ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་གངྒྰའི་ཆུ་རྒྱུན་ལས་སྤྲུལ་སྐུ་དང་འཕྲིན་ལས་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-18 22:11:10     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

90642434459277989.jpg

 

    བཞི་པ་སྤྲུལ་སྐུའི་རྣམ་གཞག་སྟོན་པར། རྩ་བར། གང་གིས་སྲིད་པ་ཇི་སྲིད་བར། །ཞེས་སོགས་རྐང་པ་བཞི་དང། འགྲེལ་བར། ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་གང་གིས་འཁོར་བ་ཇི་སྲིད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་འདོད་པའི་དོན་མཉམ་པ་ཉིད་དུ་མཛད་པའི་སྐུ་དེ་ནི་རྒྱུན་ཆགས་པ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་རྒྱུན་མི་འཆད་པ་ཡིན་ནོ། །ཞེས་གསུངས། མཐའ་དཔྱད་པར་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། རྣམ་མཁྱེན་སྐད་ཅིག་དང་པོ་རྒྱུད་ལྡན་གྱི་འདོད་པར་གནས་པའི་སྤྲུལ་སྐུ་ལ། འདོད་པའི་རྟེན་ཅན་གྱིས་ཁྱབ་ཟེར་ན། འོ་ན། དེ་རྒྱུད་ལྡན་གྱི་ལྗོན་ཤིང་དང་ནོར་བུའི་རྣམ་པ་ཅན་གྱི་སྐྱེ་བ་སྤྲུལ་སྐུ་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སངས་རྒྱས་མ་ཐག་པའི་རྒྱལ་བའི་གདུལ་བྱ་འདོད་རྟེན་ཅན་གྱི་རྣམ་པའི་སྤྲུལ་སྐུའི་རྗེས་འཛིན་ལ་ལྟོས་པ་མཐའ་ཡས་པ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་དག་དེ་འདྲ་བའི་སྤྲུལ་སྐུའི་རྗེས་འཛིན་ལ་ལྟོས་ཀྱང་དེ་འདྲ་བའི་སྤྲུལ་སྐུ་མི་སྟོན་པའི་སངས་འཕགས་མེད་པའི་ཕྱིར་ཏེ། ཁྱོད་སྟོབས་བཅུ་དང་སྨོན་ནས་མཁྱེན་པ་མཐར་ཐུག་དང་ཡེ་ཤེས་ལྔ་རེ་རེ་ནས་རྒྱུད་ལྡན་ཡིན་པའི་ཕྱིར། མ་ཁྱབ་ན། དེ་དག་གི་བྱེད་ལས་མེད་པར་ཐལ་ལོ། །གོང་གི་མ་ཁྱབ་མཚམས་ལ། སངས་རྒྱས་མ་ཐག་པའི་རྒྱལ་བ་ཆོས་ཅན། ཁྱོད་ཀྱི་གདུལ་བྱ་ལ་དེ་ལྟར་འདུལ་དགོས་ཡོད་པར་ཐལ། ཁྱོད་གང་ལ་གང་འདུལ་གྱི་སྨོན་ལམ་དང་ལོངས་སྤྲུལ་གྱི་ཞིང་སྦྱངས་མངོན་དུ་བྱས་པའི་སངས་འཕགས་ཡིན་པའི་ཕྱིར་ཏེ། ཁྱོད་སངས་འཕགས་ཡིན་པའི་ཕྱིར། དོན་ཐོབ་ཀྱིས། བྱས་པ་ལ་ཁོ་ན་རེ། ལོངས་སྐུའི་སྐུ་དངོས་ཆོས་ཅན། དེར་ཐལ། སངས་འཕགས་ཡིན་པའི་ཕྱིར་ཟེར་ན། འོ་ན། སངས་འཕགས་དེའི་གདུལ་བྱ་ཡིན་ན་དེའི་སྐུ་དངོས་ཀྱི་གདུལ་བྱ་ཡིན་དགོས་པར་ཐལ། སངས་འཕགས་ཡིན་ན་རང་གི་གདུལ་བྱ་ཙམ་ལ་རིགས་ཅན་གསུམ་ཀ་ཡོད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། ལོངས་སྐུའི་སྐུ་དངོས་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་པོ། འདོད་ན། སངས་འཕགས་མྱ་ངན་ལས་འདས་ཚུལ་བསྟན་རྗེས་ཀྱི་དེའི་གདུལ་བྱ་མེད་པར་ཐལ། འདོད་པའི་ཕྱིར། རྩ་བར་འདོད་ན། འདོད་པ་རིགས་སུམ་ཅུ་རྩ་དྲུག་གི་གང་ཟག་དང་དེའི་བར་བདོ་ཅི་རིགས་ཀྱི་ལུས་རྟེན་དུ་ཐལ་ལོ། །འདོད་པའི་རྟེན་ཅན་གྱི་བློ་རྩེ་ཡོད་པའི་ཕྱིར། འདོད་ན། འདོད་པའི་བཅུད་ཀྱི་ལུས་རྟེན་གྱི་རྣམ་པ་ཅན་དུ་ཐལ་ལོ། །འདོད་མི་ནུས་སོ། །ཡང་ཁ་ཅིག །སངས་རྒྱས་ཀྱི་སྤྲུལ་བ་ཡིན་ན་སྤྲུལ་སྐུ་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་ཀྱིས་དགོས་དབང་གིས་སེམས་ཅན་ཆུ་སོགས་སུ་སྤྲུལ་བའི་སྤྲུལ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སངས་རྒྱས་ཀྱིས་དགོས་དབང་གིས་སེམས་ཅན་ཆུར་མོས་པ་ཞིག་ཡོད་པའི་ཕྱིར། ཁྱབ་སྟེ། བྱང་སེམས་དབང་ཐོབ་པ་དང་སངས་རྒྱས་ཀྱིས་མོས་ཙམ་གྱིས་དེ་ལྟར་སྤྲུལ་བ་འབྱུང་བའི་ཕྱིར་ཏེ། དབང་བཅུའི་དོན་ཡོད་པའི་ཕྱིར། རྩ་བར་འདོད་ན། ཆོས་སྐུར་ཐལ་ལོ། །འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྒྱན་ལས། སངས་རྒྱས་སྤྲུལ་བ་དཔག་མེད་པ། །སྤྲུལ་བའི་སྐུ་ནི་འདོད་པ་སྟེ། །ཞེས་གསུངས་པ་མི་འཐད་པར་ཐལ། སངས་རྒྱས་ཀྱི་སྤྲུལ་པ་མཐའ་ཡས་པ་སྤྲུལ་སྐུ་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེས་སངས་རྒྱས་ཀྱི་སྤྲུལ་སྐུ་ལ་རང་ཡིན་གྱི་སྤྲུལ་པའི་དབྱེ་བ་གྲངས་མེད་པར་བསྟན་པ་ཙམ་ཡིན་པའི་ཕྱིར་ཏེ། དེའི་འགྲེལ་པར་དབྱིག་གཉེན་གྱིས། སངས་རྒྱས་རྣམས་ཀྱི་སྤྲུལ་བའི་སྐུ་ནི་སྤྲུལ་པའི་བྱེ་བྲག་དཔག་ཏུ་མེད་པའོ། །ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག །བཟོ་སྐྱེའི་སྤྲུལ་སྐུ་གཉིས་འགལ་ཟེར་ན། འོ་ན། སྐྱེ་སྤྲུལ་ཡིན་ན་གཅིག་ཤོས་མ་ཡིན་པས་ཁྱབ་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། གདུལ་བྱ་དེ་འདུལ་བའི་ཕྱིར་དུ་གར་མཁན་གྱི་རྣམ་པར་བསྟན་པའི་སྐྱེ་སྤྲུལ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་སྐྱེ་བ་20སྤྲུལ་སྐུ་ཡོད་པའི་ཕྱིར། གདུལ་བྱ་རྣམས་གང་ལ་གང་གིས་འདུལ་བའི་རྣམ་པ་དེ་དང་དེ་བསྟན་པའི་སྐུའི་ཆ་ལ་སྐྱེ་བ་སྤྲུལ་སྐུར་འཇོག་དགོས་པའི་ཕྱིར་ཏེ། དེའི་དོན་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བཟོ་བ་སྤྲུལ་སྐུ་ཡིན་པའི་ཕྱིར་ཏེ། གར་མཁན་གྱི་རྣམ་པ་ཅན་གྱི་སྤྲུལ་སྐུ་ཡིན་པའི་ཕྱིར། ཡང་ཁ་ཅིག །སྤྲུལ་སྐུ་ཡིན་ན་རྣམ་པར་སྨིན་པའི་སྤྲུལ་སྐུ་ཡིན་པས་ཁྱབ་ཟེར་ན། མཆོག་སྤྲུལ་གྱི་སྤྲུལ་པའི་བཟོ་བ་སྤྲུལ་སྐུ་དང། ཡང་བཟོ་སྤྲུལ་དེའི་སྤྲུལ་པའི་སྐྱེ་བ་སྤྲུལ་སྐུ་གཉིས་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་གཉིས་ཡོད་པའི་ཕྱིར་ཏེ། བདེན་གཉིས་རང་འགྲེལ་ལས། སྤྲུལ་པ་ཡིས་ནི་སྤྲུལ་པ་ཡང། །ཇི་ལྟར་བཞེད་བཞིན་མཚན་ཉིད་དེ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྐྱེ་བ་སྤྲུལ་སྐུ་དང་བཟོ་བ་སྤྲུལ་སྐུ་གཉིས་གང་རུང་ཡིན་པའི་ཕྱིར་དང། དེ་གཉིས་རྣམ་སྨིན་མ་ཡིན་པའི་སྤྲུལ་སྐུ་ཡིན་པའི་ཕྱིར་ཏེ། དེ་གཉིས་སྔོན་རང་གི་རྫོགས་སྨིན་སྦྱངས་གསུམ་བྱས་པའི་རྣམ་སྨིན་མི་མྱོང་ཚུལ་འཛིན་པ་གཙོ་ཆེ་བའི་སྤྲུལ་སྐུ་ཡིན་པའི་ཕྱིར་དང། རྣམ་པར་སྨིན་པའི་སྐུ་ཡིན་མིན་གྱི་དོན་ཡོད་པའི་ཕྱིར། ཡང་ཁ་ཅིག །མཆོག་སྤྲུལ་ཡིན་ན་རང་གི་དངོས་ཀྱི་གདུལ་བྱ་ཐེག་པ་གསུམ་གྱི་གང་ཟག་ལ་ཐེག་པ་གསུམ་གྱི་ཆོས་འཁོར་སྐོར་བས་ཁྱབ་ཟེར་ན། རྗེ་བཙུན་འཇམ་དབྱངས་མངོན་པར་རྫོགས་པར་སངས་རྒྱས་པའི་རྒྱལ་བ་ཀུན་གཟིགས་དང། རྒྱལ་བ་མིག་མི་འཛུམ་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དང་པོའི་རང་གི་སྐུ་དངོས་ཀྱི་གདུལ་བྱ་ལ་ཉན་རང་མེད་པའི་ཕྱིར་དང། ཕྱི་མས་རང་གི་སྐུ་དངོས་ཀྱི་གདུལ་བྱ་ལ་རང་གི་ཞལ་གྱིས་ཆོས་མ་བསྟན་པར་ཡང་བཤད་པའི་ཕྱིར། ཡང་ཁོ་ན་རེ། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་བྱེ་མདོའི་ལུགས་ལ་རང་གི་སྔ་རོལ་གྱི་རྒྱལ་བ་དེའི་སྤྲུལ་སྐུ་ཡིན་ཟེར་ན། འོ་ན་རྣམ་བཤད་རིག་པ་ལས། ཅིའི་ཕྱིར་ཐེག་པ་ཆེན་པོ་ལས་སྤྲུལ་པ་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་བསྟན་ལ། ཐེག་པ་ཆེན་པོ་མ་ཡིན་པ་ལ་མ་ཡིན་ཞེ་ན། ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། ཉན་ཐོས་སྡེ་གཉིས་ཀྱིས་ཐེག་ཆེན་གྱི་སྡེ་སྣོད་ལས་བདག་ཅག་གི་སྟོན་པ་སྔར་སངས་རྒྱས་པ་དེའི་སྤྲུལ་པ་དང། སངས་རྒྱས་ཀྱི་སྤྲུལ་པའི་མཆོག་སྤྲུལ་དུ་བསྟན་ལ་ཐེག་དམན་ལས་དེ་ལྟར་ཅིའི་ཕྱིར་མ་བསྟན། དེ་བས་ན་ཐེག་ཆེན་གྱི་མདོ་འདི་བཀར་མི་རིགས་ཞེས་བཤད་པ་དེའི་དོན་མ་ཡིན་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར། ཡང་རྣམ་བཤད་རིག་པ་ལས། ཅི་ཉན་ཐོས་ཐེག་པ་ལ་སངས་རྒྱས་ཀྱི་སྤྲུལ་པ་མི་འདོད་དམ། ཞེས་སོགས་ལུང་རིགས་གཉིས་ཀྱིས་བཀག་པ་མི་འཐད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། ཡང་རྣམ་བཤད་རིག་པར། མིའི་སྐྱེ་བ་ཉིད་མེད་པར་སངས་རྒྱས་ཉིད་མེད་ན། ཇི་ལྟར་མི་རྣམས་སུ་མ་སྐྱེས་པར་སངས་རྒྱས་ཤེ་ན། ཞེས་པ་ནས། གང་དུ་མིར་སྤྲུལ་པ་ཁོ་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པ་དེར་ཅི་ལྟར་གཞན་དུ་བརྗོད་པར་བྱ། གལ་ཏེ་སྤྲུལ་པ་དེ་མི་འདོད་ན་ཅིར་འགྱུར། ཞེས་གསུངས་པ་དེ་མི་འཐད་པར་ཐལ་བ་དང། དེ་བཞིན་དུ་རྒྱུད་སྡེ་སྤྱི་རྣམ་ལས་ཀྱང་བཤད་པ་མི་འཐད་པར་ཐལ་ལོ། །

(20) དཔར་ཐེངས་གཉིས་པ། སྐྱེ་བ་ཡོད་པའི་ཕྱིར།

    ཡང་ཁ་ཅིག །བྱེ་མདོའི་ལུགས་ལ་དེའི་སྤྲུལ་པ་ཙམ་ཡང་མ་ཡིན་ཟེར་ན། འོ་ན་ཉན་ཐོས་སྡེ་པས་འཛམ་གླིང་བྱེ་བ་ཕྲག་བརྒྱར་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱས་མཛད་པ་ཅིག་ཅར་བསྟན་པར་མི་འདོད་པར་ཐལ། དེས་དེ་བྱེ་བ་ཕྲག་བརྒྱ་པོ་རྒྱུད་གཅིག་པར་མི་འདོད་པའི་ཕྱིར། དེས་དེ་རྣམས་ཕན་ཚུན་གཅིག་གཅིག་གི་སྤྲུལ་བར་ཁས་མི་ལེན་པའི་ཕྱིར་ཏེ། དེས་ན་སྤྲུལ་བར་མི་འདོད་པའི་ཕྱིར། འཁོར་གསུམ་སོང།

    རང་ལུགས་ལ་སྔོན་གྱི་སྨོན་ལམ་དང་རྒྱལ་བའི་མོས་དབང་གིས་གདུལ་བྱའི་དོན་སྨིན་གྲོལ་གསུམ་བྱེད་པའི་ཆེད་དུ་སྣོད་བཅུད་གང་རུང་གི་རྣམ་པར་སྤྲུལ་བའི་གཟུགས་སྐུ་དེ། སྤྲུལ་སྐུའི་མཚན་ཉིད་ཡིན་ཏེ། ལེགས་བཤད་གསེར་འཕྲེང་ལས། འབྲས་བུ་གསུམ་གྱི་རྒྱུ་བྱེད་ཅིང་ལོངས་སྐུའི་དབང་གིས་བྱུང་བ་སྟེ། རྒྱུད་བླ་མར་མི་རྟག་སྡུག་བསྔལ་བདག་མེད་དང། །ཞི་བའི་སྒྲ་ཡིས་ཐབས་མཁྱེན་པས། །ཞེས་གསུངས་པའི་ཕྱིར། ཡང་ན། ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་འཇོག་པར་རྣམ་བཤད་ལས་སོ། །དབྱེ་ན་བཟོ་བ་སྤྲུལ་སྐུ་སྐྱེ་བ་སྤྲུལ་སྐུ་མཆོག་གི་སྤྲུལ་སྐུ་སོགས་ཡོད་དེ། རྒྱན་ལས། བཟོ་དང་སྐྱེ་བ་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་གསུངས་པའི་ཕྱིར། མཚན་གཞི་ནི་རིམ་བཞིན་སངས་རྒྱས་ཀྱི་སྤྲུལ་བའི་བི་ཤྭ་ཀརྨ་དང། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་ཕྱིར་དུ་པི་ཝང་དཀྲོལ་མཁན་སྤྲུལ་བ་དང། བདག་ཅག་གི་སྟོན་པ་རྣམས་ཡིན་ནོ། །སངས་རྒྱས་དེས་བདག་རྐྱེན་བྱས་ནས་སྤྲུལ་བ་ལ་དེ་དང་སྔ་ཕྱིས་ཁྱབ་ཀྱང་དེས་སྤྲུལ་ཙམ་ལ་དེ་དང་སྔ་ཕྱིས་མ་ཁྱབ་སྟེ། ཅིག་ཅར་དང་གཙོ་འཁོར་དུ་སྤྲུལ་བ་དང་རྫུ་འཕྲུལ་ཡ་མ་ཟུང་སོགས་ཡོད་པའི་ཕྱིར་ཏེ། དཔེར་ན་སྟོན་པ་མ་ག་དྷ་བཟང་མོས་སྤྱན་དྲངས་ཚེ་དེའི་ཕོ་བྲང་ལ་སྒོ་བཅོ་བརྒྱད་ཡོད་པས་རང་འདྲ་བཅུ་བདུན་རང་ཉིད་དང་བཅོ་བརྒྱད་དུས་མཉམ་པར་སྤྲུལ་ནས་ཕེབས་པ་བཞིན་ཡིན་པའི་ཕྱིར། དེས་ན་སྟོན་པ་འདི་ལ་སྤྲུལ་ཞིང་ཐུན་མོང་དང་ཐུན་མོང་མ་ཡིན་པ་བཤད་དེ། ཐུན་མོང་བ་ལ་ནི་ཞིང་འཛམ་གླིང་བྱེ་བ་ཕྲག་བརྒྱ་སྟེ་སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་དང། ཐུན་མོང་མ་ཡིན་པ་སྟོང་ཆེན་པོ་དེ་བྱེ་བ་ཕྲག་བརྒྱ་རྒྱུད་དང་པོ། དེ་གྲངས་དེ་སྙེད་རྒྱུད་གཉིས་པ་དང། དེ་གྲངས་དེ་སྙེད་རྒྱུད་གསུམ་པ་སྟེ། དེ་གྲངས་དེ་སྙེད་རབ་འབྱམས་རྒྱ་མཚོ་གཅིག་སྟེ་གྲགས་པ་ལྟར་ཤཱཀྱ་ཐུབ་པ་ཡང་གྲངས་དེ་སྙེད་འདོད་པའི་ཕྱིར། ཐུན་མོང་མ་ཡིན་པ་འདི་ལ་འདི་ལྟར་དང་གཞན་འདྲེན་ཚུལ་ཞིག་ཀྱང་ཡོད་མོད་མཐའི་གྲངས་འདྲའོ། །

    གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། ལོངས་སྐུ་དང་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་ཀྱི་སྤྲུལ་སྐུ་ཆོས་ཅན། ལོངས་སྐུའི་དབང་གིས་བྱུང་བར་ཐལ། གསེར་འཕྲེང་ལས། ལོངས་སྐུའི་དབང་གིས་བྱུང་བ། ཞེས་གསུངས་པ་འཐད་པའི་ཕྱིར། འདོད་ན། ལོངས་སྐུ་ལས་བྱུང་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཉི་འོད་ཆོས་ཅན། ཉི་མ་ལས་བྱུང་བར་ཐལ། ཉི་མའི་དབང་གིས་བྱུང་བའི་ཕྱིར། ཁྱབ་པ་འགྲིག །ཡང་ཁོ་ན་རེ། ཉན་ཐོས་སྡེ་བའི་ལུགས་ལ་གླིང་འདིའི་ཤཱཀྱ་ཐུབ། གླིང་བཞི་གཞན་གྱི་ཤཱཀྱ་ཐུབ་ཀྱི་སྤྲུལ་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། གླིང་གཞན་གྱི་དེ་ཁྱོད་ཀྱི་སྤྲུལ་བ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ཕན་ཚུན་སྤྲུལ་བྱ་སྤྲུལ་བྱེད་ཡིན་པ་མི་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕན་ཚུན་གསལ་བྱ་གསལ་བྱེད་དང། གཞལ་བྱ་འཇལ་བྱེད་ཡིན་པ་མི་སྲིད་པར་ཐལ། འདོད་པའི་ཕྱིར། ཤིན་ཏུ་སྤྲོ་སླ། ཡང་ཁོ་ན་རེ། སྤྲུལ་སྐུའི་མཚན་དཔེ་ཆོས་ཅན། གཟུགས་སྐུར་ཐལ། གཟུགས་གང་ཞིག །སྐུ་ཡིན་པའི་ཕྱིར་ན་མ་ཁྱབ་ཅིང་ཅ་ཅོའོ། །ཡང་ཁོ་ན་རེ། ལྗོན་ཤིང་རྣམ་ཅན་གྱི་སྤྲུལ་སྐུ་ཆོས་ཅན། གཟུགས་ཡིན་པར་ཐལ། དེ་འདྲའི་གཟུགས་སྐུ་ཡིན་པའི་ཕྱིར་ན་འགལ་ཁྱབ་པོ། །ཡང་ཁོ་ན་རེ། དེ་ཆོས་ཅན། ཤིང་ཡིན་པར་ཐལ། ཤིང་གི་རྣམ་པ་ཅན་དུ་སྤྲུལ་བའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། འཕགས་པས་གསེར་དུ་སྤྲུལ་བ་ལ་དེ་ཡིན་པ་ཡོད་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། དེ་ལ་དེ་ཡིན་མིན་དུ་མ་ཡོད་ཅིང་དེའི་དོན་བྱེད་ནུས་པས་ཁྱབ་པའི་ཕྱིར

   གཉིས་པ་འཕྲིན་ལས་ལ། མཚམས་སྦྱར་ནི། དེ་ལྟར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད། ཅེས་སོགས་བྱུང། རྩ་བར། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་པ་ནས། རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་པའི་མདོར་བསྟན་རྒྱས་བཤད་ཀྱི་དོན་འགྲེལ་པར། དང་པོར་21འགྲོ་བ་བཟང་པོ་དང་བཟང་པོ་མ་ཡིན་པ་ལ་མངོན་པར་ཞེན་པ་མེད་པར་གནས་པའི་མཚན་ཉིད་འགྲོ་བ་རབ་ཏུ་ཞི་བའི་འཕྲིན་ལས་མཛད་ནས། ཞེས་སོགས་བྱུང། །མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། འཕགས་པ་ལྟར་ན་དེ་བཞིན་ཞེས་པའི་དེ་སྒྲ་སྤྲུལ་སྐུ་ཁོ་ནར་སྦྱོར་ཟེར། ལ་ལས་དེ་རྗེས་འབྲང་དང་བཅས་པ་ལྟར་ནའང་དེ་ལྟར་ཟེར་ན། འོ་ན་འཕགས་པ་སོགས་ཀྱིས་འདིའི་འཕྲིན་ལས་ཉེར་བདུན་པོ་སྤྲུལ་སྐུ་ཁོ་ནའི་འཕྲིན་ལས་ཡིན་པར་ཁས་ལེན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། འཕགས་པས། ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །ཞེས་པའི་ཆོས་སྐུ་ལ་སྤྲུལ་སྐུ་ཁོ་ནས་ཁྱབ་པར་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ལོངས་སྤྲུལ་སྐུ་གསུམ་ག་དེའི་ཆོས་སྐུར་བྱས་ནས་དེའི་འཕྲིན་ལས་ཉེར་བདུན་བཤད་པར་བཞེད་པའི་ཕྱིར་ཏེ། ལེགས་བཤད་གསེར་འཕྲེང་ལས། དེ་བཞིན་དུ་རྣམ་འགྲེལ་དང་དག་ལྡན་དུའང་འབྱུང་ཞིང་དེ་གསུམ་གས་སྐུ་གསུམ་ག་ལ་ཆོས་སྐུར་བྱས་ནས་དེའི་འཕྲིན་ལས་སུ་འདོད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་གསུམ་གས་ཞེས་པའི་གང་ཟག་དེ་གསུམ་དང་སྐུ་གསུམ་ག་ལ་ཆོས་སྐུར་བྱས་ནས་ཞེས་པའི་དོན་ཡོད་པའི་ཕྱིར་དང། དེར་མ་ཟད་བཙུན་པས། རྣམ་འགྲེལ་དང་ཤནྟི་བས་དག་ལྡན་དུ་སྐུ་གསུམ་ག་རྩ་བའི་དངོས་བསྟན་གྱི་ཆོས་སྐུ་དང་དེའི་འཕྲིན་ལས་ཉེར་བདུན་དུ་བཤད་པ་གསེར་འཕྲེང་བཞིན་འཐད་པར་ཐལ། དེ་ལྟར་བཞེད་པ་རྣམ་བཤད་ཀྱིའང་དགོངས་པ་ཡིན་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། རྩ་བ་འཕགས་པའི་བཞེད་པར་མཛད་ནས་པཎྜི་ཏ་མཁས་པ་གཞན་གྱི་བཤད་སྲོལ་ལྟར་བྱའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང། འཕགས་ལུགས་ལ་གཞུང་འདིའི་དངོས་བསྟན་གྱི་འཕྲིན་ལས་ལ་ལོངས་སྐུའི་འཕྲིན་ལས་གཅིག་མེད་པར་ཐལ། དེ་ལ་སྤྲུལ་སྐུའི་འཕྲིན་ལས་ཀྱིས་ཁྱབ་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། འདིའི་དངོས་བསྟན་གྱི་ལོངས་སྐུའི་འོད་ཟེར་ཆེན་པོས་ས་བཅུ་བར་དབང་སྐུར་བ་དང་དེས་དེ་ལ་ཆོས་སྟོན་པའི་འཕྲིན་ལས་སོགས་ཡོད་པའི་ཕྱིར་ཏེ། རྩ་བར། སངས་རྒྱས་བསྟེན་སོགས། ཞེས་སོགས་དང། དེའི་ཐད་ཀྱི་མདོ་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་མཆིས་པ་དང། འཇིག་རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་ཆོས་སྟོན་པ་དེ་དག་ལ་བསྙེན་བཀུར་བགྱི་བ་དང་ཆོས་ཉན་ཞིང། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། སློབ་དཔོན་སེང་བཟང་གིས་དེ་སྒྲ་ཆོས་སྐུ་ཁོ་ནར་སྦྱོར་ཟེར་ནའང། འོ་ན། སློབ་དཔོན་གྱི་ལུགས་ལ་འདིའི་དངོས་བསྟན་གྱི་ལོངས་སྤྲུལ་གྱི་འཕྲིན་ལས་དུ་མ་མི་བཞེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། སྤྲུལ་སྐུའི་འཕྲིན་ལས་དུ་མ་ཡོད་པ་གང་ཞིག །ལོངས་སྐུའི་དེ་དུ་མ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཚོགས་སྦྱོར་མན་ཆད་ཀྱི་འཕྲིན་ལས་ལ་སྤྲུལ་སྐུའི་འཕྲིན་ལས་གཙོ་དགོས་པའི་ཕྱིར་ཏེ། དེ་མན་ཆད་འཇུག་ཡུལ་གྱི་བསྟན་པ་ལ་སྤྲུལ་སྐུའི་བསྟན་པས་ཁྱབ་པའི་ཕྱིར་ཏེ། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་འགོད་པ་དང། །ཞེས་སོགས་ཀྱི་དོན་དེ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། ས་ཐོབ་པ་ཡན་ཆད་འཇུག་ཡུལ་གྱི་བསྟན་པ་ལ་ལོངས་སྐུའི་བསྟན་པ་རེ་ཡོད་པའི་ཕྱིར། དེ་ནས་ལོངས་སྤྲུལ་གང་ལའང་ཆོས་ཉན་ཐུབ་པས་ཁྱབ་པའི་ཕྱིར་ཏེ། འཇུག་པར། དེ་ཚེ་འདིས་ནི་སངས་རྒྱས་བརྒྱ་མཐོང་ཞིང། །ཞེས་སོགས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། སློབ་དཔོན་གྱིས་ཡེ་ཤེས་ཆོས་སྐུའི་འཕྲིན་ལས་སུ་བཤད་པ་མི་འཐད་པར་ཐལ། དེ་ལ་ལོངས་སྤྲུལ་གྱི་འཕྲིན་ལས་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གཉིས་ཀྱི་འཕྲིན་ལས་ཀྱང་རྩ་བ་ཡེ་ཤེས་ཆོས་སྐུ་ལ་རག་ལས་པས་དེར་བཤད་པའི་ཕྱིར་ཏེ། འགྲེལ་བར། ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་སྒོ་ནས་དོན་བྱ་བ་མཛད་པས་ན། གདུལ་བྱའི་སྐྱེ་བོའི་སྣང་བ་ལ་བརྟེན་པའི་ལས་དེའི་བདག་པོ་ལ་བརྟེན་ནས་འབྱུང་བ་རྣམས་ནི་ཆོས་ཀྱི་སྐུའི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁོ་རང་ལ། ཡེ་ཤེས་ཆོས་སྐུ་ཁོ་ནས་གདུལ་བྱའི་དོན་བྱས་པར་ཐལ། འཕྲིན་ལས་རྣམས་དེ་ཁོ་ནའི་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བྱང་སེམས་ཀྱི་ཚོགས་གཉིས་ལ་འབད་པ་དོན་མེད་པར་ཐལ་བ་དང། གཞན་དོན་གཟུགས་སྐུ་ཞེས་པའི་དོན་མེད་པར་ཐལ་བ་སོགས་ཀྱིས་ཁེགས་སོ ཡང་ཁ་ཅིག །ཡེ་ཤེས་ཆོས་སྐུའི་བདག་རྐྱེན་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན། ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཀྱི་མཚན་ཉིད། དེ་བཞིན་དུ་སྤྲུལ་སྐུའི་འཕྲིན་ལས་ལའང་སྦྱོར་ཟེར་ན། ཡེ་ཤེས་ཆོས་སྐུ་རང་ཉིད་དང་དུས་མཉམ་དུ་གྲུབ་པའི་འཕྲིན་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་འཕྲིན་ལས་ལ་བྱེད་པ་པོ་རང་ཉིད་ལ་ཡོད་པ་དང། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་གཉིས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དང་དུས་མཉམ་ཡིན་པའི་ཕྱིར། དེས་སྤྲུལ་སྐུ་དེའང་ཁེགས་སོ། །ཡང་ཁ་ཅིག །རང་རྒྱུ་ཡེ་ཤེས་ཆོས་སྐུ་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་དེ། ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཀྱི་མཚན་ཉིད། དེ་བཞིན་དུ་སྤྲུལ་སྐུ་ལའང་སྦྱོར་ཟེར་ན། འོ་ན། རང་རྒྱུ་ཡེ་ཤེས་ཆོས་སྐུ་དེ་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་ཡིན་པ་དེ། རང་ཡེ་ཤེས་ཆོས་སྐུ་དེའི་འཕྲིན་ལས་ཡིན་པའི་མཚན་ཉིད་དུ་འཇོག་རིགས་པར་ཐལ། མཚན་ཉིད་ལ་དང་སྒྲ་སྦྱོར་བའི་རྒྱུ་མཚན་ཡོད་པའི་ཕྱིར། སྤྲུལ་སྐུ་ལའང་རིགས་འདྲ་སྦྱོར་ཚུལ་ཁ་སྤོས་ཙམ་ཡིན་པའི་ཕྱིར། འདོད་ན། རང་ཡེ་ཤེས་ཆོས་སྐུ་དེའི་འཕྲིན་ལས་ཡིན་ན། རང་ཡེ་ཤེས་ཆོས་སྐུ་དེའི་རྗེས་སུ་བྱུང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན་སྔར་ལྟར། ལོངས་སྤྲུལ་གང་ལ་སྦྱར་ཡང་འདྲ།

(21) དཔར་ཐེངས་གཉིས་པ། འགྲོ་བ་བཟང་པོ་མ་ཡིན་པ།

    ཡང་ཁ་ཅིག །སྐབས་འདིར་དངོས་སུ་གདུལ་བྱ་འཕྲིན་ལས་ཉེར་བདུན་པོ་གང་རུང་ལ་འགོད་པ་པོ་ཡིན་ན། སངས་རྒྱས་ཡིན་པས་ཁྱབ་ཟེར་ན། སྐབས་འདིར་དངོས་སུ་བསྟན་པའི་འགྲོ་བ་དམྱལ་བའི་སྡུག་བསྔལ་ཞི་བའི་འཕྲིན་ལས་ལ་འགོད་པའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཉེར་བདུན་གྱི་དང་པོར་འགོད་པ་པོ་ཡིན་པའི་ཕྱིར་ཏེ། དེའི་དངོས་བསྟན་གྱི་བྱང་སེམས་རྫུ་འཕྲུལ་སྣ་ཚོགས་པས་དམྱལ་བའི་སྡུག་བསྔལ་ཞི་བར་བྱེད་པའི་འཕྲིན་ལས་མཛད་པ་པོ་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར། རྩ་བར། འགྲོ་རྣམས་ཞི་བའི་ལས་ཞེས་པའི་བཤད་བྱའི་རྩ་བའི་མདོ་ལས། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་པ་ན་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་བྱང་ཆེན་དག་ཆེད་དུ་བསམ་སྟེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་དོང་ཞིང་སེམས་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱས་ནས། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་ལྷག་མ་ཕལ་ཆེར་ལའང་བྱང་སེམས་ཡོད། ཁོ་ན་རེ། དེ་ལ་ངག་གི་འཕྲིན་ལས་ཀྱིས་ཁྱབ་ཟེར་ན། རྫུ་འཕྲུལ་གྱིས་དེ་ལྟར་བཀོད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡང་ཁ་ཅིག །སངས་རྒྱས་ཀྱི་འཕྲིན་ལས་ལ་གདུལ་བྱ་དེ་ལྟར་འགོད་པ་པོ་ལ་ཐེག་ཆེན་གང་ཟག་གིས་ཁྱབ་ཟེར་ན། ཉན་རང་གིས་ཀྱང་དེ་ལྟར་བཀོད་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དག་གིས་རྫུ་འཕྲུལ་ལ་བརྟེན་ནས་གདུལ་བྱ་བཏུལ་བ་མཐའ་ཡས་པ་ཡོད་པའི་ཕྱིར། ཡང་ཁ་ཅིག །དེའི་འཕྲིན་ལས་ལ་གདུལ་བྱ་འགོད་མཁན་ལ་ལམ་ཞུགས་ཀྱིས་ཁྱབ་ཟེར་ན། འོ་ན་གདུལ་བྱ་གསུང་རབ་ལ་ཐོས་བསམ་ལ་འགོད་མཁན་ལ་ལམ་ཞུགས་ཀྱིས་ཁྱབ་པར་ཐལ། འདོད་པའི་ཕྱིར། ཡང་ཁ་ཅིག །སྐབས་འདིའི་འཕྲིན་ལས་ཉེར་བདུན་ལ་འགོད་བྱེད་ཀྱི་འཕྲིན་ལས་ཀྱི་ཡིན་པ་མེད་ཟེར་ན། འོ་ན་སངས་རྒྱས་གཅིག་གིས་བྱང་སེམས་སྲིད་པ་ཐ་མ་པ་གཅིག་ལ་འཚང་རྒྱ་བའི་ཐུགས་དམ་བསྐུལ་ཏེ། དེས་ཀྱང་དང་དུ་བཞེས་ནས་སངས་རྒྱས་པ་དང་དུས་མཉམ་དུ་རང་གི་འཕྲིན་ལས་ལྷག་མ་ཉེར་དྲུག་མཛད་པ་གཅིག་གིས་བྱས་པ་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པར་བུད། གཞན་ཡང། ས་བཅུ་བ་མན་ཆད་ལ་འགོད་པའི་འཕྲིན་ལས་འགལ་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མདོ་སོགས་རེ་རེ་གསུངས་ཚེའང་གདུལ་བྱ་ངན་སོང་ལས་གྲོལ་བ་དང། ལ་ལའི་ཐེག་པ་གསུམ་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ལ་ལ་རིགས་ཀྱི་22ས་ཐོབ་པ་དང། གཞན་མང་པོས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་དང། ཟད་མི་སྐྱེ་ཤེས་པའི་བཟོད་པ་ཐོབ་པར་བཤད་པའི་དོན་མེད་པར་ཐལ། མདོ་དེ་དག་གསུངས་པའི་རྐྱེན་གྱིས་དུས་གཅིག་ལ་དེ་དག་འབྱུང་བ་མ་ཡིན་པའི་ཕྱིར་ཏེ། མདོ་དེ་གསུངས་པ་རྣམས་འཕྲིན་ལས་དེ་དང་དེ་དག་ལ་འགོད་བྱེད་མ་ཡིན་པའི་ཕྱིར་ཏེ། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་དུས་གཅིག་ཀྱང་འགལ་ནའང། དེ་དག་འགོད་བྱེད་ཀྱི་འཕྲིན་ལས་མི་འགལ་བ་མ་ཡིན་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར། དེ་བཞིན་དུ་སྒྲུབ་ཤིན་ཏུ་སླ།

(22) དཔར་ཐེངས་གཉིས་པ། ལ་ལ་རིགས་ཀྱིས་ཐོབ་པ།

    གཉིས་པ་རང་ལུགས་ལ། འཕགས་པའི་ལུགས་དང། སློབ་དཔོན་གྱི་ལུགས་བཤད་པ་གཉིས། དང་པོ་ནི། སྤྲུལ་སྐུ་ཆོས་ཅན། ཁྱོད་རྒྱུན་མི་འཆད་པ་དེ་བཞིན་དུ་ཁྱོད་ཀྱི་འཕྲིན་ལས་ཀྱང་རྒྱུན་མི་འཆད་དེ། འཁོར་བ་ཇི་སྲིད་མ་སྟོངས་བར་དུ་ཁྱོད་ཀྱི་ལས་ཏེ་འཕྲིན་ལས་གདུལ་བྱ་ལ་འཇུག་པ་རྒྱུན་མི་འཆད་པ་དེའི་ཕྱིར། ཆོས་སྐུའི་ཡོན་ཏན་དང་དེའི་དབང་གིས་བྱུང་བ་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་དེ། ཆོས་སྐུའི་འཕྲིན་ལས་ཀྱི་མཚན་ཉིད། སྤྲུལ་སྐུ་ལའང་ཁ་སྤོས་སླ། དེ་ཆོས་ཅན། དབྱེ་ན་རང་ཡིན་གྱི་ཉེར་བདུན་ཡོད་དེ། ལམ་ལ་འགོད་པ་ཉེར་དྲུག་འབྲས་བུ་ལ་གཅིག་སྟེ་ཉེར་བདུན་ཡོད་པའི་ཕྱིར། ཉེར་དྲུག་ཡོད་དེ། ཚོགས་ལམ་ལ་གསུམ། སྦྱོར་ལམ་ལ་བཞི། མཐོང་ལམ་ལ་གཅིག སྒོམ་ལམ་ལ་འགོད་པའི་དེ་བཅོ་བརྒྱད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། འགྲོ་རྣམས་ཞི་བའི་ལས་དང་ནི། །ཞེས་སོགས་ཀྱི་ཚིགས་བཅད་གཅིག་བྱུང། གཉིས་པ་གྲུབ་སྟེ། རྩ་བར། སེམས་ཅན་རྣམས་དོན། ནས། སྟོང་པ་ཉིད་དང། ཞེས་བྱུང། གསུམ་པ་གྲུབ་སྟེ། རྩ་བར། གཉིས་ཟད་དང། །ཞེས་བྱུང། བཞི་པ་སྒོམ་ལམ་ལ་འགོད་པའི་དེ་བཅོ་བརྒྱད་ཡོད་དེ། ས་གཉིས་པ་དང་གསུམ་པར་གཅིག །ས་བཞི་པ་ས་ལྔ་པ་ས་དྲུག་པ་གསུམ་ལ་གཅིག །ས་བདུན་པ་ལ་གཅིག ས་བརྒྱད་པ་ལ་བཞི་དང། ས་དགུ་པ་ལ་གཉིས་དང། ས་བཅུ་པ་ལ་འགོད་པའི་དགུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། བརྡའ་དང། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། དམིགས་པ་མེད་པ་དང། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྩ་བར། ལུས་ཅན་རྣམས་ནི་ཡོངས་སྨིན་དང། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། རྩ་བར། བྱང་ཆུབ་སེམས་དཔའི། ནས། རྣམ་པར་དག་དང། ཞེས་གསུངས། ལྔ་པ་གྲུབ་སྟེ། རྩ་བར། ངེས་པ་དང། །སེམས་ཅན་དོན་ནི་ཚད་མེད་དང། །ཞེས་གསུངས། དྲུག་པ་གྲུབ་སྟེ། རྩ་བར། སངས་རྒྱས་བསྟེན་སོགས། ནས། ཐ་དད་ཡོངས་སུ་མི་ཤེས་དང། །ཞེས་གསུངས། འབྲས་བུ་ལ་གཅིག་ཡོད་དེ། མྱ་ངན་འདས་ལ་འགོད་པ་སྟེ། །ཞེས་སོ། །སློབ་དཔོན་འཕགས་པས་ཀྱང་ཡེ་ཤེས་ཆོས་སྐུ་ཁས་ལེན་པ་དང་ཉེར་བདུན་དེའི་འཕྲིན་ལས་སུ་བཞེད་པའི་ཕྱིར། རྩ་ཊཱིཀ་གི་སྐབས་སུ། རྣམ་བཤད་ལས། ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ནི་ཆོས་ཅན། རྣམ་པ་ཉི་ཤུ་23བདུན་མདོ་ལས་བཞེད་དེ། ཞེས་གསུངས་པ་གང་ཞིག །རྣམ་བཤད་ཀྱི་རྩ་ཊཱིཀ་འདི་ལྟར་བཤད་པ་འཕགས་ལུགས་ལྟར་བྱས་པའི་ཕྱིར། རྣམ་བཤད་ལས། རྩ་བ་འཕགས་པའི་བཞེད་པར་མཛད་ནས། པཎྜི་ཏ་མཁས་པ་གཞན་གྱི་བཤད་སྲོལ་ལྟར། ཞེས་གསུངས་པའི་ཕྱིར་དང། ས་སོ་སོར་འགོད་པའི་འཕྲིན་ལས་སློབ་དཔོན་གྱི་རྒྱན་དང་འགྲེལ་ཆུང་གཉིས་ཀ་དེ་ལྟར་མཛད་པའི་ཕྱིར་རོ། །དེ་བཞིན་ཞེས་པ་འཕགས་པ་ལྟར་ན་སྤྲུལ་སྐུ་དང་འབྲེལ་ཆེ་སྟེ། དེ་བཤད་མ་ཐག་དང་སྐུ་གཞན་ལ་མཛད་པ་མི་གཙོ་ལ་སྤྲུལ་སྐུའི་དངོས་སུ་འཕྲིན་ལས་སྣ་ཚོགས་དགོས་པ་དེའི་ཕྱིར། ཞེས་གསུངས་པ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། རྩ་བའི་འབྲེལ་གྱི་དབང་དུ་བྱས་ན་དེ་བཞིན་ཞེས་པ་སྤྲུལ་སྐུ་དང་འབྲེལ་ཡང། ཞེས་གསུངས་པའི་ཕྱིར། གཞན་གོ་སླ།

(23) དཔར་ཐེངས་གཉིས་པ། རྣམ་པ་ཉི་ཤུ་མདོ་ལས་བཞེད་དེ།

    གཉིས་པ་སློབ་དཔོན་གྱི་ལུགས་ལ། ཡེ་ཤེས་ཆོས་སྐུ་ཆོས་ཅན། ཁྱོད་རྒྱུན་མི་འཆད་པ་དེ་བཞིན་དུ་ཁྱོད་ཀྱི་འཕྲིན་ལས་རྒྱུན་མི་འཆད་དེ། འཁོར་བ་ཇི་སྲིད་མ་སྟོངས་བར་དུ་ལོངས་སྤྲུལ་གྱི་སྐུའི་སྣང་བ་བསྐྱེད་ཅིང་འཕྲིན་ལས་གདུལ་བྱ་ལ་འཇུག་པ་རྒྱུན་མི་འཆད་པའི་ཕྱིར། དེ་སོ་སོའི་རྒྱུ་ཚོགས་པ་མཐར་ཕྱིན་སྔོན་སོང་ཡིན་པའི་ཕྱིར། ཡེ་ཤེས་ཆོས་སྐུའི་ཡོན་ཏན་དང་དེའི་དབང་གིས་བྱུང་བ་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་དེ། ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཀྱི་མཚན་ཉིད། ས་མཚམས་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ལ་འཕགས་སེང་གཉིས་ཀས་འདོད། དབྱེ་ན་རང་ཡིན་གྱི་ཉེར་བདུན་ཡོད་དེ། ལམ་ལ་འགོད་པའི་ཉེར་དྲུག་དང་འབྲས་བུ་ལ་གཅིག་ཡོད་པའི་ཕྱིར། ཉེར་དྲུག་ཡོད་དེ། ཚོགས་ལམ་ལ་དྲུག །སྦྱོར་ལམ་ལ་གཅིག །མཐོང་ལམ་ལ་གཅིག །སྒོམ་ལམ་ལ་འགོད་པའི་བཅོ་བརྒྱད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། འགྲོ་རྣམས། ནས། སངས་རྒྱས་ལམ་དང། ཞེས་སོ། །གཉིས་པ་གྲུབ་སྟེ། རང་བཞིན་གྱིས། །སྟོང་པ་ཉིད་དང། ཞེས་སོ། །གསུམ་པ་གྲུབ་སྟེ། གཉིས་ཟད་དང། །ཞེས་སོ། །དེའི་བཅོ་བརྒྱད་ཡོད་དེ། ས་གཉིས་པ་ནས་ལྔ་པའི་བར་ལ་གཅིག །དྲུག་པ་ལ་གཅིག །བདུན་པར་གཅིག །བརྒྱད་པར་གཉིས། དགུ་པར་གཅིག །ས་བཅུ་བར་འགོད་པའི་བཅུ་གཉིས་ཡོད་པའི་ཕྱིར། དང་པོ་གསུམ་གྲུབ་སྟེ། བརྡའ་དང། ཞེས་དང། དམིགས་པ་མེད་པ། ཞེས་དང། ལུས་ཅན་རྣམས་ནི་ཡོངས་སྨིན་དང། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། བྱང་ཆུབ་ནས། བཟློག་པ་དང། །ཞེས་སོ ལྔ་པ་གྲུབ་སྟེ། བྱང་ཆུབ་ཐོབ་དང། ཞེས་སོ། །དྲུག་པ་བཅུ་གཉིས་ཡོད་དེ། ས་བཅུ་པ་ཐོབ་མ་ཐག་ལ་གཅིག །སྐྱེ་བ་གཅིག་ཐོག་གི་གསུམ། སྲིད་པ་ཐ་མ་ལ་འགོད་པའི་བརྒྱད་ཡོད་པའི་ཕྱིར་ཏེ། རྟགས་གསུམ་རིམ་བཞིན་དུ། སངས་རྒྱས་ཞིང། །རྣམ་པར་དག་དང། ཞེས་དང། ངེས་པ་དང། །སེམས་ཅན་དོན་ནི་ཚད་མེད་དང། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང། །ཞེས་དང། བྱང་ཆུབ་ཡན་ལག །ནས། ཐ་དད་ཡོངས་སུ་མི་ཤེས་དང། །ཞེས་གསུངས་པའི་ཕྱིར། འབྲས་བུའི་དེ་དང་ལྷག་མ་སྔར་བཞིན། དེས་ན་འཕགས་སེང་འཕྲིན་ལས་ལའང་རྩོད་དེ། དེ་ངོས་འཛིན་འདི་ལྟར་གཉིས་ཡིན་པ་དེའི་ཕྱིར། བཙུན་པ་ཤནྟི་པ་དག་སྐུ་གསུམ་ག་ཆོས་སྐུར་བྱས། དེའི་འཕྲིན་ལས་ཉེར་བདུན་དང། ཀུ་ལནྡའམ་རིགས་བྱིན་སྐུ་བཞིའི་འཕྲིན་ལས་སུ་འདོད་པར། ལེགས་བཤད་གསེར་འཕྲེང་ལས་སོ། །

    གསུམ་པ་ལ་ཁོ་ན་རེ། དེ་བཞིན་ཞེས་པའི་དེ་སྒྲ་འཕགས་པས་ཡེ་ཤེས་ཆོས་སྐུ་ལ་དངོས་སུ་བཤད་པར་ཐལ། ཆོས་ཀྱི་སྐུ་ཡི་དོན་རྣམ་བཤད་རྩ་ཊཱིཀ་ལྟར་ཡིན་པའི་ཕྱིར་ན་མ་ཁྱབ་ཅིང། འདོད་མི་ནུས་ཏེ། དེ་ཡེ་ཤེས་དང་སྤྲུལ་སྐུ་གང་ལ་བྱེད་མི་གསལ་བར་གསེར་འཕྲེང་ལས་བཤད་པའི་ཕྱིར། ཡང་ཁོ་ན་རེ། སློབ་དཔོན་གྱི་ལུགས་ལ་འདིར་བསྟན་འཕྲིན་ལས་ལ་སངས་འཕགས་ཀྱི་ཐུགས་ཁོ་ནའི་འཕྲིན་ལས་ཀྱིས་ཁྱབ་པར་ཐལ། དེ་ཐམས་ཅད་ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཡིན་པའི་ཕྱིར་ན་མ་ཁྱབ་ཅིང། འདོད་མི་ནུས་ཏེ། སངས་རྒྱས་ཀྱི་སྐུ་དང་གསུང་གི་འཕྲིན་ལས་ཀྱང་ཡེ་ཤེས་ལ་མ་བརྟེན་པར་བྱུང་བ་མེད་པའི་ཕྱིར། དེ་ཐུགས་ལ་མ་དགོངས་པའི་ལུས་ངག་གི་བྱ་བ་དེ་ལ་མི་མངའ་བའི་ཕྱིར། མདོ་ལས། སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་སོགས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། སངས་རྒྱས་ཀྱི་འཕྲིན་ལས་ཡིན་ན་དེའི་བསྟན་པ་ཡིན་དགོས་པར་ཐལ། གཞུང་འདིས་དངོས་བསྟན་ཉེར་བདུན་ལམ་ལྔ་ལ་སྦྱོར་བའི་རྒྱུ་མཚན་ཡང་དག་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སྔར་བཤད་ཀྱི་མངོན་རྟོགས་ཚོགས་ལམ་གང་ནས་སངས་རྒྱས་ཀྱིས་འཕྲིན་ལས་ཇི་ལྟ་བུས་བཀོད་ཅིང་སྐྱེད་ཚུལ་ཤེས་ཆེད་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སངས་རྒྱས་ཀྱི་འཕྲིན་ལས་རྒྱུད་ལྡན་གྱི་ཕྱི་རོལ་པ་ཡོད་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་ཐམས་ཅད་ལ་རང་རྒྱུ་སངས་རྒྱས་ཀྱི་འཕྲིན་ལས་ལ་བརྟེན་ནས་བྱུང་བ་ཁོ་ནས་ཁྱབ་པའི་ཕྱིར། སྤྱོད་འཇུག་ལས། དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་བྱུང། །ཞེས་དང། ཁྱད་པར་འཕགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །ཞེས་སོགས་དང། སྨོན་ལམ་ལས། བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང། །བཅས་ཏེ་ཡུན་རིང་གནས་ཞེས་སོགས་ལེགས་བཤད་རྒྱ་མཚོ་དག་ལས་གྲུབ་བོ། །

 

   འདིར་སྨྲས་པ།

    མཐོང་ན་མི་མཐུན་མེད་ཅིང་ནམ་ཡང་བལྟ་བས་ཆོག་མི་ཤེས་པ་ཐུབ་དབང་མཚན་དཔེའི་སྐུ། །གང་དེའི་མགུར་ལས་དྲུག་ཅུའི་དབྱངས་ཀྱི་ཡན་ལག་ཀུན་ཁྱབ་དུས་གསུམ་དགེ་བའི་ལམ་སྟོན་གསུང། །ཆོས་ཀུན་བཀྲ་བར་གཟིགས་ཀྱང་སྤངས་རྟོགས་རོ་གཅིག་དབྱིངས་ལས་མི་བཞེངས་ཏིང་འཛིན་འབུམ་འགྱེད་ཐུགས། །ལུང་རྟོགས་རྒྱ་མཚོའི་མངའ་བདག་འཁོར་དང་ཆབས་ཅིག་རྒྱལ་ཡུམ་སྟོན་མཛད་དེ་ལ་ཕྱག་འཚལ་ལོ། །རྒྱལ་བའི་རྒྱལ་ཚབ་དེ་སྲས་ཐོགས་མེད་སོགས། །འཕགས་མཆོག་བྱེ་བའི་གཞུང་ལམ་ཕར་ཕྱིན་གཞུང༌། །ཕ་རོལ་ཕྱིན་ལྟར་བློ་ཡིས་དེང་སྤྱོད་པ། །སྔོན་བསགས་མི་དམན་རྨི་ལམ་མིན་ནམ་ཅི། །རྒྱལ་བའི་བསྟན་པ་རྒྱལ་བ་གཉིས་པ་བཞིན། །སྡེ་སྣོད་རྒྱུ་འབྲས་ཐེག་ཀུན་ཉི་མ་ལྟར། །གསལ་མཛད་ལེགས་བཤད་པྲ་ཕབ་མེ་ལོང་ལ། །འཕགས་བོད་ལུགས་བརྒྱ་གསལ་བའི་དད་འདུན་རྒྱས། །ལྷག་བསམ་དག་པས་རབ་བསྐྲུན་འདིར་བསགས་ཀྱི། །དགེ་བ་དཔག་ཡས་གང་བསགས་ལུས་ཅན་གྱིས། །དུས་གསུམ་ཕ་རོལ་ཕྱིན་པ་ལ་སྤྱོད་ཅིང། །ཐུབ་དབང་གོ་འཕང་འཐོབ་པའི་ཆེད་དུ་བསྔོ། །བདག་ཀྱང་རིགས་གསུམ་མགོན་དང་ཀུན་བཟང་བཞིན། །དཔག་ཡས་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་གྲུབ། །མཁའ་ཁྱབ་མ་རྣམས་འཁོར་མཚོ་ལས་བསྒྲལ་ཏེ། །སྐུ་བཞིའི་གླིང་བགྲོད་དེད་དཔོན་གྱུར་ཅིག་གུ །མཆོག་གསུམ་མཐུ་དང་ཆོས་དབྱིངས་འགྱུར་མེད་གཤིས། །རྟེན་འབྱུང་བསླུ་མེད་ལྷག་བསམ་ལྷན་ཅིག་མཐུས། །གངྒཱས་ས་སྟེང་ཅ་ཅོ་སྒྲོག་དེ་སྲིད ལེགས་བཤད་འདིས་ཀྱང་གསར་བཤད་སྒྲོག་གྱུར་ཅིག །

    ཅེས་འཁྲུལ་སེལ་གངྒཱའི་ཆུ་རྒྱུན་མ་ཕམ་ཞལ་ལུང་ཞེས་བྱ་བ་འདི་ཡང། དགེ་བཤེས་ཤེས་རབ་ཀྱིས་ཚོགས་སུ་འཕྲིན་ལས་འབེལ་གཏམ་ཅུང་ཟད་བྱས་པར་བརྟེན་ནས། གཞུང་ལུགས་རབ་འབྱམས་སྨྲ་བ་སྐལ་ལྡན་བློ་བཟང་དང། དཀའ་ཆེན་བཅུ་སོགས་སྨྲ་བ་རྒྱལ་མཚན་བཀྲ་ཤིས་གཉིས་ཀྱིས་ནན་ཆེར་བསྐུལ་བ་ལ་བརྟེན་ནས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དང་སྒྲ་ཚད་སོགས་ཀྱི་སྒོ་ནས་རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་དགེ་སློང་མང་དུ་ཐོས་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས། འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག། །

                                                                                                                       རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                               དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།