ཀུན་མཁྱེན་ཕར་ཕྱིན་སྐབས་བརྒྱད་པའི་མཐའ་དཔྱོད་སྐལ་བཟང་མིག་འབྱེད་ལས་སྤྲུལ་སྐུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-28 21:16:08     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

596755984661562240.jpg

           བཞི་པ་སྤྲུལ་པའི་སྐུ་ནི། རྩ་བར། གང་གིས་སྲིད་པ་ཇི་སྲིད་པར། །ནས། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་དང༌། འགྲེལ་པ་ལས། དེ་ལྟར་སྐུ་གསུམ་བསྟན་ནས་བཞི་པ་སྤྲུལ་པའི་སྐུ་བྱིས་པའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་བ་ནས། ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་སྐུ་གང་གིས་འཁོར་བ་ཇི་སྲིད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམསཀྱི་འདོད་པའི་དོན་མཉམ་པ་ཉིད་དུ་མཛད་པའི་སྐུ་དེ་ཞེས་པ་ནས། རྒྱུན་མི་འཆད་པ་ཡིན་ཞེས་བྱུང༌། འདིར་གསུམ་གྱི་དང་པོ། མདོ་ལས། རབ་འབྱོར་གཞན་ཡང་ཡུམ་འདི་ལ་སློབ་པ་ནི་ཞེས་པ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་མེད་མཐའ་མེད་པར་དུས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པས་སྤྲུལ་བ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅེས་སོགས་ཀྱི་དོན་འཆད་པར་རྩ་འགྲེལ་འདི་བྱུང༌། གཉིས་པ་ནི། ཤཱཀྱ་ཐུབ་པ་སོགས་ངེས་པ་ལྔ་མིན་གྱི་སྐུ་དེ་ཆོས་ཅན། སྤྲུལ་པའི་སྐུ་ཡིན་ཏེ། སྲིད་མཐའི་བར་དུ་དག་མ་དག་གི་འགྲོ་བ་ལ་དངོས་སུ་སྣང་ནས་ཕན་པ་སྣ་ཚོགས་མཛད་པའི་སྐུ་ཡིན་པའི་ཕྱིར།

    གསུམ་པ་མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ཁ་ཅིག་ན་རེ། སངས་རྒྱས་ལ་སོགས་པའི་ཡུལ་ཉིད་དུ་ཡེ་ཤེས་ལ་སོགས་པ་ཞེས་པའི་ཡེ་ཤེས་མེ་ལོང་ཡེ་ཤེས་ལ་བྱས་ནས་སོགས་ཁོང་ནས་ཡེ་ཤེས་ལྷག་མ་གསུམ་འདོན་ཟེར་ན། འོ་ན་སངས་རྒྱས་ཁོ་ན་དང་ཐེག་ཆེན་འཕགས་པ་དང་ཉན་ཐོས་སོགས་གསུམ་ལ་སྣང་ཚུལ་སྟོན་པ་མ་ཡིན་པར་ཐལ། ཁྱོད་ཀྱིས་བཤད་ཚུལ་འཐད་པའི་ཕྱིར། འདོད་ན། སངས་རྒྱས་ལ་སོགས་པའི་ཡུལ་ཉིད་དུ་ཡེ་ཤེས་ལ་སོགས་པ་ནས། སྐུ་གསུམ་བསྟན་ནས་ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །འདོད་པའི་ཕྱིར། ཁྱབ་སྟེ། འདིས་སངས་རྒྱས་ནང་ཕན་ཚུན་ཡུལ་དུ་ཡེ་ཤེས་ཆོས་སྐུ་བསྟན། བྱང་འཕགས་ཡུལ་དུ་ལོངས་སྐུ་བསྟན། ཉན་ཐོས་དང་སོ་སྐྱེ་ལས་དག་ཡན་ཆད་དོན་དུ་མཆོག་གི་སྤྲུལ་སྐུ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་འཕྲེང་ལས། སངས་རྒྱས་ཀྱི་ཡུལ་དུ་ཡེ་ཤེས་ཆོས་སྐུར་བཏགས་སོ་ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། གསེར་འཕྲེང་ལས་མཆོག་ཏུ་དག་པའི་འགྲོ་བ་འབའ་ཞིག་ལ་མཚན་དཔེ་རང་མཚན་པར་སྣང་བའི་གཟུགས་སྐུ་ལ་ལྟོས་ནས་ལོངས་སྐུ་དང་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དག་པའི་འགྲོ་བ་འབའ་ཞིག་ཅེས་པས་བྱང་འཕགས་ཁོ་ནར་བཤད་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། གསེར་འཕྲེང་ལས། དག་མ་དག་གཉིས་ཀའི་གདུལ་བྱ་ལ་མཚན་དཔེའི་གཟུགས་ཅན་དུ་སྣང་བའི་གཟུགས་སྐུ་ལ་ལྟོས་ནས་སྤྲུལ་སྐུར་བཏགས་སོ་ཞེས་གསུངས་པའི་ཕྱིར། ཕར་ཕྱིན་མངའ་བདག་བྱང་ཡེ་ན་རེ། ཡེ་ཤེས་ལ་སོགས་པ་ལ་ལྟོས་ནས་ཞེས་པའི་དོན་ཡེ་ཤེས་དེ་ཆོས་སྐུ་དང་སོགས་ཁོང་ནས་ལོངས་སྐུའི་སྣང་བ་སྤྲུལ་སྐུའི་སྣང་བ་གཉིས་བསྐྱེད་པའི་ནུས་པ་གཉིས་ལ་སྦྱོར་ཟེར་ན། དེ་སློབ་དཔོན་གྱི་ལུགས་མ་ཡིན་པར་ཐལ། ཡེ་ཤེས་དེ་ཡེ་ཤེས་ཆོས་སྐུ་བསྐྱེད་པའི་ཡེ་ཤེས་ཀྱི་ཚོགས་གང་ཞིག །སོགས་ཁོང་ནས་ལོངས་སྐུའི་མཚན་དཔེ་བསྐྱེད་པའི་བསོད་ནམས་ཀྱི་ཚོགས་དང༌། མཆོག་གི་སྤྲུལ་སྐུ་བསྐྱེད་པའི་ཙོགས་གཉིས་ཀྱི་ཆ་དག་ལ་ལུས་མདོར་བསྟན་གྱི་འགྲེལ་ཆེན་ལས་གསུངས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེའི་ཐད་ཀྱི་རྒྱན་སྣང་ལས། རྣལ་འབྱོར་པའི་ཀུན་རྫོབ་ཏུ་དོན་ཁྱད་པར་ཅན་སྣང་བ་བསྐྱེད་པའི་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་དེ་བཞིན་གཤེགས་པ་རྣམ་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བ་ནི་ཆོས་ཀྱི་སྐུ་ཞེས་གསུངས་པའི་ཕྱིར་དང་། རྣམ་བཤད་ལས་ཀྱང༌། སངས་རྒྱས་ཁོ་ནའི་མདོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་ཡེ་ཤེས་ཆོས་ཀྱི་སྐུ་རང་རྒྱུ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་ལྟོས་ནས་བྱུང་བ་ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། འགྲེལ་ཆེན་ལས། མཆོག་ཏུ་དགའ་བ་ཞེས་པ་ནས། གཞལ་དུ་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པ་མཚན་དཔེས་རྣམ་པར་མཛེས་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཞེས་གསུངས་པའི་པྱིར། རྣམ་བཤད་ལས་ཀྱང༌། བྱང་འཕགས་ཡན་ཆད་ཀྱི་ཞེས་གསུངས་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། འགྲེལ་ཆེན་ལས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཆ་ལས་བྱུང་བ་བྱིས་པ་དང་ཉན་ཐོས་དེ་བ་ཤཱཀྱ་ཐུབ་པ་ལ་སོགས་པ་ཞེས་གསུངས་པའི་ཕྱིར་དང༌། རྣམ་བཤད་ལས། མཆོག་གི་སྤྲུལ་སྐུ་ནི་ཚོགས་གཉིས་ཀའི་ཆ་བསགས་པ་ཞེས་གསུངས་པའི་ཕྱིར། ཡང་བྱང་ཡེ་ཤེས་ན་རེ། སྔ་མ་བཀག་ནས་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་སོགས་ཁོང་ནས་ལོངས་སྤྲུལ་བསྟན་པར་འཆད་པའང་ཤིན་ཏུ་མི་འཐད་པར་ཐལ། ཡེ་ཤེས་ཀྱི་ཚོགས་དང་སོགས་ཁོང་ནས་བསོད་ནམས་ཀྱི་ཚོགས་དང༌། ཚོགས་གཉིས་ཀའི་ཆ་ཤས་དང་གསུམ་ལ་རིམ་བཞིན་ལྟོས་ནས་སྐུ་གསུམ་བྱུང་བར་བཤད་དགོས་པའི་ཕྱིར། དེར་ཐལ། ཡེ་ཤེས་ཀྱི་ཚོགས་ཀྱི་ལག་རྗེས་གཙོ་བོར་ཆོས་སྐུ་བྱུང༌། བསོད་ནམས་ཀྱི་ཚོགས་ཀྱི་ལག་རྗེས་གཙོ་བོར་ལོངས་སྐུའི་མཚན་དཔེ་དང་ལོངས་ཡུལ་ཕོ་བྲང་འབྱོར་བ་རྣམས་འབྱུང༌། ལོངས་སྐུའི་ཡེ་ཤེས་ཀྱི་ཆ་ལས་མཆོག་སྤྲུལ་གྱི་ཐུགས་དང་བསོད་ནམས་ཀྱི་ཆ་ལས་མཆོག་སྤྲུལ་གྱི་མཚན་དཔེ་སོགས་འབྱུང་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རིན་ཆེན་འཕྲེང་བ་ལས། ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རིན་ཆེན་འཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་དང་། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། སངས་རྒྱས་ཀྱི་ཐུགས་གཅིག་གི་སྟེང་གི་ཚོགས་གཉིས་ཀྱི་ཆ་གཅིག་གིས་ཞིང་བྱེ་བ་ཕྲག་བརྒྱའི་གཟུགས་སྐུ་བྱེ་བ་ཕྲག་བརྒྱ་སོགས་སྤྲུལ་སྐུ་མཐའ་ཡས་པ་གཅིག་ཅར་དུ་བརྟེན་ནས་གནས་པའི་ཕྱིར། རིག་པ་དྲུག་ཅུ་པ་ལས། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་ཅེས་དང༌། རྒྱུད་བླ་དར་ཊིཀ་ལས། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་གཟུགས་སྐུ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་མཐའ་ཡས་པ་ལ་དུ་ཅིག་ཅར་དུ་བརྟེན་ནས་གནས་པར་ཤེས་པར་བྱའོ་ཞེས་གསུངས་པའི་ཕྱིར། འདིས་སྤྲུལ་སྐུ་སངས་རྒྱས་མིན་པ་དང༌། ཐུགས་མེད་ཟེར་བ་དག་ཁེགས་སོ། །

    ཡང་ཁ་ཅིག་ན་རེ། མཆོག་གི་སྤྲུལ་སྐུའི་མཛད་པ་བཅུ་གཉིས་ཁོ་ནར་ངེས་ཟེར་ན། འོ་ན་མཆོག་གི་སྤྲུལ་སྐུའི་སྤྲུལ་པའི་གྲངས་དང་མཛད་པའི་གྲངས་འཛིན་ཐུབ་པར་ཐལ། མཛད་པ་བཅུ་གཉིས་ཁོ་ནར་ངེས་པ་དེའི་ཕྱིར། འདོད་མི་ནུས་ཏེ། གདུལ་བྱ་གང་ལ་གང་འདུལ་གྱི་སྤྲུལ་པ་གྲངས་མེད་པས་ཕྱོགས་ཐམས་ཅད་ཁྱབ་པར་བྱས་ནས་ཆོས་ཀྱི་ཆར་ཆེན་པོ་འབེབས་པའི་ཕྱིར། དབུ་མ་སྙིང་པོ་ལས། གདུལ་བྱ་ཇི་བཞིན་སྤྲུལ་པ་ཡིས། །སྤྲུལ་པ་ཡིས་ནི་ཕྱོགས་བཀང་ནས། །བསྟན་པ་རིན་ཆེན་ཆར་ཕབ་པས། །འཇིག་རྟེན་འདས་པའི་བདེ་བ་སྐྱེད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། གདུལ་བྱའི་གྲངས་ལྟར་སྤྲུལ་པས་འཇིག་རྟེན་ལས་འདས་པའི་ཐར་པ་བསྐྱེད་པའི་ཕྱིར་ཏེ། རྟོག་གེ་འབར་བ་ལས། གདུལ་བྱ་གང་དང་ང་ལ་སྤྲུལ་པ་གང་གིས་ཡོངས་སུ་སྨིན་པར་འགྱུར་བའི་ཉན་ཐོས་དང་རང་སངས་རྒྱས་དང་བརྒྱ་བྱིན་དང༌། ཚངས་པ་དང་འཇིག་རྟེན་སྐྱོང་བ་དང་དབང་ཕྱུག་ཆེན་པོ་དང་སྲེད་མེད་ཀྱི་བུ་ལ་སོགས་པའི་སྤྲུལ་པ་དེ་དག་གིས་ཕྱོགས་ཐམས་ཅད་ཁྱབ་པར་བྱས་ནས་ཞེས་གསུངས་པའི་ཕྱིར། གཞན་ཡང༌། དུས་གསུམ་ཚད་མེད་པའི་ལུས་བྱིན་གྱིས་བརླབས་ཏེ་ལོང་བས་མིག་ཐོབ་པ་དང་འོན་པས་རྣ་བ་ཐོབ་པ་སོགས་མེད་པར་ཐལ། མཛད་པ་བཅུ་གཉིས་ཁོ་ནར་ངེས་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེ་ལྟར་དབང་པོ་ལྔ་སོགས་ཐོབ་པ་དང༌། མ་དག་པའི་ཞིང་དག་པའི་ཞིང་དུ་བྱིན་གྱིས་བརླབས་པ་སོགས་ཡོད་པའི་ཕྱིར། དབུ་མ་སྙིང་པོ་ལས། དུས་གསུམ་ཚད་མེད་འདུས་ཉིད་དང༌། །སངས་རྒྱས་ཞིང་ནི་ཕུན་སུམ་ཚོགས། །ཞེས་དང༌། རྟོག་གེ་འབར་བ་ལས། འདས་པ་དང་ད་ལྟར་གྱི་དུས་རྣམས་སུ་དཔག་ཏུ་མེད་པའི་ལུས་བྱིན་གྱིས་རློབ་པར་བྱེད། ཡོངས་སུ་མ་དག་པའི་ཞིང་དག་པར་བྱིན་གྱིས་རློབ་པར་བྱེད་དོ་ཞེས་གསུངས་པའི་ཕྱིར༌། ཁྱབ་སྟེ། དེར་མ་ཟད་རང་ལུས་སངས་རྒྱས་ཞིང་དུ་བྱེད། སངས་རྒྱས་ཀྱི་ཞིང་རང་ལུས་སུ་བསྒྱུར་བ་སོགས་བྱེད་པའི་ཕྱིར། ཐུབ་པའི་མཛད་པ་བསམ་གྱིས་མི་ཁྱབ་ཀྱང་གྲངས་ཙམ་ལ་དོན་དུ་མཛད་པ་བཅུ་གཉིས་བྱས་ཏེ། དེ་ཡང་ལོངས་སྐུས་སྤྲུལ་ཚུལ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་གསུངས་པ་དར་ཊིཀ་ལས་བཤད། སྐྱེ་བ་མངོན་པར་སྐྱེ་བ་དང༌། དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་གྱིས་རོལ་བ་དང༌། །ངེས་འབྱུང་དཀའ་བ་སྤྱད་པ་དང༌། །བྱང་ཆུབ་སྙིང་པོར་བཤེགས་པ་དང༌། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་ལ།

    བོད་ཀྱི་པཎ་ཆེན་རིགས་རལ་ན་རེ། དགའ་ལྡན་ནས་འཕོ་བ་དང་པོར་བྱེད་ཟེར། དེ་ལ་མཁས་པ་རྒྱང་རོང་པ་སོགས་དགའ་ལྡན་ན་གནས་པ་བྱེད་དགོས་ཟེར། དགའ་ལྡན་ནས་འཕོ་བ་ཐོག་མ་བྱས་པ་གཏན་ནས་མི་འཐད་པ་མ་ཡིན་པར་ཐལ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་ཀྱིས་འགྲེལ་ཆེན་ལས་བཤད་པའི་ཕྱིར། དེར་ཐལ། རིན་ཆེན་འཕྲེང་བ་ལས། སྙིང་རྗེའི་དབང་དུ་གྱུར་པ་རྣམས། །གཤེགས་དང་བལྟམས་དང་རོལ་བ་དང༌། །ཞེས་དགའ་ལྡན་ནས་གཤེགས་པ་ཐོག་མར་བཤད། ཐོགས་མེད་འགྲེལ་ཆེན་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པའི་སྐུས་དང་པོ་དགའ་ལྡན་གྱི་གནས་ནས་བབས་པ་ཞེས་པ་ནས། ཐ་མ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་བར་གྱི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཅིག་ཅར་སྟོན་ཞེས་དང༌། དར་ཊིཀ་ལས། དེ་ནས་མཛད་པ་བཅུ་གཉིས་ཀྱི་དང་པོ་དགའ་ལྡན་གནས་ནས་འཛམ་བུའི་གླིང་དུ་འཕོ་བ་དང༌། གཉིས་པ་ཡུམ་གྱི་ལྷུམས་སུ་འཇུག་པ་དང་ཞེས་གསུངས་པའི་ཕྱིར། དེས་ན་དགའ་ལྡན་ནས་འཕོ་བ་གཙོ་བོར་འཛིན་པ་ཀླུ་སྒྲུབ་ལ་བརྟེན་པར་སྣང༌། ཡར་དགའ་ལྡན་ན་གནས་པ་དང་པོར་བྱེད་པ་ཡང་ཤིན་ཏུ་མང་སྟེ། ཐོགས་མེད་དང་དབྱིག་གཉེན་དང་ལེགས་ལྡན་དང་སེང་བཟང་རྣམས་ཀྱིས་བཤད་པའི་ཕྱིར། དེར་ཐལ། ཐེག་བསྡུས་ལས། སྤྲུལ་པའི་སྐུ་ནི་དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང་ཞེས་དང༌། མདོ་སྡེ་རྒྱན་གྱི་འགྲེལ་བར་དབྱིག་གཉེན་གྱིས། ཇི་ལྟར་སྣོད་ཀྱི་འཇིག་རྟེན་གྱི་འབྱོར་བ་ཐམས་ཅད་སྤྲིན་ལས་བྱུང་བ་ལྟར། དགའ་ལྡན་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའི་སྒོས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་རྣམས་དེ་ལ་རག་ལས་པའི་ཕྱིར་རོ་ཞེས་དང༌། རྟོག་གེ་འབར་བ་ལས་ཀྱང༌། རྩ་བའི་དེ་བཞིན་གཤེགས་པའི་སྐུ་ལས་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ནས་མྱ་ངན་ལས་འདས་པའི་བར་གྱི་སེམས་ཅན་ལ་ཕན་པའི་ཐབས་སུ་འཇུག་པ་ཡིན་ཏེ་ཞེས་གསུངས་པའི་ཕྱིར་དང༌། འགྲེལ་པ་དོན་གསལ་ལས་ཀྱང༌། དགའ་ལྡན་གྱི་གནས་ནས་བཞུགས་པ་ལ་སོགས་པ་ཀུན་ཏུ་སྟོན་པར་རུང་བ་ཞེས་གསུངས་པའི་ཕྱིར། དགའ་ལྡན་ན་གནས་པ་དང༌། དགའ་ལྡན་ནས་འཕོ་བ་གཉིས་གང་རུང་མཛད་པ་བཅུ་གཉིས་ཀྱི་ཐོག་མ་བྱས་པས་མི་ཆོག་པར་ཐལ། དགའ་ལྡན་ན་གནས་པ་ཐོག་མར་བྱེད་ན་ལྷུམས་ཞུགས་དང་བལྟམས་པ་གཅིག་ཏུ་བྱེད་དགོས་པའི་ཕྱིར། དེར་ཐལ། མདོ་དང་ཐེག་བསྡུས་དང་ལེགས་ལྡན་གྱིས་ཀྱང༌། ལྷུམས་ཞུགས་མ་གསུངས་པར་བལྟམས་པ་གསུངས་པའི་ཕྱིར། དད་པའི་སྟོབས་བསྐྱེད་པའི་མདོ་ལས། དགའ་ལྡན་གྱི་གནས་མཆོག་ན་བཞུགས་པ་དང༌། འཆི་འཕོ་བ་དང༌། སྐྱེ་བ་དང༌། གཞོན་ནུ་རོལ་བ་དང༌། ཞེས་དང༌། ཐེག་བསྡུས་ལས། དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང༌། བལྟམས་པ་དང་ཞེས་དང༌། རྟོག་གེ་འབར་བ་ལས། དགའ་ལྡན་གྱི་གནས་ན་གནས་པ་དང༌། འཕོ་བ་དང༌། བལྟམས་པ་དང་ཞེས་གསུངས་པའི་ཕྱིར། དར་ཊཱིཀ་ལས། དགའ་ལྡན་དུ་སྐྱེ་བ་དང་པོར་བྱེད་ན་ལྷུམས་སུ་ཞུགས་པ་བལྟམས་པ་གཅིག་ཏུ་བྱའོ་ཞེས་གསུངས་པའི་ཕྱིར། བཅུ་གཉིས་པོ་གང་དུ་སྟོན་པ་ལ་ཐེག་པ་ཐུན་མོང་ལུགས་ཀྱི་འདོད་ཁམས་དང༌། ཁྱད་པར་འཛམ་གླིང་བྱེ་བ་ཕྲག་བརྒྱ་རྣམས་སུ་མཛད་པ་བཅུ་གཉིས་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་བསྟན་པར་རྒྱ་ཆེར་རོལ་བ། ཐུབ་པ་དགོངས་རྒྱན་དང༌། རྟོག་གེ་འབར་བ་དག་གིས་བཤད་པའི་ཕྱིར། དེར་ཐལ། དབུ་མ་སྙིང་པོའི་འགྲེལ་པ་ལས། འཛམ་གླིང་བྱེ་བ་ཕྲག་བརྒྱ་དག་ཏུ་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མར་མཛད་དེ། འཕོ་བ་དང༌། ལྷུམས་སུ་ཞུགས་པ་དང༌། གཞོན་ནུ་རོལ་བ་དང༌། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང༌། མངོན་པར་བྱུང་བ་དང༌། དཀའ་བ་སྤྱད་པ་དང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པར་དང༌། བདུད་འདུལ་བ་དང༌། མངོན་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཀུན་ཏུ་སྟོན་པ་ཉིད་འབྱུང་ངོ་ཞེས་གསུངས་པའི་ཕྱིར། ཐུབ་དགོངས་ལས་ཀྱང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟམས་པ་ལ་སོགས་པ་སྟོན་པར་མཛད་པ་དེ་མ་ལུས་པར་སྐུ་གཅིག་ལ་སྟོན་པར་མཛད་དོ་ཞེས་གསུངས་པའི་ཕྱིར། གཞན་ཡང༌། མཛད་པ་བཅུ་གཉིས་ཀྱི་དགའ་ལྡན་ནས་འཕོ་བ་བྱེ་བ་བརྒྱ་ཅིག་ཅར་དང༌། ལྷུམས་ཞུགས་བྱེ་བ་བརྒྱ་ཅིག་ཅར་དང༌། བལྟམས་པ་བྱེ་བ་བརྒྱ་ཅིག་ཅར་མཛད་པ་སོགས་ཡིན་པར་ཐལ། བདག་ཅག་གི་སྟོན་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་གླིང་བཞིའི་འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་ཟིལ་གནོན་མེ་ཕོ་རྟའི་ལོ་དགའ་ལྡན་དུ་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་བསྟན་ཏེ། དེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་ཡུམ་སྒྱུ་མ་ལྷུམས་མཛེས་ཀྱི་ལྷུམས་སུ་ཞུགས་ཤིང་ཤོལ་དང་བཅས་པའི་ཟླ་བཅུ་རྫོགས་པའི་མེ་རྟའི་དགུན་ཐ་ཆུང་རྟ་ཟླའི་ཚེས་བདུན་གྱི་སྔ་དྲོ་སྐར་མ་རྒྱལ་འཆར་བའི་དུས་བལྟམས་པ་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་མཛད་པ་ཡིན་པའི་ཕྱིར། གཟུངས་རྒྱལ་གྱིས་ཞུས་པ་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་མཛེས་པ་ཇི་སྙེད་པ་ཞེས་པ་ནས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་ཇི་ལྟ་བ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཞེས་མཆོད་རྫས་སྐབས་ལྟར་ཡིན་པའི་ཕྱིར། དེར་ཐལ། དགོངས་འགྲེལ་ལས། འཇམ་དཔལ་སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བདག་པོར་གྲགས་པའམ་སྦྱིན་གནས་སུ་གྲགས་པའི་ཁྱིམ་དུ་མངལ་དུ་འཇུག་པ། 27བཙས་པ་དང༌། སྐྱེ་བ་དང༌། འདོད་པ་ལ་ལོངས་སྤྱོད་མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པའི་ཅིག་ཅར་དུ་ཀུན་ཏུ་སྟོན་པ་དང༌། དེ་གཏོང་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ཀུན་ཏུ་སྟོན་པ་ཡིན་པར་བལྟ་བར་བྱའོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེར་ཐལ། ཐུབ་བསྟན་བྱི་དོར་ལས། བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་འདིས་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཉིད་ལ། གླིང་བཞིའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡོད་པ་དག་གི་འཇིག་རྟེན་རེ་རེར་ཡང་མཛད་པ་བཅུ་གཉིས་རེ་རེ་སྟེ། དེ་ལྟར་མཛད་པ་བཅུ་གཉིས་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་བསྟན་ཞེས་སོགས་དང༌། རྒྱུད་སྡེ་སྤྱི་རྣམ་ལས། འཛམ་གླིང་བྱེ་བ་ཕྲག་བརྒྱར་ཤཱཀྱ་ཐུབ་པས་མཛད་པ་བཅུ་གཉིས་ཀྱི་ཚུལ་བྱེ་བ་ཕྲག་བརྒྱ་ཅིག་ཅར་སྟོན་ནོ། །དེ་ཡང་དགའ་ལྡན་གྱི་གནས་ནས་འཕོ་བ་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་སྟོན་ཏེ་ནས། སྲས་རྒྱལ་བུ་དོན་གྲུབ་སྐུ་བལྟམས་པའི་ཚུལ་བྱེ་བ་ཕྲག་བརྒྱ་ཅིག་ཅར་སྣ་ཚོགས་སྟོན་ནོ་ཞེས་སོགས་གསུངས་པའི་ཕྱིར།

(27) དཔར་ཐེངས་གཉིས་པ། བཅས་པ་དང།

    གཞན་ཡང་ཐེག་ཆེན་ལུགས་ལ་ཞིང་འདིའི་འཛམ་གླིང་བྱེ་བ་ཕྲག་བརྒྱར་མཛད་པ་བཅུ་གཉིས་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་བསྟན་པར་ཐལ། ཐེག་ཆེན་ལུགས་དེ་ཁོ་ན་གཙོ་བོར་མདོ་དང་བསྟན་བཅོས་གཉིས་ཀས་བཤད། རྗེ་ཡབ་སྲས་ཀྱི་ཐུགས་བཞེད་ཚུལ་དར་ཊིཀ་རྒྱུད་སྡེ་སྤྱི་རྣམ་དང་སྡོམ་གསུམ་ལྟར་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དགོངས་འགྲེལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོར་མཛད་པ་བཅུ་གཉིས་ཅིག་ཅར་བསྟན་པར་བཤད། གཟུངས་རྒྱལ་གྱི་མདོ་ལས་བྱེ་བ་ཕྲག་བརྒྱའི་གླིང་ན་སངས་རྒྱས་བཞུགས་པར་བཤད་གཤེགས་བལྟམས་སོགས་ཤུགས་ལ་འཕེན་པ་ལྟར་ལེགས་ལྡན་གྱིས་ཀྱང་བཤད་པའི་ཕྱིར། དེར་ཐལ། དགོངས་འགྲེལ་གྱི་འཇམ་དཔལ་གྱིས་ཞུས་པ་ལས། སྤྲུལ་པའི་སྐུ་སྟོན་ཐབས་ལ་མཁས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཞེས་དང༌། དཀའ་བ་སྤྱོད་པའི་ཅིག་ཅར་ཀུན་ཏུ་སྟོན་པ་དང་ཞེས་དང༌། གཟུངས་རྒྱལ་གྱི་མདོ་ལས། རྒྱལ་བ་ཉི་མ་ཇི་བཞིན་འཕགས་ཏེ་ཞིང་རྣམས་བྱེ་བ་བརྒྱ་དག་ཏུ་ཡང་རབ་ཏུ་གདའ། །རྒྱལ་བའི་རང་གི་ཡོན་ཏན་ཀུན་གྱི་ཞིང་རྣམས་ཐམས་ཅད་བརྒྱན་ཏེ་ཤིན་ཏུ་མཛེས་མཛད་པ། །ཞེས་དང༌། ཐུབ་དགོངས་སུ། འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མ་མཛད་ནས་འཕོ་བ་དང༌། འཇུག་པ་དང༌། ལྷུམས་ན་བཞུགས་པ་དང༌། བལྟམས་པ་དང༌། ནང་གི་གྲོང་ཁྱེར་དུ་བཞུགས་པ་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པ་དང་བྱང་ཆུབ་ཀྱི་སྙིང་པོར་ཡང་དག་པར་གཤེགས་པ་དང༌། བདུད་འདུལ་བ་དང་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། གསོལ་བ་བཏབ་པ་དང༌། ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་དང༌། མྱ་ངན་ལས་འདས་པ་ཆེན་པོར་འཕོ་བའི་ཆེད་དུ་ཞེས་གསུངས་པའི་ཕྱིར། གཞན་ཡང༌། འཛམ་གླིང་བྱེ་བ་ཕྲག་བརྒྱར་མཛད་པ་བཅུ་གཉིས་བྱེ་བ་ཕྲག་བརྒྱ་ཅིག་ཅར་བསྟན་པར་ཐལ། དེ་ལྟར་དུ་སྔར་བཤད་པའི་མདོ་མ་ཟད་རྒྱ་རོལ་དང་རྟོག་གེ་འབར་བ་ལས་བཤད་པ་ལྟར་རྗེ་ཡབ་སྲས་ཀྱིས་ཀྱང་བཞེད་པའི་ཕྱིར། རྒྱ་ཆེ་རོལ་བ་ལས། འཇིག་རྟེན་གྱི་ཁམས་འདི་ལ་སོགས་པ་གླིང་བཞི་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང་ཞེས་པ་ནས། འོག་མིན་གྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ཅེས་བྱ་ཞེས་དང༌། རྟོག་གེ་འབར་བ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྟེང་ན་འོག་མིན་ཞེས་བྱ་བའི་ནས། དེ་ཉིད་ནས་བཞུགས་བཞིན་དུ་འཛམ་གླིང་བྱེ་བ་ཕྲག་བརྒྱ་དག་ཏུ་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མ་མཛད་དེ་འཕོ་བ་དང༌། ལྷུམས་སུ་འཇུག་པ་དང༌། ལྷུམས་ན་བཞུགས་པ་དང༌། བལྟམས་པ་དང༌། གཞོན་ནུ་རོལ་བ་དང༌། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང༌། བདུད་འདུལ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་ལ་སོགས་པའི་སྤྲུལ་པ་དག་གི་ཞེས་སོགས་དང༌། རྗེའི་བཞེད་པ་ལྟར་སྲས་ཀྱི་ཐུ་བོ་གཉིས་ཀས་བཤད་དེ། རྒྱུད་བླ་དར་ཊིཀ་ལས། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་གཟུགས་ཀྱི་སྐུ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་མཐའ་ཡས་པ་ལ་དུས་ཅིག་ཅར་དུ་བརྟེན་ནས་གནས་པར་བྱའོ་ཞེས་དང༌། སྡོམ་གསུམ་ལས། བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་འདིས་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཉིད་གླིང་བཞིའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡོད་པ་དག་གི་གླིང་བཞིའི་འཇིག་རྟེན་རེ་རེར་ཡང་མཛད་པ་བཅུ་གཉིས་རེ་རེ་སྟེ་དེ་ལྟར་མཛད་པ་བཅུ་གཉིས་བྱེ་བ་ཕྲག་བརྒྱ་དུས་གཅིག་ཏུ་བསྟན་ཞེས་དང༌། རྒྱུད་སྡེ་སྤྱི་རྣམ་ལས་ཀྱང༌། དེ་ལ་རྒྱལ་བ་ཤཱཀྱ་ཐུབ་པས་ཞེས་པ་ནས། མཛད་པ་བཅུ་གཉིས་ཀྱི་ཚུལ་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་སྟོན་ནོ། །དེ་ཡང་དགའ་ལྡན་གྱི་གནས་ནས་འཕོ་བ་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་སྟོན་ཏེ། དེ་བཞིན་དུ་ཡབ་རྒྱལ་པོ་ཟས་གཙང་མ་བྱེ་བ་ཕྲག་བརྒྱ་དང་ཡུམ་སྒྱུ་མ་ལྷུམས་མཛེས་བྱེ་བ་ཕྲག་བརྒྱ་དང༌། སྲས་རྒྱལ་བུ་དོན་གྲུབ་སྐུ་བལྟམས་པའི་ཚུལ་བྱེ་བ་ཕྲག་བརྒྱ་དུས་ཅིག་ཅར་དུ་སྟོན་ནོ། །དེ་བཞིན་དུ་གཞོན་ནུ་རོལ་རྩེད་མཛད་པ་དང༌། བཙུན་མོའི་འཁོར་གྱིས་རོལ་བ་དང༌། ངེས་པར་འབྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་དང༌། བདུད་འདུལ་བ་དང༌། མངོན་པར་རྫོགས་པར་སངས་རྒྱས་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་འདས་པའི་ཚུལ་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་སྟོན་ཏེ་ཞེས་གསུངས་པའི་ཕྱིར།

    གཞན་ཡང་མཛད་པ་བཅུ་གཉིས་བྱེ་བ་ཕྲག་བརྒྱ་ཅིག་ཅར་བསྟན་པར་ཐལ། དེ་བསྟན་པར་སློབ་དཔོན་ཀླུ་བྱང་དང་རྗེ་རིན་པོ་ཆེས་ཀྱང་རྒྱས་པར་བཤད་པའི་ཕྱིར། དེར་ཐལ། གླིང་གཞན་གསུམ་དུ་མི་སྐྱེ་བར་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྐྱེ་བ་གཅིག་ཐོག་གི་བྱང་སེམས་ཚུལ་བཟུང་དམ་པ་ཏོག་དཀར་འཕོས་ཏེ་བར་དོ་བ་མཚན་དཔེས་སྤྲས་པ་གླིང་བཞི་བྱེ་བ་ཕྲག་བརྒྱ་འོད་ཀྱིས་གསལ་བ་མེ་རྟའི་ལོ་ས་ག་ཟླ་བའི་ཉ་ལ་ཡུམ་ལྷུམས་མཛེས་ཀྱི་ལུས་སུ་ཞུགས་པས་སྟོང་གསུམ་བྱེ་བ་ཕྲག་བརྒྱ་ཡང་སྣང་བས་ཁྱབ་པའི་ཕྱིར་ཏེ། རྣམ་གཞག་རིམ་ལྔ་ལས། དེ་ཡང་དབང་པོ་རྣོ་བར་འགྱུར་ཏེ་ཇི་ལྟར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་མཚན་དང་དཔེ་བྱད་དང་ལང་ཚོ་ཡོངས་སུ་རྫོགས་པ་དེ་བཞིན་དུ། སྲིད་པ་བར་མ་ན་གནས་པ་ཡང་མའི་རུམ་དུ་རབ་ཏུ་འཇུག་གོ །བྱེ་བ་ཕྲག་བརྒྱ་ཡང་འདིའི་འོད་ཀྱི་སྣང་བས་གསལ་བར་བྱེད་དོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་བཞིན་དུ་མཛོད་འགྲེལ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ནི་དཔེར་ན་གཞོན་ནུ་དོན་གྲུབ་ལྟ་བུ་མཚན་དང་དཔེ་བྱད་དེ་ཉིད་ཀྱི་ཕྱིར། སྲིད་པ་མ་བར་མ་ལ་གནས་པ་ཡུམ་གྱི་ལྷུམས་སུ་ཞུགས་པ་གླིང་བཞི་བྱེ་བ་ཕྲག་བརྒྱ་སྣང་བར་མཛད་དོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་གཞག་གི་ལུང་མཛོད་འགྲེལ་གྱི་ལུང་གཉིས་ཀས་ཞིང་བྱེ་བ་ཕྲག་བརྒྱ་དགའ་ལྡན་ནས་འཕོ་བའི་བར་དོ་ངོས་བཟུང་བ་ཡིན་པའི་ཕྱིར། རྗེའི་རྣམ་གཞག་རྣམ་བཤད་ལས། བྱང་སེམས་དགའ་ལྡན་ནས་འཕོ་བའི་བར་དོ་ངོས་བཟུང་བ་དང་འདི་གཉིས་དོན་གཅིག་ཡིན་པས་ཞེས་གསུངས་པའི་ཕྱིར། དེས་ན་སྔར་བཤད་པ་དེ་དག་འཐད་པར་ཐལ། ཡིད་ཆེས་ཀྱི་ལུང་མང་པོ་དེ་འདྲར་དགོངས་ནས་སྡོམ་གསུམ་ལས། དེ་ལྟར་མཛད་པ་བཅུ་གཉིས་བྱེ་བ་ཕྲག་བརྒྱ་དུས་གཅིག་ཏུ་བསྟན་པར་མདོ་སྡེ་རྒྱ་ཆེར་རོལ་བ་དང༌། ནས། ཀུན་མཁྱེན་གཉིས་པ་དབྱིག་གཉེན་སོགས་ཚད་ལྡན་དག་གིས་བཤད་དེ། ཞེས་དང༌། ཡོན་ཏན་དང་ཡེ་ཤེས་ལ་འཇུག་པའི་མདོ་ལས་ཀྱང༌། སངས་རྒྱས་ཀྱི་ལུས་མཐའ་ཀླས་པའི་ལུས་རྣམས་ཀྱིས་ལུས་རེ་རེས་ཀྱང་དགའ་ལྡན་གྱི་གནས་ནས་ཤི་འཕོ་བ་དང༌། སྐྱེ་བ་དང༌། མངོན་པར་འབྱུང་བ་དང་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་ནོ་ཞེས་གསུངས་པའི་ལུས་མཐའ་ཀླས་པ་ཞེས་པའི་དོན་གྲུབ་པའི་ཕྱིར། མཛད་པ་བཅུ་གཉིས་ཐམས་ཅད་རྒྱུད་བླ་ལྟར་ཚུལ་གཅིག་ཁོ་ན་མ་ཡིན་པར་ཐལ། དགོངས་འགྲེལ་ལས་རིགས་མཐོན་པོའི་ཁྱིམ་མམ་མངལ་དུ་འཇུག་པ་དང་གཅིག་བཙས་པ་དང༌། སྐྱེ་བ་གཉིས་དང་གསུམ། འདོད་པ་ལོངས་སྤྱོད་དང་བཞི། མངོན་བྱུང་དང་ལྔ། དཀའ་སྤྱོད་དང་དྲུག དེ་གཏོང་བ་དང་བདུན། སངས་རྒྱས་པ་དང་བརྒྱད། གསུང་རབ་ཡན་ལག་བཅུག་ཉིས་ཀྱི་ཐེག་ཆེན་ཆོས་འཁོར་དགུ་དངོས་སུ་གཙོ་བོར་བསྟན་ཅིང༌། བདུད་བཏུལ་བ་དང༌། དགའ་ལྡན་ནས་འཕོ་བ་དང༌། ཐ་མ་མྱ་ངན་ལས་འདའ་བའི་མཛད་པ་རྣམས་ཤུགས་ལ་བསྟན་པའི་ཕྱིར། འདིར་དཀའ་སྤྱད་ལས་དཀའ་ཐུབ་བཏང་བ་མཛད་པར་འདྲེན་པར་མི་འཐད་པར་ཐལ། གཞན་ནས་དཀའ་སྤྱད་གཅིག་པུ་མཛད་པར་དྲངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གཉིས་བརྟུལ་ཞུགས་ངན་པས་དག་གྲོལ་དུ་འཛིན་པ་བཅོམ་པའི་ཆེད་ཡིན་པས་དགོས་པའི་སྒོས་གཅིག་ཏུ་བསྡུས་པའི་ཕྱིར། འདོད་མི་ནུས་ཏེ། དཀའ་སྤྱད་བཏང་བ་རྒྱལ་བ་ནམ་མཁའ་གང་བས་ལམ་དེ་འདྲས་སངས་28རྒྱ་མི་ནུས་ཞེས་བསྐུལ་བའི་མཛད་པ་ཆེ་ཤོས་ཤིག་ཡིན་པའི་ཕྱིར། རིམ་ལྔ་ལས། དེ་སྐད་དུ་ཐེག་པ་ཆེན་པོ་རྒྱ་ཆེར་རོལ་བ་ལས་གསུངས་པ། ཤཱཀྱ་སེང་གེ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་བཞེད་པ་འདི། །ནས། དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །བཞུགས་པ་ཏིལ་གྱི་གང་བུ་ལྟར། །གང་བས་རྒྱལ་བའི་སྲས་དེ་ལ། །སེ་གོལ་དབྱངས་གཅིག་གིས་གསུངས་པ། །ནས། སྐྱ་རེངས་ཤར་བའི་དུས་སུ་ནི། །རྡོ་རྗེ་ལྟ་བུའི་ཏེང་འཛིན་གྱིས། །བདུད་ནི་བཅོམ་པར་མཛད་པར་འགྱུར། །ཤཱཀྱ་མགོན་པོ་དེ་ཉིད་ཀྱིས། །ཡེ་ཤེས་བླ་མེད་ལེགས་ཐོབ་ནས། །ཞེས་དང༌། སངས་རྒྱས་ཡེ་ཤེས་ཀྱིས་ཀྱང༌། ཅིའི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་གསུམ་དུ་ཚོགས་བསགས་ཀྱང༌། །འདི་དོན་མ་རྟོགས་ནེ་རན་ཛར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །དེ་ཚེ་བདེ་གཤེགས་ཀུན་གྱིས་ཀྱང༌། །ཐལ་བྱུང་བློ་ཅན་དེ་བཟློགས་ནས། །ནས། བྱང་ཆུབ་སྙིང་པོར་བཞུགས་བྱས་ནས། །དཔུང་ཆེན་བདུད་རྣམས་རབ་བཅོམ་སྟེ། །སེམས་ཅན་གཟུང་བར་བྱ་བའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བ་འོ། །ཞེས་གསུངས་པའི་ཕྱིར།

(28) དཔར་ཐེངས་གཉིས་པ། སངས་རྒྱས་མི་ནུས།

    གཞན་ཡང་མཛད་པ་བཅུ་གཉིས་ལ་བཤད་ཚུལ་དུ་མ་ཡོད་པར་ཐལ། དེ་ལ་ཐེག་བསྡུས་ནས་བཤད་པ་དང༌། ཀུན་བཏུས་རྩ་འགྲེལ་ལས་བཤད་པ་དང༌། དབུ་མ་སྙིང་པོའི་འགྲེལ་པ་ལས་བཤད་པ་དང༌། རྒྱུད་བླ་རྩ་འགྲེལ་ལས་བཤད་ཚུལ་དང་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཐེག་བསྡུས་ལས། དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བཟུང་སྟེ་འཕོ་བ་དང་བལྟམས་པ་དང༌། འདོད་པ་ལ་སྤྱོད་པ་དང༌། མངོན་པར་འབྱུང་བ་དང༌། མུ་སྟེགས་ཅན་གྱི་གན་དུ་གཤེགས་པ་དང༌། དཀའ་བ་སྤྱོད་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པའི་ཕྱིར། འདི་ལ་སྒྱུ་རྩལ་འགྲན་པ་དང་བདུད་བཅོམ་གཉིས་བསྣན་དགོས། རྟགས་གཉིས་པ་གྲུབ་སྟེ། ཀུན་བཏུས་ལས། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་གང་ཞེ་ན། གང་དགའ་ལྡན་གྱི་གནས་ནས་གནས་པ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་བྱ་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་སངས་རྒྱས་ཀྱི་སྤྱོད་ཡང་འདོད་པའི་ཁམས་སུ་སྟོན་པའི་གང་ཟག་གོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་པའི་ཚུལ་མ་བསྟན་གོང་བྱང་སེམས་ཀྱི་ཚུལ་བསྟན་པ་དེའི་སྤྱོད་པ་དང་ལྷག་མ་སངས་རྒྱས་ཀྱི་མཛད་པར་བཤད་པའི་ཕྱིར། དར་ཊཱིཀ་ཆོས་མངོན་རྒྱ་མཚོའི་སྙིང་པོ་ལས། མཛད་པ་བཅུ་གཉིས་ཀྱི་སྒོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དར་སངས་རྒྱས་ཀྱི་སྤྱོད་པ་འདོད་ཁམས་སུ་སྟོན་པ་ནི་ནས། མཆོག་གི་སྤྲུལ་སྐུའི་དབང་དུ་བྱས་པ་ཡིན་ཞེས་གསུངས་པའི་ཕྱིར། གསུམ་པ་དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས། སངས་རྒྱས་མང་པོས་འདུལ་བའི་སེམས་ཅན་རྣམས་འདུལ་ཕྱིར་སྤྲུལ་པ་སྤྲུལ་པ་སྟེ། གང་དགའ་ལྡན་གྱི་གནས་ན་གནས་པ་དང་འཕོ་བ་དང་བལྟམས་པ་དང་བཟོ་བའི་གནས་ཡང་དག་པར་བསྟན་པ་དང༌། བཙུན་མོའི་འཁོར་ན་བཞུགས་པ་དང༌། མངོན་བྱུང་དང༌། དཀའ་བ་སྤྱོད་པ་དང༌། བདུད་འདུལ་བ་དང༌། མངོན་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང༌། དམ་པའི་ཆོས་གནས་པ་ལ་སོགས་པ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་སྟོན་པར་མཛད་དོ་ཞེས་གསུངས་པ་ཤིན་ཏུ་མི་འཐད་པའི་ཕྱིར། དེར་ཐལ། འདིར་ཤིང་དྲུང་དུ་གཤེགས་པ་མ་བགྲང་བར་དམ་པའི་ཆོས་གནས་པ་མཛད་ཆེན་དུ་བགྲང་བའི་ཕྱིར། ཁྱབ་སྟེ། དམ་པའི་ཆོས་འཇིག་པའི་མ་རུང་བ་འབྱུང་ཚུལ་ལུང་བསྟན་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་འཁོར་འདུས་པ་བྱམས་པ་སྐལ་བཟང་བྱང་སེམས་སོགས་འཁོར་ས་གང་བའི་དབུས་སུ་བསྟན་འབར་མ་དང་བསྟན་པ་འབར་བའི་སྔགས་གསུངས་པའི་ཕྱིར། དེར་ཐལ། དེའི་ཚེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དྲུག་ཏུ་གཡོས་ཤིང་མེ་ཏོག་གི་ཆར་བབས་མ་བརྡུང་བའི་རྔ་གྲགས་པ་སོགས་འབྱུང་བའི་ཕྱིར། ཟླ་བའི་སྙིང་པོ་ལས། བྱམས་པ་ལ་སོགས་སྐལ་བ་ནི། །བཟང་པོ་བ་ཀུན་ལངས་པར་འགྱུར། །བྱམས་པའི་འཁོར་དང་ཐབས་གཅིག་ཏུ། །ཐལ་སྦྱར་ནས་ནི་འདི་སྐད་དུ། །བདག་ཅག་གང་དུ་མི་འགྲོ་ཞིང༌། །རྒྱལ་བའི་བསྟན་པ་བསྲུང་བར་བགྱི། །ཇི་ལྟར་སྟོབས་དང་བརྩོན་འགྲུས་ཀྱིས། །སེམས་ཅན་བྱང་ཆུབ་ཕྱིར་སྨིན་བགྱི། །ཞེས་པ་ནས། སྔགས་ཚིག་འདི་གསུངས་པ་ན། སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་རྣམ་པར་འགྱུར་བ་དྲུག་ཏུ་གཡོས། མེ་ཏོག་གི་ཆར་བབས། མ་བརྡུང་བའི་རྔ་དག་སྒྲ་འབྱིན་པར་གྱུར་ཏེ། ཇི་ལྟར་འདུས་པའི་འཁོར་ས་གཞི་གང་བ་རབ་ཏུ་མགུ་ནས་ཞེས་པ་ནས། ལེགས་སོ་ཞེས་བྱ་བ་བྱིན་ཞེས་གསུངས་པའི་ཕྱིར།

    བཞི་པ་རྒྱུད་བླ་མ་ལས་བཤད་ཚུལ་ནི། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །ནས། ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར་མཛད་པ་བཅུ་གཉིས་ཀྱི་དང་པོ་དར་ཊཱིཀ་ལས། དེ་ནས་མཛད་པ་བཅུ་གཉིས་ཀྱི་དང་པོ་དགའ་ལྡན་གྱི་གནས་ནས་ནི་འཛམ་བུ་གླིང་དུ་འཕོ་བ་དང་བཅས་པ་བཤད་དུ་ཡོད་དེ། སངས་རྒྱས་འོད་སྲུང་གི་དྲུང་དུ་མ་འོངས་པའི་དུས་ན་བྱང་ཆུབ་ཐོབ་པའི་སྨོན་ལམ་བཏབ་ཅིང་ཚངས་པར་སྤྱོད་པ་སྤྱད་ནས་ལྷའི་བུ་དམ་པ་ཏོག་དཀར་དུ་སྐྱེས་ཏེ། ལོ་བྱེ་བ་ལྔ་བཅུ་རྩ་བདུན་དང་ས་ཡ་དྲུག་ཏུ་གནས་ནས་ལྷ་རྣམས་ཀྱི་དོན་མཛད་པ་ཡིན་ཏེ། གདགས་པ་ལས། དེ་དེའི་ཚེ་ཚད་ཇི་སྲིད་པ་དེ་སྲིད་དུ་གནས་སོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་དགའ་ལྡན་པའི་ཚེ་ཚད་ཙམ་ཐུབ་པར་བཤད་ཅིང་རྒྱུ་གདགས་པར་ལས་ཀྱང༌། དགའ་ལྡན་པའི་ཚེའི་ཚད་བྱེ་བ་ལྔ་བཅུ་རྩ་བདུན་དང་ས་ཡ་དྲུག་ཏུ་གནས་པར་བཤད་པའི་ཕྱིར། དེ་ཡང་སྟོང་གསུམ་གྱི་དབང་དུ་བྱས་ན་སྔར་བཤད་པ་ལྟར་དགའ་ལྡན་ནས་འཕོ་བ་བྱེ་བ་ཕྲག་བརྒྱ་དང་ཐེག་ཆེན་ཐུན་མོང་བ་ལྟར་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོ་ཐམས་ཅད་དུ་དགའ་ལྡན་གྱི་གནས་ནས་འཕོ་བ་བྱེ་བ་ཕྲག་བརྒྱ་དང༌། ཐུན་མོང་མིན་པར་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོའི་དགའ་ལྡན་ནས་འཕོ་བ་རབ་འབྱམས་རྒྱ་མཚོ་སྟོན་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དགོངས་འགྲེལ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བདག་པོར་གྲགས་པའམ། སྦྱིན་གནས་སུ་གྲགས་པའི་ཁྱིམ་དུ་མངལ་དུ་འཇུག་པ་དང་ཞེས་གསུངས་པའི་ཕྱིར། གཉིས་པ་ཐུན་མོང་མིན་པ་གྲུབ་སྟེ། མདོ་ཕལ་པོ་ཆེ་ལས། དེ་བཞིན་གཤེགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱི་ཀླས་པ་ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པ་རབ་འབྱམས་རྒྱ་མཚོ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་རེ་རེ་དང་གླིང་རེ་རེ་དང་སྐྲའི་ཁྱོན་ཙམ་རེ་རེར་དགའ་ལྡན་གྱི་གནས་ནས་ཤི་འཕོ་བ་དང་ལྷུམས་སུ་འཇུག་པ་དང་ཞེས་གསུངས་པའི་ཕྱིར།

    གཉིས་པ་ལྷུམས་སུ་ཞུགས་ཚུལ་ཡོད་དེ། དེའི་ལྟས་དང་པོ་ཁྱིམ་དེར་ཚེར་མ་གསེག་མ་སོགས་མེད་པར་མཉམ་པ་དང༌། ལྟས་གཉིས་པ་ནེ་ཙོ་རི་ཤང་ཤང་ཏེའུ་སོགས་སྒྲོ་གཤོག་མཛེས་པ་རྒྱལ་པོའི་ཁང་སྟེང་དུ་སྐད་སྙན་འབྱིན་པ་དང༌། ལྟས་གསུམ་པ་ནགས་ཚལ་ཉམས་དགའ་བ་དང་སྐྱེད་ཚལ་དག་ཏུ་མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་སྣ་ཚོགས་དུས་ཐ་དད་པ་ཞིག་ལ་ཁ་འབུས་ཤིང་མེ་ཏོག་རྒྱས་པ་དང༌། ལྟས་བཞི་པ་རྫིང་བུ་ཐམས་ཅད་པད་མ་འདབ་མ་བྱེ་བ་ཁྲག་ཁྲིག་སོགས་ཚད་ཤིང་རྟའི་འཕང་ལོ་ཙམ་གྱིས་ཁེབས་པར་གྱུར་པ་དང༌། ལྟས་ལྔ་པ་མར་དང་ཤ་ཁ་ར་སོགས་མི་ཟད་པ་དང༌། ལྟས་དྲུག་པ་རྒྱལ་པོའི་རྔ་བོ་ཆེ་རྫ་རྔ་འཁར་རྔ་སིལ་གྲོལ་ཕེག་སྦུབ་ཆལ་སོགས་རང་གྲགས་པ། ལྟས་བདུན་པ་ཁྱིམ་དུ་གསེར་དངུལ་ནོར་བུ་མུ་ཏིག་བཻཌཱུརྱ་སོགས་ཀྱི་གཏེར་བ་ཕྱེ་བ་དང༌། ལྟས་བརྒྱད་པ་ཉི་ཟླའི་འོད་ཟིལ་གྱིས་གནོན། ལུས་སེམས་དགའ་བར་བྱེད་པའི་འོད་དང་བརྒྱད་འབྱུང་བའི་ཕྱིར། དེས་ན་ཞིང་འདིར་ཟིལ་གནོན་མེ་ཕོ་རྟའི་ལོའི་དཔྱིད་ཟླ་ཐ་ཆུང་གི་ཚེས་བཅོ་ལྔའི་ཟླ་བ་ཉ་ལ་སྐར་མ་རྒྱལ་གྱི་དུས་སུ་ཡུམ་གསོ་སྦྱོང་ལ་གནས་པའི་རུམ་དུ་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་ཞུགས་པར་རྨིས་པ་དང་མཉམ་དུ་ཞིང་བྱེ་བ་ཕྲག་བརྒྱ་དང་ཞིང་ཁམས་རབ་འབྱམས་ཐམས་ཅད་དུ་ལྷུམས་ཞུགས་ཅིག་ཅར་མཛད་དེ། དེའི་ཚེ་དགའ་ལྡན་ནས་འཆི་འཕོའི་ཚུལ་བསྟན་པའི་བྱང་སེམས་ཀྱི་བར་དོ་བ་བྱེ་བ་ཕྲག་བརྒྱའམ་རབ་འབྱམས་ཞིང་བྱེ་བ་ཕྲག་བརྒྱའམ་ཞིང་ཁམས་རྒྱ་མཚོའི་ཚོགས་པར་གསལ་བར་བྱས་ནས་ཡུམ་གྱི་ལྷུམས་སུ་འཇུག་པ་དེ་སྙེད་ཅིག་ཅར་བསྟན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སློབ་དཔོན་ཀླུ་བྱང་གི་གསུང་ལས། ཇི་ལྟར་སྐྱེ་བ་གཅིག་གིས་ཐོགས་པས་བྱང་ཆུབ་སེམས་དཔའ་མཚན་དང་དཔེ་བྱད་ལང་ཚོ་ཡོངས་སུ་རྫོགས་པ་དེ་བཞིན་དུ། སྲིད་པ་བར་མར་གནས་པ་ཡང་མའི་རུམ་དུ་རབ་ཏུ་འཇུག་གོ །བྱེ་བ་ཕྲག་བརྒྱ་ཡང་འདིའི་འོད་ཀྱི་སྣང་བས་གསལ་བར་བྱེད་29དོ་ཞེས་དང༌། དེའི་རྣམ་བཤད་རྗེའི་གསུང་ལས། གླིང་བཞི་བྱེ་བ་ཕྲག་བརྒྱར་ཡང་བྱང་སེམས་བར་དོ་ན་གནས་པས་གསལ་བར་བྱེད་དོ་ཞེས་གསུངས་པའི་ཕྱིར་ཏེ། མཛོད་འགྲེལ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ནི་ནས། དེ་ཉིད་ཀྱི་ཕྱིར་སྲིད་པར་བར་མ་ལ་གནས་པ་ཡུམ་གྱི་ལྷུམས་སུ་འཇུག་པ་གླིང་བཞི་བྱེ་བ་ཕྲག་བརྒྱར་སྣང་བར་མཛད་དོ་ཞེས་དང༌། རྒྱ་ཆེར་རོལ་པ་ལས། ཚེས་བཅོ་ལྔའི་ཟླ་བ་ཉ་ལ་སྐར་མ་རྒྱལ་གྱི་དུས་སུ་ཡུམ་གསོ་སྦྱོང་བླངས་པའི་རུམ་དུ་དགའ་ལྡན་གྱི་གནས་དམ་པ་ནས་འཕོས་ཏེ་ནས། མའི་གློ་གཡས་པ་ནས་ཞུགས་སོ་ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་ཞིང་ཁམས་རྒྱ་མཚོར་མངལ་འཇུག་རབ་འབྱམས་རྒྱ་མཚོའི་གྲངས་ལྡན་བསྟན་པར་གྲུབ་སྟེ། མདོ་ཕལ་ཆེན་ལས། དེ་བཞིན་གཤེགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་རེ་རེ་དང༌། གླིང་རེ་རེ་དང་ནས། དགའ་ལྡན་གྱི་གནས་ནས་འཆི་འཕོ་བ་དང༌། ལྷུམས་སུ་འཇུག་པ་དང་ཞེས་གསུངས་པའི་ཕྱིར། ལྷུམས་སུ་ཞུགས་ཏེ་ཡུམ་གྱི་ལྷུམས་ན་རིན་པོ་ཆེའི་ཁང་པའི་ནང་ཕྱི་གསལ་ནང་གསལ་གྱི་ཚུལ་དུ་ཟླ་བ་བཅུའི་བར་དུ་བཞུགས་པ་ཡིན་ཏེ། རྒྱ་ཆེར་རོལ་པ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན་དེའི་དབྱིབས་དང་ཁ་དོག་འདྲ་བ་གང་ཡང་མེད་དོ། །ནས། གསེར་བཞིན་དུ་ཁང་པ་བརྩེགས་པ་དེ་རྣམ་པར་མཛེས་སོ་ཞེས་གསུངས་པའི་ཕྱིར། ཡང་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པ་དེ་འདི་ལྟ་སྟེ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་དག་པ་ལ་གདོང་གི་དཀྱིལ་འཁོར་སྣང་བ་བཞིན་ཏེ་ཞེས་གསུངས་པའི་ཕྱིར།

(29) དཔར་ཐེངས་གཉིས་པ། གསལ་བྱེད་དེ།

    གསུམ་པ་སྐུ་བལྟམས་པ་བྱེ་བ་ཕྲག་བརྒྱ་ཅིག་ཅར་བསྟན་པ་ཡིན་ཏེ། ཟིལ་གནོན་མེ་རྟའི་ལོ་ས་གའི་ཉ་ལ་ལྷུམས་སུ་ཞུགས་ཤིང་ཆུ་སྟོད་ཟླ་བ་ཤོལ་དང་བཅས་པའི་ཟླ་བ་བཅུ་རྫོགས་པའི་དགུན་ཟླ་ཆ་ཐུང་མཆུའི་ཟླ་བའི་ཉ་དང་སྐར་མ་རྒྱལ་གྱི་སྔ་དྲོ་སྐུ་བལྟམས་པའི་ཚེ་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་ལྷའི་གོས་ཀ་ཤི་ཀའི་སྟེང་དུ་གདན་དྲངས་པས་སངས་རྒྱས་ཁང་བརྩེགས་ཀྱི་ནང་ན་ཁྲི་ལ་བཞུགས་པ་དེ་ལ་གདུགས་དང་རྒྱལ་མཚན་རྔ་ཡབ་སོགས་ཀྱི་མཆོད་རྫས་དག་བྱུང་བའི་ཕྱིར་ཏེ། འདུལ་བ་རྣམ་འབྱེད་ལས། བཅོམ་ལྡན་འདས་ཀྱི་བྱང་སེམས་ཟླ་བ་བཅུ་འདས་ནས་ཡུམ་གྱི་ལྷུམས་ནས་བལྟམས་པ་དེའི་ཚེ་ཞེས་དང༌། འདུས་པ་ཏོག་ལས། ང་ནི་ས་ལ་མངལ་དུ་ཟླ་བཅུ་གནས་པ་དེ་ནས་ཞེས་དང༌། མངོན་བྱང་གི་མདོ་ལས། ཡུམ་ལ་གཟིགས་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ཟླ་བ་བཅུ་རུ་འཛིན་ནུས་ཞེས་དང༌། མདོ་ལས། དེ་ཟླ་བ་བཅུ་ཚང་ནས་མའི་གློ་གཡས་པ་ནས་དྲན་ཤེས་བཞིན་དུ་མངལ་གྱི་དྲི་མས་མ་གོས་པར་བླངས་ཏེ་ཞེས་དང༌། དེའི་ཚེ་ལྷ་དབང་བརྒྱ་བྱིན་དང་མི་མཇེད་གྱི་ཚངས་པ་གཉིས་མདུན་ན་འཁོད་དེ་ནས། བྱང་ཆུབ་སེམས་དཔའ་བླངས་སོ་ཞེས་གསུངས་པའི་ཕྱིར། དེར་མ་ཟད། གཞན་ཡང་མདོ་ལས། བྱང་སེམས་ཁང་པ་བརྩེགས་པ་གང་གི་ནང་དུ་འདུག་ཅིང་ཞེས་དང༌། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་གཉིས་ཀྱིས་ནས། བྱང་སེམས་ཀྱི་ལུས་བཀྲུས་སོ། །བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་ལ་སོགས་པ་ལྷའི་བུ་བརྒྱ་སྟོང་མང་པོ་དག་བྱང་སེམས་བཙས་མ་ཐག་ཏུ་སྤོས་ཆུ་སྣ་ཚོགས་དང༌། མེ་ཏོག་སིལ་མས་ལུས་འཁྲུ་ཞིང་མངོན་པར་འཐོར་རོ། །བར་སྣང་ལས་ཀྱང་རྡུལ་གཡབ་ཀྱི་རྔ་མ་གཉིས་དང་རིན་པོ་ཆེའི་གདུགས་བྱུང་བར་གྱུར་ཏོ་ཞེས་གསུངས་པའི་ཕྱིར། སངས་རྒྱས་བཙས་དུས་རྒྱལ་པོའི་སྐྱེད་ཚལ་དུ་ལྟས་སུམ་ཅུ་རྩ་གཉིས་བྱུང་ཞིང༌། བལྟམས་ནས་སུས་བསྟན་པ་མེད་པར་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་ནས་སེང་གེའི་སྒྲ་བསྒྲགས་པ་ཡིན་ཏེ། དགེ་རྩ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ་ཞེས་ཤར་དུ་གོམ་པ་བདུན་བོར་བས་གོམ་པ་བོར་བ་དེ་དང་དེར་པད་མ་བདུན་བདུན་སྐྱེས། ལྷ་མིའི་སྦྱིན་གནས་སུ་འགྱུར་བར་བྱ་ཞེས་ལྷོར་གོམ་པ་བདུན་བོར། ནུབ་ཏུ་གོམ་པ་བོར་བདུན་པར་གནས་ཏེ། ང་ནི་འཇིག་རྟེན་ན་ཕུལ་ཏུ་ཕྱིན་པའོ། །འདི་ནི་ངའི་སྐྱེ་རྒ་ན་འཆིའི་ཐ་མར་དབྱུང་ངོ་ཞེས་ཚིམ་པས་སེང་གེའི་སྒྲ་བསྒྲགས་སོ། །སེམས་ཅན་ཐམས་ཅད་ཀྱི་ནང་ན་བླ་ན་མེད་པར་བྱའོ་ཞེས་བྱང་ཕྱོགས་ལོགས་སུ་གོམ་པ་བདུན་བོར་རོ། །བདུད་དང་བདུད་ཀྱི་སྡེ་གཞོམ་པར་བྱའོ་ཞེས་བྱང་ཕྱོགས་ལོགས་སུ་གོམ་པ་བདུན་བོར་རོ། །སེང་གེའི་སྒྲ་བསྒྲགས་པ་ཡིན་ཏེ། མདོ་ཕལ་ཆེན་ལས། བལྟམས་པ་དང༌། བརྒྱ་བྱིན་དང་ཚངས་པས་བླངས་པ་དང༌། གནས་བཀོད་པ་དང༌། གོམ་པ་བདུན་འདོར་བ་དང༌། ཕྱོགས་བཅུར་རྣམ་པར་གཟིགས་པ་དང༌། སེང་གེའི་སྒྲ་ཆེན་པོ་སྒྲོག་པ་དང༌། ཞེས་དང༌། མདོ་ལས། སུས་ཀྱང་བསྟན་པ་མེད་པར་ཞེས་པ་ནས། བདུད་དང་བདུད་ཀྱི་སྡེ་གཞོམ་པར་བྱའོ་ཞེས་གསུངས་པའི་ཕྱིར།

    བཞི་པ་བཟོ་གནས་སོགས་ལ་སྦྱངས་པའི་ཚུལ་བསྟན་ཚུལ་ཡོད་དེ། འཇིག་རྟེན་པའི་བསྟན་བཅོས་གང་ཡོད་དང་གྲངས་དང་ཡིག་རིགས་དྲུག་ཅུ་རྩ་བཞི་དང༌། རྩིས་དང་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང༌། འཇིག་རྟེན་པའི་བཟོ་སོགས་ཐམས་ཅད་མ་བསླབ་པར་མཁྱེན་ཅིང་བྱིས་པ་སྟོང་ཕྲག་བཅུ་སོགས་སྨིན་པའི་ཆེད་དུ་སྦྱངས་པའི་ཕྱིར། མདོ་ལས། མི་ཡི་འཇིག་རྟེན་འདི་ན་བསྟན་བཅོས་གང་ཡོད་དང༌། གྲངས་དང་ཡི་གེ་རྩིས་དང་ཁམས་ཀྱི་རྒྱུད་དག་དང༌། །འཇིག་རྟེན་བཟོ་ཡི་སྦྱོར་བ་ཚད་མེད་མང་པོ་དག །སྐལ་པ་བྱེ་མང་སྔོན་ཆད་འདིས་ནི་དེ་དག་བསླབས། །ཞེས་དང༌། ཕལ་པོ་ཆེ་ལས། ལས་དང༌། བཟོ་དང༌། སྒྱུ་རྩལ་དང༌། རིག་པའི་གནས་ཐམས་ཅད་སློབ་པ་དང༌། གཞོན་ནུའི་ས་ཀུན་སྟོན་པ་དང༌། ཞེས་གསུངས་པའི་ཕྱིར། དེའི་ཡིག་རིགས་དྲུག་ཅུའི་རྩ་བཞི་ཡོད་དེ། རྒྱ་ཆེར་རོལ་པ་ལས། ཀྱེ་མཁན་པོས་བདག་ལ་ཡི་གེ་གང་བསླབས། ཚངས་པའི་ཡི་གེའམ། ཁ་རོཥྚཱིའི་ཡི་གེའམ། པད་མའི་སྙིང་པོ་ཡི་གེའམ། ཨངྒའི་ཡི་གེའམ། བངྒའི་ཡི་གེའམ། ཡུལ་མ་ག་དྷའི་ཡི་གེའམ། བཀྲ་ཤིས་པའི་ཡི་གེའམ། སོར་མོ་བའི་ཡི་གེའམ། ཤ་ཀ་ནའི་ཡི་གེའམ། ཡ་བ་ནའི་ཡི་གེའམ། ཧུ་ནའི་ཡི་གེའམ། ཡི་གེ་འབྲིང་ངམ། རྒྱས་པར་བྲི་བི་ཡི་གེའམ། རྒྱལ་གྱི་ཡི གེའམ། ལྷའི་ཡི་གེའམ། ཀླུའི་ཡི་གེའམ། གནོད་སྦྱིན་གྱི་ཡི་གེའམ། དྲི་ཟའི་ཡི་གེའམ། མིའམ་ཅིའི་ཡི་གེའམ། ལྟོ་འཕྱེ་ཆེན་པོའི་ཡི་གེའམ། ལྷ་མ་ཡིན་གྱི་ཡི་གེའམ། ནམ་མཁའ་ལྡིང་གི་ཡི་གེའམ། རི་དྭགས་ཀྱི་འཁོར་ལོའི་ཡི་གེའམ། ཁྭ་སྐད་ཤེས་པའི་ཡི་གེའམ། ས་བླའི་ལྷའི་ཡི་གེའམ། བར་སྣང་གི་ལྷའི་ཡི་གེའམ། ནུབ་ཀྱི་བ་ལང་སྤྱོད་ཀྱི་ཡི་གེའམ། བྱང་གི་སྒྲ་མི་སྙན་གྱི་ཡི་གེའམ། ཤར་གྱི་ལུས་འཕགས་པོའི་ཡི་གེའམ། བཞག་པའི་ཡི་གེའམ། བསྣན་པའི་ཡི་གེའམ། རྒྱ་མཚོའི་ཡི་གེའམ། རྡོ་རྗེའི་ཡི་གེའམ། སྤྲིང་ཡིག་དང༌། ལན་གྱི་ཡི་གེའམ། རྣམ་མཐོར་གྱི་ཡི་གེའམ། རིངས་མེད་ཀྱི་ཡི་གེའམ། བསྟན་བཅོས་བསྐོར་བའི་ཡི་གེའམ། རྩིས་བསྐོར་བའི་ཡི་གེའམ། གདེགས་པ་བསྐོར་བའི་ཡི་གེའམ། བཞག་པ་བསྐོར་བའི་ཡི་གེའམ། རྐང་པས་བྲིས་པའི་ཡི་གེའམ། ཚིག་ལན་གཉིས་སུ་གདབ་པའི་ཚིག་གི་མཚམས་ཀྱི་ཡི་གེའམ། ཚིག་གི་མཚམས་བཅུར་བརྒྱུད་པའི་བར་གྱི་ཡི་གེའམ། བླ་ཐབས་སུ་བསྣན་པའི་ཡི་གེའམ། སྒྲ་ཐམས་ཅད་ཀུན་ཏུ་བསྡུད་པའི་ཡི་གེའམ། རིག་པ་དང་མཐུན་པའི་ཡི་གེའམ། རྣམ་པར་འདྲེས་པའི་ཡི་གེའམ། དྲང་སྲོང་གི་དཀའ་ཐུབ་སྤྱད་པའི་ཡི་གེའམ། ལྷ་ངེས་པའི་ཡི་གེའམ། ས་བལྟ་བའི་ཡི་གེའམ། ནམ་མཁའ་བལྟ་བའི་ཡི་གེའམ། ལྷོ་ཕྱོགས་པའི་ཡི་གེའམ། དྲག་ཤུལ་ཅན་གྱི་ཡི་གེའམ། གྲངས་ཀྱི་ཡི་གེའམ། སྤྱིའུ་ཚུགས་པའི་ཡི་གེའམ། རྗེས་སུ་མཐུན་པའི་ཡི་གེའམ། བུ་ཤའི་ཡི་གེའམ། ཀ་ཤའི་ཡི་གེའམ། རྒྱའི་ཡི་གེའམ། ཕུ་ནའི་ཡི་གེའམ། སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ཡི་གེའམ། སྙིང་པོ་ཐམས་ཅད་ཀུན་ཏུ་སྡུད་པའི་ཡི་གེའམ། འབྱུང་པོ་ཐམས་ཅད་ཀྱི་སྒྲ་སྡུད་པའི་ཡི་གེའམ། ཀྱེ་སློབ་དཔོན་གྱི་ཡི་གེ་དྲུག་ཅུ་རྩ་བཞི་པོ་དག་གི་ནང་ནས་བདག་ལ་གང་བསླབ་ཅེས་གསུངས་པའི་ཕྱིར། འདིར་ཡི་གེ་ཞེས་པ་བདུན་ཅུ་བྱུང་བས་དྲུག་ཅུ་རྩ་བཞིར་སྡུད་ཚུལ་ཤེས་སོ། །འདིར་རྀ་ལྀ་བཞི་དོར་བས་དབྱངས་བཅུ་གཉིས་དང༌། གསལ་བྱེད་ཀ་སོགས་སོ་བཞི་ཡིན་ཏེ། གཞོན་དུ་ཁྲི་ཁྲག་ཕྲག་དང་ལྷན་ཅིག་ཨ་བརྗོད་པས་འདུ་བྱས་ཐམས་ཅད་མི་རྟག་པའི་སྒྲ་བྱུང་དེ་བཞིན་དུ་ཨཱ་བརྗོད་པས་བདག་མེད་པའི་སྒྲ་དང༌། ཨི་བརྗོད་པས་དབང་པོ་ཤིན་ཏུ་ཡངས་པའི་དང༌། ཨཱི་བརྗོད་པས་འགྲོ་བའི་ཡམས་ནད་མང་བའི་དང༌། ཨུ་བརྗོད་པས་འགྲོ་བ་ནི་འཚེ་བ་མང་བའི་དང༌། ཨཱུ་བརྗོད་པས་འགྲོ་བ་ནི་དཔའ་བོ་དམའ་བ་དང༌། ཨེ་བརྗོད་པས་ཉེས་པ་བཙལ་བ་ལས་བྱུང་བའི་དང༌། ཨཻ་བརྗོད་པས་འཕགས་པའི་ལམ་ནི་དགེའོ། །ཨོ་བརྗོད་པས་ཆུ་བོ་བརྒལ་བའི་དང༌། ཨཽ་བརྗོད་པས་རྫུ་འཕྲུལ་འབུལ་བའི་དང༌། ཨཾ་བརྗོད་པས་བདག་གི་བ་མི་འབྱུང་བའི་དང༌། ཨཱཿབརྗོད་པས་སྒྲིབ་པ་ནུབ་པའི་སྒྲ་བྱུང་བའི་ཕྱིར། འདིར་གསལ་བྱེད་སོ་བཞི་ཡིན་ཏེ། ཀ་བརྗོད་པས་ལས་ཀྱི་རྣམ་སྨིན་ལ་འཇུག་པའི་ཕྱིར་དང༌། ཁ་ཡི་ཆོས་ཀུན་ནམ་མཁའ་འདྲ་བའི་དང༌། ག་ཡིས་ཆོས་ཟབ་པའི་དང༌། གྷ་ཡིས་མ་རིག་གི་གཏི་མུག་གི་ལིང་ཏོག་སྟུག་པོ་བསལ་བའི་དང༌། ང་ཡིས་ཡན་ལག་རྣམ་པར་དག་པའི་དང༌། ཙ་ཡིས་བདེན་པ་བཞི་དང༌། ཚ་ཡིས་འདོད་ཆགས་སྤངས་པའི་དང༌། ཛ་ཡི་རྒ་ཤི་ལས་འདས་པ་དང༌། ཛྷ་ཡིས་འཆི་བྱེད་ཀྱི་དཔུང་ཚར་གཅད་པས་དང༌། ཉ་ཡིས་ཤེས་པར་བྱེད། ཊ་ཡིས་ལམ་ཤིན་ཆད་པ་དང༌། ཋ་ཡིས་དྲི་བ་བཞག་པའི་དང༌། ཌ་ཡིས་དཀྲུག་མ་དང་བདུད་ཚར་བཅད། ཌྷ་ཡིས་ཡུལ་མི་གཙང་བ་དང༌། ཎ་ཡིས་ཉོན་མོངས་ནི་ཕྲ་བ་ཞེས་པའི་སྒྲ་བྱུང་བའི་བར་བཅོ་ལྔ་ཡོད་པའི་ཕྱིར། ལྷག་མ་བཅུ་དགུ་ཡོད་དེ། ཏ་ཡིས་དེ་ཉིད་མ་འདྲེས་པ་དང༌། ཐ་ཡིས་སྟོབས་ཤུགས་མི་འཇིགས་པ་དང༌། ད་ཡིས་སྦྱིན་དང་དུལ་དང་ཡང་དག་སྡོམ་དང་ངེས་པའི་དང༌། དྷ་ཡིས་འཕགས་ནོར་བདུན་དང༌། ན་ཡིས་མིང་གཟུགས་ཤེས་པའི་དང༌། བ་ཡིས་དོན་དམ་པའི་དང༌། ཕ་ཡིས་འབྲས་བུ་རྙེད་པ་མངོན་དུ་བྱ་བ་དང༌། བ་ཡིས་བཅིངས་པ་ལས་རྣམ་པར་ཐར་པ་དང༌། བྷ་ཡིས་སྲིད་པ་འཇིག་པ་དང༌། མ་ཡིས་ང་རྒྱལ་དང་རྒྱགས་པ་ཞི་བར་བྱ་བ་དང༌། ཡ་ཡིས་ཆོས་ཇི་ལྟ་བ་བཞིན་དུ་རྟོགས། ར་ཡིས་དགའ་བ་ལ་དགའ་བ་མེད་པར་དོན་དམ་པར་དགའ་བ་དང༌། ལ་ཡིས་འཁྲི་ཤིང་ཆད་པ་དང༌། ཝ་ཡིས་ཐེག་པ་མཆོག་གི་དང༌། ཤ་ཡིས་ཞི་གནས་ལྷག་མཐོང༌། ཥ་ཡིས་སྐྱེ་མཆེད་དྲུག་གཞོལ་ཅིང་མངོན་ཤེས་དྲུག་དང་ཡེ་ཤེས་ཐོབ་པའི་དང༌། ས་ཡིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། མངོན་པར་བྱང་ཆུབ་པའི་དང༌། ཧ་ཡིས་ཉོན་མོངས་བཅོམ་ཞིང་འདོད་ཆགས་དང་བྲལ་བའི་སྒྲ་བྱུང༌། ཀྵ་བརྗོད་པས་ཡི་གེའི་མཐར་ཕྱིན་ཏེ་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ཞེས་པའི་སྒྲ་ལ་སོགས་པ་ཆོས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་བྱུང་བས་ཡི་གེའི་གྲྭ་ནས་བྱིས་པ་སུམ་ཁྲི་ཉིས་སྟོང་བླ་མེད་བྱང་ཆུབ་ཐོབ་པའི་སྐལ་ལྡན་དུ་གྱུར་པའི་ཕྱིར། སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཡོད་དེ། ཕྲན་ཚེགས་ཀྱི་འགྲེལ་པ་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་ལས། སྒྱུ་རྩལ་དྲུག་ཅུ་ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་རྩལ་རོལ་མོའི་མཚན་ཉིད་དང༌། །སྒྱུ་མའི་གཡུལ་དང་མེ་ཏོག་ལས། །སྡེ་དཔོན་བྱམ་དང་བདག་ཉིད་ཅན། །གཡས་ཀྱི་བྱ་བ་ཞེས་བྱ་འོ། །གང་ཞིག་ཚོང་དང་ཁམས་སྨ་དང༌། །རྒྱུན་དང་ལག་རྩིས་བཅུད་ལེན་དང༌། འཁྲུལ་འཁོར་སྦྱར་དང་ཞལ་ཞལ་དང༌། །འཕོང་སྤྱད་དང་ནི་ཅེ་སྤྱང་སྐད། །ཡི་གེ་དང་ནི་ཁྭ་སྐད་དང༌། སྙན་ངགས་མཚོན་ཆས་བརྟག་པ་དང༌། །འཁྲིག་ཐབས་དང་ནི་སོག་ལེ་དང༌། །སོ་སོར་དང་ནི་སྒོ་བ་དང༌། །འགྲོ་དང་འོང་བ་ཤེས་པ་དང༌། །ཁྱིམ་གྱི་མཚན་ཉིད་དག་ཀྱང་ངོ༌། །མདུང་ཐུང་རྡོ་རྗེ་བརྟག་པ་དང༌། །ལྟེར་བོ་དག་གི་མཚན་ཉིད་དང༌། །ཟུག་རྔུ་འབྱིན་དང་མི་འཕྲུལ་གྱི། །བསྟན་བཅོས་པ་ཏ་དང་ཞེས་བྱ། །བཅིངས་པ་བསྟན་དང་སྡོམ་པ་དང༌། །དེ་བཞིན་རྡོ་རྗེ་འཕེན་པ་དང༌། །ཤ་མཚན་བཅད་དང་དྲག་པ་དང༌། །ཆུ་ཡི་སྦྱོང་བ་ཉིད་དང་ནི། །དུང་སྐད་དེ་བཞིན་རིག་བྱེད་འདོན། །གྲོང་རྡལ་དང་ནི་གླེགས་འདྲ་དང༌། མཚན་མོ་ཆོམ་རྐུན་ཤེས་པ་དང༌། །བྱིས་པ་རྣམས་ནི་གསོ་བ་དང༌། །མི་རྣམས་གཉིད་ནི་ལོག་བྱེད་དང༌། །སྒོ་ལྕགས་འབྱེད་པར་བྱེད་པ་དང༌། །མཚོན་དང་གླིང་བུ་འབུད་པ་དང༌། །སྐྱེས་པ་བུད་མེད་གླང་པོ་རྟ། །མཚན་ཉིད་དང་ནི་གར་སློབ་དང༌། །འབྱུང་པོ་རྣམས་ཀྱི་གསོ་བ་འོ། །ཟངས་དང་མཁར་བ་གསེར་དང་ནི། །ཤིང་དང་དུང་གི་མིང་ཤེས་དང༌། །རི་མོ་ཚོན་དང་སོ་དག་ནི། །ལས་རྣམས་དེ་དག་གོམ་རིམ་བཞིན། །རྒྱུ་སྐར་གཏན་ཚིགས་རིགས་པ་དང༌། །ལྟས་དང་གསུང་གི་ངེས་ཚིག་ཉིད། །ཤེས་པ་ཤེས་བྱ་དེ་དག་ནི། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཤེས། །ཞེས་གསུངས་པའི་ཕྱིར། བྱང་སེམས་གཞོན་ནུའི་ས་ཀུན་ཏུ་སྟོན་ཚུལ་ཡོད་དེ། ཞང་བློན་གྱི་བུ་དག་ལྷན་ཅིག་ཞིང་མཐའ་ཀུན་ཏུ་སོང་ཞིང་སྐབས་ཤིག་ནས་གཅིག་པུར་སའི་མཐའ་ཞིག་ཏུ་འཛམ་བུ་པྲིཀྵའི་ལྗོན་པ་ཡལ་ག་ལོ་མ་ཕུན་སུམ་ཚོགས་པའི་གྲིབ་མར་སྐྱིལ་ཀྲུང་གི་བསྒོམས་པས་བསམ་གཏན་བཞི་པའི་བར་མངོན་དུ་བྱས་ཏེ་ཕྱི་དྲོའི་དུས་སུ་ཡང་འཛམ་བུའི་གྲིབ་མས་སྐུ་ལ་ཁྱབ་པར་གནས་པ་ཡབ་སོགས་མང་པོས་ཕྱག་བྱས་ཤིང་བསྟོད་པར་མཛད་པའི་ཕྱིར་ཏེ། ཕལ་ཆེན་ལས། ས་ཀུན་ཏུ་སྟོན་པ་དང་ཞེས་གསུངས་པའི་ཕྱིར།

    ལྔ་པ་བཙུན་མོའི་འཁོར་གྱིས་རོལ་ཚུལ་ཡོད་དེ། བྱང་སེམས་གཞོན་ནུ་ལས་ཆེར་སྐྱེས་པས་ཤཱཀྱ་རྒན་པ་རྣམས་ཀྱིས་ཡབ་རྒྱལ་པོ་ལ་གཞོན་ནུ་དོན་གྲུབ་འདི་ལྟས་མཁན་དང་ལྷ་རྣམས་ཀྱིས་གཞོན་ནུ་འདི་རབ་ཏུ་བྱུང་ན་རྫོགས་པའི་སངས་རྒྱས་སུ་འགྱུར་ཞིང༌། ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་སྲིད་སྣ་བདུན་དང་ལྡན་པར་བཤད་པས། བཙུན་མོ་བླང་བར་བྱ་ཞེས་ཞུས་ནས་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་དགོས་སྨྲས། སྒྱུ་རྩལ་མི་ཤེས་པ་ལ་མི་གཏོང་སྨྲས་སོ། །དེ་ནས་སྒྱུ་རྩལ་འགྲན་པར་ཞུགས་པ་ཡིན་ཏེ། མེས་པོ་སེང་གེ་འགྲམ་གྱི་གནམ་རུའམ་གཞུ་བླངས་པས་ཤཱཀྱ་གཞན་ཐམས་ཅད་ཀྱི་བརྡུང་མ་ནུས་པར་བྱང་སེམས་དེས་བླངས་ཏེ་སྟན་ལས་སྐྱིལ་ཀྲུང་བཅས་ཏེ་ལག་པ་གཡོན་པས་བླངས་ནས་གཡས་པས་སོར་མོ་གཅིག་གིས་བརྡུངས་ཏེ་གཞུ་སྒྲ་བྱས་པས་སེར་སྐྱའི་གྲོང་ཁྱེར་ཐམས་ཅད་སྐྲག་སྐྲོག་པོར་གྱུར་ཏེ། འདི་ཅིའི་སྒྲ་དྲིས་པས་གཞོན་ནུ་དོན་གྲུབ་ཀྱི་མེས་པོའི་གནམ་རུའི་སྒྲའོ་ཟེར་བས། ལྷ་མི་བརྒྱ་སྟོང་ཨ་ལ་ལ་ཟེར་ཞིང༌། རྒྱང་གྲགས་བཅུའི་ཕ་རོལ་ཏུ་བྱང་སེམས་ཀྱི་འབེན་ལྕག་རྔ་བཙུགས་པ་དང༌། ཤིང་ཏ་ལ་བདུན་སྒྲིག་དང༌། ཕག་རྒོད་ཀྱི་གཟུགས་འཁྲུལ་འཁོར་བྱས་པ་ཐམས་ཅད་ཕུད་དེ་མདའ་གཏིང་དུ་ཟུག་པའི་ཤུལ་ཁྲོན་པའི་ཁུང་བུ་བྱུང་བར་མདའི་ཁྲོན་པར་གྲགས་ཤིང༌། བྱང་སེམས་ཀྱིས་སྦྱངས་པའི་སྒྱུ་རྩལ་ནི་དགུ་བཅུ་གོ་དྲུག་སྟེ། མདོ་ལས། དེ་བཞིན་དུ་མཆོངས་པ་དང༌། ཡི་གེ་དང༌། ལག་རྩིས་དང༌། གྲངས་དང༌། གྱད་ཀྱི་འཛིན་སྟངས་དང༌། རྒྱངས་ནས་ཕོག་པ་དང༌། བང་དང༌། ཚར་དང༌། སྐྱལ་དང༌། འཕང་དཔྱད་དང༌། གླང་པོ་ཆེའི་གཉར་ཞོན་པ་དང༌། རྟ་རྩལ་དང༌། ཤིང་རྟའི་ཐབས་དང༌། མདའ་གཞུའི་ཐབས་དང༌། བརྟན་པ་དང༌། མཐུ་དང༌། དཔའ་བ་དང༌། འགྱེད་སྟོབས་དང༌། ལྕགས་ཀྱུས་སྒྱུར་ཐབས་དང༌། ཞགས་པའི་ཐབས་དང༌། མདུན་དུ་སྣུར་བ་དང༌། ཕྱིར་སྣུར་བ་དང༌། བཟུར་བ་དང༌། འཛིན་སྟངས་དང༌། གོམ་སྟོབས་དང༌། ཐོར་ཚུགས་དང༌། གཅད་པ་དང༌། དྲལ་བ་དང༌། དབུག་པ་དང༌། གཞིག་པ་དང༌། གཤག་པ་དང༌། མི་འཆོར་བར་འཕོག་པ་དང༌། གནད་དུ་འཕོག་པ་དང༌། སྒྲ་གྲགས་པར་འཕོག་པ་དང༌། ཚབས་ཆེ་བ་དང༌། ཆོ་ལོའི་རྩེ་མོ་དང༌། སྙན་ངགས་སྦྱར་བ་དང༌། ལམ་དང༌། རི་མོ་དང༌། གཟུགས་དང༌། གཟུགས་ཀྱི་ལས་དང༌། ཐགས་ཀྱི་དཔྱད་དང༌། མེའི་ལས་དང༌། རོལ་མོའི་དབྱངས་སྒྲ་དང༌། གར་དང༌། གླུ་དང༌། ཡི་གེ་ཀླགས་པའི་མིག་འོར་དང༌། གཏམ་དང༌། བཞད་གད་དང༌། རྩེད་མོ་དང༌། བྲོ་དང༌། སྒེག་པ་དང༌། འཕྲེང་བ་རྒྱུ་བ་དང༌། རླུང་ཡབ་གཡོབ་པ་དང༌། ནོར་བུ་ཚོན་གྱིས་སྒྱུར་བ་དང༌། གོས་ཚོན་གྱིས་བསྒྱུར་བ་དང༌། མིག་འཕྲུལ་གྱི་དཔྱད་དང༌། རྨི་ལམ་གྱི་དཔྱད་དང༌། བྱའི་སྐད་དང༌། བུད་མེད་ཀྱི་མཚན་དང༌། སྐྱེས་པའི་མཚན་དང༌། གླང་པོ་ཆེའི་མཚན་དང༌། རྟའི་མཚན་དང༌། བ་ལང་གི་མཚན་དང༌། རའི་མཚན་དང༌། ལུག་གི་མཚན་དང༌། ཁྱིའི་མཚན་དང༌། ཤེས་གསལ་དང༌། སྒྲ་ངེས་པར་སྦྱོར་བ་དང༌། ང་རོ་སྒྱུར་བ་དང༌། སྔོན་གྱི་རབས་དང༌། སྔོན་བྱུང་བ་དང༌། རིག་བྱེད་དང༌། ལུང་བསྟན་པ་དང༌། ངེས་པའི་ཚིག་དང༌། ཡི་གེ་ལྕི་ཡང་དང༌། ཚིག་སྡེབ་པ་དང༌། མཆོད་སྦྱིན་གྱི་ཆོ་ག་དང༌། སྐར་མའི་ལུགས་དང༌། གྲངས་ཅན་གྱི་ལུགས་དང༌། རྣལ་འབྱོར་གྱི་ལུགས་དང༌། ལས་ཀྱི་ཚོགས་དང༌། བྱེ་བྲག་པའི་ལུགས་དང༌། རོར་གྱི་རིག་པ་དང༌། ཕུར་བུ་བའི་ལུགས་དང༌། ཆུའི་ལུགས་དང༌། ལྷ་མ་ཡིན་གྱི་ལུགས་དང༌། བྱ་དང་རི་དྭགས་ཀྱི་སྐད་དང༌། གཏན་ཚིགས་ཀྱི་རིགས་པ་དང༌། རྒྱ་སྐྱེགས་ཀྱི་འཁྲུལ་འཁོར་དང༌། སྤྲ་ཚིལ་གྱི་ལས་དང༌། འདྲུབ་ཤུར་དང༌། བརྐོ་བཞོག་དང༌། ལོ་མ་དྲ་བ་དང༌། སྤོས་སྦྱོར་བ་ལ་སོགས་པའི་སྒྱུ་རྩལ་འཇིག་རྟེན་པ་དང༌། ལྷ་དང་མི་ལས་འདས་པ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་འབའ་ཞིག་ཁྱད་པར་དུ་འཕགས་པར་གྱུར་ཏོ་ཞེས་གསུངས་པའི་ཕྱིར། དེ་ནས་ཉེར་ལྔ་པ་ལྕགས་ཕོ་རྟའི་ལོ་བྱང་སེམས་ཀྱིས་འཇིག་རྟེན་དང་མཐུན་པར་བསྟན་པའི་ཆེད་དུ་ས་འཚོ་མ་སོགས་བཙུན་མོ་བརྒྱད་ཁྲི་བཞི་སྟོང་གི་ནང་དུ་བཞུགས་ཏེ་དགའ་ཞིང་རྩེ་ལ་ལོངས་སྤྱོད་ཅིང་ས་འཚོ་མ་བཙུན་མོའི་མཆོག་ཏུ་དབང་བསྐུར་ཅིང༌། ས་འཚོ་མས། འདུག་དང་འགྲེང་དང་འཆགས་པ་ལ། །འཕགས་པ་དག་ནི་མ་གཡོགས་མཛེས། །ནོར་བུ་རིན་ཆེན་འོད་གསལ་བ། །རྒྱལ་མཚན་རྩེ་མོར་གསལ་ན་མཛེས། །སོགས་སྨྲས་པ་ཡིན་ཏེ། དེ་ལ་ཟས་གཙང་དགྱེས་ནས་རས་བཟང་པོ་རིན་ཆེན་དུ་མས་སྤྲས་པ་དང་མུ་ཏིག་གི་དོ་ཤལ་སྲང་བརྒྱ་སྟོང་རི་པ་དང༌། མུ་ཏིག་དམར་པོ་བཟང་པོས་སྤྲས་པའི་གསེར་གྱི་འཕྲེང་བས་མཆོད་དེ་བསྔགས་པར་མཛད་པ་དང༌། བྱང་སེམས་ཀྱི་འཁོར་ལྷ་ཀླུ་སོགས་ནས་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་དག་གིས་དགའ་བའི་སྒྲ་འབྱིན་པ་ཡིན་ཏེ། མདོ་ལས། བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་གྱི་ནང་ན་འདུག་པ་ན་ནས། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་དུ་མ་དེ་དག་རང་རང་གི་དགའ་བའི་སྒྲ་འབྱིན་ཅིང་ལྷག་པར་གྱུར་ཏོ། །ཞེས་གསུངས་པའི་ཕྱིར།

    དེ་ལྟར་ཉེར་ལྔ་པ་ལྕགས་རྟ་ནས་ཉེར་བརྒྱད་པ་ཆུ་མོ་བྱའི་བར་ལོ་བཞིའི་བར་དུ་ཁབ་ཏུ་བཞུགས་ཤིང༌། ཉེར་དགུ་པ་དངོས་པོ་ཞེས་པ་ཤིང་ཕོ་ཁྱི་ལ་རོལ་མོའི་སྒྲ་སོགས་ཀྱིས་སྒོ་བཞིར་ཕེབས་པས་ཤར་སྒོར་རྒས་ཤིང་འཁོགས་པ་གཟིགས། དུས་གཞན་ཞིག་ཏུ་ལྷ་སྒོར་ནད་པ་དམུ་རྫིང་ཅན་དང༌། དེ་བཞིན་དུ་ནུབ་སྒོར་ཕེབས་པས་ལམ་ན་མི་ཤི་བ་ཁྱོགས་ལ་བཏེགས་ཉེ་དུ་ངུ་བ་གཟིགས་པས་ཤིན་ཏུ་སྐྱོ་ཚུལ་བསྟན་ཅིང༌། བྱང་སྒོ་ནས་སྐྱེད་ཚལ་དུ་ཕེབས་པའི་ལམ་ཀར་ལྷའི་སྤྲུལ་པའི་དགེ་སློང་ཞི་བ་དུལ་བ་ཕུན་སུམ་ཚོགས་པ་གཟིགས་ནས་དད་པ་སྐྱེས་པས་རབ་ཏུ་འབྱུང་བར་བཞེད་པས། གྲོང་ཁྱེར་གྱི་སྒོ་བཞིར་དཔུང་གི་ཚོགས་ཡན་ལག་བཞིས་བསྲུངས་ནས་ཡོད་པར་ནམ་ཕྱེད་སྐར་མ་རྒྱལ་འཆར་དུས་བྱང་སེམས་ཀྱིས་འདུན་པ་ལ་སྨྲས་པ། ང་ཡི་བཀྲ་ཤིས་དོན་ཀུན་འགྲུབ། །དོན་ནུབ་གདོན་མི་ཟ་བར་དོན་འགྲུབ་ཀྱི། །འདུན་པ་ཕྱི་བཤོལ་མ་བྱེད་ལ་གོར་དུ། །རྟ་རྒྱལ་རྒྱན་གྱིས་བརྒྱན་པ་ང་ལ་བྱིན། །གསུངས་ཤིང་ནམ་ཕྱེད་ཀྱི་དུས་སྐར་མ་རྒྱལ་འཆར་དུས་མངོན་པར་བྱུང་བ་ཡིན་ཏེ། དེ་དུས་ལྷའི་བུ་ཞི་བའི་བློ་གྲོས་ཀྱིས་སེར་སྐྱའི་མི་རྣམས་གཉིད་པར་བྱས། ལྷའི་བཀོད་པས་གདུགས་དང་རྒྱལ་མཚན་སོགས་སྤྲུལ། བརྒྱ་བྱིན་གྱིས་སྒོ་ཕྱེ། རྒྱལ་ཆེན་བཞིས་ཆིབས་ཀྱི་རྐང་པ་བཏེགས་ནས་ཤཱཀྱའི་ཡུལ་དང༌། ཀོ་ཡུལ་དང༌། གྱད་ཡུལ་ལས་འདས་ཏེ་མེ་ནེ་ཡའི་ཡུལ་གྱི་གྲོང་རྡལ་ཞེས་བྱ་བ་ནས་དཔག་ཚད་དྲུག་ཏུ་བྱང་སེམས་ཕྱིན་པས་ནམ་ལངས་པར་གྱུར་པའི་ཕྱིར། མདོ་ལས། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་གྲོང་ཁྱེར་གྱི་སྐྱེ་བོ་ཀུན་གཉིད་ཀྱིས་ལོག་པར་རིག །ནམ་གུང་ལ་བབ་པར་རིག །སྐར་མའི་བདག་པོ་རྒྱལ་དང་ལྡན་པར་རིག །ཅེས་དང༌། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་མངོན་པར་བྱུང་ནས་ཤཱཀྱའི་ཡུལ་དང༌། ཀ་ཏའི་ཡུལ་དང༌། གྱད་ཡུལ་ལས་འདས་ཏེ། མེ་ནེ་ཡའི་ཡུལ་གྱི་གྲོང་རྡལ་ཞེས་བྱ་བ་ནས་དཔག་ཚད་དྲུག་ཏུ་བྱང་སེམས་ཕྱིན་པས་ནམ་ལངས་པར་གྱུར་ཏོ། །ཞེས་གསུངས་པའི་ཕྱིར། དེས་ན་བྱང་སེམས་ཀྱིས་ཉེར་དགུ་པ་དངོས་པོའི་ལོར་རང་བྱུང་གི་བསྙེན་པར་རྫོགས་པར་མཛད་པ་ཡིན་ཏེ། དེའི་ཚེ་འཁོར་ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་ལྷ་མ་ཡིན་སོགས་སླར་བཀྱེ་ཞིང་རྒྱན་དང་ན་བཟའ་ཆིབས་ལ་བཀལ་ནས་འདུན་པ་ཕྱིར་ལོག་པས་ས་དེ་འདུན་པ་སླར་ལོག་གི་མཆོད་རྟེན་བརྩིགས་པ་དེང་སང་ཡང་འདུན་པ་སླར་ལོག་གི་མཆོད་རྟེན་དུ་གྲགས། དེ་ནས་གཙུག་ཕུད་རལ་གྲིས་བཅད་དེ་བར་སྣང་ལ་འཁོད་པ་སུམ་ཅུ་རྩ་གསུམ་པས་ཁྱེར་ནས། དེང་སང་ཡང་ལྷ་རྣམས་གཙུག་ཕུད་ཀྱི་དུས་སྟོན་བྱེད་ལ། དེར་མཆོད་རྟེན་བརྩིགས་པས་གཙུག་ཕུད་བླངས་པའི་མཆོད་རྟེན་དུ་གྲགས། དེས་ན་གནས་གཙང་གི་ལྷ་རྣམས་བགྲོས་ནས་ལྷ་ཞིག་རྔོན་པའི་གཟུགས་ཀྱིས་གོས་ངུར་སྨྲིག་གྱོན་པ་བླངས་ནས་མནབས་ཏེ། རབ་བྱུང་བསྙེན་པར་རྫོགས་པར་མཛད་ཅིང༌། ཉེར་དགུ་པ་དངོས་པོའི་ལོ་ས་དེར་འདུན་པས་མཆོད་རྟེན་བརྩིགས་ཏེ། དེང་སང་ཡང་ངུར་སྨྲིག་བླངས་པའི་མཆོད་རྟེན་དུ་གྲགས་པའི་ཕྱིར། མན་སྙེ་ལས། དབུ་སྐྲ་བཅད་དེ་བརྒྱ་བྱིན་ལ་བཏད་དེ་གོས་ངུར་སྨྲིག་གོན་ནས་དགེ་སློང་ཞེས་གསུངས་པའི་ཕྱིར། དེ་ནས་ལྷ་རྣམས་ཀྱིས་བྱང་སེམས་རབ་ཏུ་བྱུང་བས་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས་འཆི་མེད་ཀྱི་དབྱིངས་ལ་འགོད་དོ་ཞེས་དགའ་བའི་ཅ་ཅོ་འོག་མིན་པར་ཁྱབ་ཅིང་གྲགས་པ་ཡིན་ཏེ། མདོ་ལས། གྲོགས་པོ་དག་གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ངོ་ཞེས་པ་ནས། ཨ་ལ་ལ་ཞེས་དང༌། ཅ་ཅོ་དང་ག་ཞའི་སྒྲ་སྐད་བྱུང་བར་རོ། །སྒྲ་དེ་ཡང་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོག་མིན་གྱི་བར་དུ་གྲགས་པར་གྱུར་ཏོ། །ཞེས་གསུངས་པའི་ཕྱིར། དེ་ནས་རྒྱལ་པོའི་ཁབ་ཀྱི་རི་སྐྱ་བོ་ལ་གནས་པའི་མུ་སྟེགས་རངས་བྱེད་ཀྱི་བུ་ལྷག་སྦྱོང་འཁོར་སུམ་བརྒྱ་ཅན་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སེམས་ཐོབ་པ་ལ་ཏིང་ངེ་འཛིན་གསན་ཏེ་བསམ་གཏན་བཞི་པ་མན་ཆད་ཐོབ་ཚུལ་བསྟན། དེ་ནས་ཡངས་པ་ཅན་ན་སྒྱུ་རྩལ་ཤེས་ཞེས་བྱ་བའི་བུ་རུང་འཕུར་འཁོར་ལྔ་བརྒྱ་ཅན་ཡོད་མིན་མེད་མིན་སྐྱེ་མཆེད་ཐོབ་པ་ལ་གདམས་ངག་བཞེས་ནས་སྲིད་རྩེ་མན་ཆད་ཀྱི་སྙོམས་འཇུག་ཐོབ་ཚུལ་བསྟན་པ་ཡིན་པའི་ཕྱིར།

    བདུན་པ་དཀའ་བ་སྤྱོད་ཚུལ་བསྟན་པ་ནི། དེ་དུས་ནས་འཛམ་གླིང་ན་ལྟ་ངན་སུམ་བརྒྱ་དྲུག་ཅུའམ་ཉིས་བརྒྱ་དང་སུམ་ཅུ་ཙམ་ཡོད་པ་འདུལ་བའི་ཆེད་དུ་དངོས་པོའི་ལོའི་དགུན་ཟླ་ར་བའི་ཚེས་བརྒྱད་ཀྱི་ནུབ་མོ་ནས་ཆུ་བོ་ནེ་རན་ཛ་རའི་འགྲམ་དུ་བསམ་གཏན་བཞི་པའི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་ཤུགས་ཤིང་དང་པོར་རྒྱ་ཤུགས་འབྲུ་གཅིག་བཞེས་ནས་དཀའ་བ་སྤྱད་པས་མདོག་སྔོ་སང་དུ་གྱུར། དེ་ནས་འབྲས་འབྲུ་གཅིག་ཁོ་ན་བཞེས་ནས་དཀའ་ཐུབ་སྤྱད་པས་མདོག་སྔོ་སང་ཉ་མིད་ཀུན་ཏའི་མདོག་ཏུ་གྱུར། དེ་ནས་ཟས་དེ་བས་ཀྱང་ཆུང་ཏིལ་འབྲུ་གཅིག་ཁོ་ན་བཞེས་པས་སྔར་ལྟར་ལས། དེ་ནས་ཟས་ཅི་ཡང་མི་ཟ་བར་བཞུགས་པས་སྐུ་སྐམ་ཤིང་རིད་པ་རུས་པ་པགས་པ་སྔོན་པོས་གཡོགས་པ་ལྟར་གྱུར་ཅིང་བདུད་ཀྱིས་བཟློགས་ཀྱང་མ་གསན་པར་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་པས་ལྷ་དང་མི་ཁྲག་ཁྲིག་བཅུ་གཉིས་ཚང་བ་ཐེག་པ་གསུམ་ལ་སྨིན་པར་བྱས་པའི་ཕྱིར། མདོ་ལས། མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །ལྷ་མི་ཁྲག་ཁྲིག་བཅུ་གཉིས་ཚང༌། །ཐེག་པ་གསུམ་རབ་ཏུ་བཏུལ། །ཞེས་གསུངས་པའི་ཕྱིར། དེས་ནི་འདོད་པ་བསོད་ནམས་ཀྱི་མཐའ་སྤངས་ཤིང༌། དེ་ཡང་དཀའ་སྤྱད་ཀྱི་མཐར་སངས་རྒྱས་ན་ངའི་འཁོར་རྣམ་བཞི་ངལ་དུབ་ཀྱི་མཐར་ལྟུང་སྙམ་ནས་སྟན་ལས་བཞེངས་ཏེ་བདག་གིས་ཁ་ཟས་རག་པ་བུ་རམ་དང་མོན་སྲན་གྲེའུའི་ཁུ་བཅུད་ཟའོ་ཞེས་གསུངས་ཏེ། བྱང་སེམས་ཀྱིས་དང་པོ་དཀའ་བ་སྤྱད་དུས་ནས་བུ་མོ་ལེགས་སྐྱེས་མས་ཉིན་གཅིག་བཞིན་དུ་བྲམ་རེ་བརྒྱད་བརྒྱ་ལ་ཟས་སྟེར་ཅིང་བདག་གི་ཟས་ཟོས་པས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱ་བར་ཤོག་ཅེས་སྨོན་ལམ་བཏབ་ཅིང༌། བྱང་སེམས་ཀྱིས་བྲན་མོ་གྲུབ་མ་ཤི་བའི་རོ་ཤ་ནའི་རས་ཀྱིས་དཀྲིས་པ་བཀྲུས་པས། ལྷ་རྣམས་ཀྱིས་གྲོགས་པོ་དག་འཁོར་སྒྱུར་གོས་བོར་ནས་ཕྱག་དར་ཁྲོད་བསྟེན་ཞེས་ངོ་མཚར་ཞེས་བརྗོད་པས་འདོད་ལྷ་དྲུག་ནས་འོག་མིན་གྱི་བར་དུ་གྲགས་པའི་ཕྱིར། མདོ་ལས། ངས་ཕྱག་དར་ཁྲོད་པ་དེ་བླངས་པའི་ཕྱིར། ཞེས་པ་ནས། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བོར་ཏེ་ཕྱག་དར་ཁྲོད་པ་ལ་སེམས་བཏུད་པ་ངོ་མཚར་ཏེ་འདི་རྨད་དུ་བྱུང་བའོ་ཞེས་སྒྲ་གཅིག་དང་བརྗོད་པ་གཅིག་གིས་འོག་མིན་བར་དུ་བརྗོད་པར་གྱུར་ཏོ། །ཞེས་སོ། །

    དེ་ནས་ས་ག་ཟླ་བའི་བཅུ་བཞིའི་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བཞེས་གྲོང་དུ་རྒྱུ་བར་ལྟེང་རྒྱས་སྡེ་དཔོན་གྱི་གྲོང་མི་དགའ་བྱེད་ཀྱིས་ལེགས་བསྐྱེས་མར་བསྐུལ་བས་མྱུར་བ་མྱུ་བར་བ་སྟོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་པའི་སྙིང་པོའི་འོ་མར་འབྲས་བླུག་པ་བཙོས་པའི་འོ་མར་དཔལ་བེའུ་སོགས་བཀྲ་ཤིས་རྟགས་བརྒྱད་ཤར་ཞིང་ལྟས་དེས་བྱང་ཆུབ་ཐོབ་པར་ཤེས་ཤིང་མེ་ཏོག་གཏོར་སྤོས་ཆུས་བཏབ་ནས་གཡོག་མོ་གོང་མས་བྱང་སེམས་སྤྱན་དྲངས་ཏེ་ལེགས་སྐྱེས་མའི་ཁྱིམ་དུ་སྟན་ལ་བཞུགས་ཏེ་ལེགས་སྐྱེས་མས་འོ་ཐུག་སྦྲང་རྩི་ཅན་གྱིས་གསེར་སྣོད་ཆེན་པོ་བཀང་བྱང་སེམས་ལ་ཕུལ། བྱང་སེམས་ཀྱིས་ཟས་དེ་ཐོགས་ཏེ་ལྟེང་རྒྱས་གྲོང་ནས་བྱུང་སྟེ་དྲོ་ལ་བབས་པ་དང༌། ཆུ་ཀླུང་ནེ་རེན་ཛ་ནའི་ཀླུའི་བུ་མོས་ཡིད་ལས་བྱུང་བའི་སེང་གེའི་ཁྲི་ལ་འདུག་པར་ཟས་དང་འོ་ཐུག་བཞེས་ནས་གསེར་སྣོད་ཆུར་བོར་བ་ཀླུའི་རྒྱལ་པོ་རྒྱ་མཚོས་ཁྱེར་བ་བརྒྱ་བྱིན་མཁའ་ལྡིང་དུ་སྤྲུལ་ནས་འཕྲོག་པར་བརྩམས་ཀྱང་ལེན་མ་ཐུབ་པར། བརྒྱ་བྱིན་རང་གཟུགས་ཀྱིས་བླངས་ནས་སུམ་ཅུ་རྩ་གསུམ་དུ་ཁྱེར་ཏེ་ས་ག་ཟླ་བའི་ཚེ་བཅུ་བཞི་ལ་དགེ་འདུན་གྱིས་སྣོད་ཆེན་པོའི་དུས་སྟོན་དང༌། སུམ་ཅུ་རྩ་གསུམ་དུ་ལྷ་རྣམས་ཀྱང་ལོ་རེ་བཞིན་དེང་དུས་ཡང་ས་ག་ཟླ་བའི་བཅུ་བཞིའི་དུས་སྟོན་བྱེད་དོ། །ཁ་ཟས་དེས་བྱང་སེམས་ཀྱི་སྐུའི་སྟོབས་དང་ཤེས་རབ་རྒྱས་ཤིང་སྐུ་གསེར་འོད་འབར་རོ། །

    བརྒྱད་པ་བྱང་ཆུབ་སྙིང་པོར་གཤེགས་ཚུལ་ཡོད་དེ། དེ་ནས་མངོན་པར་རྫོགས་པར་སངས་རྒྱས་པར་བཞེད་པ་ལ་རྡོ་རྗེ་གདན་དུ་གྲགས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པ་དེ་མ་གཏོགས་པ་གང་གིས་ཀྱང་འདེགས་པར་མི་ནུས་པ་ཡིན་པས། དེར་གཤེགས་པའི་ལམ་ཁ་རུ་རྩྭ་ཚོང་བཀྲ་ཤིས་བྱ་བ་ལས་དུར་བ་སྔོན་པོ་བཞེས་ནས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ཁ་ཅིག་མེ་ཏོག་གི་རང་བཞིན་དུ་འཕང་དཔག་ཚད་བརྒྱ་ཡོད་པ་ཅན་སོགས། བྱང་ཆུབ་ཀྱི་ཤིང་བརྒྱད་ཁྲིའི་དྲུང་ན་རིན་པོ་ཆེའི་ཁྲི་ཡང་དེ་སྙེད་བཀོད་ཅིང་བྱང་སེམས་དང་ཤིང་དྲུང་གི་དེ་སྙེད་ལ་ཡང་བཞུགས་ཀྱང༌། དམན་པ་ལ་མོས་པའི་འཁོར་བྱང་ཆུབ་ཤིང་དྲུང་ཕྱིན་ཏེ་བསྐོར་བ་བདུན་མཛད་ནས་རྩྭའི་རྩེ་མོ་མདུན་དང་རྩ་བ་ཕྱིར་བསྟན་ཏེ་བཀྲམ་པར་བཞུགས་ཚུལ་མཛད་པའི་ཕྱིར། མདོ་ཕལ་པོ་ཆེ་ལས། དཀའ་བ་སྤྱོད་པ་དང་ཞལ་ཟས་གསོལ་བ་དང་བྱང་ཆུབ་ཀྱི་སྙིང་པོར་བཞུད་པ་དང་བཞུགས་པ་དང་ཞེས་དང༌། མདོ་ལས། བྱང་ཆུབ་ཀྱི་ཤིང་བརྒྱད་ཁྲི་བརྒྱན་པར་གྱུར་ཅེས་པ་ནས། སེམས་ཅན་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཤིང་དྲུང་ན་སེང་གེའི་ཁྲི་ལ་འདུག་པར་མཐོང་ངོ་ཞེས་གསུངས་པའི་ཕྱིར། ཐུན་མོང་སྣང་ངོར་དེ་ཡོད་དེ། ལོ་ལྔ་པ་ལྕགས་འབྲུག་གི་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ལ་བྱང་ཆུབ་ཤིང་དྲུང་དུ་རྩྭའི་སྟན་ལ་བཞུགས་ཏེ་བདུད་བཏུལ་བའི་བར་མཛད་པའི་ཕྱིར། མདོ་ལས། དམན་པ་ལ་མོས་པའི་སེམས་ཅན་རྣམས་ཀྱི་བློ་གྲོས་ཡོངས་སུ་ཚིམ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྩྭ་སྤར་གང་ཐོགས་གེ་ནས། བྱང་ཆུབ་ཀྱི་ཤིང་ལ་སྐོར་བ་བདུན་བྱས་ཏེ། བདག་ཉིད་ཀྱིས་རྩྭའི་རྩེ་མོ་ནང་བསྟན་རྩ་བ་ཕྱིར་བསྟན་ཏེ་རྩྭའི་གཏིང་བ་ནས། ཚོགས་ལྟ་བུར་སྐྱིལ་མོ་ཀྲུང་བཅས་ནས་རྩྭ་བཏིང་བ་དེ་ལ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ནས་ཞེས་གསུངས་པའི་ཕྱིར།

    དགུ་པ་བདུད་སྡེ་མ་ལུས་བཅོམ་ཚུལ་ཡོད་དེ། བླ་མེད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྟན་འདི་ལས་མི་ལྡང་ཞེས་དམ་བཅས་སྟེ། སྨིན་མཚམས་ཀྱི་མཛོད་སྤུ་ནས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པའི་འོད་ཟེར་སྤྲོས་པས་བདུད་ཀྱི་གནས་ཐམས་ཅད་གཡོས། ས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་པས་བདུད་ཀྱི་དམག་མགོ་གཅིག་ནས་སྟོང་གི་བར་དང༌། མགོ་མེད་པ་དང༌། ལག་པ་གཅིག་ནས་སྟོང་གི་བར་བསྟན་པ་དང༌། ཁ་ཅིག་ལག་པ་མེད་པ་དང༌། རྐང་པ་གཅིག་ནས་སྟོང་གི་བར་དང༌། རྐང་པ་མེད་དང༌། ཁ་སྣ་རྣ་བ་ལུས་དབྱིབས་སྣ་ཚོགས་པ་མི་སྡུག་པ་མཚོན་ཆ་སྣ་ཚོགས་བསྣམས་པས་དཔག་ཚད་བརྒྱད་ཅུ་ཁོར་ཡུག་ཁེངས་པ་མཐོང་བ་ན། བྱང་སེམས་ཀྱི་བདུད་མཐུ་ཆུང་བའི་ཆེད་དུ་གང་མཐོང་བའི་བདུད་དཔུང་བྱང་སེམས་ཀྱི་ཁའི་ནང་དུ་ཞུགས་སོ་སྙམ་དུ་བྲོས་པས། སྡིག་ཅན་གྱིས་བྲོས་པ་ཅང་མིན་སྙམ་ནས་སླར་ལོག་སྟེ་མཚོན་ཆ་སྣ་ཚོགས་འཕངས་པ་མེ་ཏོག་གི་འཕྲེང་བ་དང་མེ་ཏོག་གི་བླ་བྲེ་དང་ཆུན་པོ་བྱང་ཆུབ་ཀྱི་ཤིང་ལ་བརྒྱན་པར་གྱུར་པའི་ཕྱིར། དེ་ནས་སྡིག་ཅན་གྱིས་ལོང་ལ་སོངས་ཤིག་ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་ཐར་པ་ག་ལ་འཐོབ་སྨྲས་པས། བྱང་སེམས་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་གིས་འདོད་པའི་དབང་ཕྱུག་ཐོབ་ན་ངས་གཏན་པ་མེད་པའི་མཆོད་སྦྱིན་གྲངས་མེད་པས་ཅིའི་ཕྱིར་མི་ཐོབ་སྨྲས་པ་ཡིན་ཏེ། དེ་ནས་བདུད་ཀྱིས་ངའི་མཆོད་སྦྱིན་དབང་པོ་ཁྱོད་ཡིན་ན་ཁྱོད་ཀྱི་མཆོད་སྦྱིན་དབང་པོ་སུ་ཡིན་ཞེས་སྨྲས་པས། བྱང་སེམས་ཀྱིས་སྡིག་ཅན་ས་འདི་ནི་ངའི་དབང་པོ་ཡིན་ནོ་སྨྲས་ནས་ཕྱག་གིས་སར་རེག་མ་ཐག་ཏུ་རྣམ་པ་དྲུག་ཏུ་གཡོས། འུར་འུར་ཆེམ་ཆེམ་གྱི་སྒྲ་ཆེན་པོས་སྟོང་གསུམ་ཁྱབ་ཅིང༌། སའི་ལྷ་མོ་བརྟན་མ་འཁོར་བྱེ་བ་ཕྲག་བརྒྱད་དང་བཅས་པས་ས་བརྟོལ་ཏེ་ཐོན་ནས་བྱང་སེམས་ལ་ཐལ་མོ་སྦྱར་ནས་ཇི་སྐད་གསུངས་པ། དེ་དེ་བཞིན་ཏེ་འདི་ནི་བདག་མངོན་སུམ་མོ། །འོན་ཀྱང་ལྷ་དང་མིར་བཅས་དབང་པོ་དམ་པའི་སྨྲས་ཏེ། བདུད་བྱ་རོག་ལ་རྡོ་འཕང་བ་ལྟར་བྲོས་སོ། །སླར་ཡང་བུ་མོས་བུད་མེད་ཀྱི་འཛུམ་པ་སོགས་སོ་གཉིས་བསྟན་ཀྱང་བྱང་སེམས་ཤིན་ཏུ་བརྟན་པ་ལྷུན་པོ་དང་ཁོར་ཡུག་གི་རི་དང་དབང་པོ་བསྲུང་བ་གླང་པོ་ལྟར་ཤིན་ཏུ་དུལ་བས་འདོད་པའི་ཉེས་དམིགས་བརྗོད་ནས་ཕྱིར་བཟློགས། གནས་གཙང་གི་ལྷའི་བུ་རྣམས་ཀྱིས་བདུད་རྣམ་པ་བཅུ་དྲུག་གིས་སྨད་དེ་བདུད་དཔུང་མི་འཁྲུག་གི་གྲངས་དང་ལྡན་པ་ཐམས་ཅད་འཐོར་ཏེ་ཞག་བདུན་བར་དུ་མ་འཕྲད་པར་འཐོར་བར་གྱུར་ཏེ། དེའི་ཚེ་བདུད་བྱེ་བ་སུམ་ཅུ་སོ་དྲུག་དང་ཁྲག་ཁྲིག་ཉེ་བར་བཏུལ་ཏེ་སངས་རྒྱས་མཐོང་བས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་པའི་ཕྱིར། མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དཔའི་སྟོབས་རྩལ་སུས་མཐོང་བ། །བྱེ་བ་སུམ་ཅུ་དྲུག་དང་ཁྲག་ཁྲིག་ཉི་ཤུ་བཞི། །དེ་དག་སངས་རྒྱས་བྱང་ཆུབ་མཆོག་ཏུ་ཡིད་ཀྱིས་སྨོན། །ཞེས་དང༌། ཕལ་ཆེན་ལས། བྱང་ཆུབ་སྙིང་པོར་བཞུད་པ་དང༌། བཞུགས་པ་དང༌། བདུད་བཏུལ་བ་དང་ཞེས་དང༌། མདོ་གཞན་ལས་ཀྱང༌། ལ་ལ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དང༌། ལ་ལ་དག་གིས་ནི་བདུད་འཇོམས་པ་དང་ཞེས་གསུངས་པའི་ཕྱིར།

    བཅུ་པ་མངོན་པར་བྱང་ཆུབ་པ་ནི། སོ་དྲུག་པ་ཁྱུ་མཆོག་ལྕགས་སྦྲུལ་གྱི་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་པ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཕྱིར་རྒོལ་བའི་བདུད་བཅོམ་པ་དང་དགྲ་བཏུལ་བ་དང་གཡུལ་ལས་རྣམ་པར་རྒྱལ་བ་དང༌། བདུད་ལས་རྒྱལ་བའི་རྒྱལ་མཚན་དང་བ་དན་བསྒྲེངས་པར་མཛད་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཏེ། སོ་དྲུག་བཞེས་པའི་ཁྱུ་མཆོག་ལྕགས་སྦྲུལ་གྱི་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ལ་བདུད་བཅོམ་རྗེས་ནམ་གྱི་ཐུན་དང་པོ་ལ་བསམ་གཏན་བཞི་དང་ལྷའི་མིག་ལས་ཡེ་ཤེས་མཐོང་བའི་རིག་པ་མངོན་དུ་བྱས། དེ་ནས་གུང་ཐུན་ལ་སྔོན་གནས་རྗེས་སུ་དྲན་པའི་ཡེ་ཤེས་མཐོང་བའི་རིག་པ་མངོན་དུ་བྱས། དེ་ནས་ནམ་གྱི་སྨད་སྐྱ་རེངས་ཤར་བའི་དུས་ཀྱི་ཚེ་རྔ་བརྡུང་བའི་ཚོད་ལ་རྟེན་འབྲེལ་བཅུ་གཉིས་དང་བདེན་པ་བཞི་ཤེས་ཤིང་ཟག་པ་ཀུན་ཟད་མཐོང་བའི་རིག་པ་མངོན་དུ་བྱས་ཏེ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཡིན་པའི་ཕྱིར། མདོ་ལས། དེ་ནས་བྱང་སེམས་ཞེས་པ་ནས། ནམ་གྱི་ཆ་སྟོད་ལ་ལྷའི་མིག་ལས་ཡེ་ཤེས་མཐོང་བའི་རིག་པ་མངོན་དུ་བྱས་པའི་ཕྱིར་ཞེས་པ་ནས། ནམ་གྱི་གུང་ཐུན་ལ་སྔོན་གནས་རྗེས་སུ་དྲན་པའི་ཡེ་ཤེས་མཐོང་བའི་རིག་པ་ཞེས་དང༌། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ནམ་གྱི་ཆ་སྨད་སྐྱ་རེངས་འཆར་བའི་དུས་ཀྱི་ཚེ་རྔ་བརྡུང་བའི་ཚོད་ཙམ་ན་ཞེས་པ་ནས། མངོན་སུམ་བྱ་བ་གང་ཅི་ཡང་རུང་སྟེ་དེ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་རིག་པ་གསུམ་ཐོབ་པོ་ཞེས་དང༌། འདུལ་བ་གཞུང་དམ་པའི་བམ་པོ་སོ་བདུན་པ་ལས། བཅོམ་ལྡན་འདས་ཟླ་བ་གང་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་མཛད་པར་གསོལ་བས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔྱིད་ཟླ་ཐ་ཆུང་ལོ་ཞེས་གསུངས་པའི་ཕྱིར། དེས་ན་སོ་དྲུག་ཁོ་ན་ལ་སངས་རྒྱས་པ་ཡིན་ཏེ། སངས་རྒྱས་ནས་ལོ་ཞེ་ལྔའི་བར་དུ་བཞུགས་ཤིང་ཆོས་འཁོར་བསྐོར་བར་བཤད་པའི་ཕྱིར། རྟོག་གེ་འབར་བ་ལས། རྒྱུ་གྲངས་མེད་པ་གསུམ་དུ་བསགས་པ་ལས་ལོ་བཞི་བཅུ་རྩ་ལྔ་ལས་འབྲས་བུ་འབྱུང་བར་མ་གྱུར་པ་ཡང་མི་རིགས་སོ་ཞེས་གསུངས་པའི་ཕྱིར། སོ་ལྔ་དང་སོ་བདུན་ལ་སངས་རྒྱས་པ་མི་འཐད་པ་ཁོ་ནའོ། །རིག་པ་གསུམ་ཡང་ལྷའི་མིག་ལས་ཡེ་ཤེས་མཐོང་བའི་རིག་པ་དང༌། སྔོན་གནས་རྗེས་སུ་དྲན་པའི་ཡེ་ཤེས་མཐོང་བའི་རིག་པ་དང༌། ཟག་པ་ཀུན་ཟད་པའི་ཡེ་ཤེས་མཐོང་བའི་རིག་པ་གསུམ་ཡིན་ནོ། །དེ་ནས་སྐད་ཅིག་དེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཤིང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་དྲུག་ཏུ་གཡོ་བ་སོགས་མཛད་པས་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་ལེགས་སོ་བྱིན་ཏེ་ཆོས་ཀྱི་དགབ་པ་དག་བསྐུར་བ་དེ་དག་གིས་ཀྱང་སྟོང་གསུམ་གྱི་འཇིག་རྟེན་འདི་རིན་པོ་ཆེའི་གདུགས་གཅིག་གིས་ཁེབས་པར་གྱུར་ཏེ། ཕྱོགས་བཅུའི་ཁམས་ཀུན་སྣང་བས་ཕྱོགས་བཅུའི་བྱང་སེམས་དང་ལྷ་རྣམས་ཀྱིས་བསྔགས་བརྗོད་དུ་མ་མཛད་དོ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་བརྡ་སྤྲུལ་པ་ལྟར་སངས་རྒྱ་ཀྱིས་ཀྱང་ཤིང་ཏ་ལ་བདུན་ཙམ་གྱིས་ནམ་མཁར་འཕགས་ཏེ་ཆེད་དུ་བརྗོད་པ་བརྗོད་པས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་པུས་མོ་ནུབ་ཙམ་བཀྲམ་པར་གྱུར་པའི་ཕྱིར་ཏེ། དེས་དེ་བཞིན་གཤེགས་པའི་སྙིང་པོ་དེ་བཞིན་གཤེགས་པའི་ཆོས་ཀྱི་རྒྱལ་པོའི་ཁྲི་ཆེན་པོར་བཞུགས། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་ཞུགས། སངས་རྒྱས་ཐམས་ཅད་དང་དགོངས་པ་ཡང་དག་པར་ནི་འདྲེས་ཤིང་ཆོས་དབྱིངས་ཐུགས་སུ་ཆུད་པ་ལས་དབྱེར་མེད་པར་གྱུར་པ་སོགས་ཡིན་པའི་ཕྱིར། དེ་ནས་ཞག་བདུན་ཕྲག་བདུན་དུ་རྒྱ་རོལ་ལྟར་ཐུན་མོང་བའི་ངོར་ཆོས་འཁོར་མ་བསྐོར་བ་ཐུན་མོང་མིན་པའི་དགྲ་ནག་སོགས་ཀྱི་སྒོས་བདུད་བཏུལ་བ་དང༌། བདུན་ཕྲག་གཉིས་པར་གཞན་འཕྲུལ་གྱི་གནས་སུ་མདོ་སྡེ་ས་བཅུ་པ་གསུངས་པའི་ཕྱིར། མདོ་སྡེ་ལས། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་ཏེ། བདུན་ཕྲག་གཉིས་པའི་ཚེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་ནས་ཞེས་སོགས་གསུངས་པའི་ཕྱིར། དེ་ནས་ཞིང་འདིར་གསུངས་པ་ཞིང་བྱེ་བ་ཕྲག་བརྒྱའི་གཞན་འཕྲུལ་དབང་བྱེད་ཀྱི་ཕོ་བྲང་བྱེ་བ་ཕྲག་བརྒྱ་དང་རབ་འབྱམས་རྒྱ་མཚོ་ཐམས་ཅད་དུ་གསུངས་པ་ཡིན་ཏེ། ས་བཅུ་པའི་མདོ་ལས། འཇིག་རྟེན་ཁམས་འདིར་བདག་ཇི་ལྟར་ཕྱིན་པ་བཞིན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་འཇིག་རྟེན་གྱི་ཁམས་རེ་རེའི་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་ལྷའི་རྒྱལ་པོ་དབང་སྒྱུར་གྱི་གཞལ་མེད་ཁང་གི་ནོར་བུ་རིན་པོ་ཆེའི་ཁང་པར་ཡང་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་སྙེད་ཀྱི་བྱང་སེམས་ཕྱིན་པར་གྱུར་ཏེ་ཞེས་དང༌། མདོ་དེ་ཉིད་ལས། གླིང་བཞིའི་ཞེས་པ་ནས། ཁང་པ་ན་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ཆོས་བསྟན་པ་མཐའ་ཡས་པར་གྱུར་ཏོ་ཞེས་གསུངས་པའི་ཕྱིར། ལུང་ཕྱི་མ་འདིས་ཞིང་ཁམས་རྒྱ་མཚོར་ཆོས་བསྟན་པར་བཤད་དོ། །དེར་མ་ཟད་མདོ་དགོངས་འགྲེལ་ལས་ཀྱང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཞིང་ཐམས་ཅད་དུ་ཞེས་པ་ནས། མངལ་དུ་འཇུག་པ་དང་། བཙས་པ་དང༌། སྐྱེ་བ་དང༌། འདོད་པ་ལ་ལོངས་སྤྱོད་པ་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། ཅིག་ཅར་ཀུན་ཏུ་སྟོན་པ་དང༌། དེ་གཏོང་བ་དང༌། མངོན་པར་བྱང་ཆུབ་པའི་རིམ་པ་ཀུན་ཏུ་སྟོན་པ་ཡིན་པར་བལྟ་བར་བྱའོ། །ཞེས་གསུངས་པར་ཀུན་ཏུ་ཞེས་པ་བྱེ་བ་ཕྲག་བརྒྱ་ཀུན་ཏུ་སྟོན་པ་ཞེས་པའི་དོན་ཡིན་པའི་ཕྱིར། རྗེའི་རྣམ་བཤད་དང༌། རྒྱུད་བླ་དར་ཊཱིཀ་ལས། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་གཟུགས་ཀྱི་སྐུ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་མཐའ་ཡས་པ་ལ་དུས་ཅིག་ཅར་དུ་བརྟེན་ནས་གནས་པར་ཤེས་པར་བྱའོ་ཞེས་དང༌། ཀླུ་བྱང་གིས། ཇི་ལྟར་སྐྱེ་བ་གཅིག་གི་ཐོགས་པའི་ནས། བྱེ་བ་ཕྲག་བརྒྱ་ཡང་འདིའི་འོད་ཀྱིས་སྣང་བར་བྱེད་དོ་ཞེས་དང༌། རྗེས་དེའི་ཊིཀྐར། གླིང་བཞི་བྱེ་བ་ཕྲག་བརྒྱ་ཡང་བྱང་སེམས་བར་དོ་ན་གནས་པ་འདིའི་སྣང་བས་གསལ་བར་བྱེད་དོ་ཞེས་དང༌། ཐུབ་བསྟན་བྱི་དོར་ལས། འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡོད་པ་དག་གི་གླིང་རེ་རེར་ཡང་མཛད་པ་བཅུ་གཉིས་རེ་རེ་སྟེ་ཞེས་དང༌། དེ་ཡང་རྒྱལ་ཟས་གཙང་མ་བྱེ་བ་ཕྲག་བརྒྱ་སོགས་དང༌། རྒྱུད་སྡེ་སྤྱི་རྣམ་ལས། དགའ་ལྡན་གྱི་གནས་ནས་འཕོ་བ་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་སྟོན་ཏེ་ཞེས་པ་ནས། མྱ་ངན་ལས་འདས་པའི་ཚུལ་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་སྟོན་ཏེ་ཞེས་གསུངས་པའི་ཕྱིར། རྒྱུད་བླ་མ་ལས། ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དུས་འཁོར་མ་སྟོངས་བར་དུ་མཛད་པ་བཅུ་གཉིས་སྟོན་པར་བཤད་པའི་ཕྱིར། དར་ཊིཀ་ལས། མཛད་པ་གང་དུ་སྟོན་ན་ཡོངས་སུ་མ་དག་པའི་ཞིང་རྣམས་སུའོ། །དུས་ནི་སྲིད་པ་ཇི་སྲིད་གནས་པར་སྟོན་པར་མཛད་དོ། ཞེས་ག་སུངས་པའི་ཕྱིར། །ཟིལ་གནོན་མེ་རྟར་འཁྲུངས་པའི་སངས་རྒྱས་པའི་ལོའི་འདོད་ཚུལ་ཡོད་དེ། སོ་ལྔ་པ་ལྕགས་འབྲུག་ལ་སངས་རྒྱས་པར་ཀུན་རྡོར་སོགས་དང༌། སོ་བཅུན་པ་ཆུ་རྟ་ལ་སངས་རྒྱས་པར་མཁས་མཆོག་གཡུང་ཆོས་སོགས། སོ་དྲུག་པ་ལྕགས་སྦྲུལ་ལ་སངས་རྒྱས་པར་མཁས་མཆོག་སྤྱན་སྔ་དོན་གྲུབ་དཔལ་དང་ཁྲི་རིན་པོ་ཆེ་འོད་ཟེར་གྱི་འདོད་ཚུལ་གསུམ་ཡོད་པས་ཕྱི་མ་སོ་དྲུག་པ་ལྕགས་སྦྲུལ་ལ་སངས་རྒྱས་པར་འདོད་པ་ལེགས་པའི་ཕྱིར། སོ་ལྔ་མ་ཡིན་ཏེ། སངས་རྒྱས་ནས་ལོ་ཞེ་དྲུག་དགོས་པས་ལོ་གཅིག་ལྷག་ཅིང༌། སོ་བདུན་ལ་ཡིན་ན་སངས་རྒྱས་ནས་ཞེ་བཞིར་འགྱུར་བས་ལོ་གཅིག་ཆད་པའི་ཕྱིར། དེར་ཐལ། སངས་རྒྱས་ནས་ཞེ་ལྔ་ཡིན་པར་བྱེ་བྲག་བཤད་པ་དང༌། སློབ་དཔོན་ལེགས་ལྡན་གཉིས་མཐུན་པར་བྱུང་བའི་ཕྱིར་ཏེ། རྟོག་གེ་འབར་བ་ལས། རྒྱུ་གྲངས་མེད་པ་གསུམ་དུ་བསགས་པ་ལས་ལོ་བཞི་བཅུ་རྩ་ལྔར་འབྲས་བུ་འབྱུང་བར་མ་གྱུར་པ་ཡང་མི་རིགས་སོ་ཞེས་དང༌། བྱེ་བྲག་བཤད་པ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་ལྷ་ཡི་གནས། །བྱིས་པ་གསོད་དང་ཀོ་ཤམ་བྷི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོ་མའི་30གྲོང་དང་སྒྲ་བཅས་དང༌། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཏེ། །དེ་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །ཞེས་གསུངས་པའི་ཕྱིར། འདིར་སེར་སྐྱའི་གྲོང་ཕན་གྱི་བཅུ་གཅིག་དང༌། མཉན་ཡོད་དུ་ཉེར་གསུམ་དང་བཅས་པའི་སོ་བཞི་དང༌། སྨན་གྱི་ནགས་སུ་བཞི། འབར་ཕུག་གི་གཉིས་དང་དྲུག་བསྡོམས་པས་བཞི་བཅུ་ཐམ་པ། རྒྱལ་པོའི་ཁབ་ཀྱི་ལོ་ལྔ་དང་ཞེ་ལྔ་པོ་འདི་སངས་རྒྱས་ནས་དབྱར་གནས་པའི་གྲངས་ཀྱང་ཡིན་ཏེ། སངས་རྒྱས་ནས་ཞེ་ལྔ་དང་རབ་ཏུ་བྱུང་ནས་ང་གཅིག་ཡིན་པའི་ཕྱིར། དཀའ་བ་སྤྱད་པའི་ལོ་དྲུག་ཀྱང་རབ་བྱུང་གི་དུས་ཡིན་པའི་ཕྱིར།

(30) དཔར་ཐེངས་གཉིས་པ། འོ་མའི་སྲོད་དང།

    བཅུ་གཅིག་པ་ཆོས་འཁོར་བསྐོར་ཚུལ་ཡོད་དེ། སོ་དྲུག་པ་ཁྱུ་མཆོག་ལྕགས་མོ་སྦྲུལ་གྱི་ལོའི་ས་གའི་ཉ་ལ་སངས་རྒྱས་ཚུལ་བསྟན་ནས་ཐུན་མོང་བའི་ངོར་བདུན་ཕྲག་བདུན་དུ་ཆོས་མི་གསུངས་ལ། དེ་ཡང་བདུན་དང་པོར་བྱང་ཆུབ་ཤིང་དྲུང་དུ་བཞུགས། བདུན་གཉིས་པར་སྟོང་གསུམ་དུ་འཆག་པར་མཛད། བདུན་གསུམ་པར་བྱང་ཆུབ་ཤིང་ལ་སྤྱན་མི་འཛུམ་པར་གཟིགས། བདུན་བཞི་པའི་ཚེ་ཤར་ནུབ་ཀྱི་རྒྱ་མཚོའི་བར་འཆག་ཅིང༌། བདུད་ཀྱིས་མྱ་ངན་ལས་འདའ་བར་ཞུས་ཀྱང་འཇིག་རྟེན་དུ་སངས་རྒྱས་ཆོས་དགེ་འདུན་གྱི་སྒྲ་ཆེན་པོ་དང་བྱང་སེམས་དཔག་མེད་ལུང་མ་བསྟན་པར་མྱ་ངན་ལས་མི་འདའ་ཞེས་གསུངས། བདུན་ལྔ་པར་ཡུལ་ངན་བྱུང་ནས་དེ་བཞིན་གཤེགས་པ་བཏང་བཟུང་གི་གནས་ན་བཞུགས། བཏང་བཟུང་སོགས་ཀླུ་རྒྱལ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལ་ལན་བདུན་རེ་དཀྲིས་སོ། །དེའི་ཀླུ་དེ་དག་གིས་བདེ་བ་བླ་མེད་བརྙེས་ཐམས་ཅད་ཀྱིས་ཕྱག་དང་བསྐོར་བ་བྱས་སོ། །བདུན་དྲུག་པའི་ཚེ་ཤིང་ནྱ་ཀྲོ་དྷ་སྐྱོང་དྲུང་དུ་ཀུན་ཏུ་རྒྱུ་གཉིས་ཀྱིས་ཁམས་དྲི་ཞུས། དེ་བཞིན་གཤེགས་པས་གསུངས་པ། ཆོས་ཐོས་པ་དང་མཐོང་བ་དང༌། དབེན་པར་དགའ་བ་བདེ་བ་ཡིན་སོགས་གསུངས། བདུན་བདུན་པའི་ཚེ་ཚོང་དཔོན་ཀ་གོན་དང་བཟང་པོ་གཉིས་ཀྱི་སྦྲང་རྩི་ཕུལ་ཚེ་རྒྱལ་ཆེན་བཞིས་གསེར་གྱི་ལྷུང་བཟེད་བཞི་ཕུལ་བ་དགེ་སློང་གི་ཆ་མིན་པར་དགོངས་ནས་མ་བཞེས། དེ་བཞིན་དུ་དངུལ་གྱི་བཞི་དང༌། བཻཌཱུརྱའི་བཞི་དང༌། ཤེལ་གྱི་བཞི་དང༌། སྤུག་གི་བཞི་དང༌། རྡོའི་སྙིང་པོའི་བཞི་དང༌། རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་ལྷུང་བཟེད་བཞི་རྣམས་མ་བཞེས་པར། རྒྱལ་ཆེན་བཞིས་རང་ཉིད་འཁོར་དང་བཅས་པས་མེ་ཏོག་སྤོས་འཕྲེང་བ་སོགས་འབུལ་ཚེ་གླུ་དབྱངས་ལེན་ཅིང་ཕེག་རྡོབ་པ་དང་སིལ་སྙན་དང་བཅས་ཏེ་རྡོའི་ལྷུང་བཟེད་བཞི་ཐོགས་ཏེ་མེ་ཏོག་གིས་བཀང་ནས་ཕུལ་བ་ལྷུང་བཟེད་གཅིག་ཏུ་བསྒྱུར་བར་མཛད་ནས། སྦྲང་རྩི་བླངས་ཤིས་པ་བརྗོད་ལུང་བསྟན་པའི་ཕྱིར། དེ་ནས་ཤིང་སྒྲོལ་རྒྱུའི་དྲུང་ན་ཆོས་འཁོར་བསྐོར་བའི་ཐུགས་ལས་ཆུང་བར་བཞུགས་པར། བརྒྱ་བྱིན་གྱིས་ཞུས་ཀྱང་མ་གསུང༌། ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ། མ་ག་དྷ་འདི་སྔོན་ཆད་ཆོས་གསུངས་པ། །དག་པ་མ་ལགས་དྲི་མར་བཅས་པ་བྱུང༌། །ཁྱོད་ཀྱི་ཆོས་ཀྱི་སྒོ་མོ་ཕྱེ་མཛོད་ལ། །ཆོས་རྣམས་ཐམས་ཅད་དྲི་མ་མེད་པ་གསུངས། །ཞེས་གསོལ་བ་བཏབ་པས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ན་སེམས་ཅན་ཡང་དག་ཉིད་དུ་ངེས་པའི་རིགས་དང་མ་ངེས་པའི་རིགས་དང་ལོག་པར་ངེས་པའི་རིགས་གསུམ་ཡོད་པས། དང་པོར་རིགསས་ངེས་འདུལ། དེ་ནས་མ་ངེས་པར་འདུལ། རིགས་ཆད་དམ་ལོག་པའི་རིགས་བཏང་སྙོམས་བྱེད་པས་ན། སྔོན་གྱི་སློབ་དཔོན་གཉིས་འདུལ་སྙམ་པས་ལྷག་སྤྱོད་ཤི་ནས་ཞག་བདུན་དང༌། རིང་འཕུར་ཤི་ནས་ཞག་གསུམ་ལོར་མཁྱེན་ཅིང༌། ཝཱ་ར་ཎ་སིར་ལྔ་སྡེ་ལ་ཁྱོད་དག་གཽ་ཏམ་ལྷོད་སོགས་མ་བསམས་སམ། དགེ་སློང་དག་དེ་སྐད་མ་ཟེར་སྨྲས་པས། དེ་དག་དགེ་སློང་དུ་གྱུར་ཏེ་ཞབས་ལ་བཏུད་དེ་བཤགས་པ་བྱས་ཏེ་དེ་བཞིན་གཤེགས་ལ་སྟོན་པའི་འདུ་ཤེས་དང་དད་གུས་སྐྱེས། དེ་ནས་ཆུ་སྟོད་ཟླ་བའི་ཚེས་བཞིའི་ཉིན་ལྔ་སྡེ་ལ་ཆོས་འཁོར་བསྐོར་བས་ལྔ་སྡེས་དགྲ་བཅོམ་ཐོབ། ལྷ་བརྒྱད་ཁྲིས་བདེན་པ་མཐོང་ཞིང༌། ས་འདི་ཡང་རྣམ་པ་དྲུག་དང་ལྟས་ཆེན་པོ་བཅོ་བརྒྱད་དུ་གཡོས་ཤིང༌། ཞིང་བྱེ་བ་ཕྲག་བརྒྱར་ཆོས་འཁོར་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་བསྐོར་བ་ཡིན་པའི་ཕྱིར། ཕལ་ཆེན་ལས། སྐྲ་རྩེ་གཅིག་ལ་བསམ་གྱིས་མི་ཁྱབ་ཅིང༌། །ཐམས་ཅད་རྡུལ་མེད་སྣ་ཚོགས་དབྱིབས་སུ་གནས། །ཀུན་ན་སངས་རྒྱས་རྣམ་པར་སྣང་མཛད་བཞུགས། །ཞེས་དང༌།

    ཡང་ཕལ་ཆེན་ལས། ཕྱོགས་རྣམས་ཀུན་ན་ཞིང་རྣམས་རྒྱ་མཚོ་སྣང༌། །ལ་ལ་ཟླུམ་པོ་ལ་ལ་ཟུར་གསུམ་སྟེ། །དེ་དག་ལ་ལ་ཕྱོགས་ན་གྲུ་བཞིར་གནས། །ཞེས་དང༌། ངེས་མ་ངེས་ལ་འཇུག་པ་ཕྱག་རྒྱའི་མདོ་ལས། དེས་གཅིག་བཤད་ཀྱི་བར་ལ་མོའུ་འགལ་གྱི་བུས་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་རྫུ་འཕྲུལ་གྱིས་འདའ་ནུས། དེ་གཅིག་འདའ་བའི་བར་ལ་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་མཉམ་པ་ཐམས་ཅད་ཀྱི་གླིང་རེ་རེར་མཛད་པ་བཅུ་གཉིས་ཤིན་ཏུ་རྒྱས་པ་དང༌། དམ་པའི་ཆོས་གནས་པ་དང་ཞེས་གསུངས་པའི་ཕྱིར། རྒྱུད་སྡེ་སྤྱི་རྣམ་ལས་ཀྱང༌། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་རྒྱལ་བ་ཤཱཀྱ་ཐུབ་པས་མཛད་པ་བཅུ་གཉིས་ཀྱི་ཚུལ་བྱེ་བ་ཕྲག་བརྒྱར་སྟོན་ནོ་ཞེས་དང༌། ཀླུ་སྒྲུབ་ཀྱི་སྐུ་གསུམ་རྣམ་གཞག་ལས། འོག་མིན་གྱི་ཕོ་བྲང་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སེམས་ཀྱི་མོད་ལ་ཞེས་པ་ནས། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་དག་ཏུ་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མ་མཛད། འཕོ་བ་དང༌། བཙས་པ་དང་བདུད་འདུལ་བ་དང་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཀུན་ཏུ་སྟོན་པ་ཉིད་འབྱུང་ཞེས་གསུངས་པའི་ཕྱིར། འཛམ་གླིང་བྱེ་བ་ཕྲག་བརྒྱ་ཞེས་དང༌། མཛད་པ་ཀུན་ཏུ་སྟོན་པ་གཉིསཀྱི་དོན་རེ་ཡོད་པའི་ཕྱིར། དེ་བཞིན་དུ་ལྷ་བརྒྱད་ཁྲི་བདེན་པ་མཐོང༌། གྲགས་པ་ལ་སོགས་པའི་ཉེ་བའི་ལྔ་སྡེ་དང༌། གྲོང་བའི་ཁྱེའུ་ལྔ་བཅུས་ཀྱང་དགྲ་བཅོམ་ཐོབ། སླར་གྲོང་ཁྱེར་བདེན་ལྡན་དུ་གཤེགས་ནས་དགའ་མོ་དང་དགའ་སྟོབས་མ་བདེན་པ་ལ་བཀོད། དེ་ནས་ཆུ་ཀླུང་ནེ་རནྫ་ནའི་འགྲམ་ན་ལྟེང་རྒྱས་འོད་སྲུང་འཁོར་ལྔ་བརྒྱ་དང༌། ཆུ་ཀླུང་འོད་སྲུང་དང་གཱ་ཡ་འོད་སྲུང་གཉིས་རེ་རེ་ལ་འཁོར་ཉིས་བརྒྱ་ལྔ་བཅུ་རེ་སྟེ་དེ་དག་སྟོང་པོ་ཐམས་ཅད་དགྲ་བཅོམ་ཐོབ། དེ་རྗེས་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་འཁོར་ཉིས་བརྒྱ་ལྔ་བཅུས་དགྲ་བཅོམ་ཐོབ་ཅིང༌། དེའི་ཚེ་སངས་རྒྱས་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་བཅས་ཤིང༌། སངས་རྒྱས་ཏེ་ཟླ་བ་བཅུ་གཉིས་ན་ཆུ་རྟའི་ནག་ཟླ་ལ་ཤྲི་དྷ་ན་ཀ་ཊ་ཀར། རྒྱལ་པོ་ཟླ་བཟང་འཁོར་ཡུལ་རྒྱལ་གོ་དྲུག་དང་དེ་རེ་རེ་འཁོར་སྟོང་སྟོང་སྟེ་འཁོར་དགུ་ཁྲི་དྲུག་སྟོང་དང་བཅས་པར་དུས་འཁོར་རྩ་རྒྱུད་བསྟན་པ་དང་དུས་མཉམ་པར་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་སྐུ་གཅིག་གིས་གསུངས་པ་གཉིས་དུས་མཉམ་པར་མཛད་དེ། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་གསུངས་པའི་ཕྱིར། འོ་ན་འཇམ་པའི་དབྱངས་ཀྱང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན། ཤམ་བྷ་ལའི་ཡུལ་དུ་ཤཱཀྱའི་རིགས་ལ། ཞེས་གསུངས་པས་སྐུ་མྱ་ངན་ལས་འདས་སྙམ་དུ་མི་བྱ་སྟེ། འདིའི་མྱ་ངན་ལས་འདས་ཞེས་པ་སངས་རྒྱས་དུས་ལ་སྦྱོར་རྒྱུ་ཡིན་པའི་ཕྱིར། དེས་སྒྲིབ་ཀུན་ཟད་པའི་མྱང་འདས་ཐོ་ནས་ལོ་དྲུག་བརྒྱ་ན་རིགས་ལྡན་འཇམ་གྲགས་ཀྱིས་ཆོས་སྟོན་པར་བཤད་པ་ཡིན་པའི་ཕྱིར་ཏེ། ཡེ་ཤེས་ལེའུ་འདི་སེམས་ཙམ་པ་མན་ཆད་ཀྱི་མྱང་འདས་པར་གནས་དབུ་མ་པས་མྱང་འདས་འདོད་ཚུལ་སྟོན་པའི་ལེའུ་ཡིན་པའི་ཕྱིར། རྭ་འགྱུར་ཡེ་ཤེས་ལེའུའི་འགྲེལ་ཆེན་ལས། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས་ཕུང་པོ་ལྷག་མ་དང་བཅས་པའོ། །དབུ་མ་པ་རྣམས་ཀྱིས་ཕུང་པོ་ལྷག་མ་དང་བཅས་པ་དོར་ནས་རབ་ཏུ་མི་གནས་པའི་མྱང་འདས་ཞེས་པ་ནས། དེས་ན་ཕྱོགས་ཡོངས་སུ་འཛིན་པ་སྤངས་པའི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་དང༌། འགྲེལ་ཆེན་ལས། ས་གའི་ཉའི་སྐྱ་རེངས་ཤར་བ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཐེག་པ་གསུམ་སྟོན་པར་མཛད་དེ། ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲི་དྷ་ན་ཀ་ཊ་ཀར་ནས། དང་པོའི་སངས་རྒྱས་རྣམས་པར་སྤྲོས་སོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་ནས་ལོ་མང་པོ་སོང་ན་ལོ་གཅིག་ཀྱང་མི་གསུང་བར་ཟླ་བ་བཅུ་གཉིས་གསུང་དོན་མེད་པའི་ཕྱིར། ཊཱིཀ་ཆེན་ལས་ཀྱང༌། ནག་པའི་ཟླ་བ་དང་པོ་ཡིན་ཀྱང་ས་ག་ཟླ་བ་དེ་ནས་བགྲང་བའི་ཟླ་བ་བཅུ་གཉིས་པ་ནག་པ་ཡིན་ཞིང་ཞེས་གསུངས་པ་ལེགས་པར་བཤད་པ་ཁོ་ན་ཡིན་ནོ། །དགུང་ལོ་སོ་དགུ་པ་ཉི་སྒྲོལ་བྱེད་ཤིང་སྤྲེལ་ལ་ཡུམ་གྱི་དོན་དུ་ལྷ་ཡུལ་དུ་བྱོན་ཏེ། བརྒྱ་བྱིན་དང་ཚངས་པ་སོགས་འདོད་པ་དང་གཟུགས་ཀྱི་ལྷའི་ཡིད་དང་མཐུན་པའི་ཆོས་ཟླ་བ་གསུམ་གྱི་བར་དུ་བསྟན་པས། ལྷ་ཀླུ་གནོད་སྦྱིན་སྲིན་པོ་དྲི་ཟ་དང་ལྷ་མ་ཡིན་ནམ་མཁའ་ལྡིང་མིའམ་ཅི་སོགས་གདུལ་བྱ་རྣམས་ཀྱི་མོས་པ་ལྟར་སྨིན་ཅིང་གྲོལ་བར་མཛད་ནས། ཡུལ་ཀ་ཤིར་ཧོར་ཟླ་དགུ་པ་ཐ་སྐར་ཟླ་བ་སྟོན་འབྲིང་པོའི་ཉ་ལ་ལྷ་ཡུལ་ལས་ཕེབས་པ་ཡིན་པའི་ཕྱིར། མན་སྙེ་ལས། སུམ་ཅུ་རྩ་གསུམ་གྱི་ལྷའི་ཡུལ་དུ་གཤེགས་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་ཡིད་དང་མཐུན་པའི་ཆོས་བསྟན་ཏོ་ནས། ལྷ་དུ་མ་དང༌། ཀླུ་དུ་མ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་སྟོང་ཕྲག་བརྒྱ་སྟོང་ནས། ཆོས་སྟོན་པའོ་ཞེས་དང༌། བྱེ་བྲག་བཤད་པ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །ཞེས་སངས་རྒྱས་པའི་ལོ་བཞི་བར་བཤད་པའི་ཕྱིར། དེ་ནས་ཡལ་སོ་སོར་སྟོན་པ་འཁོར་བཅས་ཕེབས་ནས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་གསུམ་སོགས་བསྟན་ནས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད་པའི་ཕྱིར། མན་སྙེ་ལས། དེ་ལྟ་བུ་ལ་སོགས་པའི་གདུལ་བྱ་རྣམས་གནས་རྣམས་སུ་བསྐུལ་ཞིང༌། སྣ་ཚོགས་པའི་གཟུགས་ཀྱསི་གདུལ་བྱ་ཇི་ལྟ་བར་དཔག་ཏུ་མེད་པའི་སེམས་ཅན་གྱི་ཕུང་པོ་ལ་ནས། རྡོ་རྗེ་ཐེག་པ་ལ་སོགས་པ་བསྟན་པས་ཞེས་གསུངས་པའི་ཕྱིར།

    མཛད་པ་བཅུ་གཉིས་པ་མཛད་ཚུལ་ཡོད་དེ། སངས་རྒྱས་ནས་ལོ་ཞེ་ལྔ་པ་ཁྲོ་བོ་ཞེས་ཤིང་གླང་འདས་ནས་ཟད་པ་མེ་སྟག་གི་ས་ག་ཟླ་བའི་ཉའི་ནམ་ཕྱེད་ལ་གྱད་ཡུལ་རྩ་མཆོག་གི་ཤིང་ས་ལ་ཟུང་གི་དྲུང་དུ་གཤེགས་པར་མཛད་པ་ཡིན་པའི་ཕྱིར། བྱེ་བྲག་བཤད་པ་ལས། རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་གསུངས། དེ་ཡང་ཞིང་ལ་ལར་སྐུའི་སྣང་བསྡུས་ཀྱང་ལ་ལར་བལྟམས། ལ་ལ་རོལ་རྩེད། ལ་ལར་ཆོས་འཁོར་སོགས་བྱེ་བ་ཕྲག་བརྒྱ་སྟོན་ཏེ། སྤྱི་རྣམ་ལས། ཞིང་འདིར་མྱ་ངན་ལས་འདས་པའི་ཚུལ་བྱེ་བ་ཕྲག་བརྒྱ་སྟོན་པ། ཞིང་གཞན་དུ་ལ་ལར་སྐུ་བལྟམས་པ་དང༌། ལ་ལར་འཚང་རྒྱ་བ་དང༌། ལ་ལར་ཆོས་འཁོར་བསྐོར་ཚུལ་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་སྟོན་ནོ་ཞེས་གསུངས་པའི་ཕྱིར།

 

སྨྲས་པ།

སངས་རྒྱས་རྣམས་ཀྱི་མཛད་པ་བཅུ་གཉིས་ཚུལ། །

བྱེ་བ་ཕྲག་བརྒྱར་སྟོན་པའི་ལུང་རིགས་ཚོགས། །

བཅུ་གཉིས་བདག་པོའི་འོད་ལས་ཆེས་གསལ་བ། །

ལུང་བཞིན་རིགས་པ་བཞིན་དུ་མ་འཁྲུལ་གསལ། །

     བཅུ་གཉིས་འདྲེན་ཚུལ་མང་ཐོས་སྔོན་གྱི་ལྷས། །མ་མྱོང་མདོ་རྒྱུད་བསྟན་བཅོས་བཤད་ཚུལ་དང༌། །ངེས་པ་ལྔ་ལྡན་གསུང་རབ་གངྒཱའི་རྒྱུན། །འདིར་དྲངས་ཛ་ཧུ་ནུ་དེས་ཡིན་པར་རློམ། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                                  རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                           དྲ་བའི་སྦྲེལ་ཐགhttp://www.tb1025.cn     

བརྒྱུད་འགོད།