ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་གངྒྰའི་ཆུན་རྒྱུན་ལས་ལོངས་སྐུ་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-18 22:00:12     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 508122952808835736.jpg

           གསུམ་པ་ལོངས་སྐུའི་རྣམ་གཞག་འཆད་པ་ལ། མཚམས་སྦྱར་བ་དང། གཞུང་དོན་དངོས་བཤད་པ་གཉིས། དང་པོ་འཆད་པར། འགྲེལ་བར། གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་གཟུགས་ཀྱི་སྐུའི་ངོ་བོ་ཉིད་མཚན་དང་དཔེ་བྱད་བཟང་པོས་འབར་བ། ཞེས་བྱུང། གཉིས་པ་མཚན་ཉིད་ཀྱི་སྒོ་ནས་འཆད་པ་ལ། རྩ་བར། མཚན་ནི་སུམ་ཅུ་རྩ་གཉིས་དང། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་དང། དེའི་འགྲེལ་པས་འཆད་པ་ལ། མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ། ཞེས་པ་ནས། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །ཞེས་པའི་བར་གསུངས། ལུས་དཀྱུས་མ་ལས་འཕྲོས་དོན་གྱི་ཚུལ་དུ་མཚན་སུམ་ཅུ་རྩ་གཉིས་འཆད་པ་ལ། རྩ་བར། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཞེས་སོགས་དང། འགྲེལ་པར་འཆད་པར། བླ་མ་རྣམས་ལ་སྐྱེལ་བ་དང་བསུ་བ་ལ་སོགས་པས། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ། ཞེས་སོགས་བྱུང། དེའི་རྒྱུ་མཚན་འཆད་པ་ལ། རྩ་བར། འདི་ལ་མཚན་ནི། ཞེས་བྱུང་ངོ།  འགྲེལ་པར། མཚན་གང་གིས་སྒྲུབ་པར་བྱེད་པའི། ཞེས་སོགས་བྱུང། དཔེ་བྱད་འཆད་པ་ལ། རྩ་བར། ཐུབ་པའི་སེན་མོ་ཟངས་མདོག་དང། །ཞེས་སོགས་བྱུང། འགྲེལ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཉིད་ཀྱི།ཞེས་སོགས་བྱུང། འདི་དག་གི་མཐའ་དཔྱད་པ་ལ་དགག་གཞག་སྤང་གསུམ། དང་པོ་ལ་ཁ་ཅིག་ན་རེ། གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ། ངོ་བོ་ངེས་པ་མཚན་དཔེས་བརྒྱན་པ། འཁོར་ངེས་པ་ས་བཅུའི་བྱང་སེམས། ལོངས་སྤྱོད་ངེས་པ་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ། དུས་ངེས་པ་རྒྱུན་མི་འཆད་པའོ། །ཞེས་ཟེར་བ་དང། ཡང་རྒྱུད་སྡེ་སྤྱི་རྣམ་གྱི་རྗེས་འབྲང་ཁ་ཅིག །གནས་ངེས་པ་འོག་མིན་ཁོ་ནར་ལས་གཞན་དུ་གཤེགས་པ་མི་སྲིད། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་ཁོ་ན་ལས་ཐེག་དམན་གྱི་ཆོས་གསུང་བ་མི་སྲིད། རྣམ་པ་ངེས་པ་མཚན་དཔེས་བརྒྱན་པའི་སྐུའི་རྣམ་པ་ལས་གཞན་དུ་འགྱུར་བ་མི་སྲིད། འཁོར་ངེས་པ་ས་བཅུའི་བྱང་སེམས་ལས་སོ་སྐྱེ་སོགས་ཀྱི་འཁོར་མི་སྲིད། དུས་ངེས་པ་འཁོར་བ་མ་སྟོངས་ཀྱི་བར་དུ་མྱ་ངན་ལས་འདའ་ཚུལ་མི་སྟོན་པ་སྟེ། ངེས་པ་ལྔ་ལྡན་དུ་འདོད་ཟེར་ལ། དེ་དག་གིས་ཀྱང་སྤྱིར་གང་ལ་ཡང་མ་སྦྱར་བར་ངེས་པ་ལྔ་ལྡན་དུ་འདོད་ཟེར། ལ་ལ་ནི་གདུལ་བྱ་ལ་ལྟོས་ཏེ་ངེས་པ་ལྔ་ལྡན་ཡིན་ཟེར་ན། དེ་ལྟར་ངེས་པ་ལྔ་ལྡན་དེ་ལོངས་སྐུའི་མཚན་ཉིད་དུ་འཇོག་པ་མི་འཐད་པར་ཐལ། དེ་འདྲའི་ངེས་པ་ལྔ་ལོངས་སྐུའི་འཇོག་བྱེད་དུ་བྱེད་པ་ལ་མདོ་དང། རྒྱ་གཞུང་རྣམ་དག་གི་ཤེས་བྱེད་ཀྱང་མེད་པ་གང་ཞིག །དེར་མ་ཟད་ལུང་རིགས་དུ་མས་གནོད་བྱེད་ཀྱང་སྣང་བའི་ཕྱིར། དང་པོ་གྲུབ་སྟེ། དོན་བསྡུས་སྒྲོན་མེ་ལས། ངེས་པ་བཞི་ཙམ་བཤད་པ་མ་གཏོགས་ལྔར་བཤད་པ་ཡང་མེད་ལ། འདིས་ལྔ་བཤད་ཀྱང་ཁུངས་རྣམ་དག་ཏུ་མི་འགྲོ་བའི་ཕྱིར་ཏེ། ལེགས་བཤད་གསེར་འཕྲེང་ལས། འདི་ལ་ངེས་པ་ལྔ་ལྡན་དུ་སྨྲ་བ་ལ་ནི། དོན་བསྡུས་སྒྲོན་མེར། ངེས་པ་བཞི་སྟེ་འཁོར་དང་ནི། །གནས་དང་སྟོན་པ་ཆོས་སུ་སྟེ། །ཞེས་པ་ཙམ་ལས་མ་མཐོང་ལ་འདི་ནི་ཁུངས་མི་ཐུབ་ཅིང། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཐེག་བསྡུས་ལྟར་ན་དེ་ལ་གནོད་བྱེད་ཀྱང་སྣང་བའི་ཕྱིར་ཏེ། གདུལ་བྱའི་མོས་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་རྒན་གཞོན་དར་བབ་སོགས་སྣ་ཚོགས་ཤིག་ཏུ་སྣང་བ་ཐེག་བསྡུས་ལས་གསུངས་པས་དེ་ལ་གནོད་པའི་ཕྱིར། ཞེས་འཆད་པ་ལ། གསེར་འཕྲེང་ལས། དེར་མ་ཟད་ཐེག་བསྡུས་ལྟར་ན་དེ་ལ་གནོད་པ་ཡང་སྣང་བས་དཔྱད་པར་བྱའོ། །ཞེས་གསུངས་པའི་ཕྱིར། རྗེའི་ཕྱི་རྩོམ་འཇུག་ཊཱིཀ་སོགས་སུ་ལོངས་སྐུ་ལ་དེ་འདྲའི་ཐ་སྙད་ཟུར་ཙམ་ཡང་མ་གསུངས་པས་དཔྱད་པར་བྱ་དགོས་པ་ཁོ་ནའོ། །

    གཞན་ཡང། དེ་འདྲའི་ངེས་པ་ལྔ་མི་འཐད་པར་ཐལ། དེ་སྐུ་མ་ངེས་པ་སྣ་ཚོགས་སུ་སྣང་བ་དང། གསུང་ཡང་ཐེག་པ་གསུམ་གའི་གདུལ་བྱ་གདུལ་བྱེད་ཀྱི་ཐབས་སྣ་ཚོགས་གསུངས་པ་དང། འཁོར་ཡང་ངེས་པ་བྱང་སེམས་འཕགས་པ་ཤ་སྟག་གིས་བསྐོར་བ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་མདོ་ལས་ཀྱང་བཤད། ཐུབ་པའི་རྒྱལ་ཚབ་བྱམས་མགོན་གྱིས་ཀྱང་བཤད། ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ཀྱིས་ཀྱང་མཐུན་པར་བཤད། རྒྱ་གར་གྱི་ཀུན་མཁྱེན་དབྱིག་གཉེན་དང་བོད་ཀྱི་རྒྱལ་བ་གཉིས་པས་ཀྱང་བཤད་པའི་ཕྱིར། དེར་ཐལ། དང་པོ་གང་ཞིག །ཕྱི་མ་གསུམ་པོ་ལ་རེ་རེ་ནས་དེའི་ཕྱིར། དང་པོ་གྲུབ་སྟེ། སྐུ་སྣ་ཚོགས་སུ་སྣང་བ་ནི། སྟུག་པོ་བཀོད་པའི་མདོ་ལས། སྟུག་པོའི་དཀྱིིལ་ན་བཞུགས་ཤིང་སྟེ། །སྟུག་པོ་དེ་ནི་དྲི་མེད་གནས། །སྦྱོར་ཆེན་རྣམས་ཀྱི་བདེ་བའི་གཞི། །ངན་དང་གཉིས་ཀྱི་ཕ་རོལ་མཚམས། །ཐུབ་པ་གཟུགས་ནི་རྣམ་གཟུང་ནས། །དྲི་མེད་སྟུག་ན་རྣལ་འབྱོར་ལྡན། །ཟླ་བ་བཞིན་དུ་འགྲོ་ལ་སྣང། །སྣ་ཚོགས་འགྲོ་བ་གང་ཤེས་ཀྱི། །སྣ་ཚོགས་གཟུགས་སུ་མཛེས་པ་ནི། །གང་ལ་གང་སྣང་གང་གིས་ཀྱང། །ཇི་ལྟར་གང་ལ་དེ་བདེ་བ། །དེ་དག་དེ་ལ་ཐམས་ཅད་དུ། །དེ་ཕྱིར་ཆ་ཕྱིས་མིག་ལ་གནས། །ཞེས་དང། ཡང་མདོ་དེ་ཉིད་ལས། གཟུགས་རྣམས་དང་ནི་ཡུལ་རྣམས་ཀྱི ཐུབ་པ་རྣལ་འབྱོར་མཁས་པའི་སྣོད། །གཟུགས་ཀྱི་རྣམ་པ་སྣ་ཚོགས་ཀྱང། །སྟུག་པོའི་དཀྱིལ་ན་རྣམ་བཞུགས་ཤིང། །ཐམས་ཅད་རྣལ་འབྱོར་ཅན་གྱིས་བསྟན། །ཞེས་དང། ལོངས་སྤྲུལ་གཉིས་ཀྱིས་ཐུན་མོང་དུ་གསུངས་ཚུལ་ཡང། མདོ་དེ་ཉིད་ལས། ཚུལ་གྱི་གཙུག་ལག་སྟོན་པར་ཡང། །ཅི་བཞིན་རིགས་པར་རབ་སྟོན་ཅིང། །ཞེས་དང། འཁོར་བྱང་སེམས་རྐྱང་བ་མ་ཡིན་པར་རང་གི་སྤྲུལ་པའི་སངས་རྒྱས་ཀྱང་བཞུགས་པ་ནི། མདོ་དེ་ཉིད་ལས། དེ་དག་སྟུག་པོའི་ཞིང་གཤེགས་ན། །སངས་རྒྱས་སྤྲུལ་པ་བྱེ་བ་ཡིས། །རྟག་ཏུ་རྣལ་འབྱོར་མཉམ་པར་བཞག །སྤྲུལ་པ་དག་དང་ཐབས་གཅིག་རོལ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྐུའི་སྐབས་སུ། ཟླ་བ་བཞིན་དུ་འགྲོ་ལ་སྣང། །ཞེས་སོགས་ཀྱི་དོན་ཡོད་པའི་ཕྱིར་དང། དེ་སྤྲུལ་སྐུ་ལའང་སྦྱར་མི་རུང་བའི་ཕྱིར། གཟུགས་ཀྱི་རྣམ་པ་སྣ་ཚོགས་ཀྱང། །སྟུག་པོའི་དཀྱིལ་ན་རྣམ་བཞུགས་ཤིང། །ཞེས་གཟུགས་ཀྱི་རྣམ་པ་སྣ་ཚོགས་ཀྱི་སྟུག་པོ་བཀོད་པའི་དཀྱིལ་འཁོར་གྱི་གཙོ་བོར་བཤད་པ་དེའི་ཕྱིར་དང། འོག་མིན་སྟུག་པོ་བཀོད་པའི་གཙོ་བོ་ལ་ལོངས་སྐུས་ཁྱབ་པའི་ཕྱིར་དང། དེ་བཞིན་དུ་འཁོར་རང་གི་སྤྲུལ་པ་དུ་མ་ཡོད་པའི་ཕྱིར་ཏེ། སྤྲུལ་པ་དག་དང་ཐབས་གཅིག་རོལ། །ཞེས་པའི་ཐབས་གཅིག་ཏུ་བཞུགས་ཚུལ་ཡོད་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། རྗེ་བཙུན་བྱམས་མགོན་གྱིས་ཀྱང། རྒྱན་སྟུག་པོ་བཀོད་པའི་མདོ་ལས་བཤད་པ་བཞིན་དུ་སྐུ་མ་ངེས་པ་སྣ་ཚོགས་སུ་འཆར་བ་ནོར་བུ་ཤེལ་སྒོང་ལྟ་བུ་དང། གསུང་དྲང་དོན་ངེས་དོན་སྣ་ཚོགས་སུ་གསུང་བ་སོགས་སྣ་ཚོགས་པ་རྣམ་པ་ལྔ་ཚང་བར་བཤད་པའི་ཕྱིར་ཏེ། རྒྱུད་བླ་མར། བརྗོད་སྟོན་མཛད་རྒྱུན་མི་འཆད་དང། །མངོན་པར་འདུ་བྱེད་མེད་པ་དང། །དེ་ཡི་ངོ་བོར་མིན་སྟོན་ལ། །འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ལུང་དེས་སྐུ་སྟོན་པ་སྣ་ཚོགས། གསུང་བརྗོད་པ་སྣ་ཚོགས། ཐུགས་རྒྱུན་མི་འཆད་པའི་མཛད་པ་སྣ་ཚོགས་སོགས་སྣ་ཚོགས་རྣམ་པ་ལྔ་བཤད་པའི་ཕྱིར། འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཅེས་པའི་དོན་འཆད་རྒྱུ་ཡོད་པའི་ཕྱིར་དང། དེ་ཡང་ཡིན་ཏེ། དེ་ལྟར་སྣ་ཚོགས་སྟོན་པ་དེས་ཀྱང་ཤེས་པའི་ཕྱིར་ཏེ། གདུལ་བྱའི་བསམ་པའི་དབང་གིས་སྐུ་སྣ་ཚོགས་གསུང་དྲང་ངེས་སྣ་ཚོགས་སུ་གསུངས་པའི་ཕྱིར་ཏེ། དེའི་རྗེས་དེ་མ་ཐག་ཏུ་རྒྱུད་བླ་མ་ལས། ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་སྣང་ལྟར དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང། །ཞེས་གསུངས་པའི་ཕྱིར། གསུང་གི་ཁྱད་ཆོས་ཀྱང་དེ་ལྟར་འཐད་དེ། རྒྱུད་བླ་མ་ལས། ཆོས་ཀྱི་རྔས་ནི་སྐུལ་བྱེད་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཁྱབ་བདག་ཅེས་པའི་དོན་ཡོད་པའི་ཕྱིར། རྩ་རྟགས་གསུམ་པ་ཡང་གྲུབ་སྟེ། ཐོགས་མེད་ཀྱིས་དེ་ལྟར་བཞེད་པ་གང་ཞིག །ཀླུ་སྒྲུབ་ཀྱིས་ཀྱང་དེ་ལྟར་བཞེད་པའི་ཕྱིར། དང་པོ་གྲུབ་སྟེ། ཐེག་བསྡུས་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཅིའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ཞེ་ན། རྒྱུ་དྲུག་གི་ཕྱིར་ཏེ། དེ་གཟུགས་ཀྱི་སྐུར་སྣང་བ་དང། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཚད་མེད་པ་དག་ན་ཐ་དད་པར་སྣང་བ་དང། མོས་པ་ཇི་ལྟ་བ་བཞིན་དུ་མཐོང་བས་མ་ངེས་པའི་ངོ་བོ་ཉིད་དུ་སྣང་བ་དང། གཞན་དང་གཞན་དུ་སྣང་བས་གཡོ་བའི་ངོ་བོ་ཉིད་དུ་སྣང་བ་དང། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་ལྷ་ལ་སོགས་པ་འཁོར་སྣ་ཚོགས་ཀྱིས་འདྲེས་པས་འདྲེས་པར་སྣང་བ་དང། ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་གཉིས་གནས་གྱུར་པ་མི་རིགས་པར་སྣང་བའི་ཕྱིར། ལོངས་སྤྱོད་པ་ཉིད་ངོ་བོ་ཉིད་ཀྱི་སྐུར་མི་རིགས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྐུ་གསུམ་ལ་བསྟོད་པ་ལས། རང་གི་འབྱོར་བ་འཇིག་རྟེན་འདས་པ་བསམ་གྱིས་མི་ཁྱབ་ལགས་མཛད་བརྒྱ་ཡི་འབྲས་བུ་ནི། །བློ་ཅན་རྣམས་ཀྱི་དགའ་བ་བསྐྱེད་ཕྱིར་འཁོར་གྱི་ནང་དུ་སྣ་ཚོགས་རྒྱས་པར་སྟོན་མཛད་ཅིང། །རྟག་ཏུ་དམ་པའི་ཆོས་ཀྱི་སྒྲ་སྐད་རྒྱ་ཆེན་འཇིག་རྟེན་ཀུན་ཏུ་འཕྲོ་བར་མཛད་པ་འོ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཆོས་ཀྱི་རྒྱལ་སྲིད་གནས་པ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྐང་པ་དང་པོས་འབྱོར་བ་འཇིག་རྟེན་ལས་འདས་པ་བསམ་གྱིས་མི་ཁྱབ་པ་ལེགས་པར་མཛད་པ་དེ་བསྟན། རྐང་པ་གཉིས་པས་འཁོར་གྱི་ནང་དུ་སྐུའི་མཛད་པ་སྣ་ཚོགས་སྟོན་པར་མཛད་ཚུལ་བཤད། གསུམ་པས་ཆོས་ཀྱི་སྒྲ་སྐད་ལྷའི་རྔ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་པར་གསུང་ཚུལ་བཤད། བཞི་པས་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་ཅིང་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་མཛད་པའི་སྒོ་ནས་བསྟོད་པའི་ཕྱིར་ཏེ། རྐང་པ་དང་པོས། རང་གི་འབྱོར་བ། ཞེས་དང། འཇིག་རྟེན་འདས་པ་བསམ་གྱིས་མི་ཁྱབ། ཅེས་དང། རྐང་པ་གཉིས་པས། འཁོར་གྱི་ནང་དུ་སྣ་ཚོགས་རྒྱས་པར། ཞེས་དང། རྐང་པ་གསུམ་པར། ཆོས་ཀྱི་སྒྲ་སྐད་རྒྱ་ཆེན་འཇིག་རྟེན་ཀུན་ཏུ་འཕྲོ། །ཞེས་དང། རྐང་པ་བཞི་པས་ལོངས་སྤྱོད་རྫོགས་དང། རྒྱལ་སྲིད། ཅེས་པ་རྣམས་ཀྱི་དོན་བཤད་ཚུལ་ཡོད་པའི་ཕྱིར། རྩ་རྟགས་བཞི་པ་གྲུབ་སྟེ། དབྱིག་གཉེན་གྱིས་ཀྱང་ལོངས་སྐུ་རྣམས་ཀྱི་འཁོར་དང། སངས་རྒྱས་ཀྱི་ཞིང་དང་མཚན་དང། སྐུ་དང་ཆོས་ལ་རྫོགས་པར་ལོངས་སྤྱོད་ཚུལ་དང་མཛད་པ་དག་མི་འདྲ་བ་སོ་སོ་བར་བཤད་པའི་ཕྱིར། ཁྱབ་སྟེ། ངེས་པ་ལྔ་ལྡན་ཙམ་དུ་མཚུངས་ན་དེ་དག་ལ་ཁྱད་པར་ཐ་དད་འབྱེད་མི་ཐུབ་པའི་ཕྱིར་ཏེ། དེ་དག་ཀུན་ཆོས་དབྱིངས་ལ་མཉམ་པར་བཞག་པ་ཡང་མཚུངས་བདེན་པར་མེད་པ་ཡང་མཚུངས་པས། ངོ་བོ་ཉིད་སྐུ་དང་ཐུགས་ཡེ་ཤེས་ཆོས་སྐུའི་སྒོ་ནས་ཁྱད་པར་མ་བཤད་པའི་ཕྱིར་ཏེ། དེ་གཉིས་ཀྱི་སྒོ་ནས་ཁྱད་པར་མི་ཤོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། གོང་དུ་མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། མདོ་སྡེ་རྒྱན་གྱི་འགྲེལ་པ་ལས། དེ་ལ་ལོངས་སྤྱོད་རྫོགས་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་འཁོར་གྱི་དཀྱིལ་འཁོར་དང། སངས་རྒྱས་ཀྱི་ཞིང་དང། མཚན་དང། སྐུ་དང། ཆོས་ལ་ལོངས་སྤྱོད་རྫོགས་པ་དང། མཛད་པ་དག་གིས་ཐ་དད་པ་ཡིན་ནོ། །ཞེས་དང། དེར་མ་ཟད་དེའི་རྩ་བའི་མདོ་སྡེ་རྒྱན་ལས་ཀྱང། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང། །མཛད་པ་དག་གིས་ཐ་དད་དོ། །ཞེས་གསུངས་པའི་ཕྱིར། འདིས་ཆོག་མོད་ཀྱང་བློ་གསལ་རྣམས་ལ་ཕན་ཆེད་དུ་དེ་དག་ཕྱེ་ནས་ཅུང་ཟད་སྒྲུབ་ན།

    གཞན་ཡང། ཐེག་བསྡུས་ལས། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཚད་མེད་པ་དག་ན་ཐ་དད་སྣང་བ་དང། ཞེས་དང། མདོ་ལས། སྤྲུལ་པ་དག་དང་ཐབས་གཅིག་རོལ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། ལོངས་སྐུ་དེ་རང་གི་འཁོར་དུ་རང་དང་རྒྱུད་གཅིག་པའི་སྤྲུལ་པ་མང་པོ་དང་ཐབས་གཅིག་ཏུ་བཞུགས་པར་བསྟན་པ་མ་ཡིན་པའི་ཕྱིར་ཏེ། དེའི་འཁོར་དུ་གྱུར་པའི་དེ་དང་རྒྱུད་གཅིག་པའི་སྤྲུལ་སྐུ་དུ་མ་མེད་པའི་ཕྱིར་ཏེ། དེ་འཁོར་ངེས་པ་བྱང་སེམས་ཀྱིས་བསྐོར་བ་ཡིན་པའི་ཕྱིར། འཁོར་གསུམ་སོང། གཞན་ཡང། རྒྱུད་བླ་མ་ལས། སྣ་ཚོགས་ཆོས་ལ་རྫོགས་ལོངས་སྤྱོད ཅེས་པ་ནས། ཡིད་བཞིན་ནོར་བུའི་རྫུ་འཕྲུལ་གྱིས། །རྫོགས་པར་ལོངས་སྤྱོད་རྣམ་པར་གནས། །ཞེས་དང། ཐེག་བསྡུས་ལས། ལོངས་སྤྱོད་རྫོགས་པའི་སྐུ་ནི་གང་སངས་རྒྱས་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ཀྱི་རབ་ཏུ་ཕྱེ་བ་དང། ཆོས་ཀྱི་སྐུ་ལ་བརྟེན་པ་སྟེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་མྱོང་བར་མཛད་པའི་ཕྱིར་རོ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། ལོངས་སྐུ་དེ་སངས་རྒྱས་ཀྱི་འཁོར་སྣ་ཚོགས་ཀྱིས་བསྐོར་བ་དང། ཆོས་སྐུ་ལ་བརྟེན་པ་དང་ཐེག་པ་ཆེན་པོའི་དྲང་དོན་ངེས་དོན་ལ་ལོངས་སྤྱོད་ཚུལ་མྱོང་བར་མཛད་པ་མ་ཡིན་པའི་ཕྱིར་ཏེ། དེའི་འཁོར་ན་སངས་རྒྱས་མེད་པའི་ཕྱིར། སོགས་སྔར་ལྟར་སྒྲུབ། གཞན་ཡང་ས་བཅུའི་རྗེས་ཐོབ་ས་བཅུའི་ཡོན་ཏན་ཕྲག་བཅུ་གཉིས་བརྒྱ་དང་སྟོང་སོགས་གོང་ནས་གོང་དུ་འཕེལ་བ་མ་ཡིན་པར་ཐལ། ས་དང་པོ་བ་དེས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནས་ས་བཅུ་པ་བ་དེས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་གྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པ་བཅུ་གཉིས་ཐོབ་པ་མ་ཡིན་པའི་ཕྱིར་ཏེ། དེས་རང་གི་ལུས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་གྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པར་མཛད་ནས་དེ་རེ་རེ་ལའང་འཁོར་རྡུལ་དེ་སྙེད་ཀྱི་གྲངས་དང་མཉམ་པར་སྤྲུལ་པར་བྱས་པ་མ་ཡིན་པའི་ཕྱིར། དེར་ཐལ། རྒྱུན་མཐའི་བར་ཆད་མེད་ལམ་གྱི་སྦྱོར་བ་ལ་གནས་པའི་འོག་མིན་གྱི་རྟེན་ཅན་གྱི་བྱང་སེམས་དེ་ལ་རྡུལ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་འཁོར་གྱིས་བསྐོར་བ་མ་ཡིན་པའི་ཕྱིར། དེར་ཐལ། རྒྱུན་མཐའི་བར་ཆད་མེད་ལམ་པ་ལ་རང་དུས་སུ་དེ་ལྟར་བསྐོར་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེའི་རང་དུས་སྐད་ཅིག་གཉིས་པ་ལ་གཙོ་བོ་དེ་ལོངས་སྐུ་དང་རང་གིི་སྤྲུལ་པའི་འཁོར་རྣམས་སྤྲུལ་སྐུར་འགྱུར་པ་མ་ཡིན་པའི་ཕྱིར་ཏེ། ལོངས་སྐུའི་འཁོར་དུ་གྱུར་པའི་རང་གི་སྤྲུལ་སྐུ་མེད་པའི་ཕྱིར། ཞེས་སོགས་སྔར་བཞིན། བྱས་པ་ལ་ཁོ་ན་རེ། རང་དང་རྒྱུད་ཐ་དད་པའི་འཁོར་ལ་བློ་རྩེ་གཏད་ཟེར་ན། འོ་ན། རྒྱན་སྟུག་པོ་བཀོད་པའི་མདོ་ལས། དུས་རྣམས་བཞི་པོ་ཐམས་ཅད་དུ། །སངས་རྒྱས་རྣམས་ཀྱི་དུས་དུས་ལ། །སྟུག་ན་བཞུགས་པའི་དུས་སྤྲུལ་ཏེ། །རྣམ་པར་དབྱེ་བ་རབ་ཏུ་མཛད། །ཅེས་པ་ནས། དེ་བཞིན་གཤེགས་པ་རྣམས་དག་གིས། །རྣམ་གྲོལ་རྣལ་འབྱོར་ཅན་རྣམས་དང། །དེ་ན་བཅོམ་ལྡན་ཐབས་གཅིག་བཞུགས། །སྟུག་པོའི་དཀྱིལ་བཞུགས་བསམ་གཏན་བཞུགས། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། དེ་བཞིན་གཤེགས་པ་མང་པོ་སྟུག་པོ་བཀོད་པའི་ལོངས་སྐུའི་འཁོར་དུ་བྱོན་ནས་ཐབས་གཅིག་ཏུ་བཞུགས་པ་མ་ཡིན་པའི་ཕྱིར་ཏེ། ལོངས་སྐུའི་འཁོར་དུ་བྱོན་ནས་རྣམ་པར་གྲོལ་པའི་འཁོར་བྱང་སེམས་དེ་དག་དང། དེ་ན་སྟེ་གནས་འོག་མིན་དེ་ན་བཅོམ་ལྡན་འདས་ལོངས་སྐུ་དེ་དག་དང་ཐབས་གཅིག་ཏུ་སྟུག་པོའི་དཀྱིལ་ན་བཞུགས་ཤིང་བསམ་གཏན་ལ་མཉམ་པར་བཞག་པའི་ཚུལ་གྱིས་བཞུགས་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་བཞིན་གཤེགས་པ་རྣམས། ཞེས་པ་དང། རྣལ་འབྱོར་ཅན་རྣམས། ཞེས་དང། བཅོམ་ལྡན་ཐབས་གཅིག་ཅེས་པ་རྣམས་ཀྱི་དོན་རེ་བཤད་རྒྱུ་ཡོད་པའི་ཕྱིར། མདོ་འདིའི་དོན་བཤད་པ་ལ། ཐེག་བསྡུས་ལས། གཟུགས་སྐུར་སྣང་བ་དང། ཞེས་སོགས་གསུངས་པའི་ཕྱིར་རོ། །ཐོགས་མེད་ཀྱི་ཐེག་བསྡུས་སུ་དེ་ལྟར་བཤད་པ་དེ་མདོ་འདི་དང་ཐེག་པ་ཆེན་པོ་ལ་དད་པ་སྒོམ་པའི་མདོ་ལང་གཤེགས་སོགས་ལ་བརྟེན་ནས་དེ་ལྟར་བཤད་པའི་ཕྱིར་ཏེ། འདིའི་བཤད་གཞི་བྱེད་པའི་མདོ་ཞིག་ཡོད་པའི་ཕྱིར་ཏེ། མདོ་ལས། བ་བླ་གསེར་དང་ཟླ་འོད་ཙམ་པ་ཀ་དང་རྨ་བྱའི་མགྲིན་པ་པདྨོ་དང། །ཞེས་པ་ནས་བཟུང་སྟེ། མཐོང་ངོ་ཉི་མ་སྟོང་ལྟར་ཤིན་ཏུ་རྣམ་པར་འབར་བའི་སྐུ། །ཞེས་དང། ཐེག་བསྡུས་ལས། མོས་པ་ཇི་ལྟ་བ་བཞིན་དུ་མཐོང་བས་མ་ངེས་པའི་ངོ་བོ་ཉིད་དུ་སྣང་བ་དང། ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། སྐུ་མདོག་ཀྱང་རེས་འགར་བ་བླ་དང་གསེར་སོགས་བཞིན་སེར་པོ་དང་ཟླ་འོད་ཙམ་པ་ཀ་ལྟ་བུའི་དཀར་པོ་དང་རྨ་བྱའི་མགྲིན་པ་ལྟ་བུའི་སྔོན་པོ་དང་པདྨོ་ལྟ་བུའི་དམར་པོ་སོགས་སུ་སྣང་བའི་སྐུའི་ཚད་ངེས་པ་མ་ཡིན་པའི་ཕྱིར་ཏེ། སྐུ་ངེས་པ་སོགས་སུ་སྔར་ལྟར་རོ། །འདིས་གདུལ་བྱ་ལ་ལྟོས་པའི་ངེས་པ་ལྔ་ཡང་ཁེགས་སོ། །

    གཞན་ཡང། མདོ་ལས། ཐུབ་ཅན་ལ་ལས་རྣལ་འབྱོར་དབང་ལ་སྟུག་དབུས་ཆུ་སྐྱེ་རེ་རེར་བཞུགས་པར་མཐོང་ངོ་། །ཞེས་པ་ནས། ལ་ལས་ཇི་ལྟར་ནམ་མཁའ་རྒྱུ་བའི་ལམ་ལ་འཇའ་གཟུགས་བཞིན་དུ་ཐུབ་པ་མཐོང། ཞེས་པའི་བར་དང། དེ་བཞིན་དུ་ཐེག་བསྡུས་ལས། གཞན་དང་གཞན་དུ་སྣང་བས་གཡོ་བའི་ངོ་བོ་ཉིད་དུ་སྣང་བ་དང། ཞེས་པ་དང། རྗེ་བླ་མས། ཐེག་བསྡུས་ལྟར་ན་དེ་ལ་གནོད་བྱེད་ཀྱང་སྣང་བས། ཞེས་དང། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་སྐུ་གསུམ་ལ་བསྟོད་པར། བློ་ཅན་རྣམས་ཀྱི་དགའ་བ་སྐྱེད་ཕྱིར་འཁོར་གྱི་ནང་དུ་སྣ་ཚོགས་རྒྱས་པར་སྟོན་མཛད་པ། །ཞེས་པ་རྣམས་ཀྱི་ལུང་དོན་མ་གྲུབ་པར་ཐལ། ལོངས་སྐུ་དེ་གདུལ་བྱ་གཅིག་གིས་ཀྱང་རང་གི་མོས་པ་བཞིན་དུ་བཞེངས་བཞུགས་སྣ་ཚོགས་ཤིག་ཏུ་མཐོང་བ་མ་ཡིན་པའི་ཕྱིར། དེར་ཐལ། གདུལ་བྱ་ལ་ལྟོས་ཏེ་ཁྱོད་ཀྱི་ངེས་པ་ལྔ་ལྡན་དེའི་ཕྱིར། ཡང་ཁ་ཅིག་ན་རེ། འཁོར་ངེས་པ་བྱང་འཕགས་ཀྱིས་བསྐོར་ཞེས་པ་ནི་སེམས་ཅན་གཞིར་བཞག་ཟེར་ན། ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་ལྷ་ལ་སོགས་པ་འཁོར་སྣ་ཚོགས་དང་འདྲེས་པས་འདྲེས་པར་སྣང་བ་དང། ཞེས་དང། རྗེ་བླ་མས་ཐེག་བསྡུས་ལྟར་ན་དེ་ལ་གནོད་བྱེད་ཀྱང་སྣང་བས། ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། འདིའི་འཁོར་དུ་གྱུར་པའི་བྱང་སེམས་ཉན་ཐོས་ལྷ་སོགས་མེད་པ་གང་ཞིག །དེ་ལས་གཞན་དུ་མི་རུང་བའི་ཕྱིར། དང་པོ་གྲུབ་སྟེ། འཁོར་ངེས་པ་བྱང་འཕགས་ཤ་སྟག་གིས་བསྐོར་བ་ཡིན་པའི་ཕྱིར། འཁོར་གསུམ་སོང། གཉིས་པ་གྲུབ་སྟེ། ཐེག་པ་ཆེན་པོ་ལ་དད་པ་སྒོམ་པའི་མདོ་སོགས་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར། བྱས་པ་ལ་འགྲེལ་པ་ཚིག་གསལ་གྱི་གསུང་དང། བོད་ཁ་ཅིག་ན་རེ། དེ་འདྲའི་ལོངས་སྐུ་དེ་ལོངས་སྐུ་ཆུང་བ་ཡིན་ཟེར་བ་དང། སྤྲུལ་སྐུ་ཡིན་ཏེ། གཞན་དུ་ན་ལོངས་སྐུའི་འཁོར་དུ་འགྲོ་བའི་སྤྲུལ་སྐུ་དང་ཉན་ཐོས་ལྷ་ཀླུ་སོགས་མེད་པའི་ཕྱིར་དང། འོག་མིན་སྟུག་པོ་བཀོད་པར་སྐྱེས་པའི་དེ་དག་མེད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། སྟུག་པོ་བཀོད་པའི་མདོ་ལས། འོག་མིན་ཚངས་པ་ཐོར་ཚུགས་ཅན། །ཞེས་པ་ནས། གལ་ཏེ་ཡང་ན་ཐུབ་པ་སྟེ རྣལ་འབྱོར་མངའ་བ་ལྷའི་ཡང་ལྷའི། །མཐུ་ཡིས་རྣལ་འབྱོར་མཁྱེན་རྣམས་ཀྱིས། །ཕོ་བྲང་སྟུག་པོ་དེར་འགྲོ་འམ། །ཞེས་པའི་བར་གྱི་ཚངས་པ་ཆེན་པོ་གནས་གཙང་མར་ལྟད་མོ་ལྟ་ཕྱིར་དུ་སངས་རྒྱས་ཀྱི་མཐུས་འགྲོའམ་རང་མཐུས་འགྲོ །ཞེས་བཤད་པའི་ལན་དུ། དེ་ཡི་ཕྱིར་ན་དེ་འགྲོ་བ། །ཞེས་སོགས་ཀྱིས་ཚངས་པ་ཆེན་པོ་སོགས་ཀྱང་རང་མཐུས་འགྲོ་མི་ཐུབ་པར་བཤད་ཀྱང། རྣལ་འབྱོར་མངའ་བ་ལྷའི་ཡང་ལྷའི། །མཐུ་ཡིས་རྣལ་འབྱོར་མཁྱེན་རྣམས་ཀྱིས། །ཕོ་བྲང་སྟུག་པོ་དེར་འགྲོ་འམ། །ཐུབ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་འདིས་སངས་རྒྱས་ཀྱི་མཐུས་ཀྱང་དེར་འགྲོ་བ་ཞིག་བཤད་པའི་ཕྱིར་ཏེ། སངས་རྒྱས་ཀྱི་མཐུས་འགྲོའམ་ཞེས་དྲིས་པ་ལ་དགོས་པ་ཞིག་ཡོད་པའི་ཕྱིར་ཏེ། སངས་རྒྱས་ཀྱི་མཐུས་གང་ཟག་དེ་དག་ལྟ་ཅི་སྨོས། སངས་རྒྱས་ཀྱི་མཐུས་ཁམས་གསུམ་པོ་ཐམས་ཅད་ཀྱང་བ་སྤུའི་ཁུང་བུ་རེ་རེར་མངོན་སུམ་དུ་འགོད་ཐུབ་པའི་ཕྱིར། ཐེག་བསྡུས་ཀྱི་གཞུང་དེ་དག་གིས་སྤྲུལ་སྐུ་བསྟན་པ་ཡིན་ཟེར་བའང་མི་འཐད་པར་ཐལ། གཞུང་དེ་དག་གིས་ལོངས་སྐུ་ཟུར་དུ་བསྟན་པའི་ཕྱིར་ཏེ། ཐེག་བསྡུས་ཀྱི་གཞུང་དེ་ལོངས་སྐུ་འཆད་བྱེད་གང་ཞིག །ཁྱད་པར་ཆུང་ངུ་ཀུན་གཞི་འདོད་མི་འདོད་དང་དབུ་སེམས་ཀྱི་ལྟ་བའི་ཁྱད་པར་མ་གཏོགས་རྒྱ་ཆེ་བའི་སྐོར་ཐོགས་མེད་བཞིན་དུ་འཆད་དགོས་པའི་ཕྱིར། གཉིས་པ་སླ། དང་པོ་གྲུབ་སྟེ། ཐེག་བསྡུས་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཅིའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ཞེ་ན། རྒྱུ་དྲུག་གི་ཕྱིར་ཏེ། ཞེས་སོགས་ཀྱི་ངོ་བོ་ཉིད་སྐུ་དང་ལོངས་སྐུ་རྒྱུ་དྲུག་གི་ཁྱད་པར་དུ་བཤད་པའི་ཕྱིར་ཏེ། དེའི་རྗེས་སུ་སྤྲུལ་སྐུ་དང་ངོ་བོ་ཉིད་སྐུའི་ཁྱད་པར་རྒྱུ་བརྒྱད་ཀྱིས་བཤད་པའི་ཕྱིར། དེ་མ་ཐག་ཐེག་བསྡུས་ལས། སྤྲུལ་བའི་སྐུ་ཅིའི་ཕྱིར་ངོ་བོ་ཉིད་སྐུ་མ་ཡིན་ཞེ་ན་རྒྱུ་བརྒྱད་ཀྱི་ཕྱིར། ཞེས་སོགས་གསུངས་པའི་ཕྱིར་ཏེ། འདིས་དེ་ལྟར་མ་བཤད་ན་ཐེག་བསྡུས་སུ་ལོངས་སྐུ་ངོ་བོ་ཉིད་སྐུ་ལས་ཟུར་དུ་འབྱེད་པའི་བཤད་པ་མེད་པར་འགྱུར་བའི་ཕྱིར་དང། ཐེག་བསྡུས་ཀྱིས་ཐེག་ཆེན་གྱི་འཐོབ་བྱའི་གཙོ་བོ་གཟུགས་སྐུ་ཚང་བར་མ་བསྟན་པར་འགྱུར་ན་དེ་ཡང་མི་རུང་སྟེ། ཐེག་ཆེན་གྱི་གཞི་ལམ་འབྲས་གསུམ་བསྟན་བྱའི་གཙོ་བོ་ཡིན་པའི་ཕྱིར་ཏེ། ཐེག་བསྡུས་ལས། ཤེས་བྱའི་མཚན་ཉིད་གནས་དང་དེར་འཇུག་དང། །ཞེས་སོགས་གསུངས་པའི་ཕྱིར། ཁ་ཅིག །ལོངས་སྐུའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་ཡིན་ཟེར་ན། མཁས་པ་ཁ་ཅིག་ན་རེ། འོ་ན། དེའི་འཁོར་གྱི་བྱང་སེམས་འཕགས་པ་ལའང་རྣམ་ཤེས་གཅིག་འཇོག་ཐུབ་པར་ཐལ། ངེས་པ་ལྔ་ལྡན་གྱི་གཙོ་བོ་ལའང་རྣམ་ཤེས་གཅིག་འཇོག་ཐུབ་པའི་ཕྱིར། རྟགས་ཁས། འདོད་ན། ལོངས་སྐུའི་རྣམ་ཤེས་ཀྱི་འཁོར་ལ་རྣམ་ཤེས་གཅིག་ཀྱང་འཇོག་ཐུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྣམ་ཤེས་ཀྱི་འཁོར་དུ་གྱུར་པའི་རྣམ་ཤེས་ཡོད་པར་ཐལ། འདོད་པའི་ཕྱིར འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་འཁོར་དུ་གྱུར་པའི་རྣམ་ཤེས་གཅིག་མེད་པར་ཐལ། བདག་མེད་ཡིན་པའི་ཕྱིར།

    གཞན་ཡང་དེའི་རྣམ་ཤེས་ཀྱི་འཁོར་ལ་སྒྲིབ་བཅས་ཀྱི་རྣམ་ཤེས་གཅིག་ཡོད་པར་ཐལ། སྒྲིབ་བཅས་ཀྱི་རྣམ་ཤེས་ཡིན་ན་དེའི་འཁོར་མ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། དེའི་འཁོར་སྒྲིབ་བཅས་ཀྱི་བྱང་སེམས་དུ་མ་ཡོད་པའི་ཕྱིར། རྟགས་སླ། ཁྱབ་སྟེ། སྒྲིབ་བཅས་ཀྱི་བྱང་སེམས་དེ་དག་གི་བཏགས་དོན་བཙལ་ནས་འཇོག་རྒྱུ་ཡོད་པའི་ཕྱིར། གསུངས་པར་འདིར་རུང། སྤྱིར་མི་རུང། ཡང་ཁ་གཅིག །ལོངས་སྐུའི་རྣམ་ཤེས་ལ་ངེས་པ་ལྔ་ཚང་བར་ཐལ། དེའི་རྟེན་གཟུགས་ཕུང་ལ་དེ་ཚང་བའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར། མཁས་པ་ཁ་ཅིག་འོ་ན། དེའི་རྣམ་ཤེས་ལ་སྐྲ་སྐྱེས་ཡོད་པར་ཐལ། དེའི་རྟེན་གཟུགས་སྐུ་ལ་དེའི་ཕྱིར། འདོད་ན། སེམས་ཅན་སྤུ་ཅན་གྱི་རྣམ་ཤེས་ལའང་སྤུ་སྐྱེས་པར་ཐལ། དེའི་གཟུགས་ལ་དེའི་ཕྱིར། འདོད་ན། ཤེས་པ་ལ་སྤུ་ཅན་གྱིས་ཁྱབ་པར་ཐལ་ལོ་ཟེར། ཁ་ཅིག །ལོངས་སྐུ་ལ་ངེས་པ་ལྔ་ལྡན་གཏན་ནས་མི་འཐད་ཟེར་ན། དེ་འཐད་པར་ཐལ། ལོངས་སྐུ་དེ་ངེས་པ་ལྔ་ལྡན་མཚན་ཉིད་ལྔ་ལྡན། ཡོན་ཏན་ལྔ་ལྡན་རྣམས་དང་ལྡན་པ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། ཆོས་སྐུ་ཐོབ་པའི་ཚེ་མཚན་ཉིད་ལྔ་ལྡན་དང། ཡོན་ཏན་ལྔ་ལྡན་དང། ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་ལ། ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། ལོངས་སྐུའི་འཁོར་གྱི་བྱང་སེམས་འཕགས་པ་ལ་བྱང་སེམས་ས་བཅུ་པ་འབའ་ཞིག་གིས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། ལོངས་སྐུའི་འཁོར་ལའང་ས་བཅུ་གའི་བྱང་སེམས་ཡོད་པའི་ཕྱིར་ཏེ། སློབ་དཔོན་འདིས་ཀྱང། རྒྱན་སྣང་ལས་ཀྱང། བྱང་ཆེན་ས་བཅུ་ལ་བཞུགས་པ་རྣམས། ཞེས་དང། གསེར་འཕྲེང་ལས། སློབ་དཔོན་གྱི་བཞེད་པ་ཡང་ས་བཅུ་ག་ལ་གནས་པ་ཡིན་ཟེར་ཞིང། ཤེར་སྒྲོན་གྲགས་ཆར་ཡང་དེ་ལྟར་རོ། །ཞེས་དང། སྐྱབས་འགྲོ་བདུན་ཅུ་པ་ལས་ཀྱང། ས་བཅུ་པ་ལ་གནས་རྣམས་ཀྱིས། །དེ་ལྟ་བུ་ཡི་སྐུར་གཟིགས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་.....བུ་ཊིཀ རང་སངས་རྒྱས་ཉན་ཐོས་སློབ་མི་སློབ་སེམས་ཅན་ཕལ་བ་རྣམས་ཀྱི་བསོད་ནམས་མ་ལུས་པ་བསྡོམས་པ་བཅུ་འགྱུར་གྱིས་ཐུབ་པའི་བ་སྤུུ་གསེར་མདོག་གི་བུ་ག་གཅིག་འགྲུབ། དེ་བཞིན་དུ་བ་སྤུའི་བུ་ག་མ་ལུས་པའི་བསོད་ནམས་བརྒྱ་འགྱུར་གྱིས་དཔེ་བྱད་བཟང་པོ་གཅིག་འགྲུབ། དཔེ་བྱད་བརྒྱད་ཅུའི་བསོད་ནམས་བརྒྱ་འགྱུར་གྱིས་སྐྱེས་བུ་ཆེན་པོའི་མཚན་བཟང་གཅིག་འགྲུབ། འཆད་འགྱུར་མ་ཡིན་པའི་མཚན་གཞན་ཚོའི་བསོད་ནམས་སྟོང་འགྱུར་གྱིས་མཛོད་སྤུ་གཡས་འཁྱིལ་འགྲུབ། དེའི་བསོད་ནམས་སྟོང་འགྱུར་གྱིས་སངས་རྒྱས་ཀྱི་གཙུག་ཏོར་འགྲུབ། དེའི་བསོད་ནམས་གྲངས་མེད་བཅུས་སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་འགྲུབ་སྟེ། རིན་ཆེན་འཕྲེང་བ་ལས། རང་སངས་རྒྱས་ཀུན་ལས་བྱུང་དང། །སློབ་དང་མི་སློབ་ལས་བྱུང་དང། །ཞེས་པ་ནས། ཡན་ལག་དྲུག་ཅུ་སྐྱེས་པའི་མཆོག །ཅེས་པའི་བར་གསུངས་ཟེར་ན། འོ་ན། དེ་ལྟར་ཁས་ལེན་པ་དེ་རིན་ཆེན་འཕྲེང་བའི་དགོངས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་མཚན་དཔེ་རྣམས་ཀྱི་རྒྱུ་བསོད་ནམས་ཀྱི་ཚད་འཛིན་རྒྱུ་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། གདུལ་བྱ་གཞུག་ཆེད་དུ་དེའི་ཚད་གདུལ་བྱའི་བློ་ངོར་བཟུང་བ་ཙམ་ཡིན་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བའི་དར་ཊཱིཀ་ལས། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་འགྲུབ་པའི་བསོད་ནམས་ཚད་མེད་ཀྱང་ཇི་ལྟར་འཇིག་རྟེན་པའི་བསོད་ནམས་ཕྱོགས་བཅུར་སྒྲེས་པ་མ་ལུས་པ་བརྗོད་པ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཚད་གཟུང་བར་མི་ནུས་ཀྱང་གདུལ་བྱའི་བསམ་ངོར་གདུལ་བྱ་གཞུག་པའི་ཆེད་དུ་ཚད་དང་ལྡན་པར་བག་ཙམ་བརྗོད་པའོ། །ཞེས་གསུངས་པའི་ཕྱིར་དང། མདོ་འཇུག་པ་སོགས་དུ་མ་ལས་ཀྱང་ཐུབ་པའི་བ་སྤུའི་ཁུང་བུ་རེ་རེ་ཀྱང་བསོད་ནམས་ཀྱི་ཚད་གཟུང་མི་ནུས་པར་གསུངས་པའི་ཕྱིར། ཁ་ཅིག །མཚན་དཔེ་འདི་རྣམས་བསོད་ནམས་ཀྱི་ཚོགས་ཁོ་ནས་འགྲུབ་ཟེར་ན། འོ་ན། དེ་དག་ཚོགས་གཉིས་མཐར་ཕྱིན་པའི་འབྲས་བུ་མ་ཡིན་པར་ཐལ། དེ་བསོད་ནམས་ཀྱི་ཚོགས་ཁོ་ནས་འགྲུབ་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཚོགས་གཉིས་མཐར་ཕྱིན་པའི་གཟུགས་ཀྱི་སྐུ་ཡིན་པའི་ཕྱིར། ཡང་ཁ་ཅིག །ཚོགས་གཉིས་ཀྱི་ནང་ནས་བསོད་ནམས་ཀྱི་ཚོགས་ཁོ་ནའི་ལག་རྗེས་ལས་བྱུང་ཟེར་ན། དེ་མི་འཐད་པར་ཐལ། མཚན་དཔེ་རེ་རེ་ལའང་ཕར་ཕྱིན་དྲུག་ཀའི་ལག་རྗེས་ཡོད་པའི་ཕྱིར་ཏེ། དཔེར་ན་ཐུབ་པའི་མཛོད་སྤུ་གཡས་འཁྱིལ་གྱི་ཁ་དོག་དཀར་བ་དང། གཡས་སུ་འཁྱིལ་བ་དང། སྦ་ཞིང་སྟེ་མཛེས་ཤིང་ཟིལ་གྱིས་མི་ནོན་པ་དང། རིང་བར་གནས་པ་དང། ཤིན་ཏུ་འཁྱིལ་བ་དང། འོད་མཐའ་ཡས་པ་དྲུག་ནི་རིམ་པ་བཞིན་དུ་ཕྱིན་དྲུག་གི་ལག་རྗེས་ཡིན་པའི་ཕྱིར་ཏེ། མདོ་སྡེ་བསྐལ་བཟང་ལས། སྨིན་མཚམས་ཀྱི་མཛོད་སྤུ་བ་མོ་དང་དུང་དང་ཀུན་ཏ་ལྟར་དཀར་བ་ནི་སྦྱིན་པའི་འབྲས་བུའོ། །གཡས་སུ་འཁྱིལ་བ་ནི་ཚུལ་ཁྲིམས་ཀྱི་འབྲས་བུའོ། །སྦ་ཞིང་ཟིལ་གྱིས་མི་ནོན་པ་ནི་བཟོད་པའི་འབྲས་བུའོ། །རིང་བར་གནས་པ་ནི་བརྩོན་འགྲུས་ཀྱི་འབྲས་བུའོ། །ཤིན་ཏུ་འཁྱིལ་བ་ནི་བསམ་གཏན་གྱི་འབྲས་བུའོ འོད་མཐའ་ཡས་པས་ཁྱབ་པ་ནི་ཤེས་རབ་ཀྱི་འབྲས་བུའོ། །ཞེས་སོགས་གསུངས་པའི་ཕྱིར།

    གཞན་ཡང། རྒྱུད་བླ་མ་ལས། ཇི་ལྟར་རི་མོ་བྲི་བྱེད་པ། །གཞན་དང་གཞན་ལ་མཁས་པ་དག །ཅེས་པ་ནས། གཅིག་གཅིག་ཡུལ་གཞན་སོང་གྱུར་པ། །དེ་ནི་ཡུལ་གཞན་སོང་བས་ན། །དེ་མ་ཚང་ཕྱིར་རི་མོ་དེ། །ཡན་ལག་ཐམས་ཅད་ཡོངས་རྫོགས་པར། །མི་འགྱུར་བཞིན་ཞེས་དཔེར་བྱས་སོ། །དེ་རྣམས་འབྲི་བྱེད་གང་ཡིན་པ། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཅེས་པའི་བར་གསུངས་པ་མི་འཐད་པར་ཐལ། དཔེར་ན་འཁོར་ལོས་བསྒྱུར་པའི་གཟུགས་འབྲི་བའི་ཚེ། ལ་ལ་དབུ་འབྲི་ཤེས་པ། ལ་ལ་ཕྱག་ཞབས་སོགས་འབྲི་ཤེས་པ་དྲུག་ཚོགས་པའི་ཚེ་དེའི་གཅིག་མ་ཚང་ན་འཁོར་བསྒྱུར་གྱི་གཟུགས་རྫོགས་པར་མི་འགྲུབ་པ་བཞིན་དུ་ཕར་ཕྱིན་དྲུག་པོ་གཅིག་མ་ཚང་ན་སངས་རྒྱས་ཀྱི་གཟུགས་སྐུ་མི་འགྲུབ་པར་བསྟན་པ་མ་ཡིན་པའི་ཕྱིར་ཏེ། མཚན་དཔེ་རེ་རེ་ལ་དེའི་ཕྱིར། ཡང་ཁ་ཅིག །མཚན་དཔེ་དེ་དག་ལ་ཚོགས་ཀྱི་རྒྱུ་གཙོ་ཆེ་ཆུང་སྔར་ལྟར་ཡོད་ཟེར་ན། འོ་ན། མདོ་སྡུད་པ་ལས། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་དང། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་བཤད་པ་མི་འཐད་པར་ཐལ། སློབ་པའི་སྦྱིན་སོགས། ཕར་ཕྱིན་རྣམས་སངས་རྒྱས་ཀྱི་རྒྱུར་གྱུར་པ་དེ་ཡང་ཤེས་རབ་ལ་རག་ལས་པ་མ་ཡིན་པའི་ཕྱིར་ཏེ། མཚན་དཔེ་རྣམས་འགྲུབ་པ་ལ་ཚོགས་གཉིས་གལ་ཆེ་མཉམ་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། ཁ་ཅིག །ཐུབ་པའི་པགས་པ་གསེར་མདོག་ཟེར། ལ་ལས་ཐུབ་པ་རྣམས་ཀྱི་རང་མདོག་སེར་པོ་ཡིན་ཡང་གདུལ་བྱའི་དབང་གིས་སྔོན་པོ་སོགས་སུ་སྣང་བ་ཡིན་ཟེར་ན། འོལ་ཚོད་དེ་དག་མི་འཐད་དེ། དང་པོ་ལ་འོ་ན། ཐུབ་པའི་པགས་པ་གསེར་མདོག་ཆོས་ཅན། ཁ་དོག་ཡིན་པར་ཐལ། སེར་པོ་ཡིན་པའི་ཕྱིར། འཁོར་གསུམ་དང། འདོད་ན། དེ་ཆོས་ཅན། ཁ་དོག་མ་ཡིན་པར་ཐལ། རེག་བྱའི་སྐྱེ་མཆེད་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། ཁྱབ་སྟེ། པགས་པ་གསེར་མདོག་པགས་པ་ཡིན་པའི་ཕྱིར། དེར་ཐལ། ཨུཏྤལ་སྔོན་པོ་ཨུཏྤལ་ཡིན་པའི་ཕྱིར་ཏེ། ཨུཏྤལ་ལ་དབྱེ་བ་གསུམ་མདོར་བཤད་པའི་ཕྱིར། གཉིས་པ་ལ་ཡང་གཟོབ་དེ་མི་འཐད་པར་ཐལ། སངས་རྒྱས་ཀྱི་རང་མདོག་སེར་པོ་ཡིན་ལ་གདུལ་བྱ་ལ་སྔོན་པོར་སྣང་ཚུལ་མེད་པའི་ཕྱིར་ཏེ། སངས་རྒྱས་དེའི་རང་གི་མདོག་ཁྱོད་ཀྱི་གཟོབ་བཞིན་དུ་སྦེད་པའང་མ་ཡིན། དེ་གདུལ་བྱ་ལ་མི་སྣང་བའི་སྨོན་ལམ་བཏབ་པའང་མ་ཡིན། གཞན་མི་སྣང་བའི་རྒྱུ་མཚན་མེད་པའི་ཕྱིར་དང། དེའི་རང་མདོག་ཅན་གྱི་གཟུགས་སྐུ་དེ་ལ་གཞན་དོན་གཟུགས་སྐུ་ཞེས་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། ཁ་ཅིག །སྐུ་ནི་ནྱ་གྲོ་ད་ལྟར་ཆུ་ཞིང་གབ། །ཅེས་པའི་ནྱ་གྲོ་ད་དེ་ཤིང་ནྱ་གྲོ་ད་ཁོ་ན་ལ་བྱེད་ཟེར་ན། དེ་ཤིང་ཁོ་ན་ལ་བྱེད་པ་མི་འཐད་པར་ཐལ། སྐུའི་སྟོད་སྨད་མཉམ་པ་ལ་ཡང་ནྱ་གྲོ་ད་ཟེར་འདོམ་ལ་ཡང་ནྱ་གྲོ་ད་ཟེར། ཤིང་ལ་ཡང་སྦྱར་ནས་བཤད་ཆོག་པའི་ཕྱིར། དང་པོ་གྲུབ་སྟེ། ཐུབ་པ་དགོངས་རྒྱན་ལས། ནྱ་གྲོ་ནི་དམའ་བ་སྟེ་སྐུ་སྨད་དོ། །ད་ནི་མཉམ་པ་སྟེ་ལྟེ་བ་ནས་བཟུང་ནས་སྐུ་སྨད་དང་སྐུ་སྟོད་ཚད་མཉམ་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ཉིད་ལས། ཡང་ན་འདོམ་ནི་ནྱ་གྲོ་ད་སྟེ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། གསེར་འཕྲེང་ལས། ཤིང་ནྱ་གྲོ་ད་ལྟར་ཆུ་ཞིང་གབ་པ་ནི། ཞེས་དང། འོན་ཀྱང་མདོ་དང་ཉི་སྣང་གི་དགོངས་པ་སྔ་མའོ། །ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག །མཛོད་ལས། གང་ནས་མཚན་གྱི་ལས་བྱེད་པ ཞེས་གསུངས་པ་ལྟར་བསྐལ་ཆེན་གྲངས་མེད་གསུམ་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་དེ་རྗེས་བསྐལ་བ་བརྒྱར་མཚན་དཔེའི་རྒྱུར་ཚོགས་གཉིས་རྫོགས་པར་བྱེད་ཟེར་ན། འོ་ན། དེ་འདྲའི་བསྐལ་བ་བརྒྱའི་སྔ་རོལ་ནས་བླ་མ་བསུ་སྐྱེལ་སོགས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱས་པར་ཐལ། ཐེག་ཆེན་རིགས་ངེས་ཀྱི་དབང་དུ་བྱས་པའི་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་གཉིས་རྫོགས་པའི་ཕྱིར། རྟགས་ཁས། འདོད་ན། དེ་དུས་ནས་མཚན་དཔེ་རྫོགས་གསལ་འབྱུང་བ་ལ་སླར་ཚོགས་གཉིས་བསགས་མི་དགོས་པར་ཐལ། བླ་མ་བསུ་སྐྱེལ་སོགས་ཀྱི་ཚོགས་རྫོགས་པའི་གང་ཟག་ཡིན་པའི་ཕྱིར། རྟགས་སོང། ཁྱབ་སྟེ། རྩ་བར། དེ་ལ་མཚན་ནི་གང་གང་གི །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། བླ་མ་བསུ་སྐྱེལ་སོགས་ཀྱི་ཚོགས་དེ་དང་དེ་རྫོགས་པ་ན་ཕྱག་ཞབས་འཁོར་ལོའི་མཚན་དཔེ་ལ་སོགས་པའི་མཚན་དེ་དང་དེ་འགྲུབ་པའི་ཕྱིར་ཏེ། དེ་དང་དེ་ནི་རབ་རྫོགས་པས། །ཞེས་སོགས་ཀྱི་ལུང་དོན་ཡོད་པའི་ཕྱིར། ཚིགས་བཅད་འདིའི་སྔ་འགྲེལ་ལས། རྒྱུ་གྲུབ་པས་མཚན་གྲུབ་བོ། །ཞེས་དང། མཚན་གང་གི་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་རབ་ཏུ་རྫོགས་པས་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་འབྱུང་ངོ་། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ངེས་པ་ལྔ་ལྡན་གྱི་ཆ་ནས་བཞག་པའི་གཟུགས་སྐུ་དེ། ལོངས་སྐུའི་མཚན་ཉིད་ཟེར་ན། འོ་ན། ལོངས་སྐུ་དེ་དུས་ངེས་པ་དང་གནས་ངེས་ཀྱི་ཆ་ནས་ཀྱང་འཇོག་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་ལོངས་སྤྱོད་རྫོགས་ཞེས་པའི་ཚིག་ཟུར་གྱི་ལོངས་སྤྱོད་དེ་ལ་འཇོག་པར་ཐལ་ལོ། །འདོད་མི་ནུས་ཏེ། ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད་རྫོགས་ཚུལ་གྱི་ཆ་ཁོ་ན་ལ་བཞག་འདུག་པའི་ཕྱིར། ཡང་ཁོ་ན་རེ། ངེས་པ་ལྔ་དང་མི་ལྡན་པའི་ཆ་ནས་སྤྲུལ་སྐུ་འཇོག་ཟེར་ན། འོ་ན། ངེས་པ་ལྔ་གང་ཡང་མེད་པའི་ཆ་ནས་དེ་འཇོག་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དགག་ཕྱོགས་ནས་འཇོག་རིགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཕྱོགས་ནས་འཇོག་པའི་ཕྱིར། གཞན་ཡང། དེ་ལྔ་མི་ལྡན་པའི་ཆ་ནས་དེ་འཇོག་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐུ་སྣ་ཚོགས་སུ་མི་སྟོན་པའི་ཆ་ནས་འཇོག་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་སྣ་ཚོགས་སུ་སྟོན་པའི་ཆ་ནས་འཇོག་པའི་ཕྱིར་ཏེ། བྱམས་པས། དཔག་མེད་བསམ་ཡས་སྤྲུལ་བ་ཡིས། །སེམས་ཅན་དོན་ཀུན་སྒྲུབ་པ་པོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ངེས་པ་ལྔ་ལྡན་གྱི་ལོངས་སྐུ་ཆུང་བ་དེ་ལོངས་སྐུ་ཡིན་ཟེར་ན། འོ་ན། དེ་དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་བཞུགས་པའི་སྐུ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སེམས་ཅན་སྨིན་པ་དང་ཆོས་ལ་བརྩོན་ཆེད་དང་སྤྲོ་བ་བསྐྱེད་པ་སོགས་དགོས་པ་ལྔའི་ཆེད་དུ་སྤྲུལ་བའི་སྐུ་གཏན་དུ་བཞུགས་པ་མི་བཞེད་པའི་ཕྱིར་ཏེ། ཐེག་བསྡུས་ལས། མཛད་པ་རྫོགས་པར་འགྱུར་བའི་ཕྱིར། །ཞི་བ་མི་འདོད་བཟློག་པའི་ཕྱིར། །སངས་རྒྱས་བརྙེས་པ་བཟློག་པའི་ཕྱིར། །སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། །སོ་སོ་རང་བརྩོན་བརྩམ་བྱའི་ཕྱིར། །མྱུར་དུ་ཡོངས་སུ་སྨིན་པའི་ཕྱིར། །སངས་རྒྱས་རྣམས་ནི་སྤྲུལ་བའི་སྐུ། །གཏན་དུ་བཞུགས་པར་མི་བཞེད་དོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་ངེས་པ་ལྷག་མ་རྣམས་ལའང་སྐྱོན་གཏོང་སླ། བྱས་པ་ལ་ཁོ་ན་རེ། འོ་ན། སྤྲུལ་སྐུ་ལ་རྒྱུན་ཆད་པ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཐེག་བསྡུས་ལས། ལ་ལར་རྫོགས་པར་བྱང་ཆུབ་སྟོན། །ལ་ལར་དེ་བཞིན་མྱ་ངན་འདས ནམ་ཡང་ཡོད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །ཞེས་གསུངས་པའི་ཕྱིར།

    གཉིས་པ་རང་ལུགས་ལ། ལོངས་སྐུའི་མཚན་ཉིད། དབྱེ་བ། སྒྲ་བཤད། གནས་སོགས་ཀྱི་ཁྱད་པར་བཤད་པ་དང་བཞི་ལས། དང་པོ་ནི། ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་ཆ་ནས་བཞག་པའི་གཟུགས་སྐུ་མཐར་ཐུག་དེ། ལོངས་སྐུའི་མཚན་ཉིད་ཡིན་ཏེ། ལོངས་སྐུའི་ཐུན་མོང་མ་ཡིན་པའི་མཚོན་བྱེད་ཀྱི་གཙོ་བོ་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པའི་ཆ་ནས་འཇོག་པ་ཡིན་པའི་ཕྱིར། རྩ་བར། མཚན་ནི་སུམ་ཅུ་རྩ་གཉིས་དང། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པའི་ཕྱིར།

    གཉིས་པ་དབྱེ་བ་ནི། ལོངས་སྐུ་ཆོས་ཅན། དབྱེ་ཚུལ་དུ་མ་ཡོད་དེ། སྒྲས་བརྗོད་རིགས་ཀྱི་དང་ལམ་བསྒྲོད་ཚུལ་གྱི་དང་འཁོར་ཞིང་སོགས་ཀྱི་ཁྱད་ཆོས་དྲུག་གི་སྒོ་ནས་དབྱེ་བ་དང་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བདག་རྐྱེན་མེ་ལོང་ལྟ་བུའི་ཡེ་ཤེས་སོགས་བཞི་ལ་ལོངས་སྐུར་བཏགས་པ་བཞི་དང་དེའི་བདག་རྐྱེན་ལས་བྱུང་བའི་ལོངས་སྤྱོད་རྫོགས་པའི་སྐུ་དངོས་གནས་གཉིས་ཡོད་པའི་ཕྱིར་ཏེ། བདག་རྐྱེན་མེ་ལོང་ལྟ་བུའི་ཡེ་ཤེས་སོགས་ལ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་པ་ནི། མདོ་སྡེ་རྒྱན་ལས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། །ཞེས་དང། ཙནྡྲ་གོ་མིས། དེ་དག་ལོངས་སྤྱོད་རྫོགས་སྐུ་ཉིད། །ཁ་ཅིག་མེ་ལོང་ཡེ་ཤེས་ཀྱང། །ལོངས་སྤྱོད་རྫོགས་པའི་སྐུ་རུ་རྟོགས། །དེ་ཡང་དེ་ལ་རྒྱུ་ཉིད་ཕྱིར། །ཉེ་བར་བཏགས། ཞེས་དང། བཙུན་པ་ངོ་བོ་ཉིད་མེད་པའི་ཊཱིཀྐ་ལས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཡིན་པའི་ཕྱིར། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་དང། གསེར་འཕྲེང་ལས། འདི་ལོངས་སྐུར་བཤད་པ་ནི་དེའི་རྒྱུ་ཡིན་པས་ངོ་བོ་ཉིད་མེད་པས་བཤད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་འདི་ནི་བདག་རྐྱེན་གྱི་སྒོ་ནས་བཏགས་པར་མ་ཟད། དེའི་དབང་ཤེས་ལ་ཡང་ཡུལ་ལ་རྫོགས་པར་ལོངས་སྤྱོད་ཅིང་སྐུ་ཡིན་པའི་ཆ་ནས་ལོངས་སྐུར་བཏགས་ཏེ། ཙནྡྲ་གོ་མིས། དབང་པོ་ལྔ་ཡི་རྣམ་ཤེས་གང། །དེ་ནི་ལོངས་སྤྱོད་རྫོགས་སྐུར་རོ། །ཞེས་གསུངས་པའི་ཕྱིར། རྟགས་ཟུར་གཉིས་པ་བདག་འབྲས་ལོངས་སྤྱོད་རྫོགས་པའི་སྐུ་དངོས་གནས་པ་ནི། རྩ་བར། མཚན་ནི་སུམ་ཅུ་རྩ་གཉིས། སོགས་དང། ཙནྡྲ་གོ་མིས། ཆོས་ལ་རྫོགས་ལོངས་སྤྱོད་སྟོན་ནི། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས ཆོས་ལ་རྫོགས་ལོངས་སྤྱོད་ཕྱིར་ཡང། །ཞེས་གསུངས་པའི་ཕྱིར། གཉིས་པ་ལམ་བསྒྲོད་ཚུལ་གྱི་སྒོ་ནས་དབྱེ་ན་གཉིས་སམ་གསུམ་ཡོད་དེ། ཐེག་དམན་གྱི་རྟོགས་པ་སྔོན་སོང་གི་ལོངས་སྐུ་དང། དང་པོ་ཉིད་ནས་ཐེག་ཆེན་རིགས་ངེས་པ་དང་རྒྱུད་གཅིག་པའི་ལོངས་སྐུ་དང་གཉིས་སམ་ཉན་རང་གི་རྟོགས་པ་སྔོན་སོང་གི་ལོངས་སྐུ་གཉིས་དང་གསུམ་ཡོད་པ་དེའི་ཕྱིར། གསུམ་པ་མི་འདྲ་བ་དྲུག་གི་དབྱེ་རྒྱུ་ཡོད་དེ། བྱང་ཆུབ་སེམས་དཔའ་རྣམ་གྲོལ་ཟླ་བ་དང། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལྟ་བུའི་བྱང་ཆུབ་སེམས་དཔེའི་འཁོར་ཐ་དད་པ་ཡོངས་སུ་སྡུད་པའི་དང། ཤེལ་དང་བཻཌཱུརྱ་ལ་སོགས་པ་ལས་གྲུབ་པའི་ཞིང་ཁམས་ཐ་དད་པའི་བར་དང། ལོངས་སྐུ་འོད་དཔག་མེད། ལོངས་སྐུ་རྣམ་སྣང་སོགས་མཚན་ཐ་དད་པའི་དང། སྐུའི་མདོག་དམར་བ་དང་དཀར་བ་སོགས་སམ་ཆུ་ཞིང་ཐ་དད་པའི་དང། ས་བཅུ་ལ་སོགས་པའི་ཐེག་པ་ཆེན་པོའི་ཆོས་ཐ་དད་པ་ལ་རྫོགས་པར་ལོངས་སྤྱོད་པའི་དང། འཁོར་གྱི་གདུལ་བྱའི་བསམ་པ་ལ་ལྟོས་པའི་མཛད་པ་ཐ་དད་པ་མི་འདྲ་བ་དྲུག་གི་སྒོ་ནས་མཐའ་ཡས་པ་དབྱེར་ཡོད་པའི་ཕྱིར། སངས་རྒྱས་དེ་དག་ལོངས་སྐུ་ཙམ་དང། གནས་འོག་མིན་ཙམ་དང། འཁོར་བྱང་འཕགས་ཙམ་ལྟ་བུར་མཚུངས་ཀྱང་སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་ཤུགས་སྦྱང་ཚུལ་གྱིས་ལོངས་སྐུ་དེ་དག་གི་སྐུ་མཚན་སོགས་ཀྱང་མི་འདྲ་བར་མ་ཟད། དཔེར་ན། ཞིང་ཁམས་གཅིག་པུ་ལ་ཡང་ཁ་དོག་མི་འདྲ་བར་བསམ་གྱིས་མི་ཁྱབ། དེ་བཞིན་དུ་དབྱིབས་བཀོད་པ་སོགས་ཀྱང་མི་འདྲ་བའི་ཕྱིར་ཏེ། སངས་རྒྱས་གཅིག་གི་སྨོན་ལམ་དང་འཕེན་པ་གང་བྱས་པ་དེ་སངས་རྒྱས་ཐམས་ཅད་ཀྱིས་དེ་ཁོ་ན་བྱེད་པ་མ་ཡིན་ཏེ། དེ་སྐད་དུ། མདོ་སྡེ་རྒྱན་ལས། ལོངས་སྤྱོད་རྫོགས་པའི་ཁམས་ཀུན་ཏུ། །ཞེས་དང། དེའི་འགྲེལ་པ་ལས། དེ་ལ་ལོངས་སྤྱོད་རྫོགས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་འཁོར་གྱི་དཀྱིལ་འཁོར་དང། ཞེས་སོགས་སྔར་བཤད་པ་དེའི་ཕྱིར། འདིས་ནི་ལོངས་སྐུ་གཅིག་གིས་ཀྱང་མཛད་པ་སྣ་ཚོགས་སྟོན་ཚུལ་ཡང་སྟོན། དེས་ན་ལོངས་སྐུ་ཐམས་ཅད་སངས་རྒྱས་པའི་ཞིང་ཁམས་འོག་མིན་དེ་ཡང་འཇིག་རྟེན་གྱི་ཁམས་གཅིག་གི་འོག་མིན་ནམ། སངས་རྒྱས་ཀྱི་ཞིང་ཁམས་གཅིག་གི་འོག་མིན་མ་ཡིན་ཏེ། ཕྱོགས་བཅུའི་རེ་རེའང་འཇིག་རྟེན་གྱི་ཁམས་འོག་མིན་མཐའ་ཡས་པ་དང། ཕྱོགས་བཅུའི་ལོངས་སྐུའི་ཞིང་མཐའ་ཡས་པ་ཡོད་པའི་ཕྱིར། འདིས་ནི་སངས་རྒྱས་ཀུན་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བ་འོག་མིན་གཅིག་ཁོ་ན་ཟེར་བ་ཡང་ལྷག་མ་མེད་པར་བསལ་ལོ། །གསུམ་པ་སྒྲ་བཤད་པ་ནི། ལོངས་སྐུ་རྣམ་སྣང་ཆོས་ཅན། ཁྱོད་ལ་ལོངས་སྐུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པ་དང། ཚོགས་གཉིས་བསགས་སྟོབས་ལས་བྱུང་བ་དང་ཡོན་ཏན་གྱི་རྟེན་བྱེད་པ་དང་ཆོས་རྣམས་སྒྲོག་པས་ན་སྐུ་ཞེས་བརྗོད་པ་ཡིན་པའི་ཕྱིར་ཏེ། རྗེ་བཙུན་བྱམས་པས་རྒྱུད་བླ་མ་ལས། སྣ་ཚོགས་ཆོས་ལ་རྫོགས་ལོངས་སྤྱོད། །ཅེས་དང། འདི་དེ་ཆོས་རྫོགས་ལོངས་སྤྱོད་པའི། །ཞེས་དང། མདོ་སྡེེ་རྒྱན་ལས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཅེས་དང། རྩ་བར། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཞེས་གསུངས་པའི་ཕྱིར།

    བཞི་པ་གནས་སོགས་ཀྱི་ཁྱད་པར་ལྔ་ཡོད་དེ། རྒྱུད་སྡེ་སྤྱི་རྣམ་ལྟར་ན་གནས་ངེས་པ་འོག་མིན་དཀྱུས་མའི་གོང་གི་འོག་མིན། སྐུ་ངེས་པ་མཚན་དཔེས་བརྒྱན་པ། རྩ་བའི་གདུལ་བྱའི་འཁོར་ངེས་པ་ས་བཅུ་གའི་བྱང་སེམས་འཕགས་པ། གདུལ་བྱའི་གཙོ་བོ་ལ་ལྟོས་ཏེ་ཆོས་ངེས་པ་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པ། དུས་ངེས་པ་འཁོར་བ་མ་སྟོང་གི་བར་དུ་བཞུགས་པ་རྣམས་ཡིན་པ་དེའི་ཕྱིར། རྒྱུད་སྡེ་སྤྱི་རྣམ་ལྟར་ནའང་དེ་ལྟར་བྱེད་དགོས་ཏེ་གཞན་རྣམས་སླ། ལོངས་སྐུའི་སྐུ་ལའང་རྫུ་འཕྲུལ་སོགས་ཀྱིས་ཁ་དོག་སོགས་མ་ངེས་ཀྱང་དཀྱུས་མའི་སྐུ་མཚན་དཔེས་བརྒྱན་པ་དེ་འགྱུར་མི་སྲིད། འཁོར་ཙམ་ལ་བྱང་འཕགས་སུ་མ་ངེས་ཀྱང་རྩ་བའི་གདུལ་བྱའི་འཁོར་ལ་ས་བཅུའི་བྱང་སེམས་སུ་ངེས། ཆོས་གསུངས་ཚུལ་མ་ངེས་ཀྱང་ཐེག་ཆེན་ལ་རྫོགས་པར་ལོངས་སྤྱོད་ཙམ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་སྐུ་ལུས་ཙམ་ལ་བཞུགས་པ་སོགས་གང་གིས་ཀྱང་མ་ངེས་པ་གང་ཞིག །དཀྱུས་མའི་སྐུ་མཚན་དཔེས་བརྒྱན་པ་དེ་འགྱུར་མི་སྲིད་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། དེའི་སྐུ་ལུས་ཁ་དོག་དབྱིབས་སོགས་མི་འདྲ་བའི་རྫུ་འཕྲུལ་སྟོན་བཞིན་པ་ཡིན་པའི་ཕྱིར་ཏེ། མདོ་དང་ཐེག་བསྡུས་རྒྱུད་བླ་མ་སོགས་དྲངས་པ་དེའི་ཕྱིར། གཉིས་པ་གྲུབ་སྟེ། དཀྱུས་མའི་སྐུ་དེ་ལྟར་བཞུགས་པ་འཁོར་བ་མ་སྟོང་བར་དུ་གདུལ་བྱའི་ཚད་མས་མཐོང་བའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དེའི་འཁོར་ཙམ་མ་ངེས་པར་མ་ཟད་གདུལ་བྱའི་འཁོར་ཡང་མ་ངེས་པ་གང་ཞིག །དཀྱུས་མའི་གདུལ་བྱ་ལ་བྱང་འཕགས་ཀྱིས་ཁྱབ་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། དེའི་འཁོར་ཙམ་ལ་རང་གི་སྤྲུལ་བའི་སྐུ་ཡང་ཡོད། རྒྱུད་ཐ་དད་ཀྱི་འཁོར་ལའང་སངས་རྒྱས་གཞན་གྱི་སྤྲུལ་སྐུ་ཡང་ཡོད། གདུལ་བྱ་ཙམ་ལ་ཡང་སྐབས་འགར་ལྷ་སོགས་དང་ཉན་ཐོས་སོགས་ཀྱང་ཡོད་སྲིད་པའི་ཕྱིར། རྟགས་ཟུར་དང་པོ་གཉིས་གྲུབ་སྟེ། དེ་འདྲ་བའི་སྤྲུལ་བ་མདོ་ལས་བཤད་པ་དེའི་ཕྱིར་དང། རིགས་པས་ཀྱང་བསྒྲུབས་ཟིན་པ་དེའི་ཕྱིར་དང། ཟུར་གསུམ་པ་ཡང་གྲུབ་སྟེ། སངས་རྒྱས་ཀྱི་རྫུ་འཕྲུལ་མཐའ་ཡས་པས་སྐབས་འགར་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རང་གི་བ་སྤུའི་ཁུང་བུར་འཇོག་ན་གདུལ་བྱ་ཙམ་ལྟ་ཅི་སྨོས་པའི་ཕྱིར་དང༌། བློར་མི་ཤོང་ཡང་སངས་རྒྱས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པར་བཤད་པའི་ཕྱིར་རོ། །

    བྱས་པ་ལ་ཁོ་ན་རེ། མདོ་བསྟན་བཅོས་གཞན་ནས་ལོངས་སྐུའི་འཁོར་བཤད་པའི་སྐབས་སུ་བྱང་འཕགས་བཤད་པ་མང་བ་ལས་ཉན་ཐོས་མ་བཤད་པ་མི་འཐད་པར་ཐལ། དེའི་འཁོར་ལ་ཉན་ཐོས་སྲིད་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། དེའི་འཁོར་དུ་སྐྱེས་པའི་ངན་འགྲོ་བ་སྲིད་པར་ཐལ། དེའི་འཁོར་དུ་ཀླུ་འོང་སྲིད་པའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར་ཡང། སངས་རྒྱས་ཀྱི་མཐུས་མི་འགལ་ཡང་རང་དབང་དུ་འོང་མི་ནུས། དེ་ནུས་པར་ཐལ། ཐེག་ཆེན་ལ་དད་པ་སྒོམ་པའི་མདོ་ལས་ལྷ་ཀླུ་སོགས་ཡོད་པར་བཤད་པའི་ཕྱིར་ན་འདིར་མ་ཁྱབ་སྟེ། དེ་ལྷ་ཀླུའི་རྣམ་པ་ཅན་གྱི་བྱང་འཕགས་ལ་དགོངས་ཞེས་བཤད་ཆོག་པའི་ཕྱིར། ཁོ་རང་ལ། འོ་ན། མདོ་བསྟན་བཅོས་མང་པོ་ནས་སྤྲུལ་སྐུ་ལས་དག་ཡན་ཆད་ཀྱི་སྤྱོད་ཡུལ་དུ་བཤད་པ་མི་འཐད་པར་ཐལ། དེ་སོ་སྐྱེ་ལས་མ་དག་པ་མང་པོས་ཀྱང་མཐོང་བའི་ཕྱིར་ཏེ། མཚམས་མེད་བྱས་པའི་ལྷས་སྦྱིན་ལེགས་སྐར་མུ་སྟེགས་ངན་པ་སྣོད་མིན་དུ་མས་མཐོང་བ་དང་བརྩད་པ་དེའི་ཕྱིར་ན་མ་ཁྱབ་སྟེ། གདུལ་བྱ་ཕལ་ཆེ་བ་ལ་དགོངས་པས་མཐའ་མ་བཀག་ཟེར་ན། འོ་ན། ལོངས་སྐུ་ལ་མཐའ་ཇི་ལྟར་འགོག་སོམས་ཤིག གོང་གི་རྟགས་གཉིས་པ་དེའི་འཁོར་དཀྱུས་མ་ལ་བྱང་འཕགས་ཀྱིས་ཁྱབ་སྟེ། ལོངས་སྐུའི་གནས་འོག་མིན་དུ་སྐྱེས་པའི་སེམས་ཅན་ལ་བྱང་འཕགས་མ་གཏོགས་པ་མི་སྲིད་པའི་ཕྱིར་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། དེ་ན་མུར་འདུག་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་བ་མེད་དོ། །ཞེས་གསུངས་པའི་ཕྱིར། མུར་འདུག་ནི་མུ་སྟེགས་པའོ། །གོང་གི་རྩ་རྟགས་གསུམ་པ་ཆོས་གསུངས་ཚུལ་ཙམ་མ་ངེས་ཀྱང་ཐེག་ཆེན་ལ་རྫོགས་པར་ལོངས་སྤྱོད་པར་ངེས་ཏེ། ཆོས་གསུངས་ཚུལ་མ་ངེས་པ་གང་ཞིག ཐེག་པ་ཆེན་པོའི་ཆོོས་ལ་རྫོགས་པར་ལོངས་སྤྱོད་པར་ངེས་པའི་ཕྱིར། རྟགས་གཉིས་པ་སླ། དང་པོ་གྲུབ་སྟེ། དེས་གདུལ་བྱ་གང་ལ་གང་འདུལ་གྱི་ཆོས་གསུང་དབྱངས་ཡན་ལག་དྲུག་ཅུ་སོགས་ཀྱིས་འཇིག་རྟེན་གྱི་ཁམས་ཁྱད་པར་ལྷའི་རྔ་བཞིན་སྟོན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དེ་བཞིན་ཁྱབ་བདག་འབད་སོགས་དང། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚིག་རྐང་དང་པོའི་ཁྱབ་བདག་ཅེས་པས་ལོངས་སྐུ་བསྟན། འབད་སོགས་དང་བྲལ་ཡང་ཞེས་པས་འབད་རྩོལ་མི་དགོས་པའི་མཛད་པ་ལྷུན་གྲུབ་དེ་བསྟན། འགྲོ་བ་མ་ལུས་པ་ཞེས་པས་གསུང་ཡུལ་གྱི་གདུལ་བྱ་བསྟན། སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་པས་སངས་རྒྱས་ཀྱི་གསུང་གིས་འཇིག་རྟེན་གྱི་ཁམས་ཀུན་ཁྱབ་ཀྱང་སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་མི་ཐོས་ལ། སྐལ་ལྡན་རྣམས་ལ་ཆོས་སྟོན་ཞིང་ཐོས་པར་བཤད་པའི་ཕྱིར། དེ་བཞིན་དུ་ཀླུ་སྒྲུབ་ཀྱིས་ཀྱང་སྐུ་གསུམ་ལ་བསྟོད་པའི་ནང་ནས་ལོངས་སྐུ་ལ་བསྟོད་པའི་སྐབས་ལས། རྟག་ཏུ་དམ་པའི་ཆོས་ཀྱི་སྒྲ་སྐད་རྒྱ་ཆེན་འཇིག་རྟེན་ཀུན་ཏུ་འཕྲོ་བར་མཛད་པ་པོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འཇིག་རྟེན་ཀུན་ཏུ་ཞེས་པའི་འཇིག་རྟེན་ཀུན་དེ་ཡོད་པའི་ཕྱིར། འོ་ན། རྒྱལ་ཚབ་ཀྱི་རྒྱུད་བླ་མ་དང་མངོན་རྟོགས་རྒྱན་གྱི་རྣམ་བཤད་དག་ལས་ངེས་པ་ལྔ་འདྲེན་ཚུལ་སྤྱི་རྣམ་དང་མཐུན་ནམ་སྙམ་ན། རྒྱུད་བླ་དར་ཊཱིཀ་ལས། དེས་སྐུ་སྟོན་པ་གསུང་རྒྱུན་མི་འཆད་པ། ངོ་བོ་ངེས་པ་དང། ལོངས་སྤྱོད་ངེས་པ་བསྟན་ནོ། །ཞེས་པ་སྐུ་སྟོན་པ་དང་གསུང་གཉིས་ངོ་བོ་ངེས་པ་དང་ལོངས་སྤྱོད་ངེས་པར་བསྟན་འདུག་པ་དེ་ལྟར་ན་འཁོར་དང་དུས་དང་གནས་ངེས་པ་བསྟན་ཏེ་ངེས་པ་ལྔ་འདྲེན་པར་མངོན། དེས་ན་ལོངས་སྐུ་ཆོས་ཅན། ཁྱོད་ཀྱི་གནས་སོགས་བཤད་དུ་ཡོད་དེ། དབང་ཕྱུག་ཆེན་པོའི་གནས་འོག་མིན་ནི་གནས་དང། རང་ཉིད་ལ་ཡོན་ཏན་གྱི་ཁྱད་པར་ལྔ་ཚང་བ། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་གྱིས་བསྐོར་བ། སྤྲུལ་བའི་སྐུ་མཐའ་ཡས་པ་སྤྲོ་བའི་ཁྱད་པར་རྣམས་དང་ལྡན་པའི་ཕྱིར། དང་པོ་གྲུབ་སྟེ། གཟུགས་ཁམས་གནས་རིགས་བཅུ་བདུན་ལས་བརྒལ་བའི་སྟེང་ན། དབང་ཕྱུག་ཆེན་པོའི་གནས་འོག་མིན་ཞེས་པ་གཞལ་ཡས་ཁང་ལྷ་དང་མི་ལས་འདས་པ་རྒྱན་ཁྲི་ཕུན་སུམ་ཚོགས་པ་རྒྱ་ཡོངས་སུ་མ་ཆད་པ་དེར་འཁོར་བྱང་ཆུབ་སེམས་དཔའ་དང་དུས་རྟག་ཏུ་བཞུགས་པ་ཡིན་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་ལས། གནས་གཙང་མ་རྣམས་ལས་འདས་པ་ན་དབང་ཕྱུག་ཆེན་པོའི་གནས་ཡོད་དེ། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་ཀྱིས། ས་བཅུ་ཡོངས་སུ་བསྒོམ་ནས་གང་དུ་སྐྱེའོ ཞེས་དང། དཔལ་ལྡན་ཟླ་བའི་སྐྱབས་གསུམ་བདུན་ཅུ་པ་ལས། འོག་མིན་གཞལ་ཡས་ཁང་དུ་ནི། །དེ་ཉིད་མངོན་སུམ་བྱ་བར་བཞེད། །ཅེས་དང། རྒྱན་སྟུག་པོ་བཀོད་པའི་མདོ་ལས། གཞལ་མེད་ཁང་གནས་གཞན་ལ་ཡང། །འོད་ཀྱི་དཀྱིལ་འཁོར་འཁོར་ལོ་དང། །མཚན་བཟང་རྣམ་པ་སྣ་ཚོགས་སུ། །ས་ལ་སྣ་ཚོགས་སྣང་བ་ནི། །མུར་འདུག་འདུས་པའི་དྲེགས་པ་སེལ། །ཞེས་དང། མདོ་སྡེ་འདིའི་གླེང་གཞིའི་ལེའུ་ལས་ཀྱང། བཞེངས་ནས་ཀྱང་ཕོ་བྲང་འཇའ་དང་གློག་གི་འོད་ཅན་རྒྱན་དང་ལྷབ་ལྷུབ་དུ་མས་བརྒྱན་ནས་མངོན་པར་བྱུང་སྟེ། ཟླ་བ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བའི་ཁང་སྟེང་དུ་གཤེགས་སོ། །གཤེགས་ནས་ཀྱང་སྟུག་པོའི་རིས་ཀྱིས་རྒྱན་སེང་གེའི་གདན་དམ་པ་ལ་བྱང་ཆུབ་སེམས་དཔའ་དང་ཐབས་གཅིག་ཏུ་བཞུགས་སོ། །ཞེས་གསུངས་པའི་ཕྱིར། འདིའི་འོག་མིན་དེ་གནས་རིགས་བཅུ་བདུན་གྱི་ནང་ཚན་གྱི་འོག་མིན་དུ་མི་སྦྱོར། གནས་རིགས་བཅོ་བརྒྱད་པར་འཇོག་པའི་རྒྱུ་མཚན་ཡོད་དེ། དཔེར་ན་གནས་རིགས་བཅུ་བདུན་འཇོག་པའི་རྒྱུ་མཚན་ནི་རྒྱུ་སྙོམས་འཇུག་དང་འབྲས་བུའི་ཚེ་བླ་འོག་གི་རིམ་པའི་སྒོ་ནས་འཇོག་པ་བཞིན་དུ། འདིར་ཡང་དེར་སྐྱེ་བའི་རྒྱུ་བསམ་གཏན་སྤེལ་སྒོམ་སོགས་ལས་འདས་པའི་ཚོགས་གཉིས་དང་སྨོན་ལམ་མཐའ་ཡས་པ་དང། དེའི་འབྲས་བུས་གནས་ཀྱང་གནས་གཞན་བཅུ་བདུན་ལས་བླ་འོག་གི་ཁྱད་པར་ཡང་གྲུབ་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། དང་པོ་རྒྱུ་དེ་ལྟར་གང་ཞིག །གནས་ལའང་བླ་འོག་གི་ཁྱད་པར་ཡོད་པས་བཅོ་བརྒྱད་པར་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། རྣལ་འབྱོར་སྤྱོད་བའི་ས་ལས། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་ཀྱིས་ས་བཅུ་ཡོངས་སུ་སྒོམ་ནས་གང་དུ་སྐྱེ་བའོ། །ཞེས་དང། སྐྱབས་འགྲོ་བདུན་ཅུ་པ་ལས། བསོད་ནམས་ཚོགས་ནི་དཔག་མེད་ལས། །བྱུང་བ་དེ་ནི་རྒྱལ་བའི་སྲས། །ས་བཅུ་ལ་ནི་གནས་རྣམས་ཀྱིས། །དེ་ལྟ་བུ་ཡི་སྐུར་གཟིགས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ས་སྡེ་ལས། གཟུགས་ཀྱི་ཁམས་ནི་གནས་གཞན་བཅོ་བརྒྱད་དེ། ཞེས་དང། གནས་གཙང་མ་རྣམས་ལས་འདས་པ་ན། དབང་ཕྱུག་ཆེན་པོའི་གནས་ཡོད་དེ། ཞེས་གསུངས་པའི་ཕྱིར། དེས་ན་དབུ་སེམས་ཀུན་འདི་ལྟར་མཐུན་པས་ན། མཛོད་ལས། ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས། ཞེས་གསུངས་པས་ཀྱང་མི་གནོད་དེ། དེས་ནི་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ལྷ་ལ་ཕོ་མོའི་དབང་པོ་མེད་པར་བསྟན་པ་ཙམ་ཡིན་པའི་ཕྱིར་ཏེ། དེའི་ལུགས་ལ་གཟུགས་ཁམས་ལ་གནས་རིགས་བཅུ་བདུན་གྱི་འོག་མིན་ལས་མཐོ་བའི་གཟུགས་ཁམས་མ་བཤད་ཅིང་མ་གྲགས་པའི་ཕྱིར་རོ། །

    གོང་གི་ཁྱད་པར་གཉིས་པ་ནི། ལོངས་སྐུ་ཆོས་ཅན། ཁྱོད་ལ་ཡོན་ཏན་གྱི་ཁྱད་པར་ལྔ་རྣམས་ཀྱི་ལྡན་ཚུལ་ཡོད་དེ། ཡོན་ཏན་ལྔ་ལྡན། མཚན་ཉིད་དང་གནས་གྱུར་ལྔ་ལྡན། དབང་ཐེབ་ལྔ་ལྡན་རྣམས་སོགས་དང་ལྡན་པའི་ཕྱིར། ཡོན་ཏན་གྱི་ཁྱད་པར་ལྔ་དང་ལྡན་དེ། མཚན་དཔེས་སྤྲས་པ་སོགས་ཀྱི་སྐུ་སྣ་ཚོགས་པར་སྟོན་པ་དང་དྲང་ངེས་ཀྱི་གསུང་སྣ་ཚོགས་པ་བརྗོད་པ་དང། ཐུགས་མཛད་པ་རྒྱུན་མི་འཆད་པ་དང། དེ་དག་ལ་རྟོག་པའི་ཀུན་སློང་མེད་པའི་ལྷུན་གྲུབ་དང། དེ་ལྟར་སྐུ་དང་གསུང་དང་མཛད་པ་དུ་མར་སྟོན་ཀྱང་བདེན་ཞིང་རང་བཞིན་དུ་མ་གྲུབ་པའམ། དེ་དང་དེའི་རང་བཞིན་དུ་མ་གྲུབ་ཀྱང་དེ་ལྟར་སྐུ་གསུང་མཛད་པ་སྣ་ཚོགས་སྟོན་པའི་སྣ་ཚོགས་པའི་ཡོན་ཏན་ལྔ་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། བརྗོད་སྟོན་མཛད་རྒྱུན་མི་འཆད་དང། །ཞེས་སོགས་དང། ལེགས་བཤད་གསེར་འཕྲེང་ལས། ཁྱད་པར་ལྔ་དང་ལྡན་པ་སྟེ། སྐུ་སྟོན་པ་དང་གསུང་བརྗོད་པ་དང་ཐུགས་མཛད་པ་རྒྱུན་མི་འཆད་པ་དང། དེ་དག་ལ་ཀུན་ཏུ་རྟོག་པའི་འདུ་བྱེད་མེད་པ་དང། དུ་མར་སྟོན་ཀྱང་དེ་ལྟར་མེད་པ་སྟེ། ཞེས་གསུངས་པའི་ཕྱིར། ལོངས་སྐུ་ཆོས་ཅན། སྐུ་སྣ་ཚོགས་པར་སྟོན་པ་དང། དེ་བཞིན་དུ་གསུང་དྲང་ངེས་སྣ་ཚོགས་གསུངས་པའི་ཡོན་ཏན་གཉིས་དང་ལྡན་ཏེ། སྐུ་སྔར་བཤད་པ་ལྟར་གང་ལ་གང་འདུལ་སྣ་ཚོགས་སྟོན་པ་དང། གསུང་ཡན་ལག་དྲུག་ཅུའི་དབྱངས་ཀྱིས་གདུལ་བྱ་ཐམས་ཅད་ཀྱི་དོན་སྟོན་པ་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣ་ཚོགས་པ་ཅན་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །ཞེས་དང། དེའི་དར་ཊཱིཀ་ལས། སྣ་ཚོགས་པའི་དམ་ཆོས་ཀྱི་གསུང་གི་འོད་ཟེར་མངའ་བའི་སྐུས་ཞེས་པས་སྐུ་སྟོན་པ་དང་གསུང་བརྗོད་པ་གཉིས་བསྟན་ལ། ཞེས་དང། དེ་ཉིད་ལས། སྐུ་སྣ་ཚོགས་པའི་དངོས་པོར་སྣང་བ་དང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྣ་ཚོགས་དམ་ཆོས་ཀྱི་གསུང་གི་འོད་ཟེར་ཞེས་སྐུ་སྣ་ཚོགས་པའི་དོན་ཡོད་པའི་ཕྱིར། སྔར་གྱི་མདོ་དང་ཐེག་བསྡུས་ཀྱི་ལུང་དེ་དག་གི་ཕྱིར་རོ། །རྒྱུད་བླ་མ་ལས། སྣ་ཚོགས་ཆོས་ལ་རྫོགས་ལོངས་སྤྱོད། །རང་བཞིན་ཆོས་ནི་སྣང་ཕྱིར་དང ཞེས་གསུངས་པའི་ཕྱིར། དང་པོས་ལོངས་སྤྱོད་བྱ་ཆོས་སྣ་ཚོགས་དང། གཉིས་པས་ལོངས་སྤྱོད་པ་པོ་སྐུ་མཚན་དཔེའི་རང་བཞིན་ཅན་གསུང་ཆོས་དེ་དང་མཐུན་པར་བསྟན་ཏོ། །ཐུགས་ཀྱི་མཛད་པ་ལ་དངོས་སུ་གདུལ་བྱའི་གཙོ་བོ་བྱང་འཕགས། བརྒྱུད་ནས་རིགས་ཅན་གསུམ་ཀའི་འགྲོ་དོན་མཛད་པ་དང་ཀུན་རྟོག་མེད་པས་འབད་མེད་ལྷུན་གྲུབ་གཉིས་ཡོད་དེ། བསྐལ་བ་གྲངས་མེད་དུ་མར་སྙིང་རྗེ་ལ་གོམས་པའི་ཤུགས་ཀྱིས་སྨོན་ལམ་སོགས་མཐར་ཕྱིན་ནས་འབད་མེད་ལྷུན་གྲུབ་ཀྱི་ཡོན་ཏན་ནོར་བུ་ལ་ཀུན་སློང་མེད་ཀྱང་གདུལ་བྱའི་རེ་བ་སྐོང་བ་བཞིན་འབྱུང་བའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཐུགས་རྗེ་དག་པའི་རྒྱུ་མཐུན་པ། །འགྲོ་དོན་རྒྱུན་མི་འཆད་ཕྱིར་དང། །རྣམ་པར་རྟོག་མེད་ལྷུན་གྲུབ་པར། །ཞེས་དང། འགྲོ་བའི་རྣམ་གྲོལ་དོན་གྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུ་རྒྱལ་བཞིན་ཏེ། །ཞེས་དང། འདིའི་དར་ཊཱིཀ་ལས། ཐུགས་ཀྱི་མཛད་པ་ནི། འགྲོ་བའི་རྣམ་གྲོལ་གྱི་དོན་གྲུབ་པ་ལ་བརྩོན་པར་མཛད་ལ། དེའི་ཁྱད་པར་ནི་རྣམ་པར་རྟོག་པ་མེད་བཞིན་དུ་ལྷུན་གྱིས་གྲུབ་པ་ཡིད་བཞིན་གྱི་ནོར་བུའི་རྒྱལ་བོ་བཞིན་ཏེའོ། །ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། སྐུ་སྣ་ཚོགས་སུ་སྟོན་ཀྱང་དེ་ལྟར་དུ་མ་གྲུབ་པའི་ཡོན་ཏན་དང་ལྡན་དེ། ལོངས་སྐུའི་སྐུ་རང་གི་དབང་དུ་བྱས་ན། བེམ་ལུས་དང་རང་བཞིན་གྱིས་གྲུབ་པ་སོགས་སུ་སྣང་ཡང་དེ་ལྟར་མ་གྲུབ་པ་ལ་སྤྲུལ་སྐུ་དང་སྦྱར་ཚེ་སྤྲུལ་གཞི་སྤྲུལ་པ་རྒྱུད་ཐ་དད་པ་ལྟར་སྣང་ཡང་དེ་ལྟར་མ་གྲུབ་པའི་ཁྱད་པར་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་མིན། །ཞེས་དང། དར་ཊཱིཀ་ལས། སྐུ་སྣ་ཚོགས་པའི་དངོས་པོར་སྣང་བ་དང། དེ་ལྟར་སྣང་ཡང་སྣང་བ་ལྟར་དེའི་རང་བཞིན་དུ་གྲུབ་པ་མིན་པ་ནི། སྣང་བ་ལྟར་རང་བཞིན་ཀྱིས་མ་གྲུབ་པ་དང་གདུལ་བྱ་ཁ་ཅིག་ལ་རྡུལ་ཕྲ་རབ་བསགས་པའི་ལུས་ལྟར་སྣང་ཡང་དེ་ལྟར་མ་གྲུབ་པའོ། །ཞེས་དང། རྒྱུད་ཐ་དད་པ་སྣ་ཚོགས་སུ་མ་གྲུབ་ཀྱང། ཞེས་གསུངས་པའི་ཕྱིར། ཁྱད་པར་ཕྱི་མ་འདིས་སྤྲུལ་སྐུ་སྤྲུལ་ཚུལ་ཡང་བསྟན་པས་སངས་རྒྱས་མ་ཐག་པའི་ལོངས་སྐུ་ལའང་དེའི་སྤྲུལ་བ་དགོས་པར་བཤད་པའི་ཕྱིར། དེ་ཆོས་ཅན། མཚན་ཉིད་ལྔ་དང་ལྡན་ཏེ། སྒྲིབ་སོགས་གཞན་དབང་རྣམ་བྱང་གི་གཞན་དབང་དུ་གནས་གྱུར་གྱི་མཚན་ཉིད་དང། དཀར་པོའི་ཆོས་ཀྱི་རང་བཞིན་གྱི་མཚན་ཉིད་དང། གཉིས་སུ་མེད་པའི་མཚན་ཉིད་དང། རྒྱུན་གྱིས་རྟག་པའི་མཚན་ཉིད་དང། བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ལྔ་དང་ལྡན་ཏེ། སྒྲིབ་སོགས་ཀྱི་གཞན་དབང་གི་ཡོན་ཏན་དུ་དག་པ་དང། དབང་བཅུ་ཐོབ་པ་དང། ཡོད་མེད་ཀྱི་དང། འདུས་བྱས་འདུས་མ་བྱས་ཀྱི་དང། གཅིག་དང་ཐ་དད་རྣམས་ཀྱི་དང། གཉིས་སུ་མེད་པ་དང་རྟོག་གེ་དང་དཔེ་མེད་བསམ་གྱིས་མི་ཁྱབ་པར་སོ་སོར་རང་རིག་པར་བྱ་བ་རྣམས་དང་ལྡན་པ་དེའི་ཕྱིར་ཏེ། ཐེག་བསྡུས་ལས། སངས་རྒྱས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཆོས་ཀྱི་སྐུའོ། །

    མདོར་བསྡུས་ན་མཚན་ཉིད་ལྔ་རིག་པར་བྱ་སྟེ། ཞེས་གསུངས་པའི་ཕྱིར། འདི་ལོངས་སྤྲུལ་ཀུན་ལ་ཡོད། རྣམ་བཤད་ལས་མཚན་ཉིད་ལྔ་ལྡན་བཤད་པ་ནི་ངོ་བོ་ཉིད་སྐུའི་དུས་ཀྱི་དེའོ། །དེའང་ལོངས་སྤྲུལ་གཉིས་ཀར་ལྡན་ནོ། །དེ་ཆོས་ཅན། དབང་འབྱོར་ལྔ་དང་གནས་འགྱུར་ལྔའི་ཡོན་ཏན་དང་ལྡན་དེ། ཕུང་པོ་ལྔ་གནས་གྱུར་པའི་རིམ་པ་ལྟར། ཞིང་ལུས་ལ་དབང་འབྱོར་བ། བདེ་བར་གནས་པ་ལ་དབང་འབྱོར་བ་དང། བསྟན་པ་ལ་དབང་འབྱོར་བ། དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་བ། ཡེ་ཤེས་བཞི་ལ་དབང་འབྱོར་བ་དང་ལྔ་ཐོབ་པ་དེའི་ཕྱིར། ཐེག་བསྡུས་ལས། གཟུགས་ཀྱི་ཕུང་པོ་གྱུར་པའི་ཕྱིར་ཞིང་དང་ལུས་དང་མཚན་དང་དཔེ་བྱད་བཟང་པོ་དང། དབྱངས་མཐའ་ཡས་པ་དང། སྤྱི་གཙུག་ལྟར་མི་མཐོང་བ་ལ་དབང་འབྱོར་བ་དང་ཚོར་བའི་ཕུང་པོ་འགྱུར་བའི་ཕྱིར། ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་ལ་རྒྱ་ཆེ་བའི་བདེ་བར་གནས་པ་ལ་དབང་འབྱོར་བ་དང། འདུ་ཤེས་ཀྱི་ཕུང་པོ་གྱུར་པའི་ཕྱིར་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཐམས་ཅད་ཀྱིས་བསྟན་པ་ལ་དབང་འབྱོར་བ་དང། འདུ་བྱེད་ཀྱི་ཕུང་པོ་གྱུར་པའི་ཕྱིར་སྤྲུལ་བ་དང་བསྒྱུར་བ་དང་འཁོར་བསྡུ་བ་དང་དཀར་པོའི་ཆོས་བསྡུ་པ་ལ་དབང་འབྱོར་བ་དང། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཕྱིར་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོགས་པ་དང་བྱ་བ་སྒྲུབ་པའི་ཡེ་ཤེས་ལ་དབང་འབྱོར་བས་དབང་འབྱོར་བ་འཐོབ་བོ། །ཞེས་གསུངས་པའི་ཕྱིར། འདིས་ནི་ཡེ་ཤེས་བཞི་ཡང་ལོངས་སྤྲུལ་གཉིས་ཀ་ལ་ཡོད་པར་བཤད་པ་ལ་འདི་ལེགས་པར་གོ་ན་སངས་རྒྱས་ཀྱི་ཡོན་ཏན་དང་མཛད་པ་མང་པོ་གོ་བར་སྣང་བས་བྲིས་སོ། །སོགས་སྒྲ་སྨོས་པས་ནི་སྟོབས་སོགས་ཀྱི་ཡོན་ཏན་དྲུག་ཅུ་དང་ལྡན་པར་བཤད་དེ། འདིར་མ་བྲིས་རྒྱུད་བླ་མར་བལྟའོ། །གསུམ་པ་འཁོར་ས་བཅུའི་བྱང་སེམས་ཡོད་པ་དང་བཞི་པ་སྤྲུལ་པ་མཐའ་ཡས་པ་སྤྲོ་ཚུལ་རྣམས་ཡོད་དེ། འཁོར་ས་བཅུ་ཀའི་བྱང་འཕགས་འདོད་གཟུགས་གཉིས་ཀའི་རྟེན་ཅན། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་ལས་ཀྱང་འདས་པའི་འཁོར་འོང་བ་གང་ཞིག །རྡུལ་དེ་སྙེད་ཀྱི་གྲངས་ལས་འདས་པའི་སྤྲུལ་སྐུ་འབྱམས་ཀླས་པ་དུས་རེ་རེའང་སྤྲོ་བའི་ཕྱིར། དང་པོ་གྲུབ་སྟེ། བྱང་སེམས་ས་བཅུ་པ་ལའང་འཁོར་རྡུལ་དེ་སྙེད་ཀྱི་གྲངས་འོང་ན་ལོངས་སྐུ་ལ་རྡུལ་དེ་ལས་འདས་པ་ལྟ་ཅི་སྨོས་པའི་ཕྱིར། དེས་ན་བདེན་གཉིས་ལས། ཡང་དག་པ་ཡི་ཚོགས་ཐོབ་ཅིང། །བསོད་ནམས་རབ་ཆེའི་ལས་མངའ་བ། །བྱང་ཆུབ་སེམས་དཔའ་རྣམས་མིག་གི །ཡུལ་དུ་བསམ་གྱིས་མི་ཁྱབ་འགྱུར། །ཞེས་དང། སྔར་གྱི་ལུང་དེ་རྣམས་ཀྱི་ཕྱིར་རོ། །དེས་ན་འདི་ལོངས་སྐུ་རང་གིས་བྱིན་གྱིས་བརླབས་ན་ཐོགས་མེད་ཀྱིས་བཤད་པ་བཞིན་ཉན་ཐོས་སོགས་ཀྱིས་མཐོང་སྲིད་ཀྱི་གཞན་ལོངས་སྐུ་དེ་མིག་གིས་མཐོང་མཁན་གྱི་གདུལ་བྱ་ལ་བྱང་འཕགས་ཀྱིས་ཁྱབ་སྟེ། མདོ་བསྟན་བཅོས་དུ་མ་ལས་དེའི་གདུལ་བྱ་ལ་བྱང་འཕགས་བཤད་པ་མང་བ་དེའི་ཕྱིར་ཏེ། དེ་སྐད་དུ། ཊཱིཀ་ཆེན་དགོངས་པ་རབ་གསལ་ལས། ལོངས་སྐུ་འདི་ནི་བྱང་སེམས་སྤྲོས་པ་དང་བྲལ་བ་སྟེ་རང་གི་ཚོགས་གཉིས་ལས་ཤེས་རབ་དྲི་མ་མེད་པའི་མེ་ལོང་ཐོབ་པའི་ས་ཐོབ་པ་རྣམས་ཁོ་ན་ལ་སྣང་བར་འགྱུར་གྱི། སྤྲོས་པ་དང་བཅས་པ་སོ་སྐྱེ་རྣམས་ལ་ནི་དངོས་སུ་སྣང་བ་མ་ཡིན་ནོ ཞེས་གསུངས་པའི་ཕྱིར། འདིས་ཀྱང་སོ་སྐྱེ་དམིགས་ཀྱིས་བཀར་ལ་ཉན་རང་དངོས་སུ་མ་གསུངས་ཀྱང་ཁོ་ནས་བཅད་དམ་དཔྱད། གཉིས་པ་གྲུབ་སྟེ། བདེན་གཉིས་ལས། སེམས་ཅན་སོ་སོའི་འདོད་པའི་དོན། །དུས་བཞིན་རབ་ཏུ་གྲུབ་བྱའི་ཕྱིར། །དེ་ལས་སྤྲུལ་བའི་སྤྲིན་གྱི་རྒྱུན། །ཀུན་ཏུ་རབ་ཏུ་འབྱུང་བར་འགྱུར། །ཞེས་པ་ནས། སྤྲུལ་བ་ཡིས་ནི་སྤྲུལ་བ་ཡང། །ཇི་ལྟར་བཞེད་བཞིན་མཚན་ཉིད་དེ། །མཛད་པ་ཀུན་ལ་འཇུག་པ་བཞིན། །ཞེས་གསུངས་པའི་ཕྱིར། ཊཱིཀ་ཆེན་དགོངས་པ་རབ་གསལ་ཡང་འདི་ལྟར་ལ་སྔར་དྲངས་པ་དག་གིས་ཀྱང་ཤེས་སོ། །དེས་ན་སྤྲུལ་བ་མེད་པའི་ལོངས་སྐུ་དང། འོད་མེད་པའི་ཉི་མ་སོགས་ཁས་བླང་བར་ག་ལ་རིགས་ལ། ལེགས་ལྡན་ལྟར་ན་བཏགས་དོན་བཙལ་ཚེ་ལོངས་སྐུའི་རྣམ་ཤེས་ལོངས་སྐུར་འཇོག་ཀྱང། སློབ་དཔོན་འདིའི་ལུགས་ལ་ལོངས་སྐུའི་དུས་ཀྱི་རྣམ་ཤེས་རྒྱུན་འཇུག་བཞིན་པ་དེ་ལོངས་སྐུར་འཇོག་པ་ཕར་ཕྱིན་ལམ་བསྒྲིགས་ལྟར་དང། རྒྱན་སྣང་གིའང་དགོངས་པར་འགྲོ །དེ་ལོངས་སྐུར་ཁས་བླངས་པའི་ཚེ་ཆོས་གཟུགས་ཀྱི་སྐུའི་ཁྱད་པར་དང། ངེས་པ་ལྔ་ལྡན་གྱི་ཚེ་སྤྱི་ལྡོག་ལས་མི་དགོས་པའི་ཞིབ་ཆ་དགོས། རིན་ཆེན་འཕྲེང་བར། མཚན་དཔེའི་རྒྱུ་ཚད་བཟུང་བ་གདུལ་བྱའི་བློ་ངོར་འཆར་སླའི་ཆེད་དུ་བརྟགས་པ་མཐའ་བཟུང་ཡིན་གྱི་ཚད་དེ་ལས་མེད་ཟེར་མི་ནུས་ཏེ། སངས་རྒྱས་ཀྱི་བ་སྤུའི་བུ་ག་རེ་རེའི་ཡོན་ཏན་ཡང་ཚད་མེད་པར་མདོ་སོགས་དང་རིགས་པས་ཀྱང་འགྲུབ་པའི་ཕྱིར། མཚན་དཔེ་འདི་དག་ཚོགས་གཉིས་འབྲས་བུ་ཙམ་ལག་རྗེས་ཡོད་མེད་ཙམ་དང་འདི་རྣམས་འགྲུབ་པ་ལ་ཚོགས་གཉིས་དགོས་ཙམ་མཚུངས་ཀྱང་ལག་རྗེས་ལ་གཙོ་ཆེ་ཆུང་ཡོད་དེ། བསོད་ནམས་ཀྱི་ཚོགས་ཀྱི་ལག་རྗེས་གཙོ་བོར་གཟུགས་སྐུ་ལ་འབྱུང། ཡེ་ཤེས་ཀྱི་ཚོགས་ཀྱི་ལག་རྗེས་གཙོ་བོར་སྤངས་རྟོགས་ལ་འབྱུང་བའི་ཕྱིར་རོ། །སྤྲོས་པས་ཆོག །

    གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། ལོངས་སྐུ་རང་གི་འཁོར་གྱི་བྱང་འཕགས་རྣམས་ཀྱིས་མངོན་སུམ་དུ་རྟོགས་པར་ཐལ། སྐྱབས་འགྲོ་བདུན་བཅུ་པ་ལས། ས་བཅུ་པ་ནི་གནས་རྣམས་ཀྱིས། །དེ་ལྟ་བུ་ཡི་སྐུར་གཟིགས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན་དེའི་འཁོར་གྱི་འདོད་པའི་རྟེན་ཅན་གྱི་བྱང་འཕགས་རྣམས་ཀྱིས་དེ་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། རྟགས་སོང། ཁྱབ་སྟེ། དེའི་འཁོར་ན་འདོད་རྟེན་ཅན་གྱི་དེ་ཡོད་པའི་ཕྱིར་ཏེ། འདོད་རྟེན་ཅན་གྱི་བྱང་འཕགས་ལ་དེར་འགྲོ་ཐུབ་པ་དུ་མ་ཡོད་པའི་ཕྱིར་ཏེ། ས་སོ་སོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ས་འོག་མའི་གང་ཟག་གིས་གོང་མ་མངོན་སུམ་དུ་མཐོང་བ་མེད་པའི་ཕྱིར་ཏེ། མཛོད་ལས། དེ་དག་གོང་མ་མཐོང་བ་མེད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་རྫུ་འཕྲུལ་མ་ཐོབ་པ་དང་གང་ཟག་གཞན་གྱི་རྫུ་འཕྲུལ་ལ་མ་བརྟེན་པའི་སོ་སྐྱེ་རང་ག་བས་དེ་ལྟར་མ་མཐོང་ཞེས་བཤད་ཙམ་ཡིན་པའི་ཕྱིར་ཏེ། མཛོད་ལས། རྫུ་འཕྲུལ་གཞན་བརྟེན་མ་གཏོགས་པར། །དེ་དག་གོང་མ་མཐོང་བ་མེད། །ཅེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དེའི་འཁོར་འདོད་རྟེན་ཅན་གྱི་བྱང་འཕགས་རྣམས་ཀྱི་མིག་ཤེས་ཀྱིས་དེའི་གཟུགས་མངོན་སུམ་དུ་མཐོང་བར་ཐལ། བདེན་གཉིས་ལས་ལོངས་སྐུའི་སྐབས་སུ། བྱང་ཆུབ་སེམས་དཔའ་རྣམས་མིག་གི །ཡུལ་དུ་བསམ་གྱིས་མི་ཁྱབ་འགྱུར། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འོག་སའི་རྟེན་གྱི་མིག་ཤེས་ཀྱིས་གོང་མའི་གཟུགས་མཐོང་མི་སྲིད་པའི་ཕྱིར་ཏེ། མཛོད་ལས། མིག་གིས་གོང་མའི་གཟུགས་མ་ཡིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། འོག་མའི་མིག་གིས་གོང་མའི་གཟུགས་མི་མཐོང་བར་བཤད་ཙམ་ཡིན་ལ་དེ་འདྲ་བའི་བྱང་འཕགས་ཀྱིས་གོང་མའི་མིག་དང་དེའི་ཤེས་པ་ལ་བརྟེན་ནས་མཐོང་བ་ཡིན། བྱས་པ་ལ་ཁོ་ན་རེ། དེའི་འཁོར་བྱང་འཕགས་རྣམས་ཀྱི་མིག་ཤེས་ཀྱིས་ལོངས་སྐུ་མཐོང་བར་ཐལ། བདེན་གཉིས་ཀྱི་ལུང་དྲངས་མ་ཐག་པའི་དོན་གྲུབ་པའི་ཕྱིར། འདོད་ན། ལོངས་སྐུ་ཆོས་ཅན། དེ་རྣམས་ཀྱི་མིག་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། དེ་རྣམས་ཀྱི་མིག་ཤེས་ཀྱིས་མཐོང་བའི་ཕྱིར་ན་མ་ཁྱབ། ཁོ་རང་ལ་གཟུགས་ཕྱི་རོལ་དོན་དུ་གྲུབ་པ་ཆོས་ཅན། སོ་སྐྱེའི་མིག་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། དེའི་མིག་ཤེས་ཀྱིས་མཐོང་བའི་ཕྱིར། ཁྱབ་པ་འགྲིག རྟགས་གྲུབ་སྟེ། དེའི་མིག་ཤེས་ལ་གསལ་བར་སྣང་བའི་ཕྱིར་ཏེ། མེད་པ་གསལ་སྣང་གི་དབང་ཤེས་དུ་མ་ཡོད་པའི་ཕྱིར། མ་ཁྱབ་ན། གསལ་བར་སྣང་ཡང་མཐོང་བའི་གོ་མི་ཆད་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། མཐོང་མཁན་ཤེས་བྱ་ལ་མི་སྲིད་པར་ཐལ། འདོད་པ་དེའི་ཕྱིར།

    གཞན་ཡང། དེའི་མིག་ཤེས་ཀྱིས་མཐོང་ན་ཡོད་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མདོ་སྡེ་རྒྱན་ལས། ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་ལ། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། འདི་ལྟར་མི་ཤེས་པར་རློམ་པ་མང་པོས་དེའི་དབང་ཤེས་ཀྱིས་ལོངས་སྐུ་མ་མཐོང་ལོངས་སྐུའི་གཟུགས་མཐོང་ཟེར་བ་རྗེའི་ཊཱིཀ་ཆེན་གཉིས་དང་ལེགས་བཤད་སྙིང་པོ་སོགས་དང་དར་ཊཱིཀ་རྣམས་ལ་ལྟོས་ཤིག་ཤིན་ཏུ་སྤྲོས་པས་ཆོག་གོ །གོང་གི་རྩ་བའི་ཐལ་ཆོས་གཉིས་ལ་འདོད་མི་ནུས་ཏེ། གཟུགས་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། ལོངས་སྐུ་དང་དེའི་མིག་ཤེས་གཉིས་འཛིན་བྱ་འཛིན་བྱེད་དུ་ཐལ། དེ་དེས་མཐོང་བའི་ཕྱིར་ན་མ་ཁྱབ། ཁོ་རང་ལ། གཟུགས་ཕྱི་རོལ་དོན་དུ་གྲུབ་པ་ཆོས་ཅན། དེའི་མིག་ཤེས་དང་གཟུང་བྱ་འཛིན་བྱེད་དུ་ཐལ། དེས་མཐོང་བའི་ཕྱིར། ཁྱབ་པ་འགྲིག །འདོད་ན། ཕྱི་དོན་དེའི་གཟུང་བྱར་ཐལ། དེའི་མིག་ཤེས་ཕྱི་དོན་འཛིན་བྱེད་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ལོངས་སྐུའི་གནས་འོག་མིན་དེ་གཟུགས་ཁམས་སུ་ཐལ། ལོངས་སྐུ་དེ་གཟུགས་ཁམས་ཀྱི་རྟེན་ཅན་ཡིན་པའི་ཕྱིར། རྟགས་སོང། འདོད་མི་ནུས་ཏེ། དེ་གཟུགས་སུ་མ་གཏོགས་པའི་ཕྱིར། དེ་ཁམས་གསུམ་གང་དུའང་མ་གཏོགས་པའི་ཕྱིར་ཏེ། དེ་ཁམས་གསུམ་ལས་འདས་པའི་ཕྱིར་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། དེ་བཞིན་གཤེགས་པའི་ཕོ་བྲང་སྡུག །ཅེས་པ་ནས། གཟུགས་མེད་གཟུགས་དང་འདོད་པ་ལས ཡང་དག་འདས་ཏེ་གནས་པ་ཡིན། །ཞེས་དང། ཐེག་བསྡུས་ལས། ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་བ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། འཁོར་བས་བསྡུས་པའི་ཁམས་གསུམ་ལས་འདས་པར་བཤད་ཅིང་འདས་ཚུལ་ལའང་དུ་མའི་སྒོ་ནས་བཤད་འདུག་པའི་ཕྱིར་རོ། །འདོད་མི་ནུས་ཏེ། དེ་ཁམས་གསུམ་གང་རུང་ཡིན་ཀྱང་འཁོར་བས་བསྡུས་པའི་ཁམས་གསུམ་གང་རུང་མ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར་ཏེ། ས་སྡེེ་ལས། གཟུགས་ཀྱི་ཁམས་ནི་གནས་གཞན་བཅོ་བརྒྱད་དེ། །ཞེས་གསུངས་པའི་ཕྱིར་དང། གཟུགས་ཁམས་ཀྱི་རྟེན་ལ་འཚང་རྒྱ་ཚུལ་བསམ་དགོས་སོ། །ཡང་ཁོ་ན་རེ། ཐེག་ཆེན་གྱི་སྐབས་འདིར་ཡང་འདོད་ཁམས་ཀྱི་བྱང་འཕགས་ཡིན་ཡང་ལོངས་སྐུའི་གནས་འོག་མིན་དུ་འགྲོ་མི་ཐུབ་པར་ཐལ། མདོ་ལས། དེ་ཡི་ཕྱིར་ན་དེར་འགྲོ་བ། །ཚངས་པ་ཡིས་ཀྱང་མི་ཐུབ་པས། །གཟུགས་མེད་འདོད་དང་གཟུགས་ཅན་རྣམས། །དེར་འགྲོ་ཡོད་པ་ཡོངས་མ་ཡིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཁམས་གསུམ་གྱི་འགྲོ་བ་ཕལ་བ་ལ་དགོངས་པའི་ཕྱིར། གཞན་དུ་གཟུགས་ཁམས་ཀྱི་བྱང་སེམས་ཀྱང་དེར་མི་འགྲོ་བར་ཐལ་ལོ། །ཡང་ཁོ་ན་རེ། ལོངས་སྐུ་ཡིན་ན་འཁོར་བྱང་འཕགས་ཀྱིས་བསྐོར་བས་ཁྱབ་པར་ཐལ། ཁྱོད་ཀྱིས་ཀྱང་ངེས་པ་ལྔའི་འཇོག་ཚུལ་དེའི་ཕྱིར། འདོད་ན། སེམས་ཅན་ཐམས་ཅད་སངས་རྒྱས་དུས་ཀྱི་ལོངས་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར་ན། ཁ་ཅིག་རྩོད་གཞི་སྐྱོན་ཅན་སོགས་སྣ་ཚོགས་སྨྲ་ཡང་འདོད་པ་ཁོ་ན་ཡིན་ཏེ། སེམས་ཅན་ཐམས་ཅད་རེ་རེ་ནས་སངས་རྒྱས་རེས་ཀྱི་སྔར་ལྟར་ངེས་པ་ལྔ་འོངས་པའི་ཕྱིར་ཏེ། རྫོགས་སྨིན་སྦྱངས་གསུམ་གྱི་ཚད་མངོན་དུ་མ་བྱས་པར་སངས་རྒྱས་པའི་གང་ཟག་མི་སྲིད་པའི་ཕྱིར། ཤིན་ཏུ་སྤྲོས་པས་ཆོག་གོ །

    དེས་ན་མང་པོ་ཞིག་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་སངས་རྒྱས་པ་མེད་ཟེར་ཞིང། ལོངས་སྐུ་ལ་འཁོར་མེད་པ་གཅིག་འདོད་པ་དག་ནི་ནང་འགལ་བ་ལྟ་ཅི་སྨོས་བཞད་གད་ཆེ་ཤོས་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། སེམས་ཅན་ཐམས་ཅད་སངས་རྒྱས་དུས་ཀྱི་ལོངས་སྐུ་ཡིན་པ་ཡོད་པར་ཐལ། དེའི་དུས་ཀྱི་དེ་ཡོད་པའི་ཕྱིར་ན་འགལ་ཁྱབ་བོ། །ཁོ་རང་ལ། སེམས་ཅན་ཐམས་ཅད་སངས་རྒྱས་པའི་སངས་འཕགས་ཀྱི་ཡིན་པ་ཡོད་པར་ཐལ། དེའི་དུས་ཀྱི་དེ་ཡོད་པའི་ཕྱིར། ཁྱབ་པ་ཁས། སེམས་ཅན་ཐམས་ཅད་སངས་རྒྱས་ཚེ་སེམས་ཅན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་སེམས་ཅན་སངས་རྒྱས་པ་སེམས་ཅན་ཡིན་པར་ཐལ། དེའི་ཚེ་སེམས་ཅན་སེམས་ཅན་ཡིན་པའི་ཕྱིར་ན་འགལ་ཁྱབ་བོ། །ཁོ་རང་ལ་བྱང་སེམས་ཐམས་ཅད་སངས་རྒྱས་པའི་ཚེ་བྱང་སེམས་མེད་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་ན། དེའི་ཚེ་ཐེག་པ་གསུམ་གྱི་གདུལ་བྱའི་གང་ཟག་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་ཐེག་པ་གསུམ་གྱི་གདུལ་བྱ་ལ་ཆོས་འཁོར་སྐོར་བཞིན་པ་ཡོད་པའི་ཕྱིར། སྤྲོས་པས་ཆོག་གོ །འདི་ནི་ཤེས་བྱ་ལ་ལའི་སྒྲ་བཞིན་དེའི་ཚེ་འཚང་རྒྱ་རྒྱུ་དང་དེའི་ཚེ་འཚང་མི་རྒྱ་བའི་བྱང་སེམས་ཡོད་མེད་མ་ཤེས་པས་ནོངས་སོ། །ཡང་ཁོ་ན་རེ། འཁོར་བ་མཐའ་ཅན་མ་ཡིན་པར་ཐལ། འཁོར་བ་རྒྱུད་ལྡན་གྱི་གང་ཟག་མེད་པའི་དུས་མི་སྲིད་པའི་ཕྱིར། མ་གྲུབ་ན། དེའི་དུས་ཀྱི་ལོངས་སྐུ་ལ་འཁོར་ཡོད་པར་ཐལ་ལོ། །ཞེ་ན། རྩ་བར་མི་འདོད་ཀྱང་འདི་འདོད་པ་ཁོ་ན། ཁོ་རང་ལ་འོ་ན། དངོས་པོ་ཞིག་པའི་དུས་མེད་པར་ཐལ། དངོས་པོ་མེད་པའི་དུས་མི་སྲིད་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། དེ་དེ་མེད་དུས་སུ་མི་སྲིད་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། གོང་དུ་མ་གྲུབ་ན། དེའི་ཚེ་དངོས་པོའི་འབྲས་བུ་སོགས་དངོས་པོ་དུ་མ་ཡོད་པར་ཐལ། དེའི་འབྲས་བུ་གྲུབ་དུས་ཡོད་པའི་ཕྱིར། ཁྱབ་པ་འགྲིག་གོ །ཡང་ཁོ་ན་རེ། ཕྱོགས་གང་ནའང་སེམས་ཅན་གཅིག་ཀྱང་མེད་པའི་དུས་ཡོད་པར་ཐལ། སེམས་ཅན་ཐམས་ཅད་དམ་སེམས་ཅན་ཡིན་ཚད་སངས་རྒྱས་པའི་དུས་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཕྱོགས་གང་ནའང་མྱུ་གུའི་ས་བོན་གཅིག་ཀྱང་མེད་པའི་དུས་ཡོད་པར་ཐལ། མྱུ་གུའི་ས་བོན་ཐམས་ཅད་དམ་མྱུ་གུའི་ས་བོན་ཡིན་ཚད་ཞིག་ནས་མེད་པའི་དུས་ཡོད་པའི་ཕྱིར། ཁྱབ་པ་འགྲིག །རྟགས་གྲུབ་སྟེ། ཕྱིའི་ས་བོན་ལ་ཕྱི་མཐའ་མེད་པ་མི་སྲིད་པའི་ཕྱིར་རོ། །

    བྱས་པ་ལ་ཁོ་ན་རེ། སེམས་ཅན་ཡིན་ཚད་སངས་རྒྱས་དུས་འདི་འདྲ་ཞིག་ཅེས་ངོས་འཛིན་ཐུབ་པར་ཐལ། དེའི་དུས་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། བླུན་པོ་ཚོ་འདི་འདྲ་ལ་འཁྲུལ་ནས་ས་བོན་ཡིན་ཚད་ཞིག་དུས་འདི་འདྲ་ཞིག་ཅེས་ངོས་འཛིན་རྒྱུ་ཡོད་པར་ཐལ། དེའི་དུས་ཡོད་པའི་ཕྱིར། ཁྱབ་པ་འགྲིག གཉིས་ཀ་ལ་འདོད་མི་ནུས་ཏེ། དེ་དག་དུས་གཅིག་ལ་ཚོགས་མི་སྲིད་པའི་ཕྱིར་ཏེ། དེ་དག་དུས་ཐ་དད་པ་ཡིན་པའི་ཕྱིར་རོ། །དེས་ན་རྣམ་བཤད་ལས་ཀྱང་འཁོར་བ་མཐའ་ཡོད་སོགས་བཞེད་ཀྱང་འདི་ནས་འཁོར་བ་གཅིག་ཀྱང་མེད་ཅེས་ཚད་མི་འཛིན་པ་སྔོན་པོའི་དཔེས་བཤད་པ་བཞིན་ཀླུ་སྒྲུབ་ཡབ་སྲས་དང་རྗེ་བདག་ཉིད་ཆེན་པོའི་ཡང་དགོངས་པ་ཡིན་ཚུལ་དོན་དྲིལ་ན་འདི་ལྟར། དུས་འདི་ཙམ་ཞིག་ན་སེམས་ཅན་གཅིག་ཀྱང་མེད་པར་སངས་རྒྱས་ཚར་ཟིན་ཞེས་བཤད་པའི་དུས་གཅིག་ངོས་འཛིན་མི་ཐུབ་པར་ཐལ། སྤྱིར་འཁོར་བ་ལ་མཐའ་ཙམ་ཡོད་པ་གང་ཞིག །མཐའ་འདིའི་དུས་ཞེས་ངོས་འཛིན་མི་ཐུབ་པའི་ཕྱིར། དང་པོ་སླ་ཞིང་གྲགས་ཀྱང་ཆེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་པས་གྲུབ་བོ། །གཉིས་པ་དེར་ཐལ། འཁོར་བ་ལྡོག་བྱེད་ཀྱི་དཀོན་མཆོག་གསུམ་ཚང་བ་རྣམས་ལ་ཁྱོད་ཀྱི་འཁོར་བའི་མཐའ་འདི་ཞེས་ངོས་འཛིན་ཐུབ་ལ། གཏན་ནས་རིགས་ཆད་མེད་ཀྱང་ལོག་སྲེད་ཅན་ལྟ་བུ་ལ་ལྟོས་ཏེ་འཁོར་མཐའ་འདི་ཞེས་ངོས་འཛིན་རྒྱུ་མེད་པའི་ཕྱིར། རྩ་ཤེ་ལས། འཁོར་བ་ཐོག་མ་མཐའ་མེད་དེ། །དེ་ལ་སྔོན་མེད་ཕྱི་མ་མེད། །ཅེས་པ་དང། འགྲེལ་པ་བུདྡྷ་པཱ་ལི་ཏ་ལས་ཀྱང། དེའི་ཕྱིར་ཐོག་མ་དང་ཐ་མ་མེད་པར་གསུངས་པས། ཞེས་པ་དང། བཞི་བརྒྱ་པ་ལས། ཉན་པོ་མཉན་བྱ་འཆད་པོ་རྣམས འབྱུང་བ་ཤིན་ཏུ་རྙེད་དཀའ་སྟེ། །དེས་ན་མདོར་ན་འཁོར་བ་ནི། །མཐའ་མེད་མ་ཡིན་མཐའ་བཅས་མིན། །ཞེས་པ་དང་དེའི་དར་ཊཱིཀ་ལེགས་བཤད་སྙིང་པོ་ལས། འཁོར་བ་ནི་ལམ་རྒྱུད་ལ་སྐྱེ་བའི་དཀོན་མཆོག་གསུམ་ཚོགས་པའི་གང་ཟག་ལ་ལྟོས་ཏེ་མཐའ་མེད་པ་མ་ཡིན་ཏེ་འཁོར་བ་ལྡོག་པའི་རྒྱུ་རྐྱེན་ཚོགས་པའི་ཕྱིར། དེ་དག་མ་ཚོགས་པའི་གང་ཟག་ལ་ལྟོས་ཏེ་མཐའ་དང་བཅས་པ་མ་ཡིན་ཏེ། འདི་ཙམ་ན་འཁོར་བ་ལྡོག་ངེས་མི་ནུས་པའི་ཕྱིར་རོ། །ཞེས་པ་དང། རྩ་ཤེའི་འགྲེལ་པ་ཚིག་གསལ་ལས་ཀྱང། དེ་དག་ཁོ་ནའི་འཁོར་བ་དེ་ཐོག་མ་དང་ཐ་མ་མེད་པར་རྟོགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རླུང་གི་ཤུགས་ཀྱིས་མ་རིག་པའི་ལྗོན་ཤིང་དྲུངས་ཕྱུང་བ་རྣམས་ཀྱི་ནི་མ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱི་མེས་ཉོན་མོངས་པའི་ལྗོན་ཤིང་མ་ལུས་པ་བསྲེགས་པ་དེ་དག་ལ་ནི་མཐའ་ཡོད་པ་ཉིད་དེ། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་སོགས་སུ་གསུངས་པས་རྗེ་ཡབ་སྲས་དང་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་འཁྲུལ་མེད་ཁོ་ན་ཡིན་ནོ། །རྩ་བར་འདོད་ན། དེའི་དུས་ཀྱི་ཁྱད་པར་བྱས་ནས་གང་ཟག་དེ་ལ་འདི་ལྟར་རུང་མི་རུང་བཤད་མི་རུང་བར་ཐལ། དེ་འདྲའི་དུས་ཙམ་ཡང་འདི་ཞེས་ངོས་འཛིན་རྒྱུ་མེད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཁྱད་གཞི་མེད་པར་དེའི་ཁྱད་ཆོས་འཛིན་མི་ཐུབ་པའི་ཕྱིར་རོ། །འདོད་ན། དེ་དུས་ཀྱི་ལོངས་སྐུ་འཁོར་མེད་ཅིག་ངོས་འཛིན་མི་རུང་བར་ཐལ། འདོད་པའི་ཕྱིར། འཁོར་གསུམ་ཀ་ཁས་བླངས་སོ། །གཞན་ཡང། རྒྱུད་སྡེ་སྤྱི་རྣམ་ལས། དུས་ངེས་པ་འཁོར་བ་མ་སྟོངས་ཀྱི་བར་དུ་མྱ་ངན་ལས་འདའ་ཚུལ་མི་སྟོན་པ་སྟེ། ཞེས་ལོངས་སྐུ་འཁོར་བ་མ་སྟོངས་བར་དུ་བཞུགས་པའི་ཕྱིར་དང། དེ་བཞིན་དུ་འཇུག་འགྲེལ་སོགས་དང་ཊཱིཀ་ཆེན་དགོངས་པ་རབ་གསལ་ལས་ཀྱང་དེ་ལྟར་བཤད་པ་མི་འཐད་པར་ཐལ། ལོངས་སྐུའི་སྐུ་ཚེ་དང་འཁོར་བའི་ཕྱི་མཐའ་ཚད་ཡོད་ན་ཡོད་མཉམ་མེད་ན་མེད་མཉམ་མ་ཡིན་པའི་ཕྱིར། དེར་ཐལ། འཁོར་བ་སྟོངས་ཚར་རྗེས་སུ་ད་དུང་ལོངས་སྐུ་ཞིག་ཁྱེད་རྣམས་མང་པོས་འདོད་པའི་ཕྱིར། དེས་ན་རིགས་པ་འདི་དག་རིན་ཆེན་བྱང་ཆུབ་ཀྱི་ཕར་ཕྱིན་ཆུང་བའི་དགོངས་པ་ལྟར་ཡིན་ལ། སྐྱོན་དེ་ལྟར་འོང་བ་ནི་འཁོར་མཐའི་དུས་ངོས་བཟུང་བ་དང་དེའི་དུས་ཀྱི་ཁྱད་པར་ངོས་བཟུང་བ་ཁོ་ནའི་སྐྱོན་ནོ། །ལེགས་བཤད་འདི་ཡང་འཇམ་མགོན་བླ་མ་ཡབ་སྲས་བཞི་སོགས་མཉེས་པའི་རོལ་མོར་འབུལ་ལོ། །

    བྱས་པ་ལ་ཁོ་ན་རེ། ཤིན་ཏུ་ལོག་སྲེད་ཅན་གྱི་འཁོར་མཐའ་མེད་པར་ཐལ། དེའི་འཁོར་བ་ལ་ཐོག་མཐའ་གཉིས་གང་ཡང་མེད་པའི་ཕྱིར་ཏེ། རྩ་ཤེ་ལས། འཁོར་བ་ཐོག་མ་མཐའ་མེད་དེ། །ཞེས་དང། དེའི་འགྲེལ་པ་ཚིག་གསལ་གྱི་ནག་འབྱམས་ལས། དེ་དག་ཁོ་ནའི་འཁོར་བ་ཐོག་མ་དང་ཐ་མ་མེད་པར་རྟོགས་ཀྱི། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། འདི་ཞེས་ངོས་བཟུང་མེད་པ་ལ་དགོངས་པའི་ཕྱིར་ཏེ། བརྒྱ་བའི་དར་ཊཱིཀ་ལས། དེ་དག་མ་ཚོགས་པའི་གང་ཟག་ལ་ལྟོས་ཏེ་མཐའ་དང་བཅས་པ་མ་ཡིན་ཏེ། འདི་ཙམ་ན་འཁོར་བ་ལྡོག་ངེས་མི་ནུས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེའི་གཉེན་པོ་རྒྱུད་ལ་སྐྱེ་རུང་དང་དེའི་སེམས་རྒྱུད་སྟེང་གི་དྲི་མ་འབྲལ་རུང་ཡིན་པའི་ཕྱིར་ཏེ། དེའི་གཉེན་པོ་ཡོད་ཅིང། དེའི་དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་ཤིང་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པའི་ཕྱིར་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པའི་ཕྱིར་དང། དེའི་འཁོར་བའི་ཐོག་མའི་མཐའ་མེད་ཀྱང་ཐ་མའི་མཐའ་ཡོད་པའི་ཕྱིར་ཏེ། མདོ་ལས། དགེ་སློང་དག་དེ་ལྟ་བས་ན་ཁྱེད་ཀྱིས་འཁོར་བ་ཟད་པར་བྱ་བའི་ཕྱིར་ནན་ཏན་བྱའོ། །ཞེས་དང། བརྒྱ་བ་ལས། ཇི་ལྟར་ས་བོན་མཐའ་མཐོང་ཞིང། །དེ་ལ་ཐོག་མ་ཡོད་མིན་ལྟར། །དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བའང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་འཁོར་བ་ལ་མཐའ་ཡོད་མེད་འདི་བདེན་པ་གཉིས་ལ་ལྟོས་ཏེ་འཆད་ཚུལ་གཉིས་ཡོད་ཅིང་ཐོག་མ་མེད་པ་འདི་འཁོར་བ་གཅིག་པུར་མ་ཟད་དངོས་པོ་མཐའ་དག་ལའང་རྒྱུན་གྱི་དབང་གིས་ཐ་མ་ཡོད་མེད་མི་འདྲ་ཡང་ཐོག་མ་མེད་མཚུངས་ཡིན་ཏེ། གཟུགས་ཀྱི་ནང་ཚན་ནས་ཀྱི་ས་བོན་ལྟ་བུ་ལའང་དུས་ཀུན་ཏུ་གཟུགས་རྒྱུན་བརྒྱུད་ནས་འོངས་པ་མིན་ཡང་གཟུགས་དང་གཟུགས་ཀྱི་ས་བོན་ཁམས་ཅི་རིགས་རྒྱུན་མ་ཆད་པའི་ཕྱིར། དེ་ཡན་ཆད་དུ་དེའི་རིགས་འདྲའི་རྒྱུན་ཙམ་ཡང་སྔོན་དུ་མ་སོང་བར་སྐྱེ་ན་རྒྱུ་མེད་པར་འགྱུར་བའི་ཕྱིར་ཏེ། དེ་སྐད་དུ་རྩ་ཤེ་ལས། འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པ་མ་ཟད་ཀྱི རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་བོ་ཉིད་དང་ནི། །དོན་ཡོད་གང་དག་ཅི་ཡང་རུང། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །ཞེས་དང། བུདྡྷ་པཱ་ལི་ཏ་ལས། འཁོར་བ་འབའ་ཞིག་ལ་སྔོན་གྱི་མཐའ་ཡོད་པ་མ་ཡིན་པར་མ་ཟད་ཀྱི་དངོས་པོ་འདོད་པ་ཐམས་ཅད་ལ་ཡང་སྔོན་གྱི་མཐའ་ཡོད་པ་མ་ཡིན་པས། ཞེས་དང། ཚིག་གསལ་ལས། ཇི་ལྟར་འཁོར་བ་ལ་སྔོན་གྱི་མཐའ་ཡོད་པ་མ་ཡིན་པ་དེ་བཞིན་དུ་དངོས་པོ་གཞན་རྣམས་ལ་ཡང་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། མདོ་དང་རྒྱ་གཞུང་གི་གསུང་རབ་ལས་ལོངས་སྐུ་ལ་ངེས་པ་ལྔའི་ཐ་སྙད་དངོས་སུ་མ་བཤད་པར་ཐལ། ལེགས་བཤད་གསེར་འཕྲེང་ལས། འདི་ལ་ངེས་པ་ལྔ། ཞེས་སོགས་ཀྱི་དོན་གྲུབ་པའི་ཕྱིར། འདོད་ན། ལོངས་སྐུ་ལ་དེ་ལྔའི་ཐ་སྙད་འདོགས་མི་ཐུབ་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལ་ངེས་པ་ལྔའི་ཐ་སྙད་མ་སྦྱར་ཡང་དོན་ཚང་བའི་ཕྱིར། རྩ་བའི་མཚན་ཉིད་འཆད་པའི་སྐབས་སུ་ངོ་བོ་ངེས་པ། ཆོས་ངེས་པ་འཁོར་ངེས་པ་གསུམ་གྱི་དོན་དངོས་སུ་བསྟན་ཅིང་གཉིས་ཀྱི་དོན་ཤུགས་ལ་བསྟན་པའི་ཕྱིར་ཏེ། རྩ་བར། མཚན་ནི་སུམ་ཅུ་རྩ་གཉིས་དང། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཞེས་ངོ་བོ་ངེས་པའི་དོན་བསྟན། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཞེས་པས་ཆོས་ངེས་པའི་དོན་དང་འཁོར་གྱི་དོན་དངོས་སུ་བསྟན་པའི་ཕྱིར་ཏེ། འདིས་ལོངས་སྐུའི་མཚན་ཉིད་ཀྱི་ངེས་པ་ལྔ་བཤད་པའི་ཕྱིར་ཏེ། རྣམ་བཤད་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང། །དཔེ་བྱད། ཅེས་པ་ནས། ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ཉེ་བར་ལོངས་སྤྱོད་པ་སོགས་ངེས་པ་ལྔས་ཁྱད་པར་དུ་བྱས་པའི་སྐུ་ཡིན་པའི་ཕྱིར། ཞེས་གསུངས་པ་གཞུང་འདིའི་དོན་སྦྱོར་རྣམ་དག་ཡིན་པའི་ཕྱིར། དེས་ན་ཡབ་སྲས་ཀྱི་གཞུང་དོན་མི་འགལ་ཏེ། གསེར་འཕྲེང་གི་གསུང་རབ་ན་ངེས་པ་ལྔའི་ཐ་སྙད་མ་བཤད་པ་དང། བོད་ཀྱི་སྦྱོར་ལུགས་ལ་སྐྱོན་བསྟན་ཅིང། རྣམ་བཤད་ལས་དོན་བཤད་རུང་ཙམ་ལ་དགོངས་པའི་ཕྱིར་རོ། །བྱས་པ་ལ་ཁོ་ན་རེ། སྐབས་བརྒྱད་པ་འདིར་དེ་ལྔའི་དོན་དངོས་སུ་མ་བཤད་པར་ཐལ། ལོངས་སྐུའི་མཚན་ཉིད་ཀྱི་སྐབས་སུ་དེའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དུས་ངེས་པ་དང། གནས་ངེས་པ་གཉིས་ཀྱི་དོན་ཡང་འདིར་དངོས་སུ་བསྟན་པའི་ཕྱིར་ཏེ། རྩ་བར། དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ། ཞེས་པས་དུས་ངེས་པ་དང། འཕྲིན་ལས་ཀྱི་སྐབས་སུ། རྩ་བར། སངས་རྒྱས་ཞིང་རྣམས་དག་པ་དང། །ཞེས་སོགས་ཀྱིས་གནས་ངེས་པ་བསྟན་པའི་ཕྱིར། དེ་གཉིས་ཀྱི་དང་པོས་ལོངས་སྤྲུལ་གཉིས་ཀའི་དུས་ཀྱི་ཁྱད་པར་བཤད། གཉིས་པས་ས་བཅུ་པ་རང་ཉིད་གང་དུ་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དང་དེར་འགོད་ཀྱི་འཕྲིན་ལས་བཤད་པའི་ཕྱིར་རོ། །བྱས་པ་ལ་ཁོ་ན་རེ། འོག་མིན་ཁོ་ནར་བཞུགས་པའི་མཚན་དཔེས་བརྒྱན་པའི་ཐུབ་པ་སངས་རྒྱས་དེ་ལོངས་སྐུ་ཡིན་པར་ཐལ། རྣམ་བཤད་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན་འོག་མིན་ཁོ་ནར་བཞུགས་པའི་ཐུབ་པའི་གཟུགས་སྐུ་འདི་ཆོས་ཅན། ལོངས་སྤྱོད་རྫོགས་པའི་སྐུར་བཞེད་དེ། ཞེས་སོགས་གསུངས་པའི་ཕྱིར། འདོད་ན། ལོངས་སྐུའི་སྤྲུལ་བའི་འོག་མིན་རྟེན་ཅན་གྱི་སངས་འཕགས་ཆོས་ཅན། ལོངས་སྐུར་ཐལ། མཚན་དཔེས་བརྒྱན་ཅིང་འོག་མིན་ཁོ་ནར་བཞུགས་པའི་ཐུབ་དབང་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། ཆོས་ཅན་དེའི་ཕྱིར་ན་འགལ་ཁྱབ་ཡིན་ཏེ། དེ་ཞིང་ཁམས་གཞན་དུ་རང་གི་གདུལ་བྱ་གར་ཡོད་དུ་ཕེབས་པའི་མཛད་པ་བྱེད་མཁན་གྱི་གང་ཟག་ཡིན་པའི་ཕྱིར་ཏེ། སྤྲུལ་སྐུ་ཡིན་པའི་ཕྱིར་རོ། །ཡང་ཁོ་ན་རེ། དཀྱུས་མའི་སྐུ་ངེས་པ་དང། གསུང་ངེས་པ་གཉིས་ངེས་པ་ལྔའི་རེ་རེར་འདྲེན་རིགས་པར་ཐལ། ཁྱོད་ཀྱི་བཤད་ཚུལ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ཀྱི་ཚད་ལ་ངོ་བོའམ་རྣམ་པ་ངེས་པ་དང་ཆོས་ངེས་པ་གཉིས་འདྲེན་རིགས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དག་དང་པོ་གཉིས་དོན་གཅིག །གཉིས་པ་གཉིས་དོན་གཅིག་པའི་ཕྱིར། ཁོ་རང་ལ། ཤེས་བྱ་ལ་རྟག་མི་རྟག་གཉིས་འདྲེན་ཚེ་བྱས་པ་དང་མ་བྱས་པའི་ཆོས་གཉིས་འདྲེན་མི་རིགས་པར་ཐལ། དེའི་ཚེ་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པའི་ཆོས་གཉིས་འདྲེན་རིགས་པའི་ཕྱིར། ཁྱབ་པ་འགྲིག །དེ་ལྟར་ན་ལོངས་སྐུའི་རྣམ་གཞག་ཉུང་གསལ་འཁྲུལ་བྲལ་བཤད་ཟིན་ཏོ། །

འདིར་སྨྲས་པ།

ངོ་མཚར་རྒྱ་མཚོའི་བཀོད་པར་ངེས་པ་ལྔ། །

རྟག་མིན་རྟག་པར་རོལ་པའི་ལོངས་སྤྱོད་རྫོགས། །

མཐོང་བ་མིན་ཀྱང་གསང་གསུམ་མཛད་པའི་གར། །

སེམས་ངོར་བྲིས་ལ་ངོ་མཚར་ཅི་ཡང་སྐྱེས། །

ཕུན་ཚོགས་འབྱུང་གནས་སྐུ་བཞིའི་གཞལ་ཡས་སྒོར། །ཚོགས་གཉིས་ཐེམ་སྐས་བཅུ་གཅིག་སའི་རིམ་པར། །རྒྱལ་སྲས་འཁོར་བཅས་ཕར་ཕྱིན་བཅུས་བགྲོད་པར། །ཡབ་མེས་རྒྱལ་རྣམས་དགྱེས་བསུའི་ཟློས་གར་རྨད། །ཞིང་གིས་རིང་ཡང་ཐུགས་རྗེས་ཤིན་ཏུ་ཉེ། །མཐོང་བར་དཀའ་ཡང་ནམ་ཡང་འཆར་བའི་སྐུ། །དབྱངས་གཅིག་ཡིན་ཡང་དྲུག་ཅུའི་ཡན་ལག་ཅན། །བསྡུས་མིན་དཔལ་སྡུག་ཀུན་འདུས་དེར་ཕྱག་འཚལ། །ལ་ལར་མ་ཡིན་གསང་གསུམ་ཀུན་ཏུ་ཁྱབ། །དུས་འགའ་ཙམ་མིན་རྟག་པར་རྒྱུན་མི་འཆད། །ཉི་ཚེ་བ་མིན་སྤངས་རྟོགས་ཕ་མཐར་ཕྱིན། །ཁྱོད་བཞིན་གྱུར་ཅིག་བདག་ཅག་མ་རྣམས་བཅས། །ཐུབ་བསྟན་རིན་ཆེན་ཐེམ་སྐས་ཐོས་བསམ་དང། །སྒོམ་པའི་གོམ་སྟབས་རྣམ་དཔྱོད་ཤེལ་མིག་ཏུ། །ཞལ་འཛུམ་གཤེགས་ཤུལ་མཐོང་བ་ལ་བཀོད་པར། །མ་འདྲེས་མཛའ་བཤེས་ཁྱོད་ཀྱི་ཕྱག་དེས་སྐྱོངས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                                          རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

 

                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།