ཀུན་མཁྱེན་ཕར་ཕྱིན་ལས་སྐབས་བརྒྱད་པའི་མཐའ་དཔྱོད་བསམ་འཕེལ་ཡིད་བཞིན་ནོར་བུའི་འཕྲེབ་མཛེས་སྐལ་བཟང་མིག་འབྱེད་ཀྱི་མཆོད་བརྗོད་སོགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-28 20:52:19     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 21593640619325248.jpg

                         ཕར་ཕྱིན་སྐབས་བརྒྱད་པའི་མཐའ་དཔྱོད་བསམ་འཕེལ་ཡིད་བཞིན་ནོར་བུའི་འཕྲེང་མཛེས་སྐལ་བཟང་མིག་འབྱེད་ཅེས་བྱ་བ་བཞུགས་སོ། །

དུས་གསུམ་རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ། །

མཁས་དབང་བྱེ་བ་འབུམ་གྱི་གཙུག་ཏོར་རྒྱན། །

ཉོན་མོངས་དུག་གིས་མི་འཆིའི་རྩི་མ་གྷི། །

ཤེས་རབ་ཕར་ཕྱིན་མ་ལ་གུས་བཏུད་དེ། །

    གཞོན་ནུའི་དུས་ན་བརྒྱད་པའི་སྐབས་ཀྱི་སྐུའི། །ངོ་བོ་དབྱེ་བ་རྣམ་གྲངས་འཕགས་སེང་གཉིས། །གཅིག་གྱུར་ལྟ་བུའི་རྒྱས་བཤད་མང་དྲགས་ཞེས། །བསྐུལ་ངོར་སྐུ་བཞི་འཕྲིན་ལས་རྨད་བྱུང་སྟོན། །

                                 འབྲས་བུ་ཆོས་སྐུ།

    སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམ་པས་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱ་ིསྐུར་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས་ཞེས་སོགས་ལ་འཕྲོས་སྦྱོར་བ་མཐའ་དཔྱད་པ་གསུམ་ལས། དང་པོ་ནི། མདོ་ལས་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་རྨི་ལམ་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་གནས་ཤིང་སྦྱིན་པ་ཡོངས་སུ་གཏོང་ནས་ཤེར་ཕྱིན་ཡོངས་སུ་བསྒོམ་ཞེས་པའི་དོན་གསལ་བར་བྱེད་པ་ལ་འདི་བྱུང། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྐད་ཅིག་སྦྱོར་བའི་རྗེས་སུ་ཆོས་སྐུ་བཤད་པའི་རྒྱུ་མཚན་ཡོད་དེ། སྐད་ཅིག་སྦྱོར་སྒོམ་པའི་བྱང་སེམས་རྒྱུན་མཐའ་བས་སྐད་ཅིག་གཉིས་པ་ལ་ཆོས་སྐུ་ཐོབ་པའི་ཕྱིར། འགྲེལ་པ་ལས། སྐད་ཅིག་མ་གཉིས་པ་ཆོས་ཀྱི་སྐུ་འབྱུང་བས་ཞེས་བྱུང།

    མཐའ་དཔྱད་པ་ལ། འབྲས་བུ་ཆོས་སྐུ་ཐོབ་པའི་གནས་དང། རྟེན་དང། འགྲུབ་དུས་དང། གྲུབ་པའི་སྐུ་བཞི་དང། འཕྲིན་ལས་བཤད་པ་ལྔ་ལས། དང་པོ་ལ་ཁ་ཅིག་ན་རེ། གསར་དུ་འཚང་རྒྱ་བའི་རྟེན་ལ་འདོད་ཁམས་པ་ཡང་ཡོད་དེ། ལང་གཤེགས་ལས། སྤྲུལ་པ་བོ་གཅིག་འདིར་སངས་རྒྱ། །ཞེས་དང། གཞོན་ནུ་དོན་འགྲུབ་ཀྱིས་དཀའ་བ་སྤྱོད་དུས་སངས་རྒྱས་པར་བཤད་པའི་ཕྱིར་དང། མངོན་པ་ཀུན་བཏུས་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར་ཟེར་ན། དེ་དག་ཉན་ཐོས་སྡེ་པའི་ལུགས་ཀྱི་འཚང་རྒྱ་ཚུལ་ཙམ་ཡིན་ལ། ཐེག་ཆེན་ལུགས་ལ་དེ་མི་རུང་བའི་ཕྱིར། དེར་ཐལ། ཐེག་ཆེན་ལུགས་ལ་འདོད་ཁམས་དང་གཟུགས་མེད་ཁམས་གཉིས་ན་གསར་དུ་འཚང་རྒྱ་བ་མེད་པར་བཞེད་པའི་ཕྱིར། ལང་གཤེགས་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །ཞེས་གསུངས་པའི་ཕྱིར། སློབ་དཔོན་ཆོས་བཤེས་ན་རེ། འོག་མིན་དུ་སངས་རྒྱས་ནས་འདོད་ཁམས་འདིར་མཛད་པ་བཅུ་གཉིས་སྟོན་པའི་བདག་ཅག་གི་སྟོན་པ་དང། འདོད་ཁམས་ཉིད་དུ་མཛད་པ་བཅུ་གཉིས་སྟོན་ཅིང་སངས་རྒྱས་མངོན་དུ་བྱེད་པ་གཉིས་ཡོད་ཟེར་ན། དེ་མི་འཐད་པར་ཐལ། འོག་མིན་དུ་སངས་མ་རྒྱས་པར་འདོད་ཁམས་སུ་སངས་རྒྱས་ཀྱི་མཛད་པ་མི་མཛད་པའི་ཕྱིར། སྟུག་པོ་བཀོད་པའི་མདོ་ལས། སངས་རྒྱས་ཐམས་ཅད་འོག་མིན་དུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འོ་ན་གཞོན་ནུ་དོན་འགྲུབ་ཀྱི་བདུད་ལས་རྒྱལ་བའི་བར་བྱང་སེམས་ཀྱི་མཛད་པ་དང། མངོན་པར་སངས་རྒྱས་པ་ནས་མྱ་ངན་ལས་འདས་ཀྱི་བར་སངས་རྒྱས་ཀྱི་མཛད་པར་བྱེད་མི་རིགས་པར་ཐལ། གཞོན་ནུ་དོན་འགྲུབ་སངས་རྒྱས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་བཏུས་ལས། གང་དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང། སངས་རྒྱས་ཀྱི་སྤྱོད་པ་ཡང་འདོད་པའི་ཁམས་སུ་སྟོན་པའི་གང་ཟག་གོ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། ཁྱབ་པར་ཐལ། བྱང་ཆུབ་སེམས་དཔེའི་སྤྱོད་པ་ཐམས་ཅད་དང༌། སངས་རྒྱས་ཀྱི་སྤྱོད་པ་ཡང་འདོད་པའི་ཁམས་སུ་སྟོན་པའི་གང་ཟག་གོ་ཞེས་གསུངས་པའི་ཕྱིར་དང། འདོད་པའི་ཁམས་སུ་སྟོན་པའི་དེ་གཉིས་ཡོད་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། དེ་ཉན་ཐོས་སྡེ་པའི་ལུགས་ཀྱི་འཚང་རྒྱ་ཚུལ་ཡིན་པའི་ཕྱིར། མཛོད་ལས་ཀྱང། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་སྟོན་པ་དང་བསེ་རུ་རང་རྒྱལ་གཉིས་ཚོགས་ལམ་ནས་བསམ་གཏན་བཞི་པའི་མཐའ་ལ་བརྟེན་ནས་མཉམ་བཞག་ཐུན་གཅིག་ལ་རང་རང་གི་མི་སློབ་ལམ་ཐོབ་པར་འདོད་པ་དང་ཕྱོགས་མཐུན་པ་ཡིན་པའི་ཕྱིར་རོ ཐེག་ཆེན་ལུགས་ལ་གསར་དུ་འཚང་རྒྱ་བའི་རྟེན་ལ་འོག་མིན་ཁོ་ནར་ངེས་པར་དབུ་སེམས་ཀུན་འདོད་པར་ཐལ། ཐོགས་མེད་ཀྱིས་ཀྱང་དེ་ལྟར་འདོད་པ་གང་ཞིག །ཀླུ་སྒྲུབ་ཀྱང་བཞེད། འཕགས་པ་རྡོ་རྗེ་སྡེ་ཡང་བཞེད། སློབ་དཔོན་ལེགས་ལྡན་ཡང་བཞེད། ཡུམ་འབུམ་པ་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྟོག་གེ་འབར་བ་ལས། འཕགས་པ་ཐོགས་མེད་ཀྱིས་ནི་དེའི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བསྟན་ལ་ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཀླུ་སྒྲུབ་ཀྱི་སྐུ་གསུམ་གྱི་རྣམ་གཞག་གི་བསྟན་བཅོས་ལས་དེ་ལྟར་བཤད་པའི་ཕྱིར། རྟོག་གེ་འབར་བ་ལས། སྐུ་གསུམ་རྣམ་པར་བཞག་པ་ཉིད་ཀྱང་སློབ་དཔོན་གྱིས་རང་གི་བསྟན་བཅོས་ཀྱི་སྐབས་སུ་འདི་སྐད་བཤད་དེ་འོག་མིན་ཕོ་བྲང་དུ་མངོན་པར་རྫོགས་པའི་ཕྱིར། སངས་རྒྱས་པའི་མདོ་ལས་ཞེས་གསུངས་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། དེ་ཉིད་ལས། འཕགས་པ་རྡོ་རྗེ་སྡེས་ནི་གཟུགས་ཀྱི་སྐུ་འོག་མིན་གྱི་སྤྱོད་ཡུལ་ཅན་ཞེས་གསུངས་པའི་ཕྱིར། རྟགས་བཞི་པ་གྲུབ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་སྟེང་ན་འོག་མིན་གཞལ་ཡས་ཁང་དུ་ལོངས་སྐུའི་ཕོ་བྲང་དུ་འཚང་རྒྱ་བར་བཞེད་པའི་ཕྱིར། རྟོག་གེ་འབར་བ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་སྟེང་ན་འོག་མིན་ཞེས་བྱ་བའི་གཞལ་མེད་ཁང་ཞེས་སོགས་གསུངས་པའི་ཕྱིར། རྟགས་ལྔ་པ་གྲུབ་སྟེ། གནས་གཙང་ལྔའི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་དེར་ལོངས་སྐུར་སངས་རྒྱས་པ་གང་ཞིག །འཛམ་བུ་གླིང་དུ་བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་དུ་སྤྲུལ་སྐུར་འཚང་རྒྱ་ཚུལ་སྟོན་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། ཡུམ་འབུམ་པ་ལས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྟོབས་ནི་དབང་ཕྱུག་ཆེན་པོའི་ལྷའི་འཇིག་རྟེན་དུ་སྐྱེས་ཤིང་གནས་པ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འབུམ་ལས། ཤེས་རབ་ཀྱི་ཁྱད་པར་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ཉིད་དོ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྣམ་མཁྱེན་ཐོབ་མ་ཐག་གི་སངས་འཕགས་ལ་ལོངས་སྐུས་ཁྱབ་ཟེར་ན། སྤྲུལ་པ་མི་སྟོན་པའི་སངས་འཕགས་ཡོད་པར་ཐལ། སངས་རྒྱས་མ་ཐག་གི་གང་ཟག་ལ་ལོངས་སྐུས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། སངས་རྒྱས་མ་ཐག་ནས་སྨོན་ལམ་དབང་གིས་སྤྲུལ་པ་མཐའ་ཡས་སྤྲོ་བའི་ཕྱིར། རྟོག་གེ་འབར་བ་ལས། སྤྱོད་པ་གང་དང་སྐད་ཀྱི་རྣམ་པ་གང་གིས་སེམས་ཅན་རྣམས་འདུལ་བར་གྱུར་པའི་སྤྱོད་པ་དེ་དག་དང་ཆ་བྱད་དེ་ལྟ་བུ་དང་སྐད་ཀྱི་རྣམ་པ་དེ་དག་གི་རྣམ་རྟོག་མེད་བཞིན་དུ་འཇུག་པར་གྱུར་ཅིང་ཞེས་དང། ཉི་སྣང་ལས། ཡོངས་སུ་རྫོགས་པའི་ཆོས་ཀྱི་སྐུ་ཐོབ་པ་ནི་འཁོར་བ་ཇི་སྲིད་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲུལ་བ་རྣམས་ཀྱིས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་སྣ་ཚོགས་པ་འཇུག་པར་བྱེད་ཅེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སངས་རྒྱས་མ་ཐག་པའི་མཆོག་གི་སྤྲུལ་སྐུ་ཡོད་པར་ཐལ། སངས་རྒྱས་མ་ཐག་པའི་སྤྲུལ་སྐུ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སངས་རྒྱས་མ་ཐག་པའི་སྐུ་བཞི་ཡོད་པའི་ཕྱིར། རྣམ་བཤད་ལས། སངས་རྒྱས་ཀྱི་སྤྲུལ་པའི་བྱེ་བྲག་འགའ་ཞིག་ལོངས་སྤྱོད་རྫོགས་པའི་སྐུ་དང་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་ཚུལ་དུ་ཐོབ་ཅེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ལོངས་སྐུའི་བདག་རྐྱེན་སྤྲུལ་པའི་སྐུ་ཡིན་པ་གང་ཞིག །རྒྱུ་འབྲས་རིམ་ཅན་དུ་གྲུབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྟོག་གེ་འབར་བ་ལས། དམིགས་སུ་མེད་པའི་སྦུབས་སུ་ཆུད་པ་ནི་སངས་རྒྱས་ཞེས་བྱའོ། །དེ་ཉིད་ན་བཞུགས་བཞིན་དུ་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་དག་ཏུ་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མར་མཛད་དེ། འཕོ་བ་དང། ལྷུམས་སུ་འཇུག་པ་དང་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྟོག་གེ་འབར་བ་ལས། ཤཱཀྱ་ཐུབ་པ་ཡང་སྤྲུལ་པ་ཁོ་ན་ཡིན་པར་རིགས་ཏེ། འོག་མིན་གྱི་སྤྱོད་ཡུལ་ཅན་ཆོས་ཀྱི་སྐུ་ལ་བརྟེན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ལས་རབ་ཏུ་བྱུང་བ་ཡིན་ནོ་ཞེས་དང། རྣམ་བཤད་ལས་ཀྱང། མཆོག་གི་སྤྲུལ་པའི་སྐུ་དེའི་ཚེ་ཚོགས་པ་གཅིག་ཏུ་མེད་ཀྱང་ཞེས་གསུངས་པའི་ཕྱིར།

    རང་ལུགས་ནི། འོག་མིན་གྱི་གཞལ་ཡས་ཁང་དུ་སངས་རྒྱས་པ་ཡིན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྟེང་ན་འོག་མིན་གྱི་གཞལ་ཡས་ཁང་ནམ་མཁའི་ཚད་དང་མཉམ་པའི་དབུས་སུ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་བཅིངས་ཏེ་དབང་སྐུར་བ་དང་འཚང་རྒྱ་ཞིང་སྐུ་བཞི་ཅིག་ཅར་མངོན་དུ་བྱེད་པའི་ཕྱིར། དེར་ཐལ། འོག་མིན་གཞལ་ཡས་ཁང་དུ་སངས་རྒྱས་པ་གང་ཞིག །འཁོར་བྱང་སེམས་བཞེད་པ་ཙམ་གྱིས་སངས་རྒྱ་བ་དག་གིས་མཆོད་པར་ཡང་བྱེད། ཕྱོགས་བཅུའི་སངས་རྒྱས་དག་གིས་ཅོད་པན་བཅིང་སྟེ་འཚང་རྒྱ་བའི་ཕྱིར། དང་པོ་གྲུབ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། འོག་མིན་གཞལ་ཡས་ཁང་དུ་ནི། །དེ་ཉིད་མངོན་དུ་བྱ་བར་བཞེད། །ཅེས་དང། རྟོག་གེ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྟེང་ན་འོག་མིན་ཞེས་བྱ་བའི་གཞལ་ཡས་ཁང་ནས་ངེས་པར་འབྱུང་བའི་དཀྱིལ་ན་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཞལ་ཡས་ཁང་རྒྱ་དང་དཔངས་ནམ་མཁའ་དང་མཉམ་པ་རིན་པོ་ཆེའི་ཀ་བ་དང་མུ་ཏིག་གི་ཕྲེང་བ་སོགས་ཀྱིས་ཤིན་ཏུ་སྤྲས་པའི་ཕྱིར། དབུ་མ་སྙིང་པོ་ལས། སྟེང་གཡོགས་ཀ་བ་འབར་བའི་དགའ། །མུ་ཏིག་འཕྲེང་བ་འཕྱང་བ་དང། །ནས། ཤིན་ཏུ་མཐོ་བ་མཁའ་མཉམ་པ། །ཞེས་དང། རང་འགྲེལ་ལས། མཐོ་ཁྱད་ནམ་མཁའ་ལ་རེག་པས་ནི་ཤིན་ཏུ་མཐོ་བ་ནམ་མཁའ་མཉམ་པའོ་ཞེས་གསུངས་པའི་ཕྱིར་དང། བྱང་སེམས་ཆེན་པོས་དེ་སོགས་སྤྲུལ་ནས་མཆོད་པར་ཡང་བྱེད། རྩ་རྟགས་གཉིས་པ་གྲུབ་སྟེ། རྟོག་གེ་ལས། བྱང་ཆུབ་སེམས་དཔའ་འདོད་པ་ཙམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བའི་མཐུ་ཡོད་པ་དཀྲིག་པ་དག་གིས་མཆོད་ཅིང་ཞེས་སོ། །རྩ་རྟགས་གསུམ་པ་གྲུབ་སྟེ། རྟོག་གེ་ལས། བདེ་བར་གཤེགས་པ་ཕྱོགས་བཅུ་ན་བཞུགས་པ་མཐའ་ཡས་པ་དག་གིས་ཕྱག་གིས་བླ་ན་མེད་པའི་དམ་པའི་ཆོས་ཀྱི་རྒྱལ་སྲིད་ལ་མངའ་གསོལ་བའི་ཅོད་པན་དང་དབུ་རྒྱན་གསོལ་ལ་ཞེས་གསུངས་པའི་ཕྱིར།

    དེས་ན་སངས་རྒྱས་ཀྱི་སྐུ་ལ་མཚན་ཉིད་དང། སྒྲ་བཤད། དབྱེ་བ་གསུམ། དང་པོ་ནི། ཚོགས་གཉིས་བསགས་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་མཐར་ཐུག་དེ་ཆོས་སྐུའི་ངོ་བོ་ཡིན་ཏེ། འཇུག་འགྲེལ་ལས། དེ་ནི་ཡོན་ཏན་མཐའ་དག་གི་མཐར་ཐུག་པ་སྟེ། ཡོན་ཏན་མཐའ་དག་འདིར་མཐར་ཐུག་ཅིང་ཕུལ་དུ་བྱུང་བའི་ཕྱིར་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། རྣམ་མཁྱེན་ཆོས་ཅན། ཆོས་སྐུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཆོས་ཚོགས་གཉིས་བསགས་པ་མཐར་ཐུག་ཡིན་པས་ཆོས་སྐུ་ཞེས་བརྗོད་པའི་ཕྱིར། དབུ་མ་སྙིང་པོའི་རང་འགྲེལ་ལས། དེ་བཞིན་གཤེགས་པའི་སྐུ་ནི་ཡེ་ཤེས་ཀྱི་བདག་ཉིད་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཉེ་བར་བསགས་པ་ལས་ངེས་པར་འཁྲུངས་ཞེས་དང། བྱམས་པས། མཉམ་པ་མེད་པའི་མཐར་ཐུག་པའི། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་དེ། །ཞེས་གསུངས་པའི་ཕྱིར། མཐར་ཐུག་པའི་ཡོན་ཏན་ཞེས་པའི་དོན་ཡོད་པའི་ཕྱིར་དང། ཡེ་ཤེས་ཆོས་སྐུ་ཡོད་པའི་ཕྱིར། དེར་ཐལ། དེ་ལྟར་ཐོགས་མེད་ཀྱང་བཞེད། སློབ་དཔོན་དབྱིག་གཉེན་ཡང་བཞེད། འབུམ་ལས་ཀྱང་བཤད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྟོག་གེ་འབར་བ་ལས། འཕགས་པ་ཐོགས་མེད་ཀྱིས་ནི་ཞེས་པ་ནས། སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་ཆོས་ཀྱི་གཞིར་གྱུར་པ་ནི། ཆོས་ཀྱི་སྐུར་བསྟན་ཅེས་སོ། །གཉིས་པ་གྲུབ་སྟེ། ཀུན་མཁྱེན་དབྱིག་གཉེན་གྱིས། དེ་ལ་ཆོས་ཀྱི་སྐུ་རྣམ་པ་གཉིས་ཏེ་འདུས་བྱས་དང་འདུས་མ་བྱས་པའོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་འདུས་བྱས་ཀྱི་སྐུ་དེ་སངས་རྒྱས་སུ་བྱེད་པའི་བྱེད་ཆོས་ཡིན་པའི་ཕྱིར། དབྱིག་གཉེན་གྱིས། གང་འདུ་བྱས་པའི་ཆོས་ཀྱི་སྐུ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་རང་བཞིན་ཏེ་ཞེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། ཡུམ་ཆེན་ལས། གཟུགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་ལྟ་བར་འདོད་པའི་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལུང་དེས་ཡེ་ཤེས་ཆོས་སྐུ་བསྟན་པར་སློབ་དཔོན་ལེགས་ལྡན་ཡང་བཞེད་པའི་ཕྱིར། རྟོག་གེ་འབར་བ་ལས། འདིར་ཡེ་ཤེས་ནི་ཆོས་ཀྱི་སྐུར་བཞེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ལས་ཀྱང། དེ་བཞིན་གཤེགས་པ་དེ་ལ། ཞེས་པ་ནས། གཟུགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་ལྟ་བར་འདོད་པས་གསུངས་ཏེ་ཞེས་གསུངས་པའི་ཕྱིར། དེས་ན་སྐུ་བཞིར་དབྱེ་རིགས་པར་ཐལ། ཆོས་སྐུ་གཉིས་ཆོས་སྐུར་བསྡུས་ན་གསུམ་ཡིན་ཅིང་སོ་སོར་ཕྱེ་ན་སྐུ་བཞིར་ཡོད་པས་སློབ་དཔོན་སེང་བཟང་གིས། རྩ་བར། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང། །ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་བཞེད་པ་འདི་འཁྲུལ་མེད་ཡིན་པའི་ཕྱིར། གསེར་འཕྲེང་ལས། ཕྱེ་ན་བཞི་ཡིན་པས་སློབ་དཔོན་ཀྱང་འདི་བཞེད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ་སྐུ་ལ་དབྱེ་ན་དུ་མ་ཡོད་དེ། སྐུ་གཉིས་སུ་དབྱེ་བ། གསུམ་དུ་དབྱེ་བ། ལྔར་དབྱེ་བ། བཞིར་དབྱེ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ནི། རང་དོན་ཆོས་སྐུ་དང། གཞན་དོན་གཟུགས་སྐུ་གཉིས་ཡོད་དེ། རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དོ། །ཞེས་དང། རིགས་པ་དྲུག་ཅུ་པ་ལས། བསོད་ནམས་ཡེ་ཤེས་ལས་བྱུང་བའི དམ་པ་གཉིས་པོ་ཐོབ་པར་ཤོ ཅེས་སོ། །གསུམ་དུ་དབྱེ་བ་ཡོད་དེ། ཆོས་ལོངས་སྤྲུལ་གསུམ་ཡོད་པའི་ཕྱིར། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །ཞེས་གསུངས་པའི་ཕྱིར། ལྔར་བཞེད་ཚུལ་དུ་མ་ཡོད་དེ། འགྲེལ་བཤད་ལས། ཡེ་ཤེས་ཆོས་སྐུ། ས་དང་པོ་སོགས་ཀྱིས་མཐོང་བའི་ལོངས་སྐུ་ཆུང་ངུ་དང། ས་བཅུ་ཁོ་ནས་མཐོང་བའི་ལོངས་སྐུ་ཆེན་པོ་དང་ལྔར་འདོད། གསེར་གླིང་པས། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། རྣམ་པར་སྨིན་པའི་སྤྲུལ་སྐུ་དང། རྣམ་སྨིན་མིན་པའི་སྤྲུལ་སྐུ་དང་ལྔར་འདོད། འཇམ་དཔལ་གྲགས་པ་ནི། ངོ་བོ་ཉིད་སྐུ། ཆོས་ཀྱི་སྐུ། ཡེ་ཤེས་ཀྱི་སྐུ། ལོངས་སྐུ། སྤྲུལ་སྐུ་དང་ལྔར་འདོད་དེ། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་གསུངས་པའི་དོན་འཆད་པར་འགྲེལ་ཆེན་ལས། ངོ་བོ་ཉིད་སྐུ་དང་ཆོས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྟེ་ཆོས་སྐུའི་དབྱེ་བ་གསུམ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་སྐུའོ་ཞེས་གསུངས་པའི་ཕྱིར། སྒེག་རྡོར་དང་སྨྲི་ཏི་དང། གྲུབ་པའི་དབང་ཕྱུག་འཇམ་དཔལ་བཤེས་གཉེན་གསུམ་གྱི་ལུགས་ལའང་སྐུ་ལྔར་འདོད་དེ། སྒེག་རྡོར་གྱིས་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་རྣམ་པར་སྨིན་པ་དང་སྤྲུལ་པ་དང་ཆོས་ཀྱི་སྐུའོ་ཞེས་དང། སྨྲི་ཏིའི་འགྲེལ་བ་ལས། དབྱེ་ན་སྐུ་ལྔ་སྟེ། ལོངས་སྤྱོད་རྫོགས་སྐུ་དང། སྤྲུལ་པའི་སྐུ་དང། རྣམ་པར་སྨིན་པའི་སྐུ་དང། ངོ་བོ་ཉིད་ཀྱི་སྐུ་དང། ཆོས་ཀྱི་སྐུའོ་ཞེས་དང། གྲུབ་ཆེན་བྱང་ཆུབ་མཆོག་གི་འགྲེལ་བ་ལས། ངོ་བོ་ཉིད་སྐུ་དང། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པ་དང། ཆོས་དང། ཡེ་ཤེས་ཏེ་སྐུ་ལྔ་པོ་དེ་ཞེས་གསུངས་པའི་ཕྱིར། སྐབས་འདིར་སྐུ་བཞིར་འདོད་པ་དང་མི་འདོད་པའི་སློབ་དཔོན་སོ་སོར་ཡོད་དེ། འཕགས་པ་གྲོལ་སྡེ། ཤན་ཏི་པ། ཨ་བྷྱ་ཀ་ར་དང། རཏྣ་ཀིརྟི་རྣམས་སྐུ་བཞི་སྐབས་འདིར་མི་འདོད། སློབ་དཔོན་སེང་བཟང། མཁས་མཆོག་ཤེར་འབྱུང། ཁ་ཆེ་བུདྡྷ་ཤྲི་རྣམས་སྐབས་འདིར་སྐུ་བཞི་བསྟན་པར་འདོད་མཁན་ཡིན་པའི་ཕྱིར། བརྩད་ཚུལ་ཡོད་དེ། ཉི་སྣང་ལས། དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ་ཞེས་གསུངས་པ་ལ། ཉི་སྣང་ལ་ཟུར་ཟ་བའི་ཚུལ་དུ་འགྲེལ་པ་འདིར། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས་ཞེས་དང། འཇམ་དཔལ་གྲགས་པའི་འགྲེལ་ཆེན་ལས་ཀྱང། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་དང། ཡེ་ཤེས་ཀྱི་སྐུ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུའོ་ཞེས་གསུངས་པའི་ཕྱིར། དེ་ལ་སློབ་དཔོན་སོགས་ཀྱི་གསུང་ན་རེ། སྐུ་གསུམ་དུ་གྲངས་ངེས་པར་འདོད་པ་དེ་མི་འཐད་པར་ཐལ། རྩ་བར། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་དང། རྒྱས་བཤད་དུ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང། །ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་ཉིད་ཀྱི་སྒྲའམ་ངོ་བོའི་རྐྱེན་དྷརྨཱ་ཏ་ཞེས་མི་འབྱུང་བའི་ཕྱིར་གསུངས་པ་ལ། འཕགས་པའི་གསུང་ན་རེ། སྐྱོན་དེ་མེད་པར་ཐལ། ཆོས་ཉིད་ཅེས་པའི་ཉིད་དམ་དྷརྨཱ་ཏ་ཞེས་པའི་ངོ་བོའི་རྐྱེན་ཏ་ཕྱིས་པ་ཡིན་པའི་ཕྱིར། ཉི་སྣང་ལས། རྐྱེན་ཕྱིས་པས་ངོ་བོ་ཉིད་ཀྱི་སྐུ་ལ་ཆོས་ཀྱི་སྐུ་ཞེས་བྱ་སྟེ་ཞེས་གསུངས་པའི་ཕྱིར། འཕགས་པའི་གསུང་ན་རེ། བྱང་ཆུབ་ཕྱོགས་མཐུན་ཞེས་སོགས་ཀྱིས་ཡེ་ཤེས་ཆོས་སྐུ་བསྟན་པ་མ་ཡིན་པར་ཐལ། སྐུ་གསུམ་དུ་གྲངས་ངེས་པའི་ཕྱིར། དེར་ཐལ། གཞུང་དེས་ངོ་བོ་ཉིད་སྐུ་བསྟན་པའི་ཕྱིར། མ་གྲུབ་ན། བྱང་ཆུབ་ཕྱོགས་མཐུན་ཞེས་སོགས་ཀྱིས་བསྟན་པའི་ངོ་བོ་ཉིད་སྐུ་མེད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །སོགས་ཀྱིས་བསྟན་པའི་དེ་མེད་པར་ཐལ། འདོད་པའི་ཕྱིར། ཉི་སྣང་ལས། གཞན་དུ་ཆོས་རྣམས་ཀྱི་སྐུ་ནི་ཆོས་སྐུ་གསུངས་པ་ཡིན་པའི་ཕྱིར། ངོ་བོ་ཉིད་བཀག་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་དང། དེ་ལ་སློབ་དཔོན་ལུང་དྲངས་པའི་སྔོན་གྱི་ཐལ་འགྱུར་ལ་མ་ཁྱབ་གསུངས་པ་ཡིན་ཏེ། ཐུབ་པའི་སོགས་ནི་ངོ་བོ་ཉིད་སྐུ་སྟོན་བྱེད་དང། བྱང་ཆུབ་ཕྱོགས་མཐུན་སོགས་ཀྱི་གཞུང་སྐུ་གཉིས་པ་ཡེ་ཤེས་ཆོས་སྐུ་འཆད་བྱེད་དུ་ཁས་ལེན་པའི་ཕྱིར། དེར་ཐལ། གསེར་འཕྲེང་ལས། ཚིག་གིས་ཟིན་ཚོད་ལ་ནི་སྐུ་ལོགས་པར་གསུངས་པས་སོ་ཞེས་གསུངས་པའི་ཕྱིར་དང། སློབ་དཔོན་ཤན་ཏི་པའི་གསུང་ན་རེ། སྐུ་བཞིར་འདོད་པ་མི་འཐད་པར་ཐལ། སྐུ་གསུམ་ཁོ་ན་ཡིན་པའི་ཕྱིར། དེར་ཐལ། སྐབས་འདིའི་ཤེར་མདོར་སྐུ་གསུམ་སྟོན་བྱེད་ཀྱི་མདོ་ཚན་གསུམ་ལས་བཞི་མ་བྱུང་བའི་ཕྱིར་ཞེས་གསུངས་ཏེ། དག་ལྡན་ལས། བཅོམ་ལྡན་འདས་མ་ལས་སྐུ་གསུམ་ཉིད་དུ་གཞན་ཡང་ཞེས་བྱ་བའི་ཚིག་གསུམ་དང་མདོ་གཞན་ལས་ཀྱང་གསུངས་པའི་ཕྱིར་རོ་ཟེར་ན་མ་ཁྱབ་སྟེ། ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་ཆོས་ཉིད་དང་ཆོས་ཅན་ཡིན་པ་ལ་དགོངས་ནས་མདོ་ཚན་གསུམ་བྱས་པ་ཡིན་པའི་ཕྱིར། མདོ་སྡེ་རྒྱན་ལས། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །ཞེས་དང། ཀུན་མཁྱེན་དབྱིག་གཉེན་གྱིས་དེའི་འགྲེལ་བར། ཚིགས་སུ་བཅད་པ་འདིས་ནི་ངོ་བོ་ཉིད་ཀྱི་དོན་ལས་བརྩམས་པ་ཡིན་ཏེ་ཞེས་གསུངས་པའི་ཕྱིར།

    ཡང་ཁོ་ན་རེ། སྔགས་ཀྱི་ཚུལ་ལས་སྐུ་བཞི་བཤད་པས་ཡེ་ཤེས་ཆོས་སྐུ་གཅིག་ཏུ་གྲངས་འདྲེན་མི་རུང་བར་ཐལ། སྔགས་ལས་སྐུ་གསུང་ཐུགས་གསུམ་ནང་དེ་ཉིད་ཀྱི་ལས་སམ་མཉམ་ཉིད་ཡེ་ཤེས་འདྲེན་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། ཐུགས་ཟག་མེད་ཡེ་ཤེས་འདིར་ཡང་སྐུ་གཅིག་ཏུ་བཞག་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། དག་ལྡན་ལས། སྐུ་དང་གསུང་དང་ཐུགས་ནི་སྐུ་གསུམ་ཡིན་ལ། བཞི་བ་ནི་དེ་ཉིད་ཀྱི་ལས་སམ་མཉམ་པ་ཉིད་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཨ་བྷྱས་ཀྱང་སྐུ་བཞིར་བཤད་པ་མི་འཐད་པར་ཐལ། དེ་ལྟར་ཚད་ལྡན་གྱི་གསུང་རབ་ལས་མ་བཤད་པས་རང་བཟོ་ཡིན་པའི་ཕྱིར། ཐུབ་དགོངས་ལས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ནི་ཆོས་ཀྱི་སྐུ་སྟེ་བཞི་པའོ་ཞེས་གང་དུ་ཡང་རྣམ་པར་བཞག་པ་མེད་ཀྱི་ཞེས་སོ། །སྐྱོན་དེ་ཡང་མེད་པར་ཐལ། སྐུ་གསུམ་དང་ཆོས་སྐུ་ལ་འདུས་བྱས་དང་འདུས་མ་བྱས་གཉིས་ཕྱེ་བའི་འདུས་བྱས་དེ་ཡེ་ཤེས་ཀྱི་སྐུ་ཡིན་པར་མཐུན་གྲུབ་ཡིན་པའི་ཕྱིར། དབྱིག་གཉེན་འགྲེལ་པ་ལས། ཆོས་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ། འདུས་བྱས་དང་འདུས་མ་བྱས་པའོ་ཞེས་གསུངས་པའི་ཕྱིར། རཏྣ་ཀིརྟི་ན་རེ། ལུས་མདོར་བསྟན་ལས། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པས་སྐུ་བཞི་བསྟན་པ་མི་འཐད་པར་ཐལ། མདོར་བསྟན་གྱི་ཆོས་སྐུ་ཞེས་པས་ཡེ་ཤེས་ཆོས་སྐུ་བསྟན་པ་མ་ཡིན་པའི་ཕྱིར། ཞེས་སྨྲ་སྟེ། གྲགས་ཆ་ལས། མདོར་བསྟན་པའི་ཚིག་དང་བཅས་པ་སྐུ་བཞིར་ཁས་བླངས་པ་དེ་ནི་རང་དགའ་བར་བྱེད་པ་སྟེ་སྙིང་རྗེའི་གནས་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁྱོད་ཀྱི་སངས་རྒྱས་སའི་བྱང་ཆུབ་ཕྱོགས་མཐུན་སོགས་སྐུ་ལོགས་སུ་བགྲང་བར་སྙིང་རྗེ་བར་བྱས་ནས་དེ་དག་ལོངས་སྐུར་བཤད་པ་དེ་སྙིང་རྗེ་བ་ལས་ཀྱང་སྙིང་རྗེ་བའི་གནས་ཡིན་པར་ཐལ། དེ་ཤིན་ཏུ་ཐ་ཆད་ཡིན་པའི་ཕྱིར། དེར་ཐལ། ཀླུ་སྒྲུབ་ཡབ་སྲས་ཀྱིས་དེ་ཡེ་ཤེས་ཆོས་སྐུར་བཤད་པ་དང་འགལ་བ་གང་ཞིག །ཤེར་མདོ་དང་ཡང་འགལ། ཐོགས་མེད་ཀྱི་ལུགས་དང་ཡང་འགལ་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྟོག་གེ་འབར་བ་ལས། ཡེ་ཤེས་དང་གཟུགས་དང་གསུང་གི་སྐུ་གསུམ་ཡོད་པ་དེ་དག་ནི་སྡོམ་པ་གསུམ་ལས་ངེས་པར་འཁྲུངས་པ་ཞེས་དང། ཡང་དེ་ཉིད་ལས། འདིར་ཡེ་ཤེས་ནི་ཆོས་ཀྱི་སྐུར་བཞེད་དོ་ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཡུམ་ཆེན་མོ་ལས། དེ་བཞིན་གཤེགས་པ་དེ་ལ་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུར་ལྟ་བར་འདོད་པས་ཞེས་གསུངས་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། རྟོག་གེ་འབར་བ་ལས། འཕགས་པ་ཐོགས་མེད་ཀྱིས་ནི་ཞེས་པ་ནས། སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་ཆོས་ཀྱི་གཞིར་གྱུར་པ་ནི་ཆོས་ཀྱི་སྐུར་བསྟན་ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། སྐབས་འདིར་སྐུ་བཞིར་འདོད་མི་འདོད་བརྩད་པ་དེ་དབྱེ་བསྡུའམ་གྲངས་ངེས་བརྩད་ཙམ་ཡིན་ཟེར་ན། སྐབས་འདིའི་བསྡུས་ཚུལ་ལ་རང་ཡིན་པའི་ཚུལ་གྱིས་བསྡུས་པ་ཞིག་མི་དགོས་པར་ཐལ། དེ་དབྱེ་བའམ་གྲངས་ངེས་ཙམ་གྱིས་ཆོག་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། འགྲེལ་བ་ལས། གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་གདོན་མི་ཟ་བར་ཁས་བླངས་དགོས་པ་རྣམས་ཇི་ལྟར་བསྡུས་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་འཕྲེང་ལས། འདིར་སྐུ་བཞིར་བཞག་པ་ནི་སྐུ་དེ་དང་དེ་ཡིན་མིན་གྱི་དབང་དུ་བྱས་པས་སོ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡེ་ཤེས་ཆོས་སྐུ་སྐུ་གསུམ་དུ་འདུ་བར་སློབ་དཔོན་སེང་བཟང་མི་བཞེད་པར་ཐལ། གསེར་འཕྲེང་གི་ལུང་དེའི་ཕྱིར་ན་མ་ཁྱབ་སྟེ། སྐུ་བཞིར་བཞག་མི་བཞག་བརྩད་དུས་དེ་དང་དེར་བསྡུ་བ་ཡིན་མིན་ལ་བྱེད་ཅིང་གྲངས་ངེས་ཙམ་ལ། སློབ་དཔོན་ཡང་གསུམ་དུ་གྲངས་ངེས་པར་བཞེད་པའི་ཚུལ་གྱིས་བསྡུས་པར་འདོད་པའི་ཕྱིར། རྣམ་བཤད་ལས། རྒྱལ་བའི་སྲས་པོ་སེང་གེ་བཟང་པོས་ཀྱང་སྐུ་བཞིར་མཛད་པ་ནི་དབྱེ་བསྡུ་ཙམ་ཡིན་གྱི་སྐུ་གསུམ་དུ་མ་འདུས་པར་བཞེད་པ་མིན་ནོ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡེ་ཤེས་ཆོས་སྐུ་སྡེ་ཚན་ཉེར་གཅིག་ཆོས་ཅན། ངོ་བོ་ཉིད་སྐུ་ཡིན་པར་ཐལ། ངོ་བོ་ཉིད་སྐུའི་ཆ་ཤས་ཡིན་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུའི་ཆ་ཡིན་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། སངས་རྒྱས་སའི་ཆོས་ཉིད་ཀྱི་ཆར་གཏོགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་སའི་ཆོས་ཉིད་མ་ཡིན་པར་གཏོགས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སངས་རྒྱས་སའི་ཆོས་ཉིད་མ་ཡིན་པ་ཡིན་པའི་ཕྱིར་ཏེ། སངས་རྒྱས་སའི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འཁོར་གསུམ། དེ་ལ་ཁོ་ན་རེ། དེ་ཆོས་ཅན། སངས་རྒྱས་སའི་ཆོས་ཉིད་ཡིན་པར་གཏོགས་པར་ཐལ། དེའི་ཆར་གཏོགས་པའི་ཕྱིར་ན་མ་ཁྱབ

                                                                                                            རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

 

                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།