ཀུན་མཁྱེན་ཕར་ཕྱིན་སྐབས་བརྒྱད་པའི་མཐའ་དཔྱོད་སྐལ་བཟང་མིག་འབྱེད་ལས་ངོ་བོ་ཉིད་སྐུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-28 21:01:07     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

77996044631369659.jpg

          སྐུ་བཞིའི་རྣམ་གཞག་བཤད་པ་ལ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཤད་པ་དང་བཞི། དང་པོ་འཆད་པར། འགྲེལ་པ་ལས། དང་པོ་ངོ་བོ་ཉིད་ཀྱི་སྐུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་པ་ནས། དེ་དག་གི་རང་གི་ངོ་བོ་ཉིད་སྐྱེ་བ་མེད་པའི་ངོ་བོ་ཉིད་ནི་འདི་ཡིན་ཏེ། ཞེས་སོགས་ལ་འཕྲོས་སྦྱོར་བ་མཐའ་དཔྱད་པ་གསུམ་ལས། དང་པོ་ནི། མདོ་ལས། རབ་འབྱོར་གཞན་ཡང་ཟག་པ་མེད་པའི་ཆོས་རྨི་ལམ་ལྟ་བུ་ཞེས་པ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་རིག་པར་བྱ་སྟེ། ཞེས་པའི་དོན་འཆད་པར་རྩ་འགྲེལ་དག་བྱུང། གཉིས་པ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། ལྡན་པའི་ཁྱད་པར་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་ལྡན། བྲལ་བའི་ཁྱད་པར་སྒྲིབ་གཉིས་བག་ཆགས་དང་བཅས་པ་དང་བྲལ། ངོ་བོའི་ཁྱད་པར་ཡེ་ཤེས་དེ་དག་བདེན་པས་སྟོང་བའི་རང་བཞིན་ཅན་ཡིན་པའི་ཕྱིར

    མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། དག་པ་གཉིས་ལྡན་གྱི་འགོག་བདེན་མཐར་ཐུག་དེ། ངོ་བོ་ཉིད་སྐུའི་མཚན་ཉིད་ཟེར་ན། འོ་ན་རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། མདོ་སྡེ་རྒྱན་ལས། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དབྱིག་གཉེན་འགྲེལ་པ་ལས། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཞིག་རྣམ་པར་དག་པའི་མཚན་ཉིད་དང་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྒྲིབ་གཉིས་དང་བྲལ་བའི་ཆོས་དབྱིངས་དེ། ངོ་བོ་ཉིད་སྐུའི་མཚན་ཉིད་ཟེར་ན། འོ་ན་སངས་འཕགས་རྒྱུད་ཀྱི་གློ་བུར་རྣམ་དག་གི་ཆར་གྱུར་པའི་སྤངས་པ་ཕུན་ཚོགས་ཆོས་ཅན། མཚན་ཉིད་དེར་ཐལ། ངོ་བོ་ཉིད་སྐུ་ཡིན་པའི་ཕྱིར། དེར་ཐལ། ངོ་བོ་ཉིད་སྐུར་གྱུར་པའི་དེ་ཡོད་པའི་ཕྱིར། དེར་ཐལ། ངོ་བོ་ཉིད་སྐུར་གྱུར་པའི་རང་བཞིན་རྣམ་དག་གི་ཆ་དང། གློ་བུར་རྣམ་དག་གི་ཆ་གཉིས་ཡོད་པའི་ཕྱིར། རྣམ་བཤད་ལས། རང་བཞིན་རྣམ་དག་གི་ཆ་དང་དེའི་སྟེང་གི་གློ་བུར་རྣམ་དག་གི་ཆ་ནི་འདུས་མ་བྱས་ཀྱི་སྐུ་དང། ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་ལ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དག་པ་གཉིས་ལྡན་གྱི་སྐུ་དེ་ཉིད་ཐོག་མ་མེད་པ་ནས་སེམས་ཅན་གྱི་རྒྱུད་ལ་མེད་པར་གསར་དུ་སངས་རྒྱས་པའི་དུས་འབའ་ཞིག་ལ་བྱུང་བར་ཐལ། སྐུ་བཞིའི་ཐོབ་ཚུལ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རེས་འགའ་བ་ཡིན་པར་ཐལ། འདོད་ཚུལ་དེའི་ཕྱིར། འདོད་ན། མི་རྟག་པར་ཐལ། རེས་འགའ་བ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། རེས་འགའ་བ་ལ་དངོས་པོ་རེས་འགའ་བ་དང། འདུས་མ་བྱས་རེས་འགའ་བ་གཉིས་བྱེད་དགོས་པའི་ཕྱིར། རྣམ་བཤད་ལས། དངོས་པོ་རེས་འགའ་བ་དང་འདུས་མ་བྱས་རེས་འགའ་བའི་ཁྱད་པར་མ་ཕྱེད་པས་ནོངས་སོ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ངོ་བོ་ཉིད་སྐུ་སངས་རྒྱས་ཀྱི་སྐུ་བཏགས་པ་བ་ཡིན་པར་ཉི་སྣང་གི་ལུང་ཕྱི་མས་བཤད་ཟེར་ན། འོ་ན་ཉི་སྣང་ལས། དེ་ལ་སྐུ་ཞེས་བརྗོད་པ་ནི་ཞེས་པས་དེ་སྐུ་བཏགས་པ་བར་བསྟན་པར་ཐལ། གཞུང་དེས་དེ་བསྟན་ཚུལ་འཐད་པའི་ཕྱིར། གསེར་འཕྲེང་ལས། ཉི་སྣང་གི་ཚིག་ཕྱི་མས་ངོ་བོ་ཉིད་སྐུ་སྐུ་བཏགས་པ་བར་བསྟན་པ་ཡིན་ཞེས། ལེགས་པར་མ་སྦྱངས་པ་ཁ་ཅིག་སྨྲ་ཞེས་གསུངས་པའི་ཕྱིར། འདོད་ན། དེ་སངས་རྒྱས་ཀྱི་ཡོན་ཏན་མཐར་ཐུག་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཡོན་ཏན་ཙམ་ཡང་མ་ཡིན་པར་ཐལ། དེ་སློབ་མི་སློབ་ཀྱི་ས་གང་གི་ཡོན་ཏན་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ནི་སྡིག་པ་ཆེན་པོ་དག་པ་གཉིས་ལྡན་གྱི་སྐུ་ལ་སྐུར་འདེབས་ཡིན་པའི་ཕྱིར། རྣམ་བཤད་ལས། ངོ་བོ་ཉིད་སྐུ་སངས་རྒྱས་མཚན་ཉིད་པ་མ་ཡིན་པར་སྨྲ་བ་ནི་སྡིག་པ་བས་ཀྱང་ཆེས་སྡིག་སྟེ་ཞེས་གསུངས་པའི་ཕྱིར། གཞན་ཡང། ཉི་སྣང་ལས། སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲང་ནས་ཞེས་གསུངས་པས་སངས་རྒྱས་སའི་ཆོས་དབྱིངས་ལ་དབྱེར་མེད་ཀྱང་ཡེ་ཤེས་སྡེ་ཚན་ཉེར་གཅིག །འབྱེད་པ་རྒྱུའི་དབང་གིས་འབྱེད་ཅེས་བཤད་པ་མ་ཡིན་པར་ཐལ། གཞུང་དེས་སྐུ་དེ་བཏགས་པ་བར་བསྟན་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་མི་ནུས་ཏེ། ངོ་བོ་ཉིད་སྐུས་ཡེ་ཤེས་སྡེ་ཚན་ཉེར་གཅིག་བསྡུས་ཀྱང་ཡེ་ཤེས་སོ་སོར་བརྒྱ་ཞེ་དྲུག་འབྱེད་པ་སྔོན་གྱི་གནས་སྐབས་དང་མཚན་ཉིད་ཐ་དད་པ་ལྟར་བྱས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་འགྲེལ་ལས། སྐུ་ཞེས་བརྗོད་པ་དེ་ལ་སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲང་བའི་ཉེ་བར་གདགས་པ་ཞེས་སོ། །གཉིས་པ་གྲུབ་སྟེ། དགོངས་རྒྱན་ལས། དེ་རྣམས་ཀྱི་མཚན་ཉིད་ཐ་དད་པ་ནི་དེ་རྣམས་ཀྱི་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲང་བས་ཞེས་གསུངས་པའི་ཕྱིར།

རང་ལུགས་ལ། དག་པ་གཉིས་ལྡན་གྱི་འདུས་མ་བྱས་ཀྱི་སྐུ་དེ། ངོ་བོ་ཉིད་སྐུའི་མཚན་ཉིད། དབྱེ་ན་རང་བཞིན་རྣམ་དག་གི་དེ་དང། གློ་བུར་རྣམ་དག་གི་དེ་གཉིས་ཡོད། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དེ། རྒྱུད་བླ་མ་ལས། འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །ཞེས་དང། གསེར་འཕྲེང་ལས། འབའ་ཞིག་ནི་སངས་རྒྱས་ཁོ་ན་ལ་ཡོད་པའོ། །ཞེས་སོ། །

    རྩོད་སྤོང་ལ་ཁ་ཅིག་ན་རེ། ངོ་བོ་ཉིད་སྐུ་སངས་རྒྱས་མ་ཡིན་པར་ཐལ། དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཕྱིར། དེར་ཐལ། རྒྱུད་བླ་མ་ལས། ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འོ་ན་ངོ་བོ་ཉིད་སྐུ་ལམ་མ་ཞུགས་དང་སློབ་ལམ་ན་ཡང་ཡོད་པར་ཐལ། དེ་སེམས་ཅན་ཐམས་ཅད་ལ་ཡོད་པ་རང་བཞིན་གནས་རིགས་དང་ཁྱད་པར་མེད་པའི་ཕྱིར། འདོད་ན། ལམ་མ་ཞུགས་དང་སློབ་ལམ་ན་ཉོན་མོངས་དང་ཤེས་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་ཀ་སྤངས་པའི་གང་ཟག་ཡོད་པར་ཐལ། དེ་དག་ན་ངོ་བོ་ཉིད་སྐུ་ཡོད་པའི་ཕྱིར། ཁྱབ་སྟེ། ངོ་བོ་ཉིད་སྐུ་ལ་མཚན་ཉིད་ལྔ་ལྡན་ཞིག་དགོས་པའི་ཕྱིར། རྒྱུད་བླ་མ་ལས། དེ་ལ་སངས་རྒྱས་རྣམས་ཀྱིས་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མཚན་ཉིད་ལྔ་ནི་སྐྱེ་འཇིག་གནས་གསུམ་དང་བྲལ་བ་དང། ཡོན་ཏན་གྱི་ཆོས་དང་དབྱེར་མེད་པ་དང་གཉིས་མེད་དང། སྒྲིབ་པ་གསུམ་ལས་གྲོལ་བ་དང། རང་བཞིན་གྱིས་དག་པ་དང། རྟོག་པའི་སྣང་ཡུལ་མིན་པ་དང། སངས་རྒྱས་ཀྱི་ཡུལ་ཡིན་པའི་མཚན་ཉིད་ལྔ་དགོས་པའི་ཕྱིར། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་སྤངས་པ་དང། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་སྟེ། །དྲི་མེད་རྣམ་པར་རྟོག་མེད་དང། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མཚན་ཉིད་ལྔའི་གསུམ་པ་སྒྲིབ་གསུམ་ལས་གྲོལ་པ་སློབ་ལམ་དང་ལམ་མ་ཞུགས་ན་མེད་པའི་ཕྱིར། གསེར་འཕྲེང་ལས། མཚན་ཉིད་གསུམ་པས་ནི་འདི་སློབ་ལམ་དང་ལམ་མ་ཞུགས་ན་ཡོད་པའང་བཀག་གོ་ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་ལམ་མ་ཞུགས་དང་སློབ་ལམ་ན་མེད་པར་ཐལ། དེ་ལ་དག་པ་གཉིས་ལྡན་དང་མཚན་ཉིད་ལྔ་ལྡན་དུ་མ་ཟད་ཡོན་ཏན་ལྔ་ལྡན་ཞིག་ཡོད་དགོས་པའི་ཕྱིར། དེར་ཐལ། རྒྱ་ཆེ་བས་གཞལ་དུ་མེད་པའི་ཡོན་ཏན། གྲངས་སོགས་ཀྱིས་མི་དཔོག་པའི་གྲངས་མེད་དང། རྟོག་གེའི་མངོན་སུམ་ལས་འདས་པའི་བསམ་དུ་མེད་པ་དང། མཉམ་པ་མེད་པ་དང། སངས་རྒྱས་འབའ་ཞིག་གི་སྒྲིབ་གཉིས་བག་ཆགས་དང་བཅས་པས་དག་པའི་ཡོན་ཏན་མཐར་ཐུག་སྟེ་ཡོན་ཏན་ལྔ་དང་ལྡན་པའི་ཕྱིར། རྒྱུད་བླ་མ་ལས། གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །ཞེས་གསུངས་པའི་ཕྱིར་དང་། དེ་ལྔའི་དོན་འཆད་པར། རྒྱུད་བླ་མ་ལས། རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར ཞེས་གསུངས་པའི་ཕྱིར། མཉམ་པ་མེད་པའི་ཡོན་ཏན་དང། དག་པའི་མཐར་ཐུག་པའི་ཡོན་ཏན་གཉིས་སློབ་ལམ་དང་ལམ་མ་ཞུགས་ན་མེད་པའི་ཕྱིར། གསེར་འཕྲེང་ལས། ཡོན་ཏན་ཕྱི་མ་འདི་གཉིས་དང་མཚན་ཉིད་གསུམ་པས་ནི་སློབ་ལམ་དང་ལམ་མ་ཞུགས་ན་ཡོད་པའང་བཀག་གོ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ངོ་བོ་ཉིད་སྐུ་ཐོག་མེད་ནས་སེམས་ཅན་གྱི་རྒྱུད་ལ་མེད་པར་སངས་རྒྱས་དུས་ཁོ་ནར་བྱུང་ན་རེས་འགའ་བ་ཡིན་པས་མི་རྟག་པར་འགྱུར་ཟེར། འོ་ན་སྔ་དྲོའི་ཁང་པ་ཞིག་པ་ཆོས་ཅན། མི་རྟག་པར་ཐལ། རེས་འགའ་བ་ཡིན་པའི་ཕྱིར། མ་གྲུབ་ན། སྔ་དྲོའི་ཁང་བ་ཆོས་ཅན། ཁྱོད་ཞིག་པ་རེས་འགའ་བ་ཡིན་པར་ཐལ། ཁྱོད་ཞིག་པ་རེས་འགའ་བའི་རྟག་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་རེས་འགའ་བའི་དངོས་པོ་ཡིན་པའི་ཕྱིར། དེ་བཞིན་དུ་ཀ་བུམ་རེས་འགའ་བ་སོགས་ཀྱི་ལྡོག་པ་སོགས་ཀྱང་འཕེན། གཞན་ཡང་སློབ་ལམ་ན་སྟོབས་བཅུ་ཡོད་པར་ཐལ། སློབ་ལམ་ན་ངོ་བོ་ཉིད་སྐུ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་དེའི་ལྡན་ཆོས་དྲུག་ཅུའི་ནང་ཚན་ཡིན་པའི་ཕྱིར། རྒྱུད་བླ་མ་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །ཞེས་གསུངས་པའི་ཕྱིར།

                                                                                                                   རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                            དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།