འགྲེལ་པ་དོན་གསལ་གྱི་ཟིན་བྲིས་སྦས་དོན་གསལ་བའི་སྒྲོན་མེ།དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-07 14:03:02     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

    ༄༅། །འགྲེལ་པ་དོན་གསལ་གྱི་སྟེང་ནས་རྒྱས་འབྲིང་བསྡུས་གསུམ་མངོན་རྟོགས་རྒྱན་རྩ་འགྲེལ་སོགས་མདོ་རྒྱན་སྦྱར་བའི་གཟབ་བཤད་ཀྱི་ཟིན་བྲིས་སྦས་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།དང་བོ། 

བསླུ་མེད་དཀོན་མཆོག་གསུམ་གྱི་མཛོད་བརྙེས་ཏེ། །ངོ་མཚར་མཛད་པས་བསྟན་པའི་སྙིང་པོ་མཆོག །གསལ་མཛད་སྨྲ་བའི་སྒྲོན་མེར་གུས་བཏུད་ནས། །བླ་མའི་གསུང་རྒྱུན་ཟིན་ཙམ་ཡི་གེར་འགོད། །

དེའང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པ་ལྟར། འགྲོ་བ་རྣམས་ཀྱི་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པའི་ནད་མ་ལུས་པ་སེལ་བའི་སྨན་གཅིག་པུ་ལེགས་ཚོགས་ཐམས་ཅད་འབྱུང་བའི་གནས་ནི་སངས་རྒྱས་ཀྱི་བསྟན་པ་ཉིད་ཡིན་ལ། དེ་ཉིད་གནས་པ་གཙོ་བོར་འཆད་ཉན་ལ་རག་ལས་ཤིང༌། འཆད་ཉན་ཚུལ་བཞིན་དུ་བྱེད་པའང་འཆད་པ་པོ་དང་ཉན་པ་པོ་ལ་རག་ལས་པས། དེའང་བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། སྟེན་བྱེད་སློབ་མའི་མཚན་ཉིད། དེས་དེ་བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས་སོགས་གཞུང་གཞན་ལས་ཀྱང་བཤད་མོད། རྒྱན་འདིར་ཡང༌། སེམས་མི་འགོང་བ་ཉིད་ལ་སོགས། །ཞེས་སོགས་ཀྱིས་བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང༌། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་སོགས་ཀྱིས་ཉན་བསམ་སྒོམ་པའི་སྣོད་སློབ་མའི་མཚན་ཉིད་བཤད། བསྟེན་པའི་ཕན་ཡོན། བླ་མ་སྐྱེལ་ལ་སོགས་པ་དང༌། །ཞེས་སོགས་ཀྱིས་བཤད། མ་བསྟེན་པའི་ཉེས་དམིགས། ལམ་གྱི་རྣམ་པ་མ་ཚང་དང༌། །ཞེས་སོགས་ཀྱིས་བཤད་པ་ཡིན་གསུངས། དེའང་འཆད་པ་པོས་ཀུན་སློང་ཉོན་མོངས་དང་མ་འདྲེས་པའི་སྒོ་ནས་འཆད་དགོས་ཤིང༌། ཉན་པ་པོས་ཀྱང་སྣོད་ཀྱི་སྐྱོན་གསུམ་སྤངས། འདུ་ཤེས་དྲུག་བསྟེན་པའི་སྒོ་ནས་ཉན་དགོས་པ་ཡིན་ལ། འདིར་གང་བཤད་པར་བྱ་བའི་ཆོས་ནི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་འདི་ཉིད་ཡིན་ལ། དེ་འཆད་པ་ལ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་གསུམ། དང་པོ་ནི། རྒྱ་གར་སྐད་དུ་ཞེས་སོགས་བྱུང༌། དེའང་སྤྱིར་ཨ་བྷི་དོན་དུ་མར་འཇུག་སྟེ། ཨ་བྷི་མུ་ཁ་མངོན་ཕྱོགས་དང༌། ཨ་བྷི་ཀྵྞ་ཡང་ཡང་དང༌། ཨ་བྷི་བྷུ་ཟིལ་གནོན་དང༌། ཨ་བྷི་ས་མ་ཡ་མངོན་རྟོགས་ལ་འཇུག་པ་སོགས་སུ་ཡོད་པ་ལས་འདིར་ནི་མངོན་ཕྱོགས་ལ་འཇུག་པ་ཡིན་གསུངས། ཨུ་པ་ཉེ་བ་དང༌། དེ་ཤ་སྟོན་པ་ལ་འཇུག་པས་གཞུང་གི་ཚིག་ཚོགས་རྒྱ་ཆེ་ཞིང་གོ་རིམ་འཁྲུག་པ་སྦས་པའི་ཚུལ་དུ་བསྟན་པ་དག་མཐར་ཆགས་སུ་གསལ་བར་སྟོན་པ་ནི་མན་ངག་ཅེས་བྱ་སྟེ། དེའང་རྗེ་རིན་པོ་ཆེས་འཇམ་དབྱངས་ལ་གཞུང་དང་མན་ངག་གཉིས་ཀྱི་ནང་ནས་གང་གཙོ་བོར་བྱེད་ཅེས་ཞུས་པའི་ཚེ། མན་ངག་ནི་གཞུང་དང་མཐུན་དགོས། གཞུང་ནི་ནམ་ཡང་དོར་བར་མི་བྱ། ཞེས་གསུངས་པས་དོན་གྱིས་མན་ངག་གཞུང་ཆེན་མོ་དང་མི་མཐུན་ན་དོར་གསུངས་པ་ཡིན་ལ། དེའང་ཡིན་ཏེ་མན་ངག་ཅེས་པ་གཞུང་ཆེན་མོའི་དོན་རྟོགས་པའི་མན་ངག་ཏུ་འགྲོ་བ་ཞིག་དགོས་ཀྱི། མན་ངག་གཅིག་པུ་བཟུང་བས་མི་ཡོང་སྟེ། དཔེར་ན་ལྡེ་མིག་གིས་ཟྭ་འབྱེད་དགོས་པ་ཡིན་གྱི། རང་ལྡེ་མིག་ཏུ་འགྲོ་སའི་ཟྭ་ལ་བདག་མ་བྱས་པར་འདི་ལྡེ་མིག་ཡིན་ཞེས་ལྡེ་མིག་གཅིག་པུ་བཟུང་བསྡད་པ་ལ་དགོས་པ་མེད་པ་ཡིན་གསུངས། རྒྱ་གར་གྱི་སྐད་ཐོག་མར་སྨོས་པའི་དགོས་པ་ནི་ཆོས་ལ་ཡིད་ཆེས་སྐྱེས་སྐད་ལ་བག་ཆགས་འཇོག །རྒྱུད་ལ་བྱིན་རླབས་འབྱུང་ཟེར་བ་ལྟར་ཡིན་ལ། ཆོས་ལ་ཡིད་ཆེས་སྐྱེད་ཚུལ་ཇི་ལྟར་ཡིན་ཞེ་ན། དེའང་རང་རྒྱ་སྐད་ལ་མཁས་པ་ཙམ་རྒྱུ་མཚན་དུ་བྱས་ཏེ། རང་ཉིད་ཀྱིས་བརྩམས་པའི་བསྟན་བཅོས་ཀྱི་ཐོག་མར་རྒྱ་སྐད་སྨོས་མི་ཆོག་པར་དང་པོ་བཀས་བཅད་པ་ཡིན་ལ། དེའི་ཚེ་རྒྱ་སྐད་ཐོག་མར་ཡོད་པའི་རྟགས་ཀྱིས་བསྟན་བཅོས་དེ་ལོ་ཙཱ་བས་རྒྱ་གར་ནས་བསྒྱུར་ཏེ་འོངས་པའི་ཆོས་ཁུངས་བཙུན་པར་གོ་ནུས་པས་ན་ཆོས་ལ་ཡིད་ཆེས་སྐྱེ་བ་ཡིན། ཕྱི་མ་གཉིས་ནི། སྤྱིར་དུས་འཁོར་སོགས་ནས་ཀྱང་སངས་རྒྱས་ཀྱིས་སྐད་སྣ་ཚོགས་ཀྱིས་ཆོས་སྟོན་པར་གསུངས་པ་དང༌། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །ཅེས་སོགས་ལྟར་སློབ་པའི་དུས་སུ་སྨོན་ལམ་བཏབ་པས་འབྲས་བུའི་དུས་སུའང་སྐད་སྣ་ཚོགས་ཀྱིས་སྟོན་པ་ཡོད་ཀྱང༌། གཙོ་བོར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་སཾ་སྐྲྀ་ཏའི་སྐད་དུ་ཆོས་གསུངས་པའི་རྒྱུ་མཚན་གྱིས་སྐད་ལ་བག་ཆགས་འཇོག་པ་དང༌། རྒྱུད་ལ་བྱིན་རླབས་འབྱུང་ཟེར་བ་ཡིན་གསུངས། རྒྱ་གར་ཞེས་པ་ལ་བཤད་ཚུལ་མང་པོ་ཡོད་དེ། རྒྱ་གར་པ་རྣམས་མྱ་ངན་གྱི་ཚེ་ཞྭ་དང་གོས་ནག་པོ་གྱོན་ལ། དུས་རྒྱུན་དུ་གོས་དཀར་པོ་གྱོན་པས་རྒྱ་གར་དང༌། རྒྱ་ནག་པ་རྣམས་མྱ་ངན་གྱི་ཚེ་ཞྭ་དང་གོས་དཀར་པོ་གྱོན་ལ། དུས་རྒྱུན་པར་གོས་ནག་པོ་གྱོན་པས་རྒྱ་ནག་ཟེར་བ་ཡིན་ཞེས་བཤད་ལ། ཁ་ཅིག་དེ་ནི་ཡིག་དོན་ལ་མ་ཞུགས་པས་མི་འཐད་ཅེས་ཟེར་བ་ལ་དའི་འཕུལ་ཡོད་པ་ཕྱིས། ཀའང་ག་ཟླུམ་དུ་བསྒྱུར་ཏེ་མིང་མཐའ་འདྲེན་ཚུལ་གྱི་དབང་གིས་ཡིན་པས་སྐྱོན་མེད་ཅེས་ཟེར་རོ། །ཡང་འགའ་ཞིག་རྒྱ་མཚོ་ཆེན་པོ་ལས་རིང་དུ་གར་བས་ན་རྒྱ་གར་ཞེས་ཟེར་བ་ལ། འོ་ན་བོད་ལ་སོགས་པའང་དེར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། སར་ཉལ་ཞེས་པ་མ་ཧེ་ལ་འཇུག་ཀྱང་གཞན་ལ་མི་འཇུག་པ་ཡིན་ཟེར་བ་སོགས་ཡོད་ཀྱང༌། ཕལ་ཆེར་རྒྱ་ཞེས་པ་དང་གར་ཞེས་པ་སོ་སོར་བཤད་མི་དགོས་པར་གྲོང་ཁྱེར་ཆེན་པོ་དྲུག་ཡོད་པའི་ཕྱོགས་ལ་རྒྱ་གར་ཞེས་འདོད་རྒྱལ་དུ་བཏགས་པ་འཐད་ཕྱོགས་སུ་མཛད་དོ། །ཤླཽ་ཀ་སུམ་བརྒྱ་རེ་ལ་བམ་པོ་བྱས་པ་འགྲེལ་པ་འདི་དང༌། ཤླཽ་ཀ་ཉེར་ལྔ་རེ་ལ་བམ་པོ་བྱས་པ་ཤེར་སྙིང་ལྟ་བུ་ཡིན་གསུངས། ཡུམ་རྒྱས་པའི་རྒྱས་པ་ཤླཽ་ཀ་བྱེ་བ་ཕྲག་བརྒྱ་པ་དྲི་ཟའི་ཡུལ་ན་ཡོད། རྒྱས་པའི་འབྲིང་འབུམ་ཕྲག་བརྒྱ་པ་ལྷའི་ཡུལ་ན་ཡོད། རྒྱས་པའི་བསྡུས་པ་སྟོང་ཕྲག་བརྒྱ་པ་ཡུམ་འབུམ་པ་འདི་ཡིན་ཞེས་སྐྱེད་ཚལ་མཁན་པོའི་ཕར་ཕྱིན་ན་འདུག་གསུངས། གསེར་འཕྲེང་ལས། ཁྲི་བརྒྱད་སྟོང་པ་ལ་ལེའུ་བརྒྱད་ཅུ་གྱ་བདུན་ཡོད་པའི་གྱ་བཞི་པ་ནི་སྡུད་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ལ། སྡུད་པ་དང་པོ་ནས་དེའི་ལེའུ་མིན་ཀྱང་ལོ་ཙཱ་བས་བསྒྱུར་བའི་ཚེ་ཕྱོགས་གཅིག་ཏུ་བསྒྱུར་བ་ཡིན་ཞེས་སྐྱེད་ཚལ་མཁན་པོ་དང༌། རྗེ་བཙུན་པའི་ཕར་ཕྱིན་གང་རུང་ཞིག་ན་འདུག་པས་དེ་ལྟར་དུ་དོགས་པ་བྱེད་ལུགས་ཤིག་ཡོད་པ་འདྲ་གསུངས། མངོན་པའི་སྡེ་སྣོད་ཀྱིས་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་ཅིང་འཇམ་དཔལ་ཤེས་རབ་ཀྱི་བདག་པོ་ཡིན་པས་དེ་ལ་ཕྱག་འཚལ་བ་དང༌། མདོ་སྡེའི་སྡེ་སྣོད་ཀྱིས་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་ཅིང་སངས་རྒྱས་བྱང་སེམས་ཏིང་ངེ་འཛིན་གྱི་བདག་པོ་ཡིན་པས་དེ་ལ་ཕྱག་འཚལ་བ་དང༌། འདུལ་བའི་སྡེ་སྣོད་ཀྱིས་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་ཅིང་འདུལ་བའི་བཅས་མཚམས་ལ་དབང་བ་ནི་སངས་རྒྱས་ཁོ་ན་ཡིན་གྱི། གཞན་གྱིས་མི་དབང་བས་དེ་ལ་ཕྱག་འཚལ་བ་ཡིན་ཞིང༌། དབང་ཚུལ་ནི་སངས་རྒྱས་ཀྱིས་རྒྱུ་མཚན་གཞན་མེད་ཀྱང་འདི་བྱེད་རུང་འདི་བྱེད་མི་རུང་ཞེས་གསུངས་པ་ཙམ་གྱིས་དེར་འགྱུར་བའི་ཕྱིར་རོ། །

གཉིས་པ་ལ་བཤད་པ་ལ་འཇུག་པ། བཤད་པ་ཉིད་འགོད་པ། བཤད་པ་མཐར་ཕྱིན་པའི་ཚུལ་གསུམ། དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཞེས་པ་ནས། སྤྲོ་བ་སྐྱེས་ཞེས་པའི་བར་བྱུང༌། གཞུང་འདི་ལ་མཁས་པའི་བཤད་ཚུལ་དུ་མ་ཡོད་དེ། གསེར་གླིང་པའི་བཏང་སྙོམས་ཀྱི་བཤད་པ། ལོ་ཙཱ་བ་ཆེན་པོའི་འཇམ་པོའི་བཤད་པ། ཤེར་འབྱུང་གི་རྩུབ་པོའི་བཤད་པ་ཞེས་གྲགས་པ་ལྟར་གསུམ་ཡོད་པའི་ཕྱིར། དེའང་མཁས་པ་སྔ་མ་བཞི་ལ་འཐད་མི་འཐད་སོགས་ཀྱི་ཟུར་མི་ཟ་བར་དེ་དག་བཤད་པའི་རྣམ་གྲངས་ཙམ་དུ་བཀོད་ནས་སློབ་དཔོན་རང་ཉིད་ཀྱིས་ཀྱང་འཆད་པར་སྤྲོ་ཞེས་པའི་བཤད་པ་མཛད་པས་བཏང་སྙོམས་ཀྱི་བཤད་པ་དང༌། སློབ་དཔོན་སྔ་མ་བཞིའི་དྲིན་དང་མན་ངག་ལ་བརྟེན་ནས་འཆད་ནུས་ཀྱི། རང་སྟོབས་ཀྱིས་མི་ནུས་ཞེས་པའི་བཤད་པ་མཛད་པས་འཇམ་པོའི་བཤད་པ་དང༌། སྔ་མ་བཞིས་མ་རྟོགས་པ་དང་ལོག་པར་རྟོག་པ་སོགས་ཀྱི་དྲི་མ་སེལ་མ་ནུས་ཤིང༌། སློབ་དཔོན་རང་ཉིད་ཀྱིས་མ་རྟོགས་པ་དང་ལོག་པར་རྟོག་པ་སོགས་ཀྱི་དྲི་མ་མཐའ་དག་བསལ་ཏེ་འཆད་ཅེས་པའི་བཤད་པ་མཛད་པས་རྩུབ་མོའི་བཤད་པ་ཞེས་ཟེར་བ་ཡིན་ལ། དེའང་སྔ་མ་བཞིས་སེལ་མ་ནུས་ཚུལ་ཇི་ལྟ་བུ་ཞེ་ན། ཐོགས་མེད་ཀྱིས་དེ་ཉིད་རྣམ་ངེས་སྐབས་སུ་མཁྱེན་གསུམ་རྒྱས་པར་བཤད་ནས་སྦྱོར་བཞི་རྒྱས་པར་མ་བཤད་པས་མ་རྟོགས་པའི་དྲི་མ་དང༌། དབྱིག་གཉེན་གྱིས་རྣམ་རིག་ཙམ་ལ་ཞེན་ཏེ་སེམས་ཙམ་དུ་བཀྲལ་བས་ལོག་པར་རྟོག་པའི་དྲི་མ་དང༌། འཕགས་པས་ཚིག་ཟིན་ལ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་སྐུ་རྒྱས་པར་མ་བཤད་པ་དང༌། སྐུ་གསུམ་དུ་གྲངས་ངེས་པར་བཤད་པ་དང་ཉི་ཁྲི་ཙམ་དང་སྦྱར་བས་ཐེ་ཚོམ་གྱི་དྲི་མ་དང༌། བཙུན་པས་བསྟན་བཅོས་མཐའ་དག་མ་རྙེད་པས་ན་རྨོངས་པའི་དྲི་མ་སེལ་མ་ནུས་ལ། མདོར་ན་བཤད་དགོས་པ་མ་བཤད་ཅིང་མི་དགོས་པ་བཤད་པའི་སྐྱོན་ཡོད་ཅེས་པའི་དོན་ནོ། །དབུ་མར་གནས་པའི་བློས་རྣམ་ཕྱེ་ཞེས་པས། རང་གི་མོས་པ་གཙོར་བྱེད་པ། །ཞེས་པ་ལ་ཟུར་ཟ་སྟེ། འདིར་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ལ་གནས་པར་བཤད་པ་ན། སྔ་མ་མཐར་ལྷུང་བ་དོན་གྱིས་གོ་བའི་ཕྱིར། སྤྱིར་འཕགས་པ་ཐོགས་མེད་ས་གསུམ་པ་བ་ཡིན་པས། སྦས་དོན་མངོན་རྟོགས་དང་དངོས་བསྟན་སྟོང་ཉིད་སོགས་མངོན་སུམ་དུ་རྟོགས་ཀྱང༌། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་སྐབས་སུ་ཡང་ཡང་གསུངས་པ་དང་གོ་རིམ་འཁྲུགས་པ་སོགས་ཐམས་ཅད་ལ་ཟློས་པའི་སྐྱོན་དང༌། མ་ཚང་བ་མེད་པར་མཐར་ཆགས་སུ་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་དྲིལ་ཏེ་ཉམས་ལེན་ལ་འཁྱེར་ཤེས་པ་དང་གཞན་ལ་སྟོན་པ་དེ་ཤིན་ཏུ་རྟོགས་དཀའ་བར་གཟིགས་ནས། རྗེ་བཙུན་བྱམས་པ་བསྒྲུབས་ཏེ་ཞལ་གཟིགས་ནས་དགའ་ལྡན་དུ་མི་ལོ་ལྔ་བཅུ་འམ་ཟླ་བ་དྲུག་ཏུ་ཆོས་གསན་པར་གསུངས། དེས་ན་རང་རེའི་ཡིག་ཆར་ཡང་གསལ་སྣང་འབྱུང་བར་སྒྲུབ་ནུས་ན་ལམ་ཀུན་ཤེས་པས་ཁྱབ་པར་ཐལ་ཞེས་ཧ་ཅང་ཐལ་བ་འཕེན་ཚུལ་ལ་དཔག་ན། ཁ་ཅིག །དང་པ་ལས་གུས་པ་དང༌། གུས་པ་ལས་ཐོས་སོགས་ཀྱིས་འཇུག་པར་བཤད་པ་མི་འཐད་པར་ཐལ། དབང་རྣོན་གྱིས་མི་ལྡོག་པའི་དང་བ་བསྐྱེད་པའི་སྔ་རོལ་ནས་རྒྱན་བརྩམས་པའི་འབྲས་བུའམ་དགོས་པ་གྲུབ་ཟིན་པའི་ཕྱིར་ཏེ། མཁྱེན་གསུམ་དང་གཞི་ལམ་རྣམ་གསུམ་བདེན་མེད་དུ་རྟོགས་ཟིན་པའི་ཕྱིར་ཞེ་ན་དེ་ཙམ་གྱིས་ལམ་གྱི་ལུས་ཡོངས་སུ་རྫོགས་པར་རྟོགས་མི་དགོས་པས་སྐྱོན་མེད་ཅེས་ལན་འདེབས་དགོས་སམ་སྙམ་གསུངས། བསྟན་བཅོས་མཐའ་དག་མ་རྙེད་ཅེས་པ་ཚིག་དོན་ཅི་རིགས་པ་དང་གཙོ་བོར་དོན་མ་རྙེད་པ་ལ་བྱེད་གསུངས། ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཞེས་སོགས་ཀྱི་ཤླཽ་ཀ་གཅིག་གིས་ཐོག་མར་སྐྱབས་འགྲོ་བསྟན། འགྲོ་ལ་ཞེས་སོགས་ཀྱིས་སློབ་དཔོན་གྱིས་རང་བཟོ་མིན་པར་དམ་པ་སྔ་མའི་མན་ངག་དང་ལྡན་པར་བསྟན། རྣམ་པ་ཀུན་ཏུ་ཞེས་སོགས་ཀྱིས་ཁེངས་བསྐྱུང་བསྟན་ལ། དེའང་ཁེངས་པ་ནི་ང་རྒྱལ་དང་བསྐྱུང་བ་ནི་མགོ་གནོན་པའམ་ཉམས་སྨད་པ་ཡིན་པས་འཆད་ཉན་གྱི་ཚེ་ང་རྒྱལ་ལམ་རློམ་སེམས་ཞི་བར་བྱེད་དགོས་ཏེ། དེ་དང་མ་བྲལ་བར་རང་ཉིད་མཁས་ཤིང་ཆོས་ཤིན་ཏུ་ཟབ་པ་ཇི་ཙམ་བཤད་ཀྱང་རང་གཞན་གྱི་དོན་དུ་མི་འགྱུར་བའི་ཕྱིར། དེས་ན་འདིར་ང་རྒྱལ་གཙོ་བོར་སྨོས་ཤིང༌། མཛོད་ལས། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །ཞེས་སོགས་ལྟར་དགོས་གསུངས། འགྲེལ་པ་འདི་ཡུམ་གསུམ་ག་དང་སྒྲ་འགྲོས་མཐུན་ཞིང༌། རྒྱན་གྱིའང་རྒྱན་ཡིན་པས་ཀུན་གྱི་རྒྱན་དུ་འགྱུར་བ་ཡིན་གསུངས།

༈ གཉིས་པ་བཤད་པ་ཉིད་དགོད་པ་ལ། མཆོད་པར་བརྗོད་པ་དང༌། རྒྱས་པར་བཤད་པ་དང༌། བསྡུས་དོན་གཞན་བཤད་པ་གསུམ། དང་པོ་ནི། འཕགས་པ་བྱམས་པ་ཞེས་སོགས་བྱུང༌། དེའང་སོ་སོ་རང་གིས་རིག་པ་ཞེས་པའི་སོ་སོ་རང་རིག་ནི་སོ་སོ་ཞེས་པ་མ་འདྲེས་པ་ལ་བྱས་ནས་སྒྲ་དོན་གྱི་སྤྱི་དང་མ་འདྲེས་པར་རིག་པ་དང༌། རང་གིས་མྱོང་བ་ལྟར་གཞན་ལ་བརྗོད་དུ་མེད་པས་སོ་སོ་རང་གིས་རིག་པའམ། ཡང་ན་སོ་སོ་འཕགས་པ་ལ་བྱས་ནས་འཕགས་པ་ནང་ཕན་ཚུན་གྱི་སྤྱོད་ཡུལ་ཡིན་གྱི་སོ་སྐྱེ་བ་རྣམས་ཀྱི་སྤྱོད་ཡུལ་མིན་པས་ན་སོ་སོ་རང་གིས་རིག་པའོ། །ཡབ་སྲས་དགོངས་པ་གཅིག་ཏུ་འགྲོ་དགོས་པས་རྣམ་བཤད་དང་རྟོག་གེ་སྣང་བ་གཉིས་ཀྱིས་མཁྱེན་གསུམ་ལ་དང་བའི་དད་པ་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུར་རྗེས་ཐོབ་ཀྱིས་ངེས་པར་གསུངས་པའང་མཉམ་བཞག་གི་རྗེས་སུ་བྱུང་བའི་རྗེས་ཐོབ་ལ་མི་བྱེད་པར་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་དེའི་སྟོབས་ཀྱིས་ཀུན་རྫོབ་པའི་ཆོས་སྒྱུ་མ་ལྟ་བུར་གཟིགས་པས་སྔ་མ་ལག་རྗེས་འཇོག་བྱེད་དང༌། ཕྱི་མ་ལ་དེའི་ལག་རྗེས་ཀྱི་ཐ་སྙད་བྱེད་པ་ལྟར་དུས་མཉམ་པ་དང་ལྡོག་པས་ཕྱེ་བའི་རྗེས་ཐོབ་ལ་བྱེད་གསུངས། གསེར་ཕྲེང་ནས་འཕགས་པ་བྱམས་པ་ཞེས་པ་ནས་ཆེད་དུ་ཞེས་པ་ཡན་ཆད་མཆོད་བརྗོད་བཤད་ཐབས་ལྔའི་དགོས་པ་དང༌། རྣམ་བཤད་ལས་མཚམས་སྦྱར་གྱི་གཞུང་ལ་གསུངས་པས། དེའང་མཚམས་སྦྱར་ནི་འབྲེལ་བཀོད་པའམ་གླེང་བསླང་བ་ཡིན་ལ། མཚམས་སྦྱོར་ཚུལ་ནི་དུ་མ་ཡོད་དེ། རྒྱུ་མཚན་གྱི་སྒོ་ནས་དང༌། རྩོད་པའི་སྒོ་ནས་དང༌། དྲི་བའི་སྒོ་ནས་དང༌། དགོས་པའི་སྒོ་ནས་མཚམས་སྦྱོར་ཚུལ་རྣམས་སུ་ཡོད་པའི་ཕྱིར། དེས་ན་གསེར་ཕྲེང་ནས་ཀྱང་དགོས་པའི་སྒོ་ནས་མཚམས་སྦྱོར་ཚུལ་དེ་གསུངས་པ་ཡིན་གྱི། མཚམས་སྦྱོར་གྱི་གཞུང་ལ་མི་འཇོག་པར་གསུངས་པ་མིན་ཏེ། གཞན་དུ་ན་དགོས་དོན་གྱི་གཞུང་གཉིས་ཡོད་པར་འགྱུར་རོ། །ཡུམ་ལ་བཅོམ་ལྡན་འདས་མ་ཞེས་གསུངས་པ་ནི་ཕྱོགས་གཅིག་གི་མིང་གིས་ཕྱོགས་ཅན་ལ་བཏགས་པ་ཡིན་ཏེ། དཔེར་ན་ཡུམ་ལ་རྒྱལ་བའི་ཡུམ་ཞེས་པ་བཞིན་ནོ། །བཅོམ་ལྡན་ནི་ལེགས་པ་དྲུག་དང་ལྡན་པ་ལ་བྱེད་ཅིང་ལེགས་པ་དྲུག་ནི། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །ཞེས་སོགས་ལྟར། ཆོས་དབྱིངས་ཡེ་ཤེས་ཀྱི་བྱེད་ལས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཆ་ནས་དབང་ཕྱུག་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བྱེད་ལས་གཟུགས་བཟང་དང༌། མཉམ་ཉིད་ཡེ་ཤེས་ཀྱི་བྱེད་ལས་དཔལ་དང་གྲགས་པ་གཉིས་དང༌། སོར་རྟོག་ཡེ་ཤེས་ཀྱི་བྱེད་ལས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཕུན་ཚོགས་དང༌། བྱ་གྲུབ་ཡེ་ཤེས་ཀྱི་བྱེད་ལས་བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། དེའང་སེར་སྣ་དང༌། ཕྲག་དོག་གཉིས་ཀྱིས་རིམ་བཞིན་དཔལ་འབྱོར་དང་གྲགས་པ་ཕུན་སུམ་ཚོགས་པ་ཐོབ་པ་ལ་གེགས་བྱེད་ཅིང༌། མཉམ་ཉིད་ཡེ་ཤེས་ཀྱིས་རྒྱུ་དེ་གཉིས་སྤངས་པས་འབྲས་བུའི་དཔལ་འབྱོར་དང་གྲགས་པ་ཕུན་ཚོགས་འབྱུང་བར་བྱེད་དོ། །བྷ་ག་ཝན་ཞེས་པ་འདི་ལ་འདས་པའི་སྐད་དོད་མེད་ཀྱང་དབང་ཕྱུག་སོགས་ལའང་འཇུག་ཅིང་གཞན་དང་ནོར་ས་ཡོད་པས་དེ་དག་ལས་ཁྱད་པར་དུ་འབྱེད་པའི་ཕྱིར་ལོ་ཙཱ་བས་འདས་ཞེས་པ་བླ་ཐབས་སུ་བསྣན་པར་བཤད་པ་གཅིག་དང༌། ཡང་ཁ་ཅིག །བྷ་ག་ཝན་ཞེས་པ་འདི་ལ་འདས་པའི་སྐད་དོད་མེད་པ་མིན་ཏེ། ག་བྱིངས་བྱས་ནས་ཏེ་བསྣན་པས་ག་ཏེ་ནི་སོང་བ་ལ་འཇུག་པས་རིང་དུ་སོང་བ་སྟེ་གང་ལས་སོང་ན་འཇིག་རྟེན་ལས་སོང་བའམ་འདས་པར་བཤད་པ་གཅིག་ཀྱང་ཡོད་གསུངས། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་གྱིས་ཐོག་མར་སྟོང་ཉིད་རྟོགས་པ་དེའང་བུམ་པ་ལྟ་བུའི་སྟེང་ནས་གཏན་ལ་འབེབས་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། མཁྱེན་གསུམ་གྱི་སྟེང་ནས་རྟོགས་དགོས་ཤིང་དེའི་རྒྱུ་མཚན་ཡང་དབང་རྣོན་གྱིས་ཐོག་མར་མཆོད་བརྗོད་ཀྱི་ཚིག་ཐོས་པའི་ཚེ། མཆོད་བརྗོད་ཀྱིས་མཁྱེན་གསུམ་སྐྱེ་མེད་དུ་བསྟན་པས་མེད་ཅེས་པ་དང༌། འཕགས་བཞི་སྐྱེད་པར་བསྟན་པས་ཡོད་ཅེས་པ་འདི་གཉིས་འགལ་ལམ་སྙམ་པའི་དོགས་པ་སྐྱེ་ལ། དེའི་ཚེ་གཅིག་དུ་བྲལ་སོགས་ཀྱི་རིགས་པས་དཔྱད་དེ་མཁྱེན་གསུམ་དོན་དམ་པར་སྐྱེ་བ་མེད་ཀྱང་ཐ་སྙད་ཙམ་དུ་འཕགས་བཞི་སྐྱེད་པར་རྟོགས་པ་ན་སྔར་གྱི་དོགས་པ་དེ་སེལ་བར་འགྱུར་གྱི། མྱུ་གུ་བདེན་མེད་རྟོགས་པས་མཁྱེན་གསུམ་གྱི་སྟེང་གི་དོགས་པ་དེ་སེལ་མི་ནུས་པའི་ཕྱིར། དེར་མ་ཟད་ཐེག་ཆེན་དབང་རྣོན་གྱིས་སེམས་བསྐྱེད་ཀྱི་སྔོན་དུ་སྟོང་ཉིད་རྟོགས་དགོས་པར་དབུ་མ་རྒྱན་ལས་གསུངས་པ་ལྟ་བུ་ནི་ཐོག་མར་སེམས་ཀྱི་ཆོས་ཉིད་རྟོགས་དགོས་ཏེ། དེའི་རྒྱུ་མཚན་ཡང་ཐོག་མར་བདེན་འཛིན་སྤོང་ནུས་སམ་མི་ནུས་དཔྱོད་པར་འགྱུར་བ་ཡིན་ལ་དེའང་དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པས་སེམས་བདེན་མེད་དུ་རྟོགས་པ་ན་བདེན་འཛིན་སྤོང་ནུས་སུ་མཐོང་བ་ཡིན་པས་སྐབས་དོན་སོ་སོར་ཤེས་པར་བྱེད་དགོས་གསུངས། གཅིག་དུ་བྲལ་གྱི་རིགས་པ་རྟེན་འབྲེལ་ལས་ཀྱང་གོ་སླ་བས་དེ་ལ་བསྔགས་པ་དང་རྣམ་ལྔ་རྣམ་བདུན་སོགས་ཀྱང་གཅིག་དུ་བྲལ་ཇེ་རྒྱས་སུ་བཏང་བ་ཡིན་ལ། རྟག་ཆད་ཀྱི་ཉེན་མེད་པས། ལམ་གཙོར་རྟེན་འབྲེལ་ལ་བསྔགས་ཤིང་རིགས་པ་གཞན་ཐམས་ཅད་རྟེན་འབྲེལ་གྱི་རིགས་པ་དང་འགྲོས་གཅིག་པ་དང་རྟེན་འབྲེལ་ལ་རིགས་པའི་རྒྱལ་པོ་ཟེར་བའི་རྒྱུ་མཚན་ཡང༌། དཔེར་ན་བློན་པོ་རྣམས་ཀྱིས་བྱ་བ་ཆེ་ཆུང་གང་ལའང་ལྐོག་ཏུ་གྲོས་ཇི་ཙམ་བྱས་ཀྱང་མཐར་རྒྱལ་པོ་ལ་གཏུགས་ཏེ་ཐག་གཅོད་དགོས་པ་བཞིན་དུ། རིགས་པ་གཞན་རྣམས་ཀྱིས་དཔྱད་པ་ཇི་ཙམ་བྱས་ཀྱང་མཐར་རྟེན་འབྲེལ་ལ་གཏུགས་དགོས་པའི་གནད་ཀྱིས་ཡིན་ཞེས་ལྕང་སྐྱའི་གྲུབ་མཐའ་ན་ཡོད་གསུངས། ཚུལ་གསུམ་པ་ཅན་ཞེས་པ་ནི་སྤྱིར་ཚུལ་གྱི་སྒྲ་འདྲ་བ་ལའང་འཇུག་པ་དེ་དང་དེའི་ཚུལ་བསྟན་ཞེས་པ་ལྟ་བུ་རྣམས་ལས་འདིར་ཚུལ་དང་ལུགས་དང་ལམ་གསུམ་དོན་གཅིག་པས་བཞེད་དོན་སྒྲུབ་པའི་ལམ་སྲོལ་གསུམ་པ་ཅན་ཞེས་པའི་དོན་ཡིན་གསུངས། ཁ་ཅིག་མཁྱེན་གསུམ་དུས་གསུམ་གྱི་འཕགས་རྒྱུད་ལ་ཡོད་པས་རལ་གྲི་ཐང་ལ་བཞག་པ་ལྟར་ས་མཚམས་མེད། སྦྱོར་བཞི་ད་ལྟར་གྱི་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་རྒྱུད་ནས་འཇོག་དགོས་པས་རལ་གྲི་ལག་ཏུ་བླང་བ་ལྟར་ས་མཚམས་ཡོད་ཟེར་བ་འདིས་མཁྱེན་གསུམ་ལ་ས་མཚམས་མེད་ཅེས་ཚིག་ལ་སྐྱོན་ཆགས་པས་ཆུ་མི་ཐུབ་ཀྱང༌། དོན་འདི་ལྟར་རང་ལུགས་ལའང་ཁས་ལེན་དགོས་སམ་སྙམ་སྟེ། དེ་ལྟ་མིན་ན་ལམ་ཤེས་དེ་སྐབས་གཉིས་པའི་བསྟན་བྱའི་གཙོ་བོའི་ལམ་ཤེས་ཡིན་ལ། རྣམ་རྫོགས་སྦྱོར་བ་སྐབས་བཞི་པའི་བསྟན་བྱའི་གཙོ་བོའི་རྣམ་རྫོགས་སྦྱོར་བ་མིན་པའི་རྒྱུ་མཚན་ཤོད་དཀའ་གསུངས། མཁས་པ་ཁ་ཅིག་མཁྱེན་གསུམ་གྱི་གོ་རིམ་གླེང་གཞི་རྩ་འགྲེལ་སྦྱོར་བའི་ཆེད་ཡིན་ལ། རྩ་འགྲེལ་སྦྱོར་ཚུལ་ནི། ཉི་ཁྲི་ལས་དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་པས་རྟེན་གྱི་གང་ཟག་ཉན་ཐོས་དང༌། ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་པ་ནས། རྣམ་པར་གྲོལ་བ་ཞེས་པའི་བར་གྱིས་འབྲས་བུ་ལྷག་བཅས་མྱང་འདས་དང༌། ཅང་ཤེས་པ་གླང་པོ་ཆེན་པོ་ཞེས་སོགས་ཀྱིས་ལྷག་མེད་མྱང་འདས་དངོས་སུ་བསྟན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པས་རྟེན་བྱང་སེམས་དང༌། གཟུངས་རབ་ཏུ་ཐོབ་པ་ཞེས་སོགས་ཀྱིས་ལམ་ཤེས་དངོས་སུ་བསྟན། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཞེས་པས་རྟེན་ཐུབ་དབང་དང༌། ཏིང་ངེ་འཛིན་རྒྱལ་པོ་ཞེས་བྱ་བ་ལ་ཞེས་སོགས་ཀྱིས་རྣམ་མཁྱེན་དངོས་སུ་བསྟན་ལ། དེའང་ཤེར་སྙིང་ལྟ་བུ་ལ་མཚོན་ན་ཐམས་ཅད་ཀྱིས་གོ་སླ་བས། དགེ་སློང་གི་དགེ་འདུན་ཞེས་པས་རྟེན་ཉན་ཐོས་དངོས་སུ་བསྟན་ནས་ཐབས་དང་འབྲས་བུ་ཤུགས་ལ་བསྟན། བྱང་ཆུབ་སེམས་དཔའི་དགེ་འདུན་ཞེས་པས་རྟེན་བྱང་སེམས་དངོས་སུ་བསྟན་ནས་ཐབས་དང་འབྲས་བུ་ཤུགས་ལ་བསྟན། བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞེས་པས་རྟེན་ཐུབ་དབང་དང༌། རྣམ་མཁྱེན་དངོས་སུ་བསྟན་པ་བཞིན་ཡིན་པའི་ཕྱིར། དེ་ལྟར་སྦྱར་བ་དེ་ཡང་ཕར་བལྟས་ན་འགྲིག་འདོགས་ཁ་པོ་ཞིག་ཡིན་ཀྱང་འཕགས་སེང་གཉིས་དང་མཁས་པ་གཞན་གྱིས་དེ་ལྟར་མ་སྦྱར་བས་མི་འཐད་གསུངས། དེའང་འཕགས་པས་ཉི་སྣང་ལ་ལེའུ་བརྒྱད་དུ་བྱས་ནས་རབ་འབྱོར་གྱི་ལེའུ། མཐའ་གཉིས་རྣམ་དག་གི་ལེའུ། སྤྱོད་པ་ཁྱད་པར་ཅན་གྱི་ལེའུ་སྟེ་གསུམ་གྱིས་མཁྱེན་གསུམ་བསྟན། དེ་བཞིན་ཉིད་ཀྱི་ལེའུ། བསླབ་པའི་ལེའུ། བསླབ་པ་རིམ་གྱིས་སྦྱོང་བའི་ལེའུ། བསླབ་པ་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཞིས་སྦྱོར་བཞི་བསྟན། བསླབ་པའི་འབྲས་བུའི་ལེའུས་ཆོས་སྐུ་བསྟན་ལ་དེའི་རྗེས་སུ་གླེང་གཞི་བཤད་པ་དང༌། སློབ་དཔོན་གྱིས་ཀྱང་འགྲེལ་ཆེན་དུ་དགོས་འབྲེལ་གྱི་འོག་ཏུ་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་དབང་དུ་བྱས་ནས་ཞེས་སོགས་ཀྱིས་བཤད་ལ། འདིའི་སྐབས་སུ་སློབ་དཔོན་ལེགས་ལྡན་གྱི་འདོད་པ་བརྗོད་པ་ཡིན་ཞིང༌། དེའི་བཞེད་པ་ལྟར་ན་ཤེར་ཕྱིན་གྱི་མདོ་སྡེ་རྣམས་ནི་སངས་རྒྱས་ཀྱིས་གསུངས་པའི་གསང་བའི་གནད་ཕྲ་མོ་ཡིན་པས་དེ་དག་ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ལ། དེ་དག་གི་རྩ་བའི་སྡུད་པར་བྱེད་པ་པོ་ཕྱག་རྡོར་སོགས་ཡིན་ཏེ། དེའི་རྒྱུ་མཚན་ཡང་སྔོན་རྒྱལ་པོ་ཡུལ་འཁོར་སྐྱོང་ལ་སྲས་སྟོང་དང་གཉིས་ཡོད་པས། ཁྱེའུ་ཆོས་སེམས་ཀྱིས་སངས་རྒྱས་ཀྱི་གསུང་གི་མཛོད་འཛིན་པར་སྨོན་ལམ་བཏབ། ཆོས་ཀྱི་བློ་གྲོས་ཀྱིས་མདོ་སྡེ་སྐུལ་བ་པོར་སྨོན་ལམ་བཏབ་པས་ཁྱེའུ་ཆོས་སེམས་ནི་ཕྱག་རྡོར་དང༌། ཆོས་ཀྱི་བློ་གྲོས་ནི་ཚངས་པ་གཙུག་ཕུད་ཅན་ཡིན་པའི་ཕྱིར་རོ་ཞེས་གསུངས།

༈ གཅིག་དུ་བྲལ་གྱི་ས་བཅད་གཉིས་པ་དེ། མཚམས་སྦྱར། རྩ་བ། འགྲེལ་པ་གསུམ་གྱི་འགྲེལ་པ་ལ་བསྡུས་དོན། དགོས་དོན་གཉིས་བྱས་ནས་དང་པོ་བསྡུས་དོན་ནི། ཚིགས་སུ་བཅད་པ་འདིས་ནི། ཞེས་པ་ནས་རྗོད་བྱེད་ཅེས་པའི་བར་གྱིས་བསྟན། གཉིས་པ་དགོས་དོན་གྱིས་དབང་རྣོན་དང་བ་སྐྱེ་ཚུལ་འཆད་པ་དེ་ཡིན་གསུངས། ཉན་ཐོས་ཞེས་སོགས་ཀྱི་ཚིག་རྐང་དང་པོས་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞི་དང༌། དེ་སྒྲུབ་བྱེད་ཀྱི་ཐབས་དངོས་སུ་བསྟན་ནས། ངན་སོང་གི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞི་བཏགས་པ་བ་དང༌། དེ་སྒྲུབ་བྱེད་ཀྱི་ཐབས་རིང་དུ་མི་གནས་པར་འཆི་བ་དྲན་པ་དང་ངན་སོང་གི་སྡུག་བསྔལ་བསམ་པ་སོགས་ཤུགས་ལ་བསྟན་པས་རྐང་པ་དང་པོས་ཆུང་འབྲིང་ཐུན་མོང་གི་ལམ་དང༌། རྐང་པ་གཉིས་པས་སེམས་བསྐྱེད་དང༌། གསུམ་པས་དེའི་དམིགས་པ་དང་བཅས་པ་བསྟན་པས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་བསྟན་པ་ཡིན་གསུངས། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་ཞེས་སོགས་ཀྱི་དོན་ནི་ཉན་ཐོས་ཞེས་པའི་ཚིག་རིམ་པ་གཅིག་གིས་རང་རྒྱལ་ཤུགས་ལ་བསྟན་པ་ཡིན་ལ། འོ་ན་ཉན་ཐོས་དང་ཁྱད་པར་མེད་དམ་སྙམ་ན། ཡོད་དེ་སྤང་བྱའི་སྒོ་ནས་གཟུང་རྟོག་སྤོང་བ་དང༌། འབྲས་བུ་མངོན་དུ་བྱེད་ཚུལ་གྱི་སྒོ་ནས་སྲིད་པ་ཐ་མའི་ཚེ་གཞན་ལ་མ་བརྟེན་པར་བྱང་ཆུབ་འཐོབ་པ། གཞན་དོན་བྱེད་ཚུལ་གྱི་སྒོ་ནས་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱིས་ཆོས་སྟོན་པ་སོགས་རྣམ་པར་ཐར་པ་ཅུང་ཟད་ཙམ་གྱིས་ལྷག་པ་ཡིན་གསུངས། རྣམ་བཤད་ཀྱི་ས་བཅད་ལྟར་ན། ཡོངས་སུ་བསྐོར་བ་དེ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ཡན་ཆད་ཀྱིས་མཆོད་བརྗོད་བཤད་ཐབས་ལྔའི་སྒོ་ནས་བཤད་པ་དེ་རྫོགས་པ་ཡིན་ལ། འོ་ན་བརྒལ་ལན་གྱི་གཞུང་དེ་གང་ཞེ་ན། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ཞེས་པ་ནས། བསྟོད་དོ་ཞེས་པའི་བར་འདི་འཇོག་ཅིང༌། དེའང་རྩོད་པ་ནི། རྒྱན་གྱི་མཆོད་བརྗོད་འདི་བསྟན་བཅོས་ཀྱི་བརྗོད་བྱ་དང་འགྲོས་མཐུན་པའི་ཕྱག་ཡིན་ཞིང༌། མངོན་རྟོགས་ཐམས་ཅད་བསྟོད་ཕྱག་མཛད་འདོད་པ་ཡིན་ན་མཁྱེན་གསུམ་ཙམ་ཉུང་བའི་སྐྱོན་དང༌། ཕྱོགས་རེ་ཙམ་ལ་ཡིན་ན་རྣམ་མཁྱེན་གྱིས་ཀྱང་ཆོག་པས་གྲངས་མང་བའི་སྐྱོན་དུ་འགྱུར་བའི་ཕྱིར་མི་འཐད་དོ་ཞེ་ན། ལན་ནི། མངོན་རྟོགས་ཐམས་ཅད་ལ་ཡིན་ཀྱང་གྲངས་མང་ཉུང་སོགས་ཀྱི་སྐྱོན་ཡོད་པ་མ་ཡིན་ཏེ། མཁྱེན་གསུམ་གྱི་མངོན་རྟོགས་མཐའ་དག་ཉམས་ལེན་གྱིས་སྒོས་བསྡུས་པ་དང༌། མཁྱེན་གསུམ་གྱིས་རིགས་ཅན་གསུམ་གྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བས། དེ་ཐུགས་ལ་བཞག་ནས་མཁྱེན་གསུམ་ལ་བསྟོད་ཕྱག་མཛད་པ་ཡིན་པའི་ཕྱིར་ཞེས་པའོ། །གསེར་ཕྲེང་ལྟར་ན། དེ་ལྟར་ཕྱག་འཚལ་བ་དང་ཞེས་པ་ནས་འཐད་པ་ཡིན་ནོ་ཞེས་པའི་བར་འདི་མཆོད་བརྗོད་བཤད་ཐབས་ལྔའི་བརྒལ་ལན་གྱི་གཞུང་ལ་འཇོག་དགོས་ལ། རང་རེའི་ཡིག་ཆར་ཡང་ཁ་ཅིག་མཆོད་བརྗོད་ལས་འཕྲོས་པར་བསམས་ནས་དེའི་རྩོད་ལན་དུ་བྱེད་པ་ནི་དོན་ཅུང་ཟད་ཀྱང་མ་རྟོགས་པའི་གཏམ་ཡིན་ཞེས་རྣམ་བཤད་ལྟར་གསུངས་ཤིང༌། དེ་ལྟར་ཕྱག་འཚལ་བ་དང༌། བསྟོད་པ་སྔོན་དུ་འགྲོ་བས་ཞེས་པའི་ཚིག་འདིས་ཡུམ་དེ་ལ་ཕྱག་འཚལ་ཞེས་པ་ཡན་ཆད་ཀྱིས་མཆོད་བརྗོད་བཤད་ཚར་བའི་རྣམ་པ་ལྟ་བུ་ཞིག་བྱས་འདུག་གསུངས།

༈ གཉིས་པ་རྒྱས་པར་ཕྱེ་སྟེ་བཤད་པ་ལ། དགོས་དོན། བསྡུས་དོན། ཚིག་དོན་གསུམ། དང་པོ་ལ་བསྟན་བཅོས་རྩོམ་པ་དགོས་མེད་ཀྱི་དོགས་པ་སྤངས་ཏེ་བརྗོད་བྱ་མཁྱེན་གསུམ་སྤྱིའི་རྣམ་གཞག་དང༌། མདོ་དང་ཟློས་སྐྱོན་སྤངས་ནས་དགོས་པ་ཡོད་པར་བསྒྲུབ་པ་གཉིས། དང་པོ་ནི། དེ་ལྟར་ཕྱག་འཚལ་བ། ཞེས་པ་ནས། འཐད་པ་ཡིན་ནོ་ཞེས་པའི་བར་གྱི་རྩོད་པ་ལན་གྱི་སྐབས་སུ། ཐོག་མར་ཁོང་ན་གནས་པའི་དོགས་པ་བསུ་ཚུལ་ནི། བསྟན་བཅོས་ཀྱི་བརྗོད་བྱ་དང་མཐུན་པའི་མཆོད་བརྗོད་རྩོམ་པ་མཁས་པའི་ལུགས་ཡིན་པས། རྣམ་བཤད་ལྟར་ན། མཁྱེན་གསུམ་ལ་བསྟོད་ཕྱག་མཛད་པའི་ཤུགས་ལ་མངོན་པར་རྟོགས་པའི་རྒྱན་རྩོམ་པར་དམ་བཅའ་བས། དེ་ལྟར་ན་ཡུལ་སྟོན་དགོས་པས་གཞི་གཉེན་རྣམ་གསུམ་གང་བརྗོད་བྱར་བསྡུས་ནས་རྩོམ་པ་ཡིན། དང་པོ་ལྟར་ན་བསྟན་བཅོས་རྩོམ་པའི་འབད་པ་དོན་མེད་པ་ཡིན་ཏེ། མངོན་པ་ནས་མ་བཤད་པ་བཤད་རྒྱུ་མེད་ཅིང་བཤད་པ་སྟོན་ན་རྒྱན་དང་མངོན་པ་ཟློས། གཉིས་པ་ལྟར་ན་གཉེན་པོ་འབའ་ཞིག་སྟོན་ན་རྒྱན་ལ་བརྟེན་ནས་སྤང་བྱ་གང་གི་གཉེན་པོ་གང་ཡིན་མི་རྟོགས་ལ། སྤང་བྱ་དང་བཅས་པར་སྟོན་ན་ཉོན་མོངས་སྲེད་པ་ལྟ་བུ་གཅིག་ལའང་བདག་རྐྱེན་དབང་པོ་དྲུག །དམིགས་རྐྱེན་ཡུལ་དྲུག །རྒྱུ་རྐྱེན་རྣམ་ཤེས་དྲུག །གྲོགས་སེམས་བྱུང་དང་བཅས་པ་སྟོན་དགོས་ལ། དེ་ལ་གཞི་བསྟན་དགོས་པས་སྐྱོན་དང་པོ་ལས་མི་འདའོ། །གསུམ་པ་ལྟར་ན་རྣམ་པ་གཞི་མེད་ཙམ་ཞིག་བསྡུས་ན་སྐྱེས་བུ་ལ་མཁོ་བའི་དོན་མ་བཤད་པར་འགྱུར་ལ། གཞི་བསྡུས་ན་གཞི་བསྡུས་པ་ལ་བཀོད་པའི་སྐྱོན་དུ་འགྱུར་རོ་ཞེས་རྩོད་པ་འགོད་དོ། །ཕར་ཕྱིན་རྟོག་གེ་སྣང་བར། གཞི་གཉེན་རྣམ་གསུམ་བརྗོད་བྱར་བྱེད་པའི་བསྟན་བཅོས་རྩོམ་པར་ཤེས་བཞིན་དུ་རེ་རེ་ཙམ་བརྗོད་བྱར་བསྡུ་བ་ཡིན་ནམ་ཞེས་འདྲི་བ་ནི་འབྲེལ་མེད་ཡིན་ཏེ། དཔེར་ན་ལྷས་སྦྱིན་ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་འདྲི་བ་དང་འདྲ་བས་མི་འཐད་ལ། དེས་ན་མཆོད་བརྗོད་རྩོམ་པས་བྱ་བ་འགའ་ཞིག་ལ་འཇུག་པར་མཐོང་བ་ན། ཁྱོད་ཀྱིས་བསྟན་བཅོས་ཤིག་རྩོམ་པར་འདུག་པས་གཞི་གཉེན་རྣམ་གསུམ་གང་བརྗོད་བྱར་བསྡུས་ནས་རྩོམ་ཞེས་ཁོང་ན་གནས་པའི་དོགས་པ་བསུ་བར་གསུངས་པའི་མཁས་པའི་བཤད་ཚུལ་མི་འདྲ་བ་ངོ་མཚར་བ་ཞིག་ཡིན་གསུངས། ལན་གྱི་སྐབས་སུ་ཕ་རོལ་པོའི་ཤེས་འདོད་ནི་ཆོས་གསུམ་ལ་རྨོངས་པ་ཙམ་བཟློག་པའི་ཆེད་དུ་གཞི་གཉེན་རྣམ་གསུམ་རེ་རེ་ཙམ་བསྡུས་པ་མི་འཐད་ཅེས་རྩོད་པ་ཡིན་པས་ཤེས་འདོད་དེ་གཞིར་བཞག་ནས་རེ་རེ་ཙམ་སྟོན་པ་མིན་གྱི་གསུམ་ག་སྟོན་པས་ཟློས་སྐྱོན་མེད་ཅེས་བཤད་བྱ་ལ་སྦྱར་ཏེ་ལན་ཅི་ཙམ་བཏབ་ཀྱང་དོན་མཐུན་མི་ཐེབས་པ་ནི། གསེར་ཕྲེང་ལས། དེ་གསུམ་ལ་ཁོ་ནའི་སྒྲ་སྦྱར་བ་ཙམ་ལ་རེ་བས་ནི་རྩོད་ལན་འདི་དག་བསྐལ་པའི་བར་དུ་ཡང་མི་ཤོད་ཅེས་གསུངས་པ་ལྟར་ཡིན་གསུངས། དེས་ན་དགོས་པ་དང་འཆད་ཚུལ་མི་འདྲ་བའི་སྒོ་ནས་ལན་འདེབས་ཚུལ་ནི། ཁྱོད་ཀྱི་ཤེས་འདོད་ལྟར་ཁམས་སྐྱེ་མཆེད་ཀྱི་རྣམ་གྲངས་དང་ཕན་ཚུན་བསྡུས་ཚུལ་སོགས་ལ་རྨོངས་པ་བཟློག་པའི་ཆེད་དུ་རེ་རེ་ཙམ་བརྗོད་བྱར་བསྡུས་པ་དེ་ནི་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། ཡུལ་གཞི་གཉེན་རྣམ་པ་གསུམ་ཆར་གྱིས་ཡུལ་ཅན་མཁྱེན་གསུམ་མཚོན་པའི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ཕྱིར། རིགས་ཅན་གསུམ་གྱི་ལམ་མཐའ་དག་ཤེས་པར་བྱ་བའི་ཕྱིར་དུ་མཁྱེན་གསུམ་གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་མཐའ་དག་བསྡུས་པའི་ཕྱིར་རོ། །བསྡུས་པར་གང་ལས་ཤེས་ཤེ་ན། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་ཞེས་ཤེས་བྱེད་འགོད་པ་ཡིན་གསུང༌། དེའང་འདིར་མཁྱེན་པ་སྔ་མ་གཉིས་རྣམ་གཞག་གི་རྟེན་ཉན་རང་དང་བྱང་སེམས་ཀྱི་ཡུམ་དུ་བཤད་པའི་དོན། དཔེར་ན་རྒྱུད་དུས་འཁོར་གྱི་གྲྭ་ཚང་ལྟ་བུ་ལ་མཚོན་ན། དེ་དང་དེའི་གྲྭ་པ་ཞིག་བྱེད་པ་ལ་ངེས་པར་བསླབ་དགོས་ལ་དེ་ལས་ལྷག་མི་དགོས་པ་ཞིག་ལ་དེ་དང་དེའི་ཐུན་མོང་མ་ཡིན་པའི་འདོན་ཆ་ཟེར་ཡང༌། འདོན་ཆ་དེ་ཡོད་པ་ལ་གྲྭ་ཚང་དེ་དང་དེའི་གྲྭ་པ་ཞིག་ཡིན་མི་དགོས་པ་དེ་བཞིན་དུ་ཉན་རང་གི་ཉེར་ཞི་ཙམ་དོན་དུ་གཉེར་པས་གཞི་ཤེས་ངེས་པར་དགོས་ལ་གཞན་གཉིས་མི་དགོས། བྱང་སེམས་ཀྱིས་རིགས་ཅན་གསུམ་གྱི་དོན་སྒྲུབ་པས་ལམ་ཤེས་ངེས་པར་དགོས་པས་རྟེན་གྱི་གང་ཟག་དེ་དང་དེའི་ཐུན་མོང་མ་ཡིན་པའི་བགོ་སྐལ་ལྟ་བུར་རྣམ་པར་བཞག་ཀྱང༌། དེ་གང་རུང་རྒྱུད་ལྡན་ལ་རྟེན་དེ་གཉིས་གང་རུང་གིས་ཁྱབ་པ་ཡོད་མི་དགོས་གསུངས། དེའི་ཕྱིར་ཞེས་པ་ནས་ཤེས་པ་ཉིད་ཅེས་བྱའོ་ཞེས་པའི་བར་འདིས་མཁྱེན་པ་དང་པོ་ལྡན་པ་ལ་ཕྱི་མ་གཉིས་ཡོད་དགོས་པ་གཅོད་ཀྱི་ཕྱི་མ་གཉིས་ལྡན་པ་ལ་དང་པོ་ཡོད་པ་མི་གཅོད་པ་ནི། དཔེར་ན་དགེ་བསྙེན་གྱི་སྤང་བྱ་ལྔ་ཙམ་སྤོང་བ་དང༌། བསྙེན་གནས་ལ་སྤང་བྱ་བརྒྱད། དགེ་ཚུལ་ལ་སྤང་བྱ་བཅུ་སོགས་སྤོང་བར་བཤད་པ་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་སྤང་བྱ་སྤོང་དགོས་པ་གཅོད་ཀྱང་ཕྱི་མས་སྔ་མའི་སྤང་བྱ་སྤོང་བ་མི་གཅོད་པ་དེ་བཞིན་ཡིན་གསུངས། རྣམ་བཤད་སོགས་ལས་རོང་ཊཱིཀ་པས་ཞིང་སྦྱོང་ཚད་བཤད་པ་བཀག་པ་ལ། དེའི་སློབ་མ་སྐྱེད་ཚལ་མཁན་པོས། འོ་ན་མི་གསལ་བའང་གསལ་བ་ཡིན་པར་ཐལ། སངས་རྒྱས་ལ་གསལ་བར་སྣང་བའི་ཕྱིར་ཞེས་དགག་ལན་མཛད་ཀྱང་སངས་རྒྱས་ལ་མི་གསལ་བ་གསལ་བ་ཡིན་པར་མ་སྣང་བས་དགག་པ་མི་འགྲོའང་རིགས་པ་ཉམས་མཚར་འགའ་རེ་འདུག་སྟེ། རང་རེ་རྣམས་ཀྱིས་བསྟན་བཅོས་ལ་ཆོས་འཁོར་གྱིས་ཁྱབ་ཅེས་པ་ལ། འོ་ན་འགྲེལ་པ་དོན་གསལ་ཆོས་ཅན། མཚན་ཉིད་མེད་པའི་ཆོས་འཁོར་ཡིན་པར་ཐལ། ཞེས་འཕངས་པ་འདི་ལ་ཆོས་འཁོར་གྱི་དོན་ཚང་ཡང་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དོན་མ་ཚང་ཟེར་དགོས་སམ། ས་སྡེ་ལྔའང་ལེགས་ཕྱེའི་ཆོས་འཁོར་ཡིན་པར་ཐལ། སོགས་འཕང་ན་དཀའ་སེ་བ་ཞིག་རེད་གསུངས། སེམས་ཅན་སྨིན་ཚུལ་དུ་མ་ཡོད་དེ། སྨིན་ལམ་ཞེས་པ་སྦྱོར་ལམ་ལ་བྱས་ཏེ། མདོ་སྡེ་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི །ཞེས་སོགས་ལྟར་སྦྱོར་ལམ་གྱི་ཚེ་ཟག་མེད་ཀྱི་ཆོས་སྐྱེ་བ་ལ་ཉེ་བས་ཤིང་ཐོག་སྨིན་པ་ལོངས་སྤྱད་རུང་ལྟ་བུ་དང༌། སྤང་བྱ་མཐོང་སྤང་ཁ་བྲི་བ་ལ་ཉེ་བས་རྨ་སྨིན་པ་བརྡོལ་རན་པ་ལྟ་བུ་ཡིན་ལ། མཐོང་ལམ་སྐྱེས་པ་ན་ཟག་མེད་ཀྱི་ཆོས་ལ་ལོངས་སྤྱོད་པའི་ཐོག་མ་དང༌། མཐོང་སྤང་སྤངས་པ་རྣག་བརྡོལ་བ་ལ་ཁ་བཏོད་པ་ལྟར་སྤང་བྱ་ལ་ཁ་དོད་པ་ཡིན་ཞིང་གོས་རྒྱུ་སྤུན་གཉིས་ཀྱི་གཅིག་ཟད་པ་དང་འདྲ་བས་སྒོམ་སྤང་གོས་ཧྲུལ་ལྟ་བུར་གསུངས་པ་ཡིན་གསུངས། དེའང་སྨིན་པ་བརྒྱད་ཡོད་དེ། མདོ་སྡེ་རྒྱན་ལས། ལུས་ཅན་བྲལ་བར་སྨིན་བྱེད་དེ་བཞིན་དུ། །ཡོངས་སྨིན་རབ་སྨིན་མཐུན་པར་སྨིན་བྱེད་གཞན། །ལེགས་པར་སྨིན་བྱེད་རྟོགས་པར་སྨིན་བྱེད་དང༌། །རྟག་སྨིན་གོང་དུ་སྨིན་བྱེད་བཤད་པར་འདོད། །ཅེས་གསུངས་པ་ལྟར། ལུས་ཅན་བྲལ་བར་སྨིན་པ་ནི། འཇིག་རྟེན་པའི་ལམ་གྱིས་མགོ་མནན་པ་ལྟ་བུ་མ་ཡིན་པར་སྤང་བྱའི་ས་བོན་དང་བྲལ་བ་སྟེ། ཕྱོགས་གཅིག་སྤང་བ་མཐོང་ལམ་ནས་ཀྱང་འཇོག །འདིའི་ཡོངས་སུ་ཞེས་པ་མ་ཚང་བ་མེད་པ་སྟེ་ཕྱོགས་རེ་ཙམ་མ་ཡིན་པར་སེམས་ཅན་མ་ལུས་པར་སྨིན་པར་བྱེད་པ་ཡོངས་སྨིན་དང༌། ཕྱི་རོལ་པ་རྣམས་ཁམས་འོག་མ་ལས་ཆགས་བྲལ་བྱས་ཏེ་སྲིད་རྩེའི་བར་དུ་སོང་ཡང་སླར་ལྟུང་བའི་ཆོས་ཅན་ཡིན་ལ། འདིར་དེ་ལྟ་བུ་མ་ཡིན་པར་རབ་ཏུ་སྨིན་པ་དང༌། རང་རང་གི་བློ་དང་འཚམས་པར་ཆོས་བསྟན་ནས་སྨིན་པ་ནི་མཐུན་པར་སྨིན་པ་དང༌། རང་དོན་གཙོ་བོ་དང་གཞན་དོན་ཞར་བྱུང་ལྟ་བུ་མ་ཡིན་པར་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་གཉིས་ཀྱི་སྒོ་ནས་གཞན་དོན་གཙོ་བོར་བྱེད་པའི་ལེགས་སྨིན་དང༌། གཤེགས་པ་རྟོགས་པའི་དོན་ཕྱིར་དང༌། །ཞེས་པ་ལྟར་ལམ་གོང་མ་ཐོབ་པ་ལ་རྟོགས་པའི་སྒྲས་བཤད་པས། འདིར་ཡང་རང་ཉིད་ལམ་གོང་མར་གཤེགས་ནས་གཞན་དེར་འགོད་པ་ནི་རྟོགས་པར་སྨིན་པ་དང༌། རེས་འགའ་ཙམ་མ་ཡིན་པར་ཕྱིན་ཅི་མ་ལོག་པའི་ལམ་ལ་རྟག་ཏུ་འཁྲིད་པར་བྱེད་པའི་རྟག་སྨིན་དང༌། ཚོགས་ལམ་ནས་སྦྱོར་ལམ་དེ་ནས་མཐོང་སྒོམ་ལམ་ལ་རིམ་གྱིས་འགོད་པ་ནི་གོང་ནས་གོང་དུ་སྨིན་པར་བྱེད་པ་སྟེ་བརྒྱད་དོ། །རྣམ་པ་རྟགས་མཚན་མ་ཞེས་པའི་མེའི་ངོ་བོ་ཚ་བ་དང་དམར་ལམ་པ་ལྟ་བུ་རྣམ་པ། འབྲས་བུ་དུ་བ་ལྟ་བུ་རྟགས་རྒྱུ་བུད་ཤིང་ལྟ་བུ་མཚན་མ་ལ་བྱེད་དེ། རྣམ་ཐར་སྒོ་གསུམ་ནང་གི་མཚན་མ་མེད་པའང་རྒྱུ་ལ་སྦྱར་ནས་འཇོག་དགོས་པས་མཚན་མའི་སྐད་དོད་ཤེས་ན་འདི་ལ་གོ་རྒྱུ་ཞིག་ཡོད་རྒྱུ་རེད་གསུངས། མདོར་བསྡུས་པ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་པར་བྱ་ཞེས་པའི་ཤེར་ཕྱིན་ནི་སྤྱི་ཙམ་ཡིན་པས། དེའི་ནང་ན་ཉན་ཐོས་སོགས་ཀྱིས་སློབ་རྒྱུ་ཞིག་ཀྱང་ཡོད་པས་ཤེས་བྱེད་དུ་སོང་བ་ཡིན་གསུངས། བག་ཆགས་ཀྱི་མཚམས་སྦྱོར་བ་ཉིད་སྤང་བ་ཅན་ཡིན་ནོ། །ཞེས་པ་འདི་ལ་འཁྲུལ་ནས་འདིར་བསྟན་ཡང་དག་མཐའ་ངོ་བོ་ཉིད་སྐུ་ཡིན་ཟེར་མཁན་ཡང་མང་པོ་བྱུང་གསུངས། བསྟན་བཅོས་རྩོམ་པ་དགོས་མེད་ཀྱི་རྩོད་ལན་འདི་སློབ་དཔོན་སོགས་ཀྱིས་ཁ་བཀང་བ་ཡིན་ལ། མདོ་དང་ཟློས་པའི་རྩོད་ལན་རྗེ་བཙུན་རང་གིས་དངོས་སུ་གསུངས་པ་ཡིན་ནོ། །

༈ གཉིས་པ་མདོ་དང་ཟློས་སྐྱོན་སྤངས་ཏེ་དགོས་པ་ཡོད་པར་སྒྲུབ་པ་ནི། སྐྱེ་བོ་བློ་གྲོས་དམན་པ་ཞེས་སོགས་བྱུང༌། འདིར་དོགས་པ་ཁོང་ན་གནས་པ་བསུས་ཏེ་ཟློས་སྐྱོན་མེད་པའི་ལན་འདེབས་པ་ཡིན་ལ། དོགས་པ་བསུ་ཚུལ་ནི་རྗེ་བཙུན་བྱམས་པས་དངོས་བརྒྱད་བསྟན་པ་ལ་དགོས་པ་མེད་དེ། རྣམ་འགྲེལ་ལས། ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་བར་བྱེད། །ཅེས་གསུངས་པ་ལྟར། སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱིས་གདུལ་བྱའི་ཁམས་དང་བསམ་པ་མི་མཁྱེན་པའང་མེད་ལ་མཁྱེན་བཞིན་དུ་བཏང་སྙོམས་སུ་མཛད་པའང་མི་སྲིད་པས། རྣོ་འབྲིང་རྟུལ་གསུམ་གང་གི་དབང་དུ་བྱས་ཀྱང་ཡུམ་དེ་དང་དེ་ལས་དངོས་བརྒྱད་དོན་བདུན་ཅུ་གསལ་བར་མཛད་ཟིན་པ་མ་ཡིན་ནམ་སྟེ་མཛད་ཟིན་པའི་ཕྱིར། དེས་ན་གདུལ་བྱ་དེ་གསུམ་གང་གི་དོན་དུའང་རྩོམ་མི་དགོས་ཞེས་པའི་དོགས་པ་ཁོང་ནས་བསུས་ཏེ་ལན་གྱི་དོན་མདོར་བསྡུས་ན། སྐྱོན་མེད་དེ། དེ་དུས་ཀྱི་གདུལ་བྱ་རྣམས་ཀྱི་དོན་མཛད་ཟིན་ཀྱང་དུས་དབང་གིས་དེ་ཙམ་གྱིས་རྟོགས་པར་མི་ནུས་པའི་ཕྱི་རབས་ཀྱི་གདུལ་བྱ་བློ་དམན་པ་རྣམས་ཀྱི་དོན་དུ་རྗེ་བཙུན་བྱམས་པ་དང་འགྲེལ་བྱེད་རྣམས་ཀྱིས་འདི་ལྟར་གསལ་བར་བྱེད་པ་དེ་སངས་རྒྱས་རང་ཉིད་ཀྱིས་མཁྱེན་ནས་གསལ་བར་མ་མཛད་པ་ཡིན་པ་དང༌། ཡུམ་གསུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྒྱན་འདིར་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་དུ་དྲིལ་ཏེ་གསལ་བར་བསྟན་པས་བདེ་བླག་ཏུ་རྟོགས་པའི་དགོས་པ་ཡོད་ཅེས་ལན་མཛད་དགོས་གསུངས། སྤྱིར་བསྟན་བཅོས་ལ་དགོས་པ་ཡོད་པ་དང༌། དེ་སྒྲུབ་ནུས་པ་དང༌། དེའང་སྐྱེ་བོ་མཆོག་གི་འདོད་བྱ་ཡིན་པ་དང༌། བརྗོད་བྱ་འབྲེལ་ཆགས་པ་ཞིག་དགོས་ཀྱི། དགོས་པ་མེད་པ་བྱ་རོག་སོ་རྟོག་གི་གཞུང་དང༌། སྒྲུབ་མི་ནུས་པ་འཇོག་པོའི་གཙུག་རྒྱན་ལེན་པའི་གཞུང་དང༌། དམ་པའི་འདོད་བྱ་མིན་པ་མ་བག་མར་ལེན་པ་གཞོན་ནུ་མ་ལེན་གྱི་གཞུང༌། འབྲེལ་མེད་པ་སེའུ་བཅུ་པ་ལྟ་བུ་ཡིན་པས་དེ་དག་མི་རུང་བའི་ཕྱིར། སེའུ་བཅུ་པ་ནི་བརྗོད་བྱ་མི་འདྲ་བ་བཅུ་བཤད་པས་ཕལ་ཆེར་དྲང་སྲོང་རྣམས་ཀྱིས་རང་གི་གསང་ཚིག་གཞན་གྱིས་ཤེས་དོགས་ནས་དེ་ལྟར་བྱས་པ་ཡིན་ནམ་སྙམ་གསུངས། མ་བག་མར་ལེན་པའི་གཞུང་ནི་རིག་སྔགས་ཤིག་ཡིན་པ་འདྲ་སྟེ། བསྒྲུབས་ནས་རྫས་ལ་བཏབ་སྟེ་མེ་ལ་གཏོར་བས་མེའི་ནང་ནས་རུང་ཞེས་པའི་སྒྲ་འབྱུང་བ་དང༌། ཡང་ས་ཆ་འདིར་མི་རུང་ཞེས་པའི་སྒྲ་འབྱུང་བ་ལྟ་བུ་ཞིག་ཡིན་གསུངས། བྱེ་སྨྲས་མིང་ཚིག་གི་སྤྱི་ཞེས་པའི་མིང་ནི་ཊཱིཀ་ཆེན་ལེའུ་གསུམ་པ་ལྟར་སྒྲ་སྤྱི་དང༌། མིང་བརྗོད་བྱ་ལ་ཞུགས་པའི་ཆ་ལ་ཟེར་བས། ཚིག་སོགས་ཀུན་བཏགས་དངོས་མེད་ལ། །ཞེས་སོགས་དང་དོན་འདྲ་ལ། འདིས་ནི་གཞན་སྡེ་ལ་ཚིག་སོགས་ཆོས་ཅན། བརྗོད་བྱ་ལ་འཇུག་པའི་ཆ་དངོས་པོ་ཡི་ནི་འབྲེལ་བ་དེ་ཇི་ལྟ་བུར་ན་འཇུག་པར་འགྱུར་ཏེ་མི་འཇུག་པར་ཐལ། ཀུན་བཏགས་པའི་ཆ་དེ་དངོས་མེད་ཡིན་པའི་ཕྱིར། ཞེས་པ་ཡིན་ནོ། །ཐེག་ཆེན་གྱི་ས་ལམ་གྱི་རིམ་པ་ནི་ཕྱི་རོལ་པ་དང་དེའི་ཟླས་དྲངས་པའི་གཅིག་ཤོས་ནང་པའི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་རིམ་གྱིས་ཉམས་སུ་མ་མྱོང་སྟེ་བརྗོད་པར་བྱེད་པ་ཡུམ་དང་བརྗོད་པར་བྱ་བ་ཐེག་པ་ཆེན་པོའི་ལམ་ཟབ་ཅིང་རྒྱ་ཆེ་བ་དག་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་ཚུལ་གྱིས་འབྲེལ་བར་མཛད་པའི་ཕྱིར། ཁྱབ་པ་ཡོད་དེ། ཕྱི་རོལ་པ་ཐེག་ཆེན་ལ་སྡང་བ་དང༌། ཉན་རང་རྣམས་ཀྱིས་ཐེག་ཆེན་གྱི་སྡེ་སྣོད་སངས་རྒྱས་ལ་ཉན་ནས་གཞན་ལ་སྒྲོགས་པ་ཙམ་བྱེད་ཀྱི། དེ་དག་ལ་དམིགས་ཏེ་ཡུན་རིང་པོར་ཐོས་བསམ་སོགས་མི་བྱེད་པའི་ཕྱིར། ཐེག་པ་ཆེན་པོ་ཞེས་པའི་ཆེ་ཚུལ་ལའང༌། རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །ཞེས་སོགས་ལྟར་དམིགས་པ་ཆེ་བ་སོགས་བདུན་དང༌། ཐེག་བསྡུས་ལས་ཀྱང༌། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང༌། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་ཤེས་བྱའི་གནས་ཀུན་གཞི་སོགས་ཆེན་པོ་བཅུ་སོགས་བཤད་ལ། སྔ་མའི་དམིགས་པ་ཆེ་བའང་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལ་དམིགས་ཚུལ་གྱི་སྒོ་ནས་ཡིན་གསུངས། ཅི་ལའང་མ་རེག་པ་ཞེས་པ་གཞན་དྲིང་མི་འཇོག་པ་སྟེ། དེའང་གཞན་དོན་བྱེད་པའི་ཚེ་གཞན་ལ་ཁེགས་འགེལ་བའམ། གཞན་གྱིས་བསྐུལ་དགོས་པ་ལྟ་བུ་མ་ཡིན་པར་བསྐུལ་མ་ནང་ནས་བྱས་ཏེ་གཞན་དོན་དུ་ཆས་པའོ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །ཞེས་པ་ལ། སྤྱིར་ཆོས་སྤྱོད་བཅུ་ལ། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་འོ། །ཞེས་གསུངས་པ་ལྟར་གྱི་ཆོས་སྤྱོད་བཅུ་དང༌། རྗེ་ས་པཎ་གྱི་བསྟན་པ་སྤྱིའི་རྣམ་གཞག་ལས་ཡན་ལག་བདུན་པའི་སྟེང་དུ་སྐྱབས་འགྲོ་དང་སྨོན་འཇུག་གི་སེམས་བསྐྱེད་གཉིས་དང་བཅུ་ལ་ཆོས་སྤྱོད་བཅུར་གསུངས་པ་སོགས་ཡོད་ཀྱང༌། འདིར་ནི་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པའི་སྒྲུབ་པའི་སྤྱོད་པ་ཞེས་པ་འདི་ལ་བརྟེན་ནས་རྣམ་བཤད་ཀྱིས་སེམས་བསྐྱེད་སོགས་ཆོས་བཅུ་ལ་གསུངས་པ་དང༌། གསེར་ཕྲེང་དང་ཕར་ཕྱིན་རྟོག་དཀའི་སྣང་བ་གཉིས་ཀྱིས་སྦྱིན་སོགས་ཕར་ཕྱིན་བཅུ་ལ་གསུངས་པས། རྣམ་བཤད་ལྟར་ན། བྱང་ཆུབ་ཀྱི་སེམས་དང་ཞེས་པས་ཆོས་སྤྱོད་དང་པོ་དང༌། སྦྱིན་པ་ལ་སོགས་པ་ཞེས་པས་གོ་སྒྲུབ་སོགས་ཆོས་ཕྱི་མ་བཞི་བསྟན་པས་བར་གྱི་གདམས་ངག་སོགས་ཀྱང་བསྟན་པར་བཞེད། གསེར་ཕྲེང་སོགས་ལྟར་ན་བྱང་ཆུབ་ཀྱི་སེམས་དང་ཞེས་པས་སྤྱོད་པའི་རྟེན་སེམས་བསྐྱེད་དང༌། སྦྱིན་པ་ལ་སོགས་པ་ཞེས་པས་སྤྱོད་པ་ཕར་ཕྱིན་བཅུ་བསྟན་པར་བཞེད་གསུངས། ཆོས་སྤྱོད་རབ་གསལ་ཞེས་པའི་ཆོས་སྤྱོད་དེའང་སྐྱབས་འགྲོ་ནས་སྤྱན་འདྲེན་ཁྲུས་གསོལ་སོགས་མཇུག་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཆ་ཚང་བ་ལ་ཟེར་བས་གསོལ་འདེབས་རེ་རེ་ཙམ་ལ་ཆོས་སྤྱོད་ཟེར་བ་ནི། ཕྱོགས་གཅིག་ལ་ཕྱོགས་ཅན་གྱི་མིང་གིས་བཏགས་པ་ཡིན་གསུང༌། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པས། ཞེས་པ་ལ། ས་དང་པོར་ཆོས་ཅན་རེ་རེའི་སྟེང་དུ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་རང་སྟོབས་ཀྱིས་རང་གཞན་ལ་བདེན་རློམ་ཞི་བས། རྗེས་ཐོབ་ཏུ་སྦྱིན་པ་གཏོང་བ་ན་ལག་པ་གཡས་ནས་གཡོན་དུ་སྤོ་བ་ལྟར་སེར་སྣ་མི་འབྱུང་བའི་སྦྱིན་པའི་ཕར་ཕྱིན་ལྷག་པ་དང༌། ས་གཉིས་པར་ཚུལ་ཁྲིམས་དང༌། ཚུལ་འཆལ་གཉིས་བདེན་སྟོང་མཉམ་པ་ཉིད་དུ་རྟོགས་པའི་སྟོབས་ཀྱིས། རྗེས་ཐོབ་ཏུ་སྤྱོད་པ་བག་མེད་དུ་འགྲོ་བས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པ་དང༌། མཆོག་གི་དོན་དུ་རྟོགས་པ་སོགས་མཉམ་གཞག་གི་རྟོགས་ཚུལ་དང༌། རྗེས་ཐོབ་ཏུ་ཕར་ཕྱིན་ལྷག་ཚུལ་ལ་སྦྱར་ཏེ་ཕྱི་མ་རྣམས་ལའང་འཇོག་ཚུལ་རེ་ཡོད་གསུངས།

                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།