀའ་བར་སྣང་བས། འདི་ལ་ས་པཎ་གྱི་བསྟན་པ་སྤྱིའི་རྣམ་གཞག་ཏུ་སྦྱོར་ལམ་དུ་འཕོ་བར་མ་ངེས་པ་དང༌། ངེས་པ་དང་མྱུར་དུ་འཕོ་བར་ངེས་པ་ཞེས་གསུངས་འདུག་ཅིང༌། རང་རེའི་སྐབས་བཞི་པར་དྲན་པ་ཉེར་གཞག་སོགས་གསུམ་གྱི་གཙོ་བོའི་ས་མཚམས་འཛིན་ཚུལ་སོགས་ལ་དཔག་ན། དཔེར་ན། ནད་པ་ལྟ་བུ་ཞིག་ལ་མཚོན་ན། སྨན་ངོས་བླངས་ཀྱང་ནད་སོས་མི་སོས་ད་དུང་ཐག་མི་ཆོད་པ་དང༌། སོས་པར་ཐག་ཆོད་ཀྱང༌། མྱུར་དུ་སོས་དཀའ་བ་དང༌། མྱུར་དུ་སོས་སླ་བའི་སྐབས་གསུམ་ཡོད་པ་ལྟར། ཚོགས་ལམ་ཆུང་ངུའི་ཚེ་ཉམས་མི་ཉམས་མ་ངེས་པ་དང༌། འབྲིང་གི་ཚེ་མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པ། སྐྱེས་པ་སྤང་བ་སོགས་གཉེན་པོས་མི་མཐུན་ཕྱོགས་ཀྱི་དབལ་བཅག་པས་གསེར་ས་འོག་ཏུ་ཡུན་རིང་པོར་བཞག་ཀྱང་མི་རུལ་བ་དང་གཞན་དུ་མི་འགྱུར་བ་ལྟར་ཉམས་པ་མི་སྲིད་ཀྱང་མྱུར་དུ་འཕོ་མི་ནུས་པ་དང༌། ཆེན་པོའི་ཚེ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་དྲུང་དུ་རྫུ་འཕྲུལ་གྱིས་བྱོན་ནས་གདམས་ངག་ཉན་པས། ཟླ་ཚེས་ཉིན་རེ་བཞིན་འཕེལ་བ་ལྟར་ཡོན་ཏན་གོང་འཕེལ་དུ་འགྲོ་བས་སྦྱོར་ལམ་དུ་མྱུར་དུ་འཕོ་བར་ངེས་པ་ཡིན་གསུང༌། འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཆོས་ཅན། ས་ལྟ་བུ་ཡིན་ཏེ། རྩི་བཅུད་ཐམས་ཅད་ས་ལ་བརྟེན་ནས་འབྱུང་བ་བཞིན་དུ། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་སེམས་བསྐྱེད་ལ་བརྟེན་ནས་འབྱུང་བའི་ཕྱིར། འདིའི་འདུན་པ་བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་ལ་བྱ་ཞིང༌། བློ་གྲོས་མི་ཟད་པའི་མདོར། དང་པོ་འདི་སེམས་བསྐྱེད་ལ་གསུངས་ཀྱང་འདིར་འདོད་པའི་མིང་གིས་བཏགས་པས་དོན་མི་འགལ་ལོ། །བསམ་པ་དང་ལྡན་པའི་དེ་ཆོས་ཅན། གསེར་ལྟ་བུ་ཡིན་ཏེ། གསེར་དེ་ས་འོག་ཏུ་ཅི་ཙམ་བཞག་ཀྱང་མི་རུལ་བ་དང་ངོ་བོ་གཞན་དུ་མི་འགྱུར་བ་ལྟར། འདི་ནས་བཟུང་ནམ་ཡང་ཉམས་པར་མི་འགྱུར་བའི་ཕྱིར། ལྷག་བསམ་དང་ལྡན་པའི་དེ་ཆོས་ཅན། ཟླ་ཚེས་ལྟ་བུ་ཡིན་ཏེ། ཟླ་ཚེས་དེ་ཉིན་རེ་བཞིན་གོང་འཕེལ་དུ་འགྲོ་བ་ལྟར། འདི་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་གདམས་ངག་ཉན་ཏེ། དགེ་བའི་ཆོས་མཐའ་དག་འཕེལ་བར་འགྱུར་བའི་ཕྱིར། སྦྱོར་བ་དང་ལྡན་པའི་དེ་ཆོས་ཅན། མེ་ལྟ་བུ་ཡིན་ཏེ། མེས་བུད་ཤིང་བསྲེགས་པ་ལྟར། མཁྱེན་གསུམ་གྱིས་སྒྲིབ་པའི་བུད་ཤིང་མངོན་གྱུར་པ་བསྲེག་པའི་ཕྱིར། མདོ་སྡེ་རྒྱན་ལས་ལྷག་བསམ་དང་ལྡན་པ་སྦྱོར་ལམ་དང༌། སྦྱོར་བ་དང་ལྡན་པ་ཚོགས་ལམ་ལ་སྦྱར་བ་ནི། གསེར་ཕྲེང་ལས། གཉིས་ཀའང་ཚོགས་སྦྱོར་གཉིས་ཀར་འབྱུང་བ་ཤེས་པར་བྱེད་པའོ། །ཞེས་པ་ལྟར་ཡིན་གསུང༌། སྦྱིན་པ་དང་ལྡན་པའི་དེ་ཆོས་ཅན། གཏེར་ལྟ་བུ་ཡིན་ཏེ། གཏེར་གྱིས་གང་འདོད་ལྟར་ཚིམ་པར་བྱེད་ཀྱང་མི་ཟད་པ་བཞིན་དུ། འདི་ནས་སྦྱིན་པའི་ཕར་ཕྱིན་ལྷག་པ་དང་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་དང་ཟང་ཟིང་གིས་ཐམས་ཅད་ཚིམ་པར་བྱེད་པའི་ཕྱིར། ཚུལ་ཁྲིམས་དང་ལྡན་པའི་དེ་ཆོས་ཅན། རིན་པོ་ཆེའི་འབྱུང་གནས་ལྟ་བུ་ཡིན་ཏེ། རིན་པོ་ཆེའི་འབྱུང་ཁུངས་ནས་རིན་པོ་ཆེའི་རིགས་གཞན་དང་གཞན་མང་པོ་འབྱུང་བ་ལྟར། ཚུལ་ཁྲིམས་ལས་ཏིང་ངེ་འཛིན་དང་ཤེས་རབ་སོགས་ཡོན་ཏན་གྱི་རིགས་ཐམས་ཅད་འབྱུང་བའི་ཕྱིར། བཟོད་པ་དང་ལྡན་པའི་དེ་ཆོས་ཅན། རྒྱ་མཚོ་ལྟ་བུ་ཡིན་ཏེ། རྒྱ་མཚོ་ཆེན་པོ་དེ་རླུང་གིས་འདོམ་བདུན་ཙམ་དུ་གཡོ་ནུས་ཀྱང་གཏིང་དཀྲུགས་མི་ནུས་པ་བཞིན། འདི་ནི་མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་པས་མི་འཁྲུགས་པའི་ཕྱིར། བརྩོན་འགྲུས་དང་ལྡན་པའི་དེ་ཆོས་ཅན། རྡོ་རྗེ་ལྟ་བུ་ཡིན་ཏེ། རྡོ་རྗེ་རིན་པོ་ཆེ་དེ་ཚུར་གང་གིས་ཀྱང་གཞིག་མི་ནུས་ཤིང་ཕར་ཐམས་ཅད་ལ་ཐོགས་པ་མེད་པ་ལྟར། གོ་ཆའི་བརྩོན་འགྲུས་ཀྱིས་ད་ལྟ་ཡན་ཆད་ཀྱི་དུས་ཐམས་ཅད་ཉིན་ཞག་གཅིག་ཏུ་བྱས་པའི་བསྐལ་པ་མང་པོར་སེམས་ཅན་གཅིག་གི་དོན་དུ་དམྱལ་བར་གནས་དགོས་ཀྱང་མི་སྐྱོ་ཞིང་གཞན་གྱི་དེ་ལས་མི་བྱེད་པའི་ཕྱིར། འདིའི་རྡོ་རྗེ་ནི་རྡོ་དྲིལ་གྱི་རྡོ་རྗེ་ལ་མི་བྱ་བར་རྡོ་རྗེ་རིན་པོ་ཆེ་ལ་བྱེད་གསུང༌། བསམ་གཏན་དང་ལྡན་པའི་དེ་ཆོས་ཅན། རིའི་རྒྱལ་པོ་ལྟ་བུ་ཡིན་ཏེ། རིའི་རྒྱལ་པོ་གཡོ་མི་ནུས་པ་བཞིན་དུ་འདི་ནི་བྱིང་རྒོད་དང་གཙོ་བོར་དམན་པའི་ཡིད་བྱེད་ཀྱིས་གཡོ་མི་ནུས་པའི་ཕྱིར། ཤེས་རབ་དང་ལྡན་པའི་དེ་ཆོས་ཅན། སྨན་ལྟ་བུ་ཡིན་ཏེ། ལམ་གཞན་གྱིས་ཀྱང་སྒྲིབ་པ་སེལ་ཡང༌། སྒྲིབ་གཉིས་ཀྱི་ནད་སེལ་བའི་སྨན་གྱི་དངོས་གཞི་ནི་ཤེས་རབ་ཡིན་པའི་ཕྱིར། ཐབས་མཁས་དང་ལྡན་པ་སོགས་ལྔ་ལ་བློ་གྲོས་མི་ཟད་པའི་མདོ་ལས། ཚད་མེད་བཞི། མངོན་ཤེས་ལྔའམ་དྲུག །བསྡུ་དངོས་བཞི། སོ་སོ་ཡང་ངག་རིག་བཞི། རྟོན་པ་བཞི་དང་ལྡན་པ་ཞེས་གསུངས་ལ་མི་ཟད་པ་གཞན་དང་སྦྱོར་ཚུལ་འདི་དང་འདྲ་ཞིང་ཐབས་མཁས་སོགས་དང་སྦྱར་བ་རང་ལྡོག་དང༌། ཚད་མེད་བཞི་དང་སྦྱར་བ་གཞི་ལྡོག་ནས་ཡིན་པས་དོན་གཅིག་ཏུ་འགྲོ་ཞིང༌། གསེར་ཕྲེང་ནས་མི་ཟད་པ་འདི་དག་དང་གསལ་བར་མ་སྦྱར་ཡང་རྣམ་བཤད་ཀྱིས་སྦྱར་གསུང༌། མི་ཟད་པ་བརྒྱད་ཅུ་ནི། དག་ལྡན་ལས། སེམས་བསྐྱེད་བསམ་སྦྱོར་ལྷག་བསམ་དང༌། །ཕ་རོལ་ཕྱིན་དྲུག་ཚད་མེད་དག །མངོན་པར་ཤེས་དང་བསྡུ་དངོས་བཞི། །སོ་སོ་རིག་སྟོན་ཚོགས་གཉིས་དང༌། །བྱང་ཆུབ་ཕྱོགས་མཐུན་ཞི་གནས་སོགས། །གཟུངས་བཞི་ཆོས་ཀྱི་མདོ་བཤད་དང༌། །བགྲོད་གཅིག་ཐབས་ལ་མཁས་པ་འོ། །ཞེས་གསུངས་པའི་ཕྱིར། ཐབས་མཁས་དང་ལྡན་པའི་དེ་ཆོས་ཅན། དགེ་བའི་བཤེས་གཉེན་ལྟ་བུ་ཡིན་ཏེ། མཛའ་བཤེས་ཀྱིས་རང་གི་གྲོགས་ནམ་ཡང་མི་འདོར་བ་ལྟར་འདིས་ཀྱང་ཚད་མེད་བཞིའི་སྒོ་ནས་སེམས་ཅན་ནམ་ཡང་མི་འདོར་བའི་ཕྱིར། སྨོན་ལམ་དང་ལྡན་པའི་དེ་ཆོས་ཅན། ནོར་བུ་ལྟ་བུ་ཡིན་ཏེ། ཡིད་བཞིན་གྱི་ནོར་བུ་ལ་མཆོད་ན་གང་འདོད་པ་འབྱུང་བ་བཞིན་དུ། གང་བྱས་ན་སེམས་ཅན་གྱི་དོན་དུ་འགྱུར། གང་ཞིག་གིས་ཕན་ཐོགས་པ་མངོན་ཤེས་ཀྱིས་གཟིགས་ཏེ་སྨོན་ལམ་བཏབ་ན་གང་སྨོན་པ་འགྲུབ་པའི་ཕྱིར། སྟོབས་དང་ལྡན་པའི་དེ་ཆོས་ཅན། ཉི་མ་ལྟ་བུ་ཡིན་ཏེ། ཉི་མས་ལོ་ཏོག་སྨིན་པར་བྱེད་པ་བཞིན་དུ། འདིས་ཀྱང་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་སེམས་ཅན་སྨིན་པར་བྱེད་པའི་ཕྱིར། དེའང་སྐྱེས་བུ་དམ་པ་རྣམས་ཀྱིས་འཇིག་རྟེན་གྱི་ཕྱོགས་རྒྱ་བསྐྱེད་དེ་རྒྱ་ཆེན་པོ་བྱེད་མདོག་ཁ་པོ་དང༌། ཕྱུག་པོ་ལ་མཛེས་མཛེས་བྱེད་པ་སོགས་འཇིག་རྟེན་ཆོས་བརྒྱད་བྱས་པ་མིན་གྱི། གདུལ་བྱ་གང་ཡིན་ཚད་འདུལ་བ་ལ་ཐོག་མ་ནས་ཆོས་བཤད་ན་དེའི་དོན་དུ་འགྱུར་མི་འགྱུར་དུ་མ་ཞིག་ཡོད་པས། དང་པོར་ང་རྒྱལ་ཅན་ལ་བསྟོད་ར་དང༌། སེར་སྣ་ཅན་ལ་ཟས་ནོར་སྦྱིན། ཞེས་པ་ལྟར་རང་རང་གི་བློ་དང་འཚམ་པར་བྱེད་དགོས་པས། སྐྱེས་བུ་དམ་པས་དེ་ལྟར་ཐབས་མཁས་བྱས་པ་དེ་རྒྱལ་སྲས་ཀྱི་ཉམས་ལེན་གྱི་གཙོ་བོ་ཞིག་ཏུ་གོ་དགོས་གསུང༌། ཡེ་ཤེས་དང་ལྡན་པའི་དེ་ཆོས་ཅན། གླུ་དབྱངས་ལྟ་བུ་ཡིན་ཏེ། གླུ་དབྱངས་སྙན་པོས་ཐམས་ཅད་ཀྱི་ཡིད་འདུན་པར་བྱེད་པ་ལྟར་ཆོས་དོན་ངེས་ཚིག་སྤོབས་པ་སོ་སོ་ཡང་དག་པ་རིག་པ་བཞིའི་སྒོ་ནས་ཁམས་དང་བསམ་པ་ཕལ་ཆེར་དང༌། ཚིག་གང་གི་སྒོ་ནས་དོན་གང་བསྟན་ན་དོན་དུ་འགྱུར་སྙམ་དུ་ཤེས་པར་བྱས་ཏེ་སོ་སོའི་སྐད་ཀྱིས་ཆོས་བསྟན་ནས་འདུན་པར་བྱེད་པའི་ཕྱིར། དེའང་འདིའི་ཤེས་རབ་དང་ཡེ་ཤེས་ཀྱི་ཕར་ཕྱིན་གཉིས་ཀྱི་ཁྱད་པར་ནི་སྔ་མ་ཇི་ལྟ་བ་རྟོགས་པ་དང༌། ཕྱི་མ་ཇི་སྙེད་པ་རྟོགས་པའི་བློར་བྱེད་པ་རྣམ་བཤད་དགོངས་པ་རབ་གསལ་ནས་གསུངས་པ་ལྟར་ཡིན་གསུང༌། ས་བཅུ་པའི་ཁྱད་པར་ལམ་ལ་ལྔ་ནི། མངོན་ཤེས་དང་ལྡན་པའི་དེ་ཆོས་ཅན། རྒྱལ་པོ་ལྟ་བུ་ཡིན་ཏེ། རྒྱལ་པོ་ཆེན་པོ་དེས་གཞན་གྱི་ཚིག་གི་རྗེས་སུ་མི་འབྲང་བར་རང་གི་འཁོར་ཚུལ་བཞིན་བྱེད་མཁན་རྣམས་གཟེངས་བསྟོད་པ་དང༌། ཚུལ་བཞིན་མི་བྱེད་མཁན་རྣམས་བཏང་སྙོམས་སུ་མི་འཇོག་པར་ཚར་གཅོད་ཅིང་དེ་ལྟ་བུའི་ཚར་གཅོད་རྗེས་འཛིན་གྱི་སྒོ་ནས་ཡུལ་འཁོར་སྐྱོང་བར་བྱེད་པ་ལྟར་འདིས་ཀྱང་འཇམ་པ་དང་རྩུབ་པའི་ནན་ཏུར་གྱི་སྒོ་ནས་འདུལ་བྱ་འདུལ་བ་ལ་ཐོགས་པ་མི་མངའ་བའི་ཕྱིར། ཚོགས་གཉིས་དང་ལྡན་པའི་དེ་ཆོས་ཅན། བང་མཛོད་ལྟ་བུ་ཡིན་ཏེ། རྒྱལ་པོའི་བང་མཛོད་ལས། ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས། གཡུལ་འགྱེད་པ་ལ་མཚོན་ཆ་སོགས་ཡོ་བྱད་ཐམས་ཅད་འབྱུང་བ་ལྟར། ཚོགས་གཉིས་ལས་ཡེ་ཤེས་ཆོས་སྐུ་དང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དབེ་བྱད་བཟང་པོ་བརྒྱད་ཅུ། གསུང་དབྱངས་ཡན་ལག་དྲུག་ཅུ་སོགས་ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར། བྱང་ཕྱོགས་སོ་བདུན་དང་ལྡན་པའི་དེ་ཆོས་ཅན། ལམ་པོ་ཆེ་ལྟ་བུ་ཡིན་ཏེ། ལམ་པོ་ཆེའི་ནང་དུ་འགྲུལ་བ་བཟང་ངན་ཐམས་ཅད་འགྲོ་བ་ལྟར། ཐེག་པ་གསུམ་གྱི་འཕགས་པ་ཐམས་ཅད་གཤེགས་པའི་ཤུལ་ཡིན་པའི་ཕྱིར། འདི་ནི་བྱང་ཕྱོགས་སྤྱི་ལ་བྱེད་གསུང༌། སྙིང་རྗེ་ལྷག་མཐོང་དང་ལྡན་པའི་དེ་ཆོས་ཅན། བཞོན་པ་ལྟ་བུ་ཡིན་ཏེ། བཞོན་པ་བཟང་པོར་ཞོན་ཏེ་སོང་ན་གཡས་གཡོན་གྱི་གཡང་སར་མི་ལྟུང་བར་འདོད་པའི་གནས་སུ་སྐྱེལ་བ་ལྟར་སྙིང་རྗེ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས་ཀྱིས་སྲིད་ཞིའི་མཐར་མི་ལྟུང་བར་མི་གནས་པའི་མྱང་འདས་སུ་བགྲོད་པར་བྱེད་པའི་ཕྱིར། གཟུངས་སྤོབས་དང་ལྡན་པའི་དེ་ཆོས་ཅན། བཀོད་མའི་ཆུ་ལྟ་བུ་ཡིན་ཏེ། བཀོད་མའི་ཆུ་སྔ་མ་མང་དུ་བྱུང་ཞིང་དེའི་སྟེང་དུ་ཕྱི་མ་མང་པོ་གསར་དུ་འབྱུང་བ་བཞིན་དུ། གཟུངས་ཀྱིས་སྔར་མང་དུ་ཐོས་པ་རྣམས་མི་བརྗེད་པར་བཟུང་བའི་སྟེང་དུ་སྤོབས་པས་ཕྱི་མ་སྐད་ཅིག་རེ་རེ་ལའང་ཤོ་ལོ་ཀ་འབུམ་ཕྲག་སོགས་གསར་དུ་འཛིན་པར་བྱེད་པའི་ཕྱིར། དེའང་བཀོད་མའི་ཆུ་ནི་ཐང་གི་དཀྱིལ་ནས་ཡར་གྱེན་དུ་འབྱུང་བའི་ཆུ་དང༌། ཆུ་མིག་ནི་རིའི་ངོས་ནས་ཚུར་འབྱུང་བའི་ཆུ་ཡིན་གསུང༌། དགའ་སྟོན་དང་ལྡན་པའི་དེ་ཆོས་ཅན། སྒྲ་སྙན་ལྟ་བུ་ཡིན་ཏེ། དེ་རྣ་བར་སྙན་པ་ལྟར། འདིས་གདུལ་བྱ་ལ་འདུས་བྱས་མི་རྟག་པ་སོགས་སྙན་པར་སྒྲོགས་པའི་ཕྱིར། དེའང་གཞུང་རྒྱ་ཆེན་པོ་ཅི་འདྲ་ཞིག་ལ་བལྟས་ཀྱང༌། གོ་རྒྱུ་ཆེར་མི་སྣང་བ་ནི་རང་གི་སེམས་ལ་འབྱར་རྩི་ཞིག་མེད་པའི་རྟགས་ཡིན་ཏེ། རྒྱུད་སྨིན་པ་ཞིག་ལ་ཚིག་བཞི་འདིས་ཀྱང་ཆོག་པའི་ཕྱིར། དེས་ན་འདུས་བྱས་ཞེས་པའི་ཚིག་འདིས་ཀྱང་མི་རྟག་པར་འགྲུབ་ཀྱང༌། རང་རེ་རྣམས་ལ་དཔལ་འབྱོར་ལོངས་སྤྱོད་སོགས་བྱུང་བས་རྟག་པར་སྣང་འགྲོ །སྡུག་བསྔལ་བྱས་པའང་ཉིན་མོ་འགག་ནས་དེའི་རྗེས་སུ་མཚན་མོ་འབྱུང་བ་ལྟར། བདེ་བ་འགག་པའི་ཤུལ་དུ་སྡུག་བསྔལ་གཞན་དང་གཞན་ཞིག་འོང་བ་མིན་གྱི། ད་ལྟར་སེམས་འདིའི་སྟེང་ན་མེ་དོང་ཐལ་བས་གཡོགས་པ་ལྟར་བག་ལ་ཉལ་བའི་ཚུལ་དུ་ཡོད་པ་དེ་ནམ་ཞིག་རྐྱེན་དང་འཕྲད་ཚེ་མངོན་དུ་གྱུར་འོངས་པ་དེ་ཡིན་གསུངས། བགྲོད་པ་གཅིག་པའི་ལམ་དང་ལྡན་པའི་དེ་ཆོས་ཅན། ཆུ་བོའི་རྒྱུན་དང་འདྲ་སྟེ། ཆུ་བོའི་རྒྱུན་དེ་གཞན་དུ་ངང་གིས་རྒྱུན་མི་འཆད་པར་འཇུག་པའི་ཕྱིར། ཆོས་སྐུ་དང་ལྡན་པའི་དེ་ཆོས་ཅན། སྤྲིན་ལྟ་བུ་ཡིན་ཏེ། སྤྲིན་ནས་ཆར་གྱིས་ལོ་ཏོག་སྨིན་པར་བྱེད་པ་ལྟར། མཆོག་གི་སྤྲུལ་སྐུ་མ་དག་པའི་འདུལ་བྱ་ལ་དངོས་སུ་སྣང་ནས་དོན་མཛད་པའི་ཕྱིར། དེ་ལྟར་འགྲེལ་པར་ཆོས་ཐམས་ཅད་ཀྱི་གཞིའི་དངོས་པོ་ཡིན་པའི་ཕྱིར། ནས། ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་སོ་ཞེས་པའི་བར་གྱིས་དཔེ་དོན་ཆོས་མཐུན་སྦྱོར་ཚུལ་དངོས་སུ་བསྟན་པ་ཡིན་གསུང༌།

༈ གཉིས་པ་གདམས་ངག་ལ། དངོས་དང༌། གདམས་ངག་གི་དོན་སྒོམ་པའི་སྟོང་ཉིད་ལ་སྒོམ་བྱུང་སྐྱེས་པའི་ཐོག་མ་བཤད་པའོ། །དང་པོ་ལ་བརྟེན་པ་སྒྲུབ་པ་ལ་གདམས་པ། སྒྲུབ་པའི་རྟེན་ལ་གདམས་པ། སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་གདམས་པ་གསུམ། དང་པོ་ལ་སྒྲུབ་པའི་ངོ་བོ་ལ་འདོམས་པ། སྒྲུབ་པའི་དམིགས་པ་ལ་འདོམས་པ་གཉིས། དང་པོ་ནི། འགྲེལ་པར་དབྱེ་བ་ཞར་ལ་བརྗོད་ནས་ཞེས་སོགས་བྱུང༌། དེ་ལྟར་སེམས་བསྐྱེད་པ་ཙམ་གྱིས་མི་ཆོག་པར་དམ་བཅའི་དོན་སྒྲུབ་པ་ལ་འབད་དགོས་པ་དང༌། དེ་སྒྲུབ་པའི་ཐབས་ཤེས་དགོས། དེའང་རང་སྟོབས་ཀྱིས་ཤེས་མི་ནུས་པས་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་མཉེས་པར་བྱས་ཏེ་ཡོན་ཏན་སྔར་མེད་གསར་དུ་བསྐྱེད་པའི་རྗེས་བསྟན་དང༌། སྐྱེས་ཟིན་གོང་འཕེལ་དུ་བྱེད་པའི་གདམས་ངག་ཉན་པ་ལས་རང་རྒྱུད་སྨིན་བྱེད་ཕར་ཕྱིན་དྲུག་དང༌། གཞན་རྒྱུད་སྨིན་བྱེད་བསྡུ་དངོས་བཞི་ལ་བསླབ་དགོས་པ་ཡིན་པའི་ཕྱིར། དེའང་ཡིན་ཏེ་དཔེར་ན་མི་ཞིག་མྱ་ངམ་གྱི་ཐང་དུ་ལུས་པ་ལ་མི་གཞན་ཞིག་འོངས་ནས་ངས་ཁྱོད་བདེ་བའི་གནས་སུ་སྐྱེལ་བར་བྱའོ་ཞེས་དམ་བཅས་པ་དེའི་ཚེ་སྐྱེལ་བའི་གནས་དང་སྐྱེལ་རྒྱུའི་མི་གཉིས་ཙམ་ཞིག་གི་སྤྱི་ཤར་བས་མི་ཆོག་པར་བར་ན་ལམ་ཇི་འདྲ་ཞིག་ཡོད་པའི་སྤྱི་འཆར་དགོས་པ་བཞིན་དུ། སེམས་བསྐྱེད་ཀྱིས་ཀྱང་དམིགས་ཡུལ་བྱང་ཆུབ་དང་གཞན་དོན་གཉིས་ཙམ་ཞིག་ལ་དམིགས་པས་མི་ཆོག་པར་བྱང་ཆུབ་དེར་བགྲོད་པའི་ལམ་གྱི་རིམ་པ་གཞན་རྣམས་ཡན་ལག་གི་ཚུལ་དུ་བསྡུས་ཏེ་ཐེག་པ་ཆེན་པོ་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་དམིགས་ཡུལ་དུ་ཚུད་པ་ཞིག་དགོས་པའི་ཕྱིར་ཏེ། ཉི་སྣང་ལས། དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་མིན་ན་ཐེག་ཆེན་སེམས་བསྐྱེད་ལམ་གྱི་སྡོམས་སུ་འཇོག་དཀའ་གསུངས། ཡོངས་སུ་བསྲུང་བའི་དོན་ནི། དྲན་ཤེས་བཞིན་གྱིས་བྱ་ར་བྱས་ཏེ་བག་ལ་ཞ་རུ་མ་བཅུག་པའི་དོན་ཡིན། སྒྲུབ་པའི་ངོ་བོ་ལ་འདོམས་པ་ནི་སྒྲུབ་པ་ལ་འདོམས་པ་སྟེ། འདི་ནི་བཅུ་གའི་ཆིངས་ལྟ་བུ་ཡིན་པས་ཁྱད་གཞིའམ་སྤྱི་ལྡོག་དང༌། དམིགས་ཡུལ་ལ་འདོམས་པ་སོགས་ནི་ཁྱད་ཆོས་སམ་བྱེ་བྲག་ཡིན་ལ། དེའང་རྒྱས་པའི་སྡེ་སྣོད་ལས་སློབ་ཚུལ་མཐའ་ཡས་པར་གསུངས་པ་ཐམས་ཅད་བསྡུས་ན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལས་མི་འདའ་ཞིང༌། མི་འདའ་བའི་ཚུལ་ནི་ཤེས་རབ་ཀྱི་ཆ་ཐམས་ཅད་དོན་དམ་དེར་བསྡུས་ནས་ཤེས་རབ་ཀྱི་གཙོ་བོ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཉམས་སུ་ལེན་དགོས་པས་དོན་དམ་ལས་མི་འདའ་བ་དང༌། དོན་དམ་པར་མེད་ཀྱང་ཐ་སྙད་སྒྱུ་མ་ཙམ་དུ་ལས་རྒྱུ་འབྲས་ཀྱི་དབང་གིས་མར་གྱུར་སེམས་ཅན་རྣམས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁྱམ་ཚུལ་སོགས་ཐམས་ཅད་བསྙོན་མེད་དུ་འཇོག་ཤེས་པ་ཞིག་དགོས་པས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བ་ཡིན་པའི་ཕྱིར། དེ་ལྟར་རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་ལྟར་གཞི་ལ་བདེན་པ་གཉིས་ལས་མི་འདའ་བས་ལམ་ལ་ཚོགས་གཉིས་ལས་མི་འདའ་ཞིང༌། འབྲས་བུ་ལའང་སྐུ་གཉིས་ལས་མི་འདའ་བའི་ཕྱིར་ན། ངོ་བོ་བདེན་གཉིས་ལ་འདོམས་པའི་གདམས་ངག་ནི་གདམས་ངག་ཐམས་ཅད་འདུས་པའི་སྡོམ་ལྟ་བུར་བཞག་པ་ཡིན་གསུང༌། ཉན་ཐོས་སོགས་ནི་རང་ཁོ་ནའི་ཆེད་དུ་ཐར་པ་ཙམ་དང༌། དེ་ལ་བདེན་ཞེན་གྱི་སྒོ་ནས་འཇུག་པ་ཡིན་ལ། བྱང་སེམས་ཀྱིས་ནི་ཐབས་ཤེས་ཀྱི་ཆ་ཡོངས་སུ་རྫོགས་པའི་སྒོ་ནས་ཆེད་དུ་བྱ་བ་ཆེན་པོ་གསུམ་གྱི་དོན་དུ་མི་དམིགས་པའི་ཚུལ་གྱིས་སློབ་པས་ན་ཉན་ཐོས་སོགས་དང་ཐུན་མོང་མ་ཡིན་པར་འཇུག་པ་ཡིན་གསུངས། སེམས་བསྐྱེད་ཀྱི་མདོར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱ་ཞེས་གསུངས་པ་ལ་ཇི་ལྟར་བསླབ་པར་བྱ་དྲིས་པའི་ལན་དུ། བྱང་ཆེན་ཉིད་ཡོད་བཞིན་དུ་བྱང་ཆེན་གྱི་མིང་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་ཀྱིས་བྱང་ཆེན་དང༌། དེའི་མིང་དང༌། ཤེར་ཕྱིན་དང༌། རྫོགས་བྱང་བཞི་སྟེ། གང་གིས། གང་གི་ཕྱིར། གང་ལ། ཚུལ་ཇི་ལྟར་བསླབ་ཚུལ་རྣམས་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཉམས་སུ་ལོངས་ཤིག་ཅེས་ངོ་བོ་ལ་འདོམས་པ་ཡིན་ལ་ཁ་ཅིག་འདིའི་མིང་ལ་མིང་གཞིའི་ཕུང་པོ་འཇོག་ཟེར་བ་ཡོད་ཀྱང་སྐབས་དོན་མིན་པ་འདྲ་གསུངས། བརྒྱད་སྟོང་པ་ལས་བྱང་ཆུབ་སེམས་དཔའ་འམ་བྱང་ཆུབ་སེམས་དཔའི་ཆོས་ཀྱང་བདག་གིས་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་འདི་སྒྲུབ་པ་ལ་འདོམས་པའི་གདམས་ངག་ཡིན་ཞིང༌། མ་འཚལ་བ་སོགས་ནི་ཐོས་བསམ་སྒོམ་གསུམ་ལ་སྦྱོར་བ་དང༌། དབང་ཤེས་ཀྱིས་མ་མཐོང་བས་མ་འཚལ་བ་དང༌། རྟོག་བཅས་ཀྱིས་མ་དམིགས་པ་དང༌། དེ་གཉིས་ཀས་ཡང་དག་པར་རྗེས་སུ་མ་མཐོང་ཞེས་པའི་དོན་ནོ། །སྡུད་པ་ལས། གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག ནས། བདེ་གཤེགས་ཤེས་རབ་སྤྱོད། །ཅེས་པའི་བར་གྱི་ཤླཽ་ཀ་གཅིག་སྒྲུབ་པ་ལ་འདོམས་པའི་གདམས་ངག་སྟེ། འདིའི་ཤེར་ཕྱིན་ལ་བསླབ་པར་བྱ་ཞེས་པའི་ཤེར་ཕྱིན་དེ་ཡིན་ལ། དེའང་བྱང་སེམས་ཀྱིས་གདགས་གཞི་སེམས་བསྐྱེད་དེ་རྟེན་དུ་བྱས་ཏེ་ཐ་སྙད་ཙམ་དུ་ཤེར་ཕྱིན་ཉམས་སུ་ལེན་པ་ལ་མི་རྨོངས་ཤིང༌། དོན་དམ་པར་མེད་པ་ལ་མི་སྐྲག་པའི་བྱང་ཆེན་དེ་ནི་རྒྱལ་བས་བསྔགས་པའི་ཤེར་ཕྱིན་ལ་སྤྱོད་པ་ཡིན་ཅེས་པའི་དོན་ནོ། །ཤླཽ་ཀ་འདི་གདམས་ངག་ལ་སྦྱོར་བའི་ཁུངས་དངོས་སུ་ནི། དེ་སྐད་ཐོས་ནས་ཞེས་པའི་ཚིག་འདི་ཡིན་གསུངས། འབྲས་མཆོག་གམ་དང་པོ་ཞེས་པ་ནི་བསྐལ་པ་དང་པོར་མ་རྨོས་མ་བཏབ་པའི་འབྲས་ས་ལུ་བྱུང་བ་དེ་ལ་བྱས་ན་རུང་ཞིང༌། འོད་མ་བཅད་དཀའ་བ་ཞེས་པའི་འོད་མ་ནི་ཤིང་གཞུ་བྱེད་པའི་ཤིང་གཅོད་དཀའ་བ་ཞིག་ཡོད་པ་དེ་ཡིན་ནོ། །ཉི་སྣང་ལས། སྐབས་འདི་དག་ལས་འཕྲོས་ཏེ་མྱང་འདས་བརྒྱད་གསུངས་པ་ནི། རྩེ་མོ་ནས་དགེ་རྩ་ཆད་པའི་མྱང་འདས་དང༌། བཟོད་པ་ནས་ངན་འགྲོའི་མྱང་འདས་དང༌། བསམ་གཏན་ཐོབ་པ་རྣམས་ཀྱིས་ཡན་ལག་ལས་འདས་པ་སྟེ། མཛོད་ལས། ཡན་ལག་སྔ་སྔ་སྤངས་པ་ཡི། །ཞེས་པ་ལྟར་ཡན་ལག་སྔ་མ་སྔ་མ་ལ་ཆགས་བྲལ་བྱས་པ་ལྟ་བུ་དང༌། རྒྱུན་དུ་ཞུགས་པས་སྲིད་པ་ཉེར་བརྒྱད་ལས་འདས་པ་དང༌། ཕྱིར་འོང་གིས་རིགས་མཐུན་པའི་སྲིད་པ་གཉིས་ལས་འདས་པ་དང༌། ཕྱིར་མི་འོང་གིས་འདོད་པ་ལས་འདས་པ་དང༌། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་དང་བརྒྱད་དོ། །བརྒྱད་པོ་འདི་དག་མདོ་ལས་ཀྱང་གསུངས་ལ། མྱང་འདས་དངོས་མིན་པ་ལའང་མྱང་འདས་སུ་གསུངས་པ་དུ་མ་ཞིག་ཡོད་པས་ན་དགོངས་པ་ཅན་གྱི་མྱང་འདས་ཀྱང་མྱང་འདས་ཡིན་མི་དགོས་ཤིང༌། རང་རེའི་ཡིག་ཆར་དགོས་པ་ཅན་གྱི་མྱང་འདས་དང༌། ཞེས་པ་དང་སྒྲ་སྦྱར་བ་མ་དག་པ་ཡིན་ནམ་སྙམ་གསུང༌།

དམིགས་ཡུལ་བདེན་བཞི་ལ་འདོམས་པ་ནི། སྡུག་བསྔལ་ལ་ཞེས་གནས་གཞི་དང༌། འབྲས་བུའི་ཆ་ནས་དང་གཟུགས་སོགས་ཀྱི་སྟོང་ཉིད་དང་དེ་རྟོགས་པའི་ཤེར་ཕྱིན་དག་དོན་དམ་པར་མེད་དོ་ཞེས་པའི་ཚིག་གི་ནུས་པས་ཐ་སྙད་དུ་སྡུག་བསྔལ་ནད་ལྟར་ཤེས་པར་བྱ་ཞེས་འདོམས་སོ། །ཀུན་འབྱུང་ལ་རྒྱུར་གྱུར་པ་ཞེས་པས་རྒྱུའི་ཆ་ནས་དང༌། གཟུགས་སོགས་ནས་དོན་དམ་པར་མ་ཡིན་ནོ། །ཞེས་པའི་ཚིག་གི་ནུས་པས་ཐ་སྙད་དུ་ལས་ཉོན་ལས་སྐྱེས་པའི་སྐྱེ་བ་དང༌། དེ་ནས་རིམ་གྱིས་རྒ་བ་དང་ན་བ་སོགས་སྡུག་བསྔལ་གསུམ་གྱིས་འཇོམས་པར་བྱེད་པའི་འགག་པ་དང༌། ད་ལྟ་ཀུན་ནས་ཉོན་མོངས་པར་བྱེད་པ་དང༌། མ་འོངས་པ་ན་དག་པའི་ཚེ་རྣམ་པར་བྱང་བ་ཡིན་པས། ཀུན་འབྱུང་སྤང་བར་བྱ་ཞེས་འདོམས་སོ། །འགོག་པ་ལ་འདུས་བྱས་ཀྱི་མཚན་ཉིད་སྐྱེ་འགག །གནས་སྐབས་ཀྱི་ཁྱད་པར་དུ་མ་གཅིག་ཏུ་སོང་བའི་ཉམས་པ་གཅིག་དུ་མར་སོང་བའི་འཕེལ་བ། སྤང་གཉེན་གྱི་མཚན་ཉིད་ཀུན་བྱང་སོགས་དང་བྲལ་བའི་ཕྱིར་དོན་དམ་པར་གཟུགས་ནས་བྱང་ཆུབ་ཀྱི་བར་གང་དུའང་མ་གྲུབ་བོ་ཞེས་པས་ཐ་སྙད་དུ་མངོན་དུ་བྱ་བར་འདོམས་སོ། །ལམ་ལ་དོན་དམ་པར་སྦྱིན་སོགས་དྲུག་དང་སྟོང་ཉིད་ཉི་ཤུ་དང་སྔོན་གྱི་མཐའ་འདས་པ་དང་ཕྱི་མའི་མཐའ་མ་འོངས་པ་སོགས་ཕན་ཚུན་ལྡན་པ་དང་མི་ལྡན་པ་མ་ཡིན་པ་ཉིད་དུ་སྒྲུབ་པའོ། །ཞེས་པའི་ཚིག་གི་ནུས་པས་ཐ་སྙད་དུ་ལམ་བསྒོམ་པར་བྱ་ཞེས་འདོམས་སོ། །

གཉིས་པ་སྒྲུབ་པའི་རྟེན་ལ་འདོམས་པ་ནི། སངས་རྒྱས་ལ་ཞེས་སོགས་བྱུང༌། དེའང་རྣམ་མཁྱེན་དེ་སངས་རྒྱས་སུ་བྱེད་པའི་བྱེད་ཆོས་ཀྱི་གཙོ་བོ་ཡིན་པས་དེ་ལ་འདོམས་པ་སངས་རྒྱས་དཀོན་མཆོག་ལ་འདོམས་པའི་གདམས་ངག་ཏུ་འཇོག་དགོས་ལ། དོན་དམ་པར་རྣམ་མཁྱེན་དང་གཟུགས་སོགས་ཕན་ཚུན་མི་སྦྱོར་ཞེས་པའི་ཚིག་གིས་ཐ་སྙད་དུ་ཆོས་ཐམས་ཅད་སྐྱུ་རུ་ར་ལྟར་རྟོགས་པས་ཡུལ་ཡུལ་ཅན་དུ་སྦྱོར་བར་བྱ་ཞེས་འདོམས་སོ། །འདིར་ཁ་ཅིག །གཟུགས་སོགས་ལ་རྣམ་མཁྱེན་མི་སྦྱོར་བར་གསུངས་པའི་དོན། རྣམ་མཁྱེན་གྱིས་དེ་དག་ལ་བདེན་པར་མི་ཞེན་པ་ལ་བྱེད་པ་ཡོད་ཀྱང༌། དེ་ལྟར་ན་འགྲེལ་པ་འདིར་རྣམ་མཁྱེན་ལ་གཟུགས་སོགས་མི་སྦྱོར་བར་གསུངས་པ་བཤད་ཐབས་མི་རྙེད་པས་མི་འཐད་གསུངས། མཁྱེན་གསུམ་ཆོས་དཀོན་མཆོག་གི་གཙོ་བོ་ཡིན་པས་དེ་ལ་འདོམས་པ་ཆོས་དཀོན་མཆོག་ལ་འདོམས་པ་ཡིན་གསུངས།

༈ གསུམ་པ་སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་འདོམས་པ་ནི། འགྲེལ་པར། བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ཞེས་གསུངས། མི་མཐུན་ཕྱོགས་མངོན་གྱུར་སེལ་བར་འདོམས་པའི་མི་མཐུན་ཕྱོགས་ནི། སྤྱོད་འཇུག་ལས། ལེ་ལོ་ངན་ལ་ཞེན་པ་དང༌། །སྒྱིད་ལུག་བདག་ཉིད་བརྙས་པ་འོ། །ཞེས་གསུངས་པ་ལྟར། འཇིག་རྟེན་གྱི་བྱ་བ་ངན་པ་ལ་སྡུག་རུས་བྱེད་པ་ནི་བརྩོན་འགྲུས་མིན་ལ་བྱ་བ་ངན་ཞེན་གྱི་ལེ་ལོ་ཡིན་པས་ཆོས་ལ་འཇུག་པའི་གེགས་ཀྱི་གཙོ་བོ་ཡིན་ཞིང་སྤང་དགོས་ཏེ། ཚེ་འདིའི་མཐོ་གྲགས་དཔལ་འབྱོར་སོགས་ཕུན་ཚོགས་ཐམས་ཅད་རྡོ་བརྡར་བའི་དཔེ་ལྟར་གྲུ་བཞི་ལམ་མེ་བྱས་ཚར་བ་དང༌། ཤུལ་དུ་ཅམ་གྱིས་བཞག་སྟེ་རང་གཅིག་པུ་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་པས་བསླུ་བར་འགྱུར་བའི་ཕྱིར། དེས་ན་ཚེ་འདིའི་བྱ་བ་ངན་པ་ལ་མི་ཞེན་པར་དམ་པའི་ཆོས་ལ་བག་ཆགས་ཅི་ནུས་སུ་འཇོག་རིགས་ཏེ། འདིར་མཁས་པར་མ་གྱུར་ཀྱང་ཚེ་རབས་གཞན་དུ་ཆུད་ཟོས་པར་མི་འགྱུར་བའི་ཕྱིར་ཏེ། ས་སྐྱ་པཎ་ཆེན་གྱིས། ཚེ་འདིར་མཁས་པར་མ་གྱུར་ཀྱང༌། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་དང༌། འཕགས་པ་ལྷས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང༌། །སྐྱེ་བ་གཞན་དུ་འབད་མེད་པར། །ཐོབ་འགྱུར་ངེས་པའི་ལས་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཕྱི་མ་འདིའི་དོན་ལ་རྗེ་ས་པཎ་གྱིས། དཔེར་ན་ལས་དེ་སྐྱེ་བ་ཕྱི་མར་རང་གིས་བརྗེད་ཀྱང་ལས་ཀྱིས་གང་ཟག་རང་མི་གཏོང་བར་རྣམ་སྨིན་ལ་སྦྱོར་བར་བྱེད་པ་བཞིན་དུ། སྟོང་ཉིད་སོགས་ལ་ཚེ་འདིར་ཐོས་སོགས་བྱས་པས་མ་རྟོགས་ཀྱང་བག་ཆགས་ཙམ་བཞག་པ་དེ་སྐྱེ་བ་ཕྱི་མར་བརྗེད་ཀྱང་རུང༌། སྐྱེ་བ་ཇི་འདྲ་ཞིག་བླངས་ཀྱང་རུང༌། བག་ཆགས་དེས་གང་ཟག་དེ་ཚུར་མི་གཏོང་ཞིང་སྐབས་ཤིག་ཏུ་གསོས་བཏབ་སྟེ་འབྲས་བུ་དང་སྦྱོར་བར་བྱེད་ཅེས་བཤད་པ་འདི་ཚིག་གི་ནུས་པ་འདོན་ལུགས་ངོ་མཚར་བ་ཞིག་རེད་གསུངས། སྒྱིད་ལུག་པའི་ལེ་ལོ་ནི་བདག་གིས་མི་ནུས་སྙམ་དུ་སེམས་ཞུམ་པ་ཡིན་པས་དེའི་གཉེན་པོར་སྔར་གྱི་སངས་རྒྱས་ཐམས་ཅད་ཀྱང་དང་པོ་ནས་སངས་རྒྱས་མ་ཡིན་པར་རང་ཅག་འདྲ་བའི་འཆིང་བ་ཀུན་ལྡན་གྱི་སོ་སྐྱེས་རེས་བརྩོན་འགྲུས་བསྐྱེད་དེ་སངས་རྒྱས་པ་ཡིན་པས་བདག་གིས་ཀྱང་ཅིའི་ཕྱིར་མི་ནུས་སྙམ་དུ་སེམས་གཟེངས་བསྟོད་པར་བྱའོ། །བདག་ཉིད་བརྙས་པའི་གཉེན་པོར་ཕྱོགས་བཅུའི་སངས་རྒྱས་ལས་ལུང་ནོད་དགོས་པར་གསུངས་པ་ནི་གོང་མ་རྣམས་ཀྱི་དབང་དུ་བྱས་པ་ཡིན་གྱི་དང་པོ་ནས་དེ་ལྟར་མི་དགོས་པས་བརྩོན་འགྲུས་བསྐྱེད་པར་བྱའོ། །ཕྱོགས་བཅུའི་སངས་རྒྱས་ལ་ལུང་ནོད་ཅེས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་པ་ཞིག་རེད་གསུང༌། ལེ་ལོ་གསུམ་པོ་འདི་དཔེར་ན། དབུས་ལ་འགྲོ་མཁན་ཞིག་རང་གི་གནས་ལ་ཆགས་ན་ལམ་དུ་འཇུག་མི་ནུས་པ་དང༌། ཞུགས་ཀྱང་ཐག་རིང་བར་མཐོང་ནས་བདག་གིས་མི་ནུས་སྙམ་ནས་ཕྱིར་ལོག་པའམ། ཕྱིར་མ་ལོག་ཀྱང་མཚམས་ཤིག་ནས་ཡུལ་ཁམས་གཞན་ཞིག་ཏུ་བུད་སོང་ན་དབུས་ལ་ཕྱིན་མི་ནུས་པ་ལྟ་བུ་ཡིན་པས། དེ་ལྟར་མ་ཡིན་པར་དང་པོ་གང་ཞིག་འདོད་པའི་གནས་དེར་མ་ཕྱིན་པར་ཡུན་ཇི་ཙམ་འགོར་དགོས་པ་དང༌། དཀའ་སྤྱད་ཅི་འདྲ་དགོས་ཀྱང་བཟོད་ནུས་པ་ཞིག་དགོས་ལ། བཀའ་གདམས་པ་ཞིག་གིས་ཀྱང༌། གསུང་ཐམས་ཅད་ཚུར་བསྡུས་ན། དམིགས་རྒྱ་བསྐྱེད། ཡིད་རྒྱ་བསྲིང། ཁོང་སྲང་གློད་ཅེས་པ་འདི་གསུམ་པོ་རེད་གསུངས་པ་ལྟར་དགོས་གསུང༌། ཆོས་ཀྱི་སྤྱན་དང་ཆོས་ཀྱི་མིག་གཉིས་ལ་ཁྱད་པར་ཡོད་དེ། སྔ་མ་ཇི་སྙེད་པའི་ཡུལ་ཅན་དང་ཕྱི་མ་ཇི་ལྟ་བའི་ཡུལ་ཅན་ཡིན་ཏེ། དཔེར་ན། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཞེས་པའི་རྡུལ་མེད་པས་མཐོང་ལམ་བར་ཆད་མེད་ལམ་དང༌། དྲི་མ་དང་བྲལ་བས་མཐོང་ལམ་རྣམ་གྲོལ་ལམ་བསྟན་པ་བཞིན་ཡིན་པའི་ཕྱིར། སངས་རྒྱས་ཀྱི་སྤྱན་གྱི་ཡུལ་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པ་བྱང་ཆུབ་པ་ཞེས་པའི་དོན་ནི། སྤྱིར་ཆོས་ཀུན་ཏུ་འགྲོ་བའི་མདོ་ལས་གསུངས་པའི་ཚེ་ཐེག་ཆེན་སློབ་པ་འཕགས་པས་བདེན་སྟོང་དང་སྒྱུ་མ་ལྟ་བུ་གཉིས་ཀ་མངོན་སུམ་དུ་རྟོགས་ཀྱང་སྟོང་ཉིད་ལ་མཉམ་པར་བཞག་ཚེ་ཀུན་རྫོབ་ཀྱི་སྣང་བ་མི་འཆར། རྗེས་ཐོབ་ཀྱི་ཚེ་མཉམ་གཞག་གི་སྣང་བ་མི་འཆར་བས་རྣམ་པ་ཕྱོགས་རེ་བ་ཡིན་ལ། སངས་རྒྱས་ཀྱིས་དམིགས་ཡུལ་ཆོས་ཐམས་ཅད་གཟིགས་པའི་ཚེ་ཆོས་ཅན་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་དང༌། ཆོས་ཅན་སྟོང་ཉིད་གཟིགས་པའི་ཚེ་ནའང་དམིགས་ཡུལ་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པས་ན་རྣམ་པ་ཐམས་ཅད་མངོན་པར་རྫོགས་པ་ཡིན་ལ། བྱང་ཆུབ་པ་ནི་ཁོང་དུ་ཆུད་པའི་དོན་དུ་བཤད་གསུངས། སྤྱིར་སྤྱན་ལྔ་འདི་དག་གསུངས་པ་ནི་བདག་རྐྱེན་གྱི་སྒོ་ནས་དབང་ཤེས་དང་ཡིད་ཤེས་ཀྱི་ཁྱད་པར་སོགས་ལ་མཁས་པའི་ཕྱིར་དང༌། གཞན་ཕྱོགས་པ་འགའ་ཞིག་གིས་ལྷ་སྐུ་ལ་མིག་གིས་བལྟས་ཏེ་ཞི་གནས་སྒྲུབ་པར་འདོད་པ་འགོག་པ་སོགས་ཀྱི་དགོས་པ་མང་པོ་ཡོད་ཀྱང༌། འདིར་རེ་རེ་ནས་རྒྱས་པར་བཤད་པས་མཐའ་མི་ཆོད་ལ། ངོ་བོ་སོགས་རང་རེའི་ཡིག་ཆར་བཤད་འདུག་པས་འདིར་དེ་ཙམ་གྱིས་ཆོག་གསུངས། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་སོགས་ཤེས་ཚུལ། རྣམ་འགྲེལ་ལས། རང་ལས་བློ་སྔོན་འགྲོ་བ་ཡིས། །བྱ་བ་མཐོང་ནས། ཞེས་སོགས་ཀྱིས་རང་ཉིད་ཀྱི་ལུས་འདི་འདྲ་བ་ལས་སེམས་འདི་འདྲ་ཞིག་འབྱུང་ཞེས་རང་ལ་དཔག་སྟེ། གཞན་ལའང་ལུས་འདི་འདྲ་ལ་སེམས་འདི་འདྲ་བ་ཡོད་ཅེས་དཔྱད་ཤེས་པ་ལྟ་བུར་བཤད་འདུག་པས་མིག་གིས་གཟུགས་མཐོང་བ་ལྟར་ཡིན་མིན་དཔྱད་དགོས། དེའང་རང་རེའི་ཡིག་ཆ་སོགས་ནས་ས་གོང་མའི་མངོན་ཤེས་ཀྱིས་སངས་རྒྱས་ཀྱི་མཐུ་ཐོགས་མེད་དུ་ཤེས་གསུངས་པ་དེ། རྣམ་མཁྱེན་ཞིག་ཤེས་པ་ལ་བྱེད་ན་མངོན་ཤེས་མངོན་སུམ་ཡིན་པས་མི་འཐད་ལ། འགའ་ཞིག་གིས་འཇིག་རྟེན་པའི་ཐུགས་མངོན་དུ་མཛད་པ་དེ་ཤེས་པ་ཡིན་ཟེར་བ་ཡོད་ཀྱང༌། འཇིག་རྟེན་པའི་ཐུགས་ནི་ཤཱ་རིའི་བུ་སོགས་ཀྱིས་འདི་འདྲ་ཞིག་དགོངས་འདུག་པས། ངས་འདི་དང་འདི་བྱ་དགོས་སྙམ་དུ་ཤེས་པའི་ཐུགས་ཀྱི་སྤྱོད་པ་དེ་ཡིན་པས། དེ་ཤེས་པ་བྱང་ཆུབ་སེམས་དཔའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་མི་འགྲོ་བས་དཔྱད་དགོས་པའི་གནས་ཤིག་ཡིན་གསུངས། མངོན་ཤེས་དྲུག་གི་སྒོ་ནས་སྒྲུབ་པ་མྱུར་དུ་རྫོགས་ཚུལ་ནི། མདོ་སྡེ་རྒྱན་ལས། གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་བ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་གདུལ་བྱ་གང་ན་ཡོད་པ་དེར་མྱུར་དུ་གཤེགས་པ་དང༌། ལྷའི་རྣ་བའི་མངོན་ཤེས་ཀྱིས་གདུལ་བྱའི་སྐད་རིགས་དེ་དང་དེ་ཤེས་པ་དང༌། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གདུལ་བྱ་དུག་གསུམ་དང་དགེ་བའི་ཕྱོགས་གང་ལ་སྤྱོད་པ་སོགས་ཁམས་དང་བསམ་པ་ཤེས་པ་དང༌། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱིས་གདུལ་བྱ་དེ་ཚེ་རབས་སྔ་མར་ལས་ཇི་འདྲ་ཞིག་བསགས་པའི་སྟོབས་ཀྱིས་འདིར་སྐྱེས་པ་ཤེས་པ་དང༌། ལྷའི་མིག་གི་མངོན་ཤེས་ཀྱིས་ད་ལྟ་ལས་འདི་འདྲ་ཞིག་བསགས་ན་སྐྱེ་བ་ཕྱི་མར་གནས་འདི་འདྲ་ཞིག་ཏུ་སྐྱེ་བ་དང༌། མ་བསགས་ན་མི་སྐྱེ་ཞེས་སྐྱོ་བ་བསྐྱེད་དེ་ཐར་པའི་ལམ་དུ་འཁྲིད་པར་བྱེད་པ་ཡིན་ལ། དེའང་མོའུ་འགལ་གྱི་བུས་ཁྱིམ་བདག་དཔལ་སྐྱེས་ལ་རང་གི་སྐྱེ་བ་སྔ་མའི་ཆུ་སྲིན་གྱི་རུས་པ་བསྟན་ཏེ་སྐྱོ་བ་བསྐྱེད་ནས་གྲོལ་བར་བྱས་པ་ལྟ་བུ་སྔོན་གནས་རྗེས་དྲན་གྱི་སྒོ་ནས་དང༌། ཀུན་དགའ་བོའི་ཚ་བོ་གཉིས་ལ་ཕྱི་མའི་དམྱལ་བའི་གནས་བསྟན་ཏེ་སྐྱོ་བ་བསྐྱེད་པའི་ལྷའི་མིག་གི་སྒོ་ནས་དང༌། ཟག་ཟད་ནི་གཉིས་ཀ་ལའང་ཡོད་ལ། དེ་ལྟར་མཛོད་ལས། གསུམ་ནི་རིག་པ་སྔོན་མཐའ་སོགས། །མ་རིག་པ་ནི་བཟློག་ཕྱིར་རོ། །ཞེས་པའི་གསུམ་ནི་འདི་ལ་བྱེད་གསུང༌། སྤང་བྱ་ལྷན་སྐྱེས་ཀྱི་ས་བོན་སྤོང་བྱེད་སྒོམ་ལམ་ནི་མཐོང་ལམ་གྱིས་ཆོས་ཉིད་མངོན་སུམ་དུ་མཐོང་ཞིང་དེ་གོམས་པར་བྱེད་པའི་རྒྱུན་ཙམ་ལ་འཇོག་གི །དེ་ལ་མ་ལྟོས་པའི་སྒོམ་ལམ་མཚན་ཉིད་པ་མེད་དེ། དཔེར་ན། རྣམ་པར་དག་བྱེད་ལ་མ་ལྟོས་པའི་རྣམ་དག།རྣམ་དག་ལའང་མ་ལྟོས་པའི་རྣམ་པར་དག་བྱེད་མེད་པ་བཞིན་ནོ། །དེ་ལྟར་ན་དེ་གཉིས་ཀྱི་སྒྲིབ་པ་སྤོང་བའི་ནུས་པ་ལའང་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། གོས་ཀྱི་དྲི་མ་བཀྲུ་བྱེད་ཀྱི་ཆུ་སྔ་ཕྱི་གཉིས་ཆུ་ཡིན་པར་མཚུངས་ཀྱང་སྔ་མས་མ་དག་པ་ཕྱི་མས་དག་པ་ཡོད་པ་ལྟར་ཆོས་ཉིད་རྟོགས་ཚུལ་ལ་ཁྱད་པར་མེད་ཀྱང་སྔ་མས་སྤོང་མ་ནུས་པའི་ལྷན་སྐྱེས་ཀྱི་ས་བོན་ཕྱི་མས་སྤོང་ནུས་པ་ཡིན་ནོ། །

སྐབས་བཞི་པ་དང་འདིར་ཡང་མཐོང་སྒོམ་ལ་འདི་འདྲའི་དོགས་པ་བྱེད་དགོས་པའི་རྒྱུ་མཚན་ནི། བདེན་པར་མེད་དེ། བདེན་གྲུབ་ཀྱི་གཅིག་དང་དེའི་དུ་མ་གང་རུང་དང་བྲལ་བའི་ཕྱིར། དུ་མར་མེད་དེ་གཅིག་མེད་པའི་ཕྱིར། གཅིག་ཏུའང་མེད་དེ་ཆ་བཅས་ཡིན་པའི་ཕྱིར་ཞེས་ཆ་བཅས་ཀྱི་རྟགས་ཀྱིས་སྒྲུབ་པའི་ཚེ་བུམ་པ་ལྟ་བུ་ལ་མཆུ་ཞབས་ལྟོ་བ་སོགས་ཀྱི་ཆ་དང་བཅས་ལ། ཤེས་པ་ནི་སྔ་ཕྱིའི་ཆ་དང་བཅས་པའི་རྟགས་ཀྱིས་སྒྲུབ་དགོས་པས་འདིར་མཐོང་སྒོམ་གཉིས་དེ་ལྟར་སྒྲུབ་པ་ཡིན་ལ། གལ་ཏེ་དེ་གཉིས་བདེན་པར་གྲུབ་ན་མཐོང་ལམ་གྱི་ངོ་བོ་འགག་པའི་ཚེ་རྫས་རྒྱུན་ཡང་ཆད་དགོས་ལ། སྒོམ་ལམ་ཡང་ཐོག་མ་ནས་སྒོམ་ལམ་ཡིན་བཞིན་པར་ཡོང་དགོས་པས་ཚོགས་ལམ་སྦྱོར་ལམ་དུ་འགྱུར་བ་སོགས་མི་འཐད་པའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ་གསུང༌། རྟེན་གང་ཡིན་པ་སྐྱབས་གསུམ་དང་ཞེས་པ་ནི་ལམ་སྒྲུབ་པ་ལ་གྲོགས་ཁྱད་པར་ཅན་ཞིག་དགོས་ལ། དེའང་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་ལ་བརྟེན་དགོས་པའི་དོན་ནོ། །མཐར་ཐུག་པའི་རྒྱུ་གང་དག་ཡིན་པ་མཐོང་སྒོམ་དང་ཞེས་པ་ནི་སྒྲིབ་གཉིས་ཀྱི་ནད་སེལ་བའི་སྨན་དངོས་གཞི་ཡིན་པས་དེ་ལྟར་གསུངས། ཐེག་པ་ཆེ་ཆུང་གི་སྐྱབས་འགྲོ་ལ་ཁྱད་པར་ཆེན་པོ་ཡོད་དེ་ཐེག་དམན་གྱིས་སངས་རྒྱས་ལ་རྒྱུ་སྐྱབས་སུ་བཟུང་སྟེ་རང་ཉིད་འཁོར་བའི་འཇིགས་པ་ལས་བསྐྱབ་ཏུ་གསོལ། ཞེས་སངས་རྒྱས་ལ་ཕར་གསོལ་བ་འདེབས་པ་དེ་སངས་རྒྱས་ལ་སྐྱབས་སུ་འགྲོ་ཚུལ་དང༌། ཐེག་ཆེན་གྱིས་དེ་ལྟར་མ་ཡིན་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་དགོས་པ་དང༌། དེ་ལའང་ཐོག་མར་རང་ཉིད་ཀྱིས་སངས་རྒྱས་ཐོབ་དགོས་པར་འདུག་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ། །ཞེས་གཙོ་བོར་འབྲས་སྐྱབས་སུ་འཛིན་པ་དེ་སངས་རྒྱས་ལ་སྐྱབས་སུ་འགྲོ་ཚུལ་ཡིན་ཏེ། ཕར་ཕྱིན་བསྡུས་པ་ལས། སེམས་ཅན་རྣམས་ལ་སྙིང་བརྩེ་ཞིང༌། །བདེ་གཤེགས་ཡོན་ཏན་ཐོབ་མོས་ན། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །མདོར་བསྡུས་སྐྱབས་སུ་སོང་བ་ཡིན། །ཞེས་གསུངས་པའི་ཕྱིར། དེའང་རྐང་པ་དང་པོ་གཉིས་ཀྱིས་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་ཕྱིར་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་མོས་པ་ཞེས་བཤད་ནས་དེ་ལྟར་མོས་པ་དེ་ཐེག་ཆེན་གྱིས་སངས་རྒྱས་ལ་སྐྱབས་སུ་འགྲོ་ཚུལ་ཡིན་པར། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞེས་སོགས་རྐང་པ་ཕྱི་མ་གཉིས་ཀྱིས་བསྟན་པ་ཡིན་གསུང༌། དེ་ཐོབ་པའི་ཕྱིར་དུ་ཐབས་ཤེས་གཉིས་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་ལམ་ཉམས་སུ་ལེན་པ་ཐམས་ཅད་ཆོས་ལ་སྐྱབས་སུ་འགྲོ་ཚུལ་ཡིན་ཏེ། ཕར་ཕྱིན་བསྡུས་པ་ལས། བྱང་ཆུབ་མཆོག་གི་ཕྱོགས་ཀྱི་ཆོས། །བདག་དོན་མ་ཡིན་གཞན་དོན་དུ། །སྙིང་རྗེ་ཆེན་པོས་སྤྱོད་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །ཞེས་གསུངས་པའི་ཕྱིར། དེའང་བྱང་ཆུབ་མཆོག་གི་ཕྱོགས་སམ་དེ་ལ་ཕན་འདོགས་པའི་ཆོས་དེ་གཞན་དོན་དུ་སྙིང་རྗེ་ཆེན་པོ་སོགས་ཀྱི་རྩིས་ཟིན་པའི་སྒོ་ནས་སྤྱོད་པ་ནི་ཐེག་ཆེན་གྱི་ཆོས་ལ་སྐྱབས་སུ་འགྲོ་ཚུལ་ཡིན་པར། བྱང་ཆུབ་མཆོག་གི་ཞེས་སོགས་ཤླཽ་ཀ་གཅིག་གིས་བསྟན་པ་ཡིན་གསུང༌། གྲོགས་རང་དང་ལྟ་སྤྱོད་མཚུངས་པའི་ཐེག་ཆེན་གྱི་དགེ་འདུན་ལ་བརྟེན་པ་ནི་དགེ་འདུན་ལ་སྐྱབས་སུ་འགྲོ་ཚུལ་ཡིན་ཏེ། ཕར་ཕྱིན་བསྡུས་པ་ལས། བྱང་ཆུབ་མཆོག་སེམས་མི་ལྡོག་དང༌། །དབང་དང་ཚད་མེད་ཡོན་ཏན་གྱིས། །བརྒྱན་པའི་ཡོན་ཏན་གང་ཚོལ་བ། །དེ་ནི་དགེ་འདུན་སྐྱབས་སོང་ཡིན། །ཞེས་གསུངས་པའི་ཕྱིར། དེའང་དཔེར་ན་དབུས་ལ་འགྲོ་མི་ཞིག་གི་འགྲོ་གྲོགས་ནི་དབུས་ལ་འགྲོ་མཁན་ཞིག་མ་གཏོགས་པ། སོག་པོ་དང་རྒྱ་ནག་ལ་འགྲོ་མཁན་ཞིག་གིས་མི་ཆོག་པ་ལྟར། འདིར་ཡང་བླ་མ་བྱང་ཆུབ་མ་ཐོབ་བར་དུ་ནམ་ཡང་མི་ལྡོག་པའི་ཐེག་ཆེན་གྱི་དགེ་འདུན་དབང་བཅུ་ཚད་མེད་བཞི་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པ་ཚོལ་བ་ནི་ཐེག་ཆེན་གྱི་དགེ་འདུན་ལ་སྐྱབས་སུ་འགྲོ་ཚུལ་ཡིན་པར། བྱང་ཆུབ་མཆོག་སེམས་ཞེས་སོགས་ཀྱིས་བསྟན་པ་ཡིན་གསུང༌། དེའང་འདིར་སངས་རྒྱས་དཀོན་མཆོག་ནི་སྐབས་དང་པོ་དང་བརྒྱད་པར་བསྟན་པ་དང༌། ཆོས་དཀོན་མཆོག་ནི་སྐབས་ལྷག་མ་རྣམས་ཀྱིས་བསྟན་པ་ཡིན་ལ། དགེ་འདུན་དཀོན་མཆོག་ནི་སྐབས་གཞན་དུ་རྒྱས་པར་མ་བསྟན་པས་འདིར་དམིགས་སུ་བཀར་ནས་བར་སྐབས་ཀྱི་ཚིགས་བཅད་ཀྱིས་བསྟན་པ་ཡིན་ལ། དེའང་འདིའི་སྐབས་སུ་མཚོན་བྱེད་དཔེའི་དགེ་འདུན་དཔེར་བྱས་ཏེ། དེའི་སྒོ་ནས་མཚོན་བྱ་དོན་གྱི་དགེ་འདུན་གཙོ་བོར་བསྟན་པ་ཡིན་པས་དེ་ལྟར་དཔེའི་སྒོ་ནས་མཚོན་བྱ་དོན་གྱི་དགེ་འདུན་གྱི་དབྱེ་བ་དང་ཁྱད་པར་སོགས་ཤེས་པར་བྱས་ཏེ་སྐྱབས་སུ་སོང་ན་ཐེག་ཆེན་ལ་ཡིད་ཆེས་ཀྱི་དད་པ་སོགས་གོང་འཕེལ་དུ་འགྲོ་བ་ཞིག་འོང་བ་ཡིན་གྱི། དེ་ལྟར་མ་ཤེས་པར་མཚོན་བྱེད་ཀྱི་དཔེ་ཙམ་ཤེས་པར་འདོད་པ་ནི། སྒྲོན་གསལ་ལས། ཟླ་བ་ལྟ་འདོད་སོར་མོའི་རྩེ་ལ་ལྟ་དང་མཚུངས། །ཞེས་གསུངས་པ་ལྟར་བྱིས་པ་ཆུང་ངུ་ཟླ་བ་ལ་བལྟ་འདོད་པ་ལ་ཟླ་བ་སོར་མོས་བསྟན་པའི་ཚེ་ཟླ་བ་ལ་མི་ལྟ་བར་སོར་མོའི་རྩེ་ལ་བལྟ་བ་དང་འདྲ་གསུང༌། དེའང་དཔེར་ན་མི་ཞིག་ཉི་མ་བཞིས་འགྲོ་དགོས་པའི་ཡུལ་ཞིག་ཏུ་འགྲོ་ཚེ་ཉིན་དང་པོའི་ཞག་ཏུ་སྡོད་སར་ཕྱིན་པའི་ཚེ། འགྲོ་ས་མཐར་ཐུག་ཏུ་ཕྱིན་པ་མིན་ཀྱང་རེ་ཞིག་འགྲོ་བའི་བྱ་བ་བཞག་སྟེ་འདུག་པ་དང༌། དེ་ནས་ཅུང་འགོར་བ་ན་ཡང་ཉིན་གཉིས་པའི་འགྲོ་རྒྱུའི་བྱ་བ་བསྒྲིགས་ཏེ་ཉིན་གཉིས་པར་ལམ་དུ་ཞུགས་ནས་སོང་བའི་ནུབ་མོའི་སྡོད་སར་སླེབ་པའི་ཚེའང་རེ་ཞིག་འདུག་གྲབས་བྱེད་པ་སོགས་བཞིན་དུ་ཞུགས་པ་བཞིའི་དང་པོ་རྒྱུན་ཞུགས་ཞུགས་པ་ལྟ་བུས་རང་གི་འབྲས་བུ་ཐོབ་པའི་ཚེ་རེ་ཞིག་རང་གི་འབྲས་བུ་ལ་གནས་པ་ཙམ་ཡིན་གྱི། འབྲས་བུ་གོང་མ་ཐོབ་ཕྱིར་དུ་ཆེར་མི་བརྩོན་པས་འབྲས་གནས་ཙམ་པོ་བ་དང༌། དེ་ནས་ཅུང་འགོར་བ་ན་ཡང་རང་འབྲས་གོང་མ་ཐོབ་བྱེད་ཀྱི་སྦྱོར་བ་ལ་ཞུགས་པའི་ཚེ་འབྲས་གནས་ཁྱད་པར་ཅན་ཞེས་ཟེར་བ་ཡིན་གསུང༌། ཉིན་དང་པོའི་ལམ་དང་ཉིན་གཉིས་པའི་སྡོད་ས་གཉིས་བཤད་པ་ན། ཉིན་དང་པོའི་སྡོད་ས་དང་ཉིན་གཉིས་པའི་ལམ་དོན་གྱིས་གོ་བ་བཞིན་དུ་ཞུགས་པ་དང་པོ་དང་འབྲས་གནས་གཉིས་པ་བཤད་པ་ན། འབྲས་གནས་དང་པོ་དང་ཞུགས་པ་གཉིས་པ་དོན་གྱིས་གོ་བར་འགྱུར་བ་ཡིན་གསུང་༌།

                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།