ཀུན་མཁྱེན་ཕར་ཕྱིན་སྐབས་བརྒྱད་པའི་མཐའ་དཔྱོད་སྐལ་བཟང་མིག་འབྱེད་ལས་འཕྲིན་ལས་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-28 21:23:05     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

575557663115211229.jpg

    ལྔ་པ་འཕྲིན་ལས་བཤད་པ་ལ། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ་ལས། དང་པོ་ནི། མདོ་ལས། རབ་འབྱོར་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས། ནས། སེམས་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱས་ནས་ཞེས་སོགས་ཀྱི་དོན་འཆད་པར། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་སོགས་བྱུང༌། སྦྱོར་བ་ནི་སྐབས་འདིའི་ཉེར་བདུན་ཆོས་ཅན། ཁྱོད་ཡེ་ཤེས་ཆོས་སྐུའི་མཛད་པ་ཡིན་ཏེ། ཀུན་རྫོབ་ཏུ་རྟོགས་པ་ཆོས་སྐུས་ལོངས་སྤྲུལ་གྱི་སྣང་བ་བསྐྱེད་པའི་སྒོས་ཁྱོད་སོགས་གཞན་དོན་གྱི་བྱ་བ་མཛད་པའི་ཕྱིར། འགྲེལ་པར། ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ནས། ཆོས་ཀྱི་སྐུའི་ཡིན་ནོ་ཞེས་གསུངས་པའི་ཕྱིར། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། འཕྲིན་ལས་སྐུ་བཞི་གའི་འཕྲིན་ལས་ཡིན་པར་ཐལ། སློབ་དཔོན་རིགས་བྱིན་གྱིས་དེ་ལྟར་བཞེད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གསེར་འཕྲེང་ལས། རིགས་བྱིན་ནི་སྐུ་བཞི་གའི་མཛད་པར་འདོད་དོ་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། ངོ་བོ་ཉིད་སྐུ་དང་འཕྲིན་ལས་ཉེར་བདུན་གཉིས་ལ་ལས་དང་ལས་ཅན་གྱི་འབྲེལ་བ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ངོ་བོ་ཉིད་སྐུ་དང་འཕྲིན་ལས་ཉེར་བདུན་གཉིས་ལ་ལས་དང་ལས་ཅན་གྱི་འབྲེལ་བ་མེད་པའི་ཕྱིར། དེར་ཐལ། གསེར་འཕྲེང་ལས། སྐུ་དང་པོ་དང་མ་ཡིན་པ་ལ་དགོངས་ནས་སྐུ་གསུམ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། འཕྲིན་ལས་ཉེར་བདུན་སྤྲུལ་སྐུ་ཁོ་ནའི་འཕྲིན་ལས་ཡིན་པར་ཐལ། དེ་ལྟར་འཕགས་པས་བཞེད་པའི་ཕྱིར་ན་སློབ་དཔོན་འདིའི་ལུགས་ལྟར་ན་མ་ཁྱབ། རྟགས་དེར་ཐལ། ཉིང་སྣང་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲུལ་པ་རྣམས་ཀྱིས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་སྣ་ཚོགས་པ་འཇུག་པར་བྱེད་པའི་སྒོས་གནས་ཡོངས་སུ་གྱུར་པའི་འཕྲིན་ལས་ཀྱི་དབང་དུ་མཛད་དོ་ཞེས་གསུངས་ཕྱིར། གསེར་འཕྲེང་ལས། འཕྲིན་ལས་སྐུ་ལྷག་མ་གསུམ་དང་ལས་དང་ལས་ཅན་དུ་འབྲེལ་གྱི་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། མི་འཐད་པར་ཐལ། དེ་ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཡིན་པའི་ཕྱིར། རྩ་བར། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་པའི་དགོངས་པ་ཡིན་པའི་ཕྱིར། འགྲེལ་ཆེན་ལས། ཡེ་ཤེས་ཁོ་ན་དང་མཛད་པར་སྦྱར་བའི་ཕྱིར་དེ་སྐད་དུ་གསུངས་ཏེ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེ་བཞིན་ཞེས་པའི་དེ་སྒྲ་སྤྲུལ་སྐུ་ལ་སྦྱོར་མི་རིགས་པར་ཐལ། སློབ་དཔོན་གྱིས་ཡེ་ཤེས་ཆོས་སྐུ་དང་སྦྱར་བའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། སློབ་དཔན་གྱི་མདོར་བསྟན་དང༌། ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །ཞེས་པའི་ཆོས་སྐུ་ཡེ་ཤེས་གཙོ་བོའི་དབང་དུ་བྱས་པའི་ཕྱིར། གསེར་འཕྲེང་ལས། དེ་བཞིན་ནི་སློབ་དཔོན་ལྟར་ན་ཆོས་སྐུ་ཡིན་ལ་འཕགས་ལྟར་ན་སྤྲུལ་སྐུ་ཡིན་པར་བཤད་ལ་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྩ་བའི་འབྲེལ་བྱས་ན་སྤྲུལ་སྐུ་དང་སྦྱོར་དགོས་པའི་ཕྱིར། རྩ་བར། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །དེ་བཞིན་ཞེས་གསུངས་པའི་ཕྱིར་ཏེ། རྣམ་བཤད་ལས། རྩ་བའི་འགྲེལ་གྱི་དབང་དུ་བྱས་ན་དེ་བཞིན་ཞེས་པ་སྤྲུལ་སྐུ་དང་འབྲེལ་ཡང་སློབ་དཔོན་གྱིས་ཆོས་སྐུ་ལ་མཛད་དོ་ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། སངས་རྒྱས་ཀྱི་འཕྲིན་ལས་ཡིན་ན། ལམ་ཞུགས་ཡན་ཆད་ན་ཡོད་པས་ཁྱབ་ཟེར་ན། ལམ་མ་ཞུགས་ཀྱི་ངན་འགྲོ་གསུམ་ལྷ་མིའི་སྡུག་བསྔལ་ཞི་བར་མཛད་པའི་འཕྲིན་ལས་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། འགྲོ་རྣམས་ཞི་བའི་ལས་དང་ནི། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་འཕྲེང་ལས། ངན་སོང་གསུམ་དང་ལྷ་མིའི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་ཞི་བ་བསྒྲུབ་པའི་ལས་མཛད་པ་ཞེས་གསུངས་པའི་ཕྱིར། དེས་སངས་རྒྱས་ཀྱི་འཕྲིན་ལས་འགྲོ་བ་དྲུག་གི་རྒྱུད་དུ་ཡོད་པར་ཤེས་སོ། །ཡང་ཁ་ཅིག་ན་རེ། སངས་རྒྱས་ཀྱི་འཕྲིན་ལས་ཡིན་ན། ལམ་མ་ཞུགས་ན་ཡོད་པས་ཁྱབ་ཟེར་ན། འཕྲིན་ལས་ལྷག་མ་ཉེར་དྲུག་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་མཁས། རྟགས་སླ། འདོད་མི་ནུས་ཏེ། ལྷག་མ་ཉེར་དྲུག་ལམ་ལ་བཀོད་པའི་འཕྲིན་ལས་ཡིན་པའི་ཕྱིར། དེར་ཐལ། ཚོགས་ལམ་ལ་འགོད་པའི་གསུམ། སྦྱོར་ལམ་ལ་འགོག་པའི་བཞི་དང་། མཐོང་ལམ་ལ་འགོག་པའི་གཅིག་དང་། སྒོམ་ལམ་ལ་འགོག་པའི་འཕྲིན་ལས་བཅོ་བརྒྱད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམས་བཞི་ལ་འགོད་པ་དང༌། །ཀུན་ནས་ཉོན་མོངས་བཅས་པ་ཡིས། །རྣམ་པར་བྱང་བ་རྟོགས་པ་དང༌། །ཞེས་སོ། །གཉིས་པ་གྲུབ་སྟེ། སེམས་ཅན་རྣམས་དོན་ཇི་བཞིན་གྱིས། །དོན་དང་ཕ་རོལ་ཕྱིན་དྲུག་དང༌། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་ཞེས་སོ། །གསུམ་པ་གྲུབ་སྟེ། གཉིས་ཟད་དང༌། ཞེས་སོ། །བཞི་པ་གྲུབ་སྟེ། བརྡ་དང་དམིགས་པ་མེད་པ་དང༌། །ནས། ཐ་དད་ཡོངས་སུ་མི་ཤེས་དང༌། །ཞེས་སོ། །ལམ་གྱི་མི་གནས་པའི་མྱ་འདས་ལ་འགོད་པའི་དེ་ཡོད་དེ། མྱ་ངན་འདས་ལ་འགོད་པ་སྟེ། །ཞེས་སོ། །ཉེར་བདུན་ཡོད་ཚུལ་སྟོན་པར། ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་སོ། །འཕྲིན་ལས་ཉེར་བདུན་ཡང་སྲིད་མཐའི་བར་དུ་དར་ཞིང་རྒྱས་པའི་འགྱུར་བ་ཡིན་ཏེ། འགྲེལ་པ་ལས། འདིའི་འཕྲིན་ལས་རྣམ་པ་ཉི་ཤུ་རྩ་བདུན་ཡང་འཁོར་བ་ཇི་སྲིད་པར་བཞེད་པ་ཞེས་གསུངས་པའི་ཕྱིར།

མཇུག་རྩོམ།

སྨྲས་པ།

ཨེ་མ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །

ཉན་རང་ཐེག་པ་གསུམ་གྱི་ཚོགས་རྣམས་ཀུན། །

སྐྱེ་མཛད་དུས་གསུམ་ཐར་པར་བགྲོད་པའི་ལམ། །

གཞུང་ལམ་འབྲས་བུའི་ཤེར་ཕྱིན་ཡུམ་རྣམས་རྨད། །

    ཀྱེ་མ་མདོ་སྔགས་གཞུང་མང་གྲུབ་མཐའ་ཀུན། །ཡུན་རིང་ངལ་བརྒྱས་དུབ་པའི་ངལ་བསོའི་གནས། །ཕར་ཕྱིན་གཞུང་དོན་ལེགས་སྟོན་ལམ་རིམ་ལས། །མདོ་སྔགས་ལམ་གྱི་སྒོ་རྙེད་ངལ་གསོ་ཐོབ། །རིགས་བརྒྱའི་ཁྱབ་བདག་སྲེ་བ་རྡོ་རྗེ་འཆང༌། །མགོན་དེའི་ཞབས་བརྟེན་མདོ་སྔགས་གསང་བའི་གནད། །མ་ལུས་ཀུན་བསྡུས་ཁྲིད་ཆེན་ཨ་མྲྀ་ཏ། །ཀླུ་དབང་གྲགས་ཐོབ་ལེགས་སྨོན་དགའ་བདེས་ཁྱབ། །ལོངས་སྤྲུལ་མེས་པོས་མངགས་པའི་ལེགས་བཤད་ཀྱི། །དག་བྱེད་མཆོད་ཡོན་སྔོན་བྱོན་ཤིང་རྟ་ཆེའི། །བློ་གྲོས་རབ་བར་ཉིས་སྟོང་ལྔ་བརྒྱར་བཟུང༌། །བདག་བློ་སྐལ་ལྡན་ཤིང་རྟས་རྒྱུན་འདི་བསྒྲེངས། །འདིར་འབད་དགེ་བ་ཆེས་དཀར་མཁའ་ཁྱབ་འགྲོའི། །ལེགས་བྱས་འདབ་བརྒྱ་བྱེ་བའི་ཚོགས་བཞད་ཅིང༌། །སྐལ་བཟང་བུང་བས་དར་དིར་མགྲིན་གླུ་དང༌། །ལེགས་བཤད་སྣང་བས་ཅིག་ཅར་ཀུན་ཁྱབ་ཤོག །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང༌། །རྟེན་ཅིང་འབྲེལ་འབྱུང་བསླུ་མེད་བདེན་པའི་མཐུས། །ཆོས་འདི་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །

    ཅེས་ཕར་ཕྱིན་གྱི་མཐའ་དཔྱོད་བསམ་འཕེལ་ཡིད་བཞིན་ནོར་བུའི་འཕྲེང་མཛེས་སྐལ་བཟང་མིག་འབྱེད་ཅེས་བྱ་བ་འདི་ནི་གངས་ཅན་གྱི་ཕྱག་ན་པད་དཀར་འཆང་བས་བཀའ་སྩལ་གྱི་མེ་ཏོག་ཡང་གནང་ཞིང༌། ཉེ་ཆར་མཁས་འདུས་དཔལ་ལྡན་བཀྲ་ཤིས་སྒོ་མང་གིས་ལན་གསུམ་ཆོས་གྲྭར་ཁང་ཚན་ཀུན་དང་གྲྭ་རྒན་འདུལ་བ་ཆོས་རྗེས་དུང་དཀར་གསེར་གཤོག་ཅན་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་གཙོ་མོ་ལབ་ཀྱི་སྒྲོན་མའི་དབུ་ཐོད་རིང་བསྲེལ་ཅན་འབྲས་བུ་སྣ་ཚོགས་དང་སུ་ཝརྞས་བརྒྱན་པ་དང་བཅས། རབ་འབྱམས་སྨྲ་བ་ངག་དབང་དགེ་འདུན་གྱིས་དཀར་ཡོལ་མཎྜལ་དང་བཅས། ཚོགས་ཀྱི་མཎྜལ་རང་གི་འབུལ་ཚན་དང༌། ཁྱད་པར་མང་ཐོས་མདོ་སྔགས་སྨྲ་བའི་དབང་པོ་དཔོན་སློབ་གུ་ཎ་མ་ཏི་དང༌། རང་གི་གྲྭ་རྒན་བླ་མ་སྔགས་རམས་པ་དཔལ་འབར་གཉིས་ཀྱིས་ལམ་རིམ་མཆོད་རྟེན་མཎྜལ་ཆེ་ལེགས་འབུལ་ཚན་དང་བཅས་ཏེ་བསྐུལ་བའི་ངོར་བཀྲ་ཤིས་སྒོ་མང་ནས་དབུ་བཙུགས། སྐབས་ལྔ་པ་ཡན་གྲུབ་ཅིང༌། རྒྱལ་བས་ལུང་བསྟན་པའི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་རྫོགས་པའི་སངས་རྒྱས་ཟིལ་གནོན་མེ་རྟར་སྐུ་བལྟམས་ནས་ལོ་ཉིས་སྟོང་དྲུག་བརྒྱ་དང་སོ་གསུམ། སངས་རྒྱས་ཤིང་ཆོས་འཁོར་བསྐོར་ནས་ཉིས་སྟོང་ལྔ་བརྒྱ་དང་གོ་བརྒྱད་ལོན་པ་རྣམ་འཕྱང་ཞེས་པ་ས་ཕོ་ཁྱིའི་ལོ་མགོ་ཟླ་བའི་ལྔ་མཆོད་ཆེན་པོའི་དུས་སུ། ཤཱཀྱའི་དགེ་སློང་མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག། །

                                                                                                       རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།