ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་གངྒྰའི་ཆུ་རྒྱུན་ལས་ཡེ་ཤེས་ཆོས་སྐུ་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-18 21:50:44     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 847887618094987906.jpg

    གཉིས་པ་ཡེ་ཤེས་ཆོས་སྐུ་ལ། དངོས་དོན། དེའི་ཁྱད་པར། རྩོད་སྤོང་དང་གསུམ། དང་པོ་ལ། ཡེ་ཤེས་ཆོས་སྐུ་སྐུ་གསུམ་ལས་ཐ་དད་དུ་བསྟན་པ། ཐ་མི་དད་དགག་པ། ཐ་དད་བསྟན་པར་རྩོད་སྤོང་གསུམ། དང་པོ་ལ་གསུམ་ལས་མཚམས་སྦྱར་ནི། དེ་ལྟར་སྐུ་དང་པོ་བསྟན། སོགས་བྱུང། གཉིས་པ་རྩ་བ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང། །ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བྱུང། མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། ཇི་ལྟ་ཇི་སྙེད་ལ་ལྟོས་ཏེ་གཟིགས་པ་མཐར་ཐུག་གི་ཤེས་པ་ཡེ་ཤེས་ཆོས་སྐུའི་མཚན་ཉིད་ཟེར་ན། སངས་རྒྱས་འཕགས་པའི་མིག་ཤེས་སོགས་དབང་ཤེས་ལྔ་རེ་རེ་ནས་ཆོས་ཅན། ཡེ་ཤེས་ཆོས་སྐུར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར། འདོད་ན། ཡིད་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དབང་ཤེས་ཡིན་པའི་ཕྱིར། འདི་ཐུན་མོང་བའི་དབང་དུ་བྱས་ལ། ཐུན་མོང་མ་ཡིན་པ་ལྟར་ན་སངས་རྒྱས་འཕགས་པའི་དབང་ཤེས་ཀྱིས་སྙོམས་པར་འཇུག་ནུས་སམ་མི་ནུས། དེ་ནུས་ན་དབང་ཤེས་ཡིད་ཤེས་ངོ་བོ་ཐ་དད་དཀའ་ལ། མི་ནུས་ན་སློབ་པ་དང་ཁྱད་མེད་དུ་ཐལ་བ་སོགས་འགོག་དཀའམ་སྙམ་པས་དཔྱོད། ཡང་ཁ་ཅིག།། ཡེ་ཤེས་ཆོས་སྐུ་ཡིན་ན་སློབ་དཔོན་འཕགས་པས་མི་བཞེད་པས་ཁྱབ་ཟེར་ན། སངས་རྒྱས་འཕགས་པའི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་སོང། རྟགས་གྲུབ་སྟེ། རྩ་བར། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང། །ཞེས་པ་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། སློབ་དཔོན་འཕགས་པས་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་རང་རང་གི་ཆོས་ཉིད་ངོ་བོ་ཉིད་སྐུའི་སྟོང་གཞིར་ཁས་མི་ལེན་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ་སོང། འདོད་མི་ནུས་ཏེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཅེས་སོགས་ཀྱི་སྐབས་སུ་སངས་རྒྱས་ཀྱི་སའི་ཟག་མེད་ཡེ་ཤེས་དེ་བདེན་པས་སྟོང་པ་ངོ་བོ་ཉིད་སྐུར་མདོར་བསྟན་ཅིང། དེ་འདྲ་བའི་ཡེ་ཤེས་དེ་ལ་དུ་ཡོད་ཅེ་ན་སྡེ་ཚན་ཉེར་གཅིག་ཡོད་ཅེས་འཆད་པར། བྱང་ཆུབ་ཕྱོགས་མཐུན། ནས། རྣམ་པ་ཐམས་ཅད་མཁྱེན་ཉིད་དང། །ཞེས་པའི་བར་བྱུང་བའི་ཕྱིར་ཏེ། དེ་ལྟར་སྟོང་གཞི་དངོས་སུ་གསུངས་ནས། དེ་དག་བདེན་སྟོང་ངོ་བོ་ཉིད་ཀྱི་སྐུའམ་ཆོས་ཉིད་ཀྱི་སྐུ་ཡིན་ཞེས་བཤད་པར། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །སངས་རྒྱས་སའི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་བཞེད་ཀྱང་དེ་ལ་ཡེ་ཤེས་ཆོས་སྐུའི་མིང་མི་འདོགས་ཟེར། ཡང་ཁ་ཅིག །དེ་དག་ལ་ཆོས་སྐུའི་མིང་ཡང་མི་འདོགས་ཟེར་རོ། །འོ་ན། འཕགས་པའི་ལུགས་གཞིར་ཞོག དེ་དག་འབྲས་བུ་ཆོས་སྐུར་17འདི་མི་རུང་བར་ཐལ། དེ་དག་ཡེ་ཤེས་དང་ཆོས་སྐུའི་གཞི་མཐུན་དུ་མི་རུང་བའི་ཕྱིར་ཏེ། དེ་དག་སྐུ་ཙམ་ཡང་མ་ཡིན་པའི་ཕྱིར། རྟགས་འདི་ཁས་ལེན་ཡིན་ཞིང། འཁོར་གསུམ། འདོད་ན། དེ་དག་ཆོས་ཅན། ཡོན་ཏན་ཙམ་ཡང་མ་ཡིན་པར་ཐལ། ཡོན་ཏན་མཐར་ཐུག་ཀྱང་མ་ཡིན། གནས་སྐབས་ཀྱི་ཡོན་ཏན་ཡང་མ་ཡིན་པའི་ཕྱིར། འཁོར་གསུམ་སོང། རྟགས་གཉིས་པ་སླ། དང་པོ་མ་གྲུབ་ན། འབྲས་བུ་ཆོས་སྐུ་ཡིན་པར་ཐལ། དང་པོ་མ་གྲུབ་པ་དེའི་ཕྱིར། ཁྱབ་སྟེ། དེ་གཉིས་དོན་གཅིག་པའི་ཕྱིར། འཁོར་གསུམ་དངོས་འགལ་ཡིན། རྟགས་མ་གྲུབ་ན། རྣམ་བཤད་དང་ཁྱོད་ཀྱིས་ངོ་བོ་ཉིད་སྐུ་བོད་ཁ་ཅིག་ཆོས་སྐུ་མ་ཡིན་བྱས་པ་འགོག་དུས་གང་སྨྲས། རྩ་བར་འདོད་ན། སྐྱེས་བུ་ལན་འདེབས་མཁན་ཁྱོད་ལས་སྡིག་ཆེ་བ་མེད་པར་ཐལ། ཁྱོད་ལ་ཐམས་ཅད་མཁྱེན་པ་ཡོན་ཏན་ཙམ་དུ་ཡང་མི་རུང་བའི་གང་ཟག་ཡིན་པའི་ཕྱིར། འཁོར་གསུམ་སོང། སྔར་གྱི་རྣམ་བཤད་ཀྱི་ལུང་འདྲེན་ཡང་ཁྱོད་ཀྱིས། ཡེེ་ཤེས་སྡེ་ཚན་ཉེར་གཅིག་གང་ལའང་འཕགས་པས་ཆོས་སྐུ་དང་སྐུ་ཙམ་གྱི་ཐ་སྙད་ཀྱང་མི་བཞེད་ཟེར་ན། ཡང་དེའི་ལུགས་ལའང་ཆོས་སྐུ་ལ་རང་དོན་དང་གཞན་དོན་གྱི་སྐུ་གཉིས་དབྱེ་བའམ་དངོས་འགལ་བླ་ན་མེད་པ་ཡིན་ཏེ། འོ་ན། སངས་རྒྱས་སའི་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་དེའི་ཡ་གྱལ་ཡེ་ཤེས་བརྒྱ་དང་ཞེ་བརྒྱད་པོ་གང་རུང་ཡིན་ན། ཆོས་སྐུ་དང་སྐུ་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ལོངས་སྐུའི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་སོང། རྟགས་གྲུབ་སྟེ། སྡེ་ཚན་ཕྱི་མ་གསུམ་པོ་གང་རུང་ཡིན་པའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། རྣམ་མཁྱེན་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་པ་ཐམས་ཅད་མཁྱེན་ཉིད་དང། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འབྲས་བུ་ཆོས་སྐུ་ཡིན་པའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། ལོངས་སྐུ་དང་སྤྲུལ་སྐུ་གང་རུང་ཡིན་པའི་ཕྱིར། འཁོར་གསུམ། ཁྱབ་སྟེ། དེ་གཉིས་ལ་ཆོས་སྐུ་མ་ཡིན་པ་གཅིག་མི་རུང་བའི་ཕྱིར། མ་ཁྱབ་མཚམས་ལ། རྟགས་དེར་ཐལ། དེ་ལོངས་སྐུར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། དེ་བཞིན་དུ་སྤྲུལ་སྐུའང་འཕེན་ནོ། །འདི་དག་རང་ཚིག་དངོས་འགལ་བྲིས་པ་ཡིན་ནོ། །འཕགས་གྲོལ་གྱིས་ཡེ་ཤེས་ཆོས་སྐུའི་ཐ་སྙད་བསྟན་པའི་ལུང་རྣམ་དག་མི་བཞེད་ཟེར་ན། འོ་ན། སྟོང་ཕྲག་བརྒྱ་བ་ལས། གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་སྐུ་མངོན་པར་འཚལ་ཤིང་ཤེས་པར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་དང།

(17) དཔར་ཐེངས་གཉིས་པ། ཆོས་སྐུར་ཡང་།

    ཡང་མདོ་ལས། ངོ་བོ་ཉིད་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་མངོན་པར་འཚལ་བའི་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་བྱོན་ཏེ། ཞེས་གསུངས་པ་འཕགས་གྲོལ་གྱིས་སྒྲ་ཇི་བཞིན་པར་ཁས་མི་ལེན་པར་ཐལ། དེས་ཡེ་ཤེས་ཀྱི་སྐུའི་ཐ་སྙད་མདོ་བསྟན་བཅོས་གང་ནའང་མེད་པར་བཞེད་པའི་ཕྱིར། དེ་ལ་ཁོ་ན་རེ། མ་ཁྱབ་སྟེ། འཕགས་པས་མདོ་དེའི་ཡེ་ཤེས་ཀྱི་སྐུ་ཞེས་ཆོས་ཀྱི་སྐུ་སྤྱི་ལ་དགོངས་པའམ། ཡང་ན་སངས་རྒྱས་སའི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་དེའི་ཡེ་ཤེས་བཏགས་པ་ལ་དགོངས་ཟེར་ན། འོ་ན། དེས་ཡེ་ཤེས་ཆོས་སྐུའི་ཐ་སྙད་དང་དོན་གཉིས་ཀ་ཁས་ལེན་པར་ཐལ། དེས་དེའི་ཐ་སྙད་ཁས་ལེན་པ་གང་ཞིག །དེས་དེའི་དོན་ཡང་ཁས་ལེན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་མདོ་འདི་གཉིས་ཀྱིས་སྐུ་སྤྱི་ལ་ཡེ་ཤེས་ཀྱི་སྐུའི་མིང་བཏགས་པའི་ཕྱིར། འཁོར་གསུམ་སོང། རྟགས་ཁས། མ་ཁྱབ་ན། དེས་ཡེ་ཤེས་ཀྱི་སྐུའི་ཐ་སྙད་ཁས་ལེན་པར་ཐལ། དེ་དེའི་ཐ་སྙད་སྐུ་སྤྱི་ལ་བཏགས་པའི་ཕྱིར། རྟགས་ཁས། འདོད་ན། དེས་སངས་རྒྱས་སའི་ཡེ་ཤེས་ཀྱི་སྐུ་འདོད་ལ་ཡེ་ཤེས་ཆོས་སྐུ་མི་འདོད་པའི་ཁྱད་པར་འཐད་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་འགལ། གཉིས་པ་གྲུབ་སྟེ། དེས་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡེ་ཤེས་ཀྱི་བསགས་པ་མཐར་ཐུག་ཏུ་ཁས་ལེན་པར་ཐལ། ལུང་དོན་ཡོད་པའི་ཕྱིར། འདོད་ན། དེས་དེ་དག་ལ་ཡེ་ཤེས་ཀྱི་སྐུའི་དོན་ཁས་བླངས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། སུའི་ལུགས་ལ་ཡེ་ཤེས་ཀྱི་སྐུའི་དོན་དེ་ལས་གཞན་མེད་པའི་ཕྱིར། འདོད་ན། དེས་དེ་དག་ཡེ་ཤེས་ཀྱི་སྐུར་ཁས་ལེན་པར་ཐལ། དེ་ལ་དོན་ཐ་སྙད་གཉིས་ཀ་ཁས་བླངས་པའི་ཕྱིར། འཁོར་གསུམ། གཞན་ཡང། དེས་དེ་ཡེ་ཤེས་ཆོས་སྐུར་འདོད་པར་ཐལ། དེས་ཚོགས་གཉིས་ལས་སྐྱེས་པའི་རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་གཉིས་འདོད་པའི་ཕྱིར་ཏེ། དེས་རང་རྒྱུ་ཡེ་ཤེས་ཀྱི་ཚོགས་ལས་སྐྱེས་པའི་རང་དོན་ཆོས་སྐུ་གཅིག་འདོད་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་ཀྱི་སྐུ་ནི། ཞེས་དང། ཡེ་ཤེས་ཚོགས་ལས་འཁྲུངས། ཞེས་པའི་དོན་ཡོད་ཅིང། འཁྲུངས་ཞེས་པ་སྐྱེས་ཞེས་པ་ཡིན་པའི་ཕྱིར། མ་གྲུབ་ན། ཡེ་ཤེས་ཀྱི་ཚོགས་ལས་འཁྲུངས་པའི་འགོག་བདེན་ཡང་ཡོད་པར་ཐལ་ལོ། །

    གཞན་ཡང། ཉན་ས་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུའོ། །ཞེས་དང། རྩ་བར། ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་དང། ཉི་ཁྲི་སྣང་བ་ལས། ཆོས་སྐུ་དང་མཚུངས་ལྡན་གྱི་སེམས་བསྐྱེད་བཤད་པ་རྣམས་མི་འཐད་པར་ཐལ། དེས་ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཀྱང་མི་འདོད། དེ་དང་མཚུངས་ལྡན་གྱི་སེམས་བསྐྱེད་གཅིག་ཀྱང་མི་འདོད་པའི་ཕྱིར། ཤིན་ཏུ་སྤྲོ་སླ། ཡང་ཁ་ཅིག །ཡེ་ཤེས་ཆོས་སྐུ། བྱང་ཆུབ་ཕྱོགས་མཐུན། ཞེས་པ་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་གཞུང་འདིའི་བསྟན་བྱའི་གཙོ་བོར་འདོད་མི་འདོད་རྩོད་པའི་འཕགས་ཡུལ་བ་ལ་འཕགས་སེང་གང་རུང་གིས་ཁྱབ་ཟེར་ན། མི་འཐད་པར་ཐལ། དེ་ལྟར་བསྟན་པར་ཡང་མི་འདོད་ཅིང་རྩོད་མཁན་ལ་འཕགས་པ། བཙུན་པ། ཤནྟི་པ། ཨ་བྷྱ་ཀ་ར་རཏྣ་ཀིརྟི་རྣམས་ཡོད་པ་གང་ཞིག །དེ་ལྟར་བསྟན་པར་འདོད་ཅིང་རྩོད་མཁན་ཞི་འཚོ། སློབ་དཔོན་འདི། ཡེ་ཤེས་ཞབས། ཆོས་བཤེས། སློབ་དཔོན་ཤེར་འབྱུང། བུདྡྷ་ཤྲི། གཞོན་ནུ་དཔལ་རྣམས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ལེགས་བཤད་གསེར་འཕྲེང་ལས། རྣམ་འགྲེལ་ཡང་ཉི་སྣང་དང་འདྲའོ། །སྙིང་པོ་མཆོག་ལས་ཀྱང། ཞེས་དང། ཐུབ་དགོངས་སུ་ཡང་མངོན། ཞེས་དང། གྲགས་ཆ་ལས་ཀྱང་ཆོས་ཀྱི་སྐུ་ཞེས་འགྲེལ་བ་གང་དུ་གང་གིས་བརྩད་ཚུལ་གསལ་བར་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཚིག་གསལ་ལས། འདི་ནི་མཁན་པོ་ཡང་དག་རྣམ་སྣང་མཛད་ཀྱི་གདམས་ངག་གཙོ་བོར་བཤད་དོ། །ཞེས་དང། ལེགས་བཤད་གསེར་འཕྲེང་ལས། དེ་ལྟར་ན་ཚིག་གསལ་དང་རྟོགས་དཀའི་བཞེད་པ་ནི་བཤད་ཟིན་ཅིང། ཤེར་འབྱུང་དང་བུདྡྷ་ཤྲིས་ཀྱང་སྐུ་བཞིར་འདོད་ལ། གཞོན་ནུ་དཔལ་གྱིས་ཀྱང་བཞིར་མི་འདོད་པ་བཀག་ནས་བཞིར་སྒྲུབ་པ་རྣམས་ནི་འགྲེལ་པ་འདི་གཉིས་ཀྱི་རྗེས་སུ་འབྲངས་པའོ། །ཞེས་གསུངས་པའི་ཕྱིར། འགྲེལ་བ་གཉིས་ནི་རྒྱན་སྣང་དང་དོན་གསལ་འདི་གཉིས་ཡིན་ནོ། །ཡང་ཁོ་ན་རེ། དེ་དག་གི་ཕྱོགས་སྔ་གཉིས་པོ་འགྲེལ་བ་འདིར་བཀོད་པའི་དངོས་ཀྱི་ཕྱོགས་སྔ་དང་རྩོད་ལན་ཟེར་ནའང་མི་འཐད་པར་ཐལ། འགྲེལ་བ་འདིའི་དངོས་ཀྱི་ཕྱོགས་སྔ་ལ་འཕགས་པ་དང་བཙུན་པ་གཉིས་ལས་མེད་པའི་ཕྱིར་ཏེ། སློབ་དཔོན་གྱིས་འདི་བཀོད་དུས་མཁས་པ་ཕྱི་མ་གསུམ་གྱི་ལུགས་ད་དུང་མ་བྱུང་བའི་ཕྱིར་དང། འདིར་བཀོད་ཀྱི་རྩོད་ལན་ཡང་ཞི་འཚོ་དང་སློབ་དཔོན་ཙམ་དུ་ངེས་པའི་ཕྱིར་ཏེ། ཆོས་བཤེས་སོགས་ཀྱིས་དེ་དུས་ཡི་གེ་མ་བཞག་པའི་ཕྱིར་ཏེ། འདི་དག་དུས་ཕྱིས་བྱུང་བའི་ཕྱིར། ཡང་ཁ་ཅིག །འཕགས་སེང་གཉིས་སྐུའི་གྲངས་ངེས་ལ་རྩོད་ཟེར་ན། མི་འཐད་པར་ཐལ། དེ་གཉིས་སྐུའི་གྲངས་ངེས་ཙམ་ལ་ཁྱད་ཆེར་མི་སྣང་བའི་ཕྱིར་ཏེ། གཉིས་སམ་གསུམ་དུ་གྲངས་ངེས་ཀྱང་འདོད། བཞིར་ཡང་གྲངས་ངེས་འདོད་པའི་ཕྱིར། སྤྲོ་སླ། ཡང་མཁས་པ་ཁ་ཅིག །སྐབས་འདིར་སྐུ་གཉིས་སུ་དང། གསུམ་དུ་དང། བཞིར་དང། ལྔར་ཡང་གྲངས་ངེས་སུ་གསུངས་པ་ལ་ཁ་ཅིག་ན་རེ། འོ་ན། སྐུའི་གྲངས་ངེས་དེ་དང་དེ་ལས་མང་མི་དགོས་ལ་ཉུང་ན་མི་འདུ་བར་ཐལ། དེས་གྲངས་ངེས་ཀྱི་མཚན་ཉིད་ཟུར་དུ་ངེས་དགོས་པའི་ཕྱིར། འདོད་ན། སྐུ་གཉིས་ལས་མང་མི་དགོས་པར་ཐལ། དེ་གཉིས་སུ་གྲངས་ངེས་པའི་ཕྱིར། འདོད་མི་ནུས་ཏེ། གསུམ་དུ་དབྱེར་དགོས་པའི་ཕྱིར། ཁྱབ་སྟེ། གཉིས་ལས་གསུམ་མང་བའི་ཕྱིར་སོགས་སྨྲ་ལ། ཁོ་བོའི་ལུགས་ལ་ཁྱད་པར་མ་སྦྱར་བར་གཉིས་སོགས་སུ་གྲངས་ངེས་མི་འདོད་ཅིང། རང་དོན་གཞན་དོན་གྱི་སྐུ་གཉིས་སུ་གྲངས་ངེས་པར་འདོད་པ་སོགས་ཡིན་ཟེར་ན་བཞད་གད་དེ། འོ་ན་ཁྱོད་ཀྱི་ལུགས་ལ་སྐུའི་གྲངས་ངེས་མི་རུང་བར་ཐལ། ཁྱོད་ཀྱི་ལུགས་ལ་སྐུའི་གྲངས་ངེས་གཅིག་ནས་གྲངས་མེད་ཀྱི་བར་གང་ཡང་བཞག་མི་ཐུབ་པའི་ཕྱིར། དེས་ན་དེ་ལྟར་གྲངས་ངེས་འདོད་པ་ལ་དོགས་པ་རྣམ་གཞག་འདི་ལྟར་སློང་སྟེ། རེ་ཞིག་གྲངས་ངེས་གཅིག་ལ་སྨྲས་ན་གཞན་གོ་སླ་བས། འོ་ན། སྐུ་གསུམ་བཞི་གཉིས་ཀར་གྲངས་མ་ངེས་པར་ཐལ། སྐུ་ལ་གསུམ་བཞི་རེ་རེར་དབྱེར་ཡོད། དེ་ལས་མང་མི་དགོས་ཉུང་ན་མི་འདུ་བ་དེ་དེ་ལ་གསུམ་བཞི་སོ་སོར་གྲངས་ངེས་པའི་དོན་མ་ཡིན། དེ་ལ་དེ་ལྟར་དབྱེ་བ་ཡོད། དེ་གང་རུང་མ་ཡིན་པའི་ཕུང་གསུམ་སེལ་བ་དེ་ཡང་དེའི་དོན་མ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ལོངས་སྐུའི་དབུ་སྐྲ་དང་ཚེམས་དང་སངས་རྒྱས་ཀྱི་དབང་ཤེས་རྣམས་རེ་རེ་ནས་དེ་དག་གང་རུང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། འོ་ན། ངོ་བོ་ཉིད་སྐུ་ལོངས་སྐུ་ཡེ་ཤེས་ཆོས་སྐུ་སྤྲུལ་སྐུ་བཞི་གང་རུང་མ་བགྲངས་པའམ་མ་དབྱེ་ན་སྐུ་རྣམས་དེའི་ལྷག་མ་གསུམ་དུ་སྡུད་མི་ཐུབ་པར་ཐལ། སྐུ་ལ་དེ་བཞི་ལས་ཉུང་ན་མི་འདུ་བའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཉུང་ན་མི་འདུ་ཚུལ་ཡོད་པའི་ཕྱིར། འདོད་ན། སྐུ་རྣམས་ངོ་བོ་ཉིད་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་མི་འདུ་བར་ཐལ། འདོད་པའི་ཕྱིར། སྨྲས་ཚེ་ལན་ཞིབ་པོ་གཅིག་དགོས་འདུག་གོ །ཡང་མ་ཁྱབ་སྟེ། ཡེ་ཤེས་ཆོས་སྐུ་ངོ་བོ་ཉིད་སྐུར་བསྡུས་པས་སྐྱོན་མེད་ཟེར་དགོས་ལ། འོ་ནའང་སྐུ་ལྷག་མ་གཉིས་ཀྱང་དེར་འདུ་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སངས་རྒྱས་སའི་སྟོང་གཞི་རྣམས་ཆོས་ཉིད་ཀྱི་ནང་དུ་འདུ་བར་ཐལ་ལོ། །འདོད་ན། སངས་རྒྱས་སའི་ཤེས་བྱ་ལ་རང་ཡིན་གྱི་བདེན་པ་གཉིས་སུ་གྲངས་མ་ངེས་པར་ཐལ། དེ་ལ་རང་ཡིན་གྱི་བདེན་གཉིས་གང་རུང་གཅིག་མེད་ན་མི་འདུ་བ་མ་ཡིན་པའི་ཕྱིར་ཏེ། དེ་ལ་རང་ཡིན་གྱི་དོན་དམ་བདེན་པ་གཅིག་པུས་ཆོག་པའི་ཕྱིར། མ་གྲུབ་ན། དེ་རྣམས་དེར་འདུ་ཐུབ་པར་བུད་སྨྲས་ཚེ་རྣམ་དཔྱོད་གསར་བའི་ལན་གཅིག་དགོས་སོ དེས་ལྷག་མའི་གྲངས་ངེས་དཔྱད་ཚུལ་ཡང་ཤེས་སོ། །

    ཡང་གསེར་འཕྲེང་གི་རྗེས་འབྲང་ཁ་ཅིག །སློབ་དཔོན་གྱི་སྐུ་གསུམ་ཞེས་པ་ཆོས་ལོངས་སྤྲུལ་གསུམ་ཁོ་ནར་བཞེད་ཀྱི་ངོ་བོ་ཉིད་སྐུ་གསུམ་གྱི་གྲངས་ལ་གཏན་མི་འདྲེན་ཟེར་ན། འོ་ན། གསེར་འཕྲེང་ལས། སྤྱིར་སློབ་དཔོན་གྱིས་ལེ་བརྒྱད་མར་ངོ་བོ་ཉིད་ལོངས་སྤྲུལ་གསུམ་ཞེས་འཕགས་པ་དང་མཐུན་པར་མཛད་དོ། །ཞེས་གསུངས་པ་མི་འཐད་པར་ཐལ། སློབ་དཔོན་གྱིས་སྐུ་གསུམ་འདྲེན་ཚེ་ངོ་བོ་ཉིད་སྐུ་འདྲེན་པ་གསེར་འཕྲེང་གི་དགོངས་པ་ཡིན་པའི་ཕྱིར། རྟགས་ཁས། ཡང་རྣམ་བཤད་ཀྱི་རྗེས་འབྲང་ཁ་ཅིག །སྐུ་གསུམ་འདྲེན་ཚེ་ངོ་བོ་ཉིད་ཁོ་ན་ངེས་པར་གྲངས་གཅིག་ཏུ་འདྲེན་དགོས་པས་རྒྱན་སྣང་སྨོན་ལམ་ལས། རྣམ་པ་ཀུན་གྱི་མཆོག་ཏུ་གྱུར་པའི་སྐུ་ནི་གསུམ་པོ་ངེས་པར་ཐོབ་པར་ཤོག །ཅེས་གསུངས་པའི་ཕྱིར། སྐུ་གསུམ་ཡང་དེ་ལྟར་ཟེར་ན། འོ་ན། སློབ་དཔོན་གྱིས་སྨོན་ལམ་དེ་ལྟར་འདེབས་ཚེ་ཐེག་ཆེན་སེམས་བསྐྱེད་ཀྱིས་དངོས་སུ་ཟིན་པར་ཐལ། དེའི་སྐབས་སློབ་དཔོན་གྱིས་བསྟན་བཅོས་ལ་བརྟེན་པའི་དགེ་བ་རླབས་ཆེན་པོ་དོན་གཉིས་ཀྱི་རྒྱུར་བསྔོས་ཤིང་བྱང་སེམས་དབང་རྣོན་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་སློབ་དཔོན་གྱིས་རང་དོན་བྱང་ཆུབ་ཆེན་པོར་གྱུར་པའི་ཆོས་སྐུ་འཐོབ་ཕྱིར་གཙོ་བོར་བསྔོས་པར་ཐལ། འདོད་པ་གང་ཞིག །རྩ་བར། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆུ་འཐུང་མཁན་གྱི་དོན་དུ་གཉེར་བྱའི་གཙོ་བོ་ཆུ་ཡིན་ཡང་སྣོད་མེད་པར་མི་རུང་ཚེ་ཐོག་མར་སྣོད་འཚོལ་བ་བཞིན། བྱང་སེམས་ཀྱི་ཡང་ཆེད་དུ་བྱ་བའི་གཙོ་བོ་གཞན་དོན་གཟུགས་སྐུ་ཡིན་ཡང་རང་དོན་ཐམས་ཅད་མཁྱེན་པ་མ་ཐོབ་པར་གཞན་དོན་མཐར་ཐུག་མི་འབྱུང་བར་ཤེས་ནས་གཙོ་བོར་བླ་མེད་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར། དེའི་རྒྱུ་མཚན་ཤེས་པའི་ཆེད་དུ་འདིར། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པའི་ཕྱིར་དང། སྔར་ཐོགས་མེད་ཀྱིས་ཆོས་སྐུ་གྲངས་གཅིག་བྱས་པའི་སྐུ་གསུམ་དག་ཀྱང་འདྲེན་པར་བྱའོ། །འདོད་ན། སྐུ་ནི་གསུམ་པོ། ཞེས་པའི་གསུམ་གྱི་གཙོ་བོ་རང་དོན་སྤངས་རྟོགས་གཉིས་ལ་བྱེད་པར་ཐལ། དེའི་གཙོ་བོ་རང་དོན་བྱང་ཆུབ་ལ་བྱེད་པའི་ཕྱིར། འཁོར་གསུམ་སོང། ཁྱབ་སྟེ། བྱང་ཆུབ་དེ་ལ་སྤངས་རྟོགས་གཉིས་ཀ་ཡོད་པའི་ཕྱིར་ཏེ། བྱང་ས་ལས། བྱང་ཆུབ་ནི་གཉིས་ཏེ། སྤངས་པ་དང་རྟོགས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། སློབ་དཔོན་སྤྱིར་སྐུ་གསུམ་འདྲེན་ཚུལ་གཉིས་ཀ་བཞེད་ཀྱང། རྒྱན་སྣང་གི་སྨོན་ལམ་གྱི་སྐུ་གསུམ་པོ་རང་དོན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་བྱེད་པར་ཐལ། འདོད་པའི་ཕྱིར། ཞེས་པའི་སྒྲུབ་བྱེད་རྣམ་དག་འཆད་པར། ལེགས་བཤད་གསེར་གྱི་འཕྲེང་བ་ལས། འོན་ཀྱང་འགྲེལ་བ་གཉིས་སུ་ནི་མི་བཞེད་པས་རྒྱན་སྣང་དུ་གསུངས་པ་ནི་ཆོས་ལོངས་སྤྲུལ་གསུམ་ལ་དགོངས་ལ། ཞེས་གསུངས་པའི་ཕྱིར། འདི་ལྟར་རྗེ་ཡབ་སྲས་ཀྱི་རྣམ་བཤད་གཉིས་མཐུན་པར་བཤད་མི་ཤེས་པར་གསེར་འཕྲེང་ཁས་མི་ལེན་ཟེར་ཞིང་ཁྱབ་སྐོར་གཅིག་གཉིས་བྲིས་པའི་དཔེ་ཆུང་ལ་ལྟ་བ་ནི། རང་ཡང་ཕུང་བར་བྱས་ལ་རང་གི་རྗེས་སུ་འབྲང་བ་དག་ཀྱང་ཕུང་བར་བྱེད་པའོ། །སྔོན་སྨིན་གྲོལ་ཆོས་ཀྱི་རྒྱལ་པོས། རྒྱལ་བ་ཐམས་ཅད་ཀྱི་དབང་པོ་རིན་པོ་ཆེའི་ཞབས་དྲུང་དུ་རྣམ་བཤད་དང་གསེར་འཕྲེང་གང་ཁས་ལེན་ནུས་ཞུས་ཚེ་ངས་འདི་གཉིས་ལ་དགོངས་པ་འགལ་བ་མ་མཐོང། ཕལ་ཆེར་རྣམ་བཤད་ཀྱང་གསེར་འཕྲེང་གི་རྗེས་འབྲང་ཡིན་ལ། ཚིག་ཟིན་འགལ་བ་ལྟར་རེ་རེ་ཙམ་སྣང་བ་ཕྱི་རྩོམ་དང་དགོས་ཁྱད་ཡིན་གསུངས། ཞེས་རྡོ་རྗེ་འཆང་ཁྲི་རིན་པོ་ཆེ་བཀའ་འགྱུར་བ་ལས་ཐོས་ཤིང། སྤྱིར་ན་སྟག་ཚང་ལོ་ཆེན་གྱིས་ཀྱང། གསེར་འཕྲེང་མཐོང་ནས། ཁྱོད་བློའི་གཞོན་ནུའི་ཉིན་མོའི་དུས་ཀྱི་ཚེ། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་ཡིད་ཁེངས་པའི་ཀུ་མུཏ་ལྷག་པར་ཟུམ། །ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་མདོ་རྒྱན་སྦྱོར་ཚུལ་ཙམ་དུ་མ་ཟད། དེ་གཉིས་ཀྱི་དོན་ཡང་འཕགས་ཡུལ་མཁས་པས་བཀྲལ་ཚུལ་གསེར་འཕྲེང་མེད་ན་ཇི་ལྟར་ཤེས། རྣམ་བཤད་ཀྱི་མཇུག་ཏུ་རྒྱས་པར་མ་བཤད་པ་ནི། རྐང་བ་བརྐྱངས་ཏེ་གནས་པ་ཙམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པར་འདོད་པ་དག་གིས་རྟོགས་ཆེད་དུ་བྱས་གསུངས་པ་ལྟར་ཡིན་པས་དེར་མ་བཤད་ན་ཁས་མི་ལེན་པས་མ་ཁྱབ་ལ། ཁྱད་པར་དུ་གྲྭ་ཚང་འདིའི་བླ་མ་གོང་མ་ཀུན་གྱིས་རྣམ་བཤད་གཉིས་ཀ་བསྒྲིགས་ཤིང། དེ་བཞིན་དུ་དུས་ཕྱིས་ཀྱི་དགེ་བཤེས་སྟག་ལུང་གྲགས་པ་དོམ་འབྲུག་བརྩོན་སོགས་ཀྱིས་ཀྱང་མཛད་འདུག་པ་བཞིན། ཁོ་བོས་དཀའ་གནས་འདི་དག་གཡས་འཇོག་བྱས་པ་མ་བཟོད་ནས་བྲིས་པར་དཔྱོད་ལྡན་རྣམས་ཀྱིས་གཟིགས་མཛོད།

ཡང་ཁ་ཅིག །འཕགས་པའི་ངོ་བོ་ཉིད་སྐུ་ཆོས་ཉིད་སྐུར་ཁས་ལེན་པར་ཐལ། རྩ་བར། ཆོས་ཀྱི་སྐུ། ཞེས་གསུངས་པ་གང་ཞིག །དེ་ཆོས་ཉིད་ཀྱི་སྐུ་ཞེས་པའི་དོན་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཉི་ཁྲི་སྣང་བ་ལས། རྐྱེན་ཕྱིས་པས་ཆོས་ཉིད་ཀྱི་སྐུ་ལ་ཆོས་ཀྱི་སྐུ་ཞེས་བྱའོ། །ཞེས་གསུངས། འོ་ན། འཕགས་ལུགས་ལ། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་དངོས་བསྟན་གྱི་སྤངས་པ་གཅིག་ཡོད་པར་ཐལ། དེའི་དངོས་བསྟན་གྱི་ངོ་བོ་ཉིད་སྐུ་ལ་རྫས་སྤྱི་ཆོད་ན་ཆོས་ཉིད་ཀྱིས་མ་ཁྱབ་པའི་ཕྱིར། རྟགས་སླ། འདོད་མི་ནུས་ཏེ། དེའི་དངོས་བསྟན་གྱི་དེ་ལ་སྟོང་གཞི་ཅན་གྱིས་ཁྱབ་པའི་ཕྱིར་ཏེ། འཕགས་པས་བྱང་ཆུབ་ཕྱོགས། ནས། ཐམས་ཅད་མཁྱེན་ཉིད་དང་གི་བར་གྱིས་སྟོང་གཞི་བསྟན། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པས་དེ་དག་བདེན་སྟོང་ཆོས་ཉིད་ཀྱི་སྐུ་ཡིན་ཞེས་བཤད་པའི་ཕྱིར། དགོངས་རྒྱན་ལས། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་དེ་རྣམས་སྐུ་ཅིས་བསྡུས་ཤེ་ན་ངོ་བོ་ཉིད་ཁོ་ན་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པས་དབེན་པའི་རང་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱི་ཆོས་ཉིད་ཙམ་ཡིན་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་ཉིད་ཙམ་ཞེས་པའི་དོན་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དོན་དམ་གྱི་སྐུ་ཡིན་ན་དོན་དམ་ཡིན་དགོས་པར་ཐལ། ཆོས་ཉིད་ལ་དེའི་ཕྱིར། འདོད་ན། སྒྲིབ་བྲལ་གྱི་མྱང་འདས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དོན་དམ་བདེན་པར་ཐལ། དོན་དམ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དབུ་སེམས་དང་ཐལ་རང་སུའི་ལུགས་ལའང་དོན་དམ་ལ་དོན་དམ་བདེན་པས་མ་ཁྱབ་པའི་ཕྱིར་ཏེ། ཐར་བ་དེ་དོན་གྱི་མཆོག་ཡིན་པའི་ཕྱིར་དང། དོན་དམ་པ་སྟོང་ཉིད་ཀྱི་སྟོང་གཞི་སྟོང་ཉིད་གཅིག་ལ་མི་བྱེད་པའི་ཕྱིར། མ་གྲུབ་ན། དོན་དམ་པ་སྟོང་པ་ཉིད་དང་སྟོང་པ་ཉིད་སྟོང་པ་ཉིད་ཟློས་པར་འགྱུར་བའི་ཕྱིར།

    གཉིས་པ་ལ་འཕགས་པས་བཤད་ཚུལ། སློབ་དཔོན་གྱིས་བཤད་ཚུལ། འཕགས་སེང་གིས་བརྩད་ཚུལ་བཤད་པ་དང་གསུམ། དང་པོ་ཡོད་དེ། ཐུབ་པའི་ངོ་བོ་ཉིད་སོགས་ཀྱིས་ངོ་བོ་ཉིད་སྐུ་མདོར་བསྟན། བྱང་ཆུབ་ཕྱོགས་ཞེས་སོགས་ཀྱིས་རྒྱས་པར་བཤད། མཚན་ནི་ཞེས་སོགས་ཀྱིས་ལོངས་སྐུ་མདོར་བསྟན། ཕྱག་ཞབས་འཁོར་ལོའི། ནས། སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་པའི་བར་གྱིས་རྒྱས་པར་བཤད། གང་གིས་སྲིད་པ་ཇི་སྲིད་པ། །ཞེས་སོགས་ཀྱིས་སྤྲུལ་སྐུ་མདོར་བསྟན། འགྲོ་རྣམས་ཞི་བའི་ལས་དང་ནི། །ཞེས་སོགས་ཀྱིས་རྒྱས་པར་བཤད་པའི་ཕྱིར། འོ་ན། ངོ་བོ་ཉིད་སྐུ་རྒྱས་པར་དེ་ལྟར་འཆད་ན། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པའི་དོན་ཅི་ཡིན་ཞེ་ན། དེ་ལྟར་གསུངས་པའི་དོན་ཡོད་དེ། ཆོས་ཉིད་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཞེས་བྱུང་རྒྱུ་ཡིན་ཀྱང་ཆོས་ཉིད་ཅེས་པའི་ངོ་བོའི་རྐྱེན་ཏཱ་ཕྱིས་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པ་ཡིན་ནོ དེ་ལྟར་མ་ཡིན་ན་རྩ་བའི་མདོར་བསྟན་གྱི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་པའི་ངོ་བོ་ཉིད་བཀག་པར་འགྱུར་བའི་ཕྱིར། དང་པོ་གྲུབ་སྟེ། ཉི་ཁྲི་སྣང་བ་ལས། རྐྱེན་ཕྱིས་པས་ཆོས་ཉིད་ཀྱི་སྐུ་ལ་ཆོས་ཀྱི་སྐུ་ཞེས་བྱ་སྟེ། ཞེས་དང། རྣམ་འགྲེལ་ལས། གང་ཉིད་ཀྱི་རྐྱེན་ཕྱིས་པས་ཆོས་ཉིད་ཀྱི་སྐུ་ལ་ཆོས་ཀྱི་སྐུ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་ཆོས་སྐུ་དེ་ཟག་མེད་ཀྱི་ཆོས་མཁྱེན་པའི་ཆ་ནས་བཞག་པའི་སྐུ་ལ་བྱེད་པར་ཐལ། འདིའི་ཆོས་ཀྱི་སྐུ་ཞེས་པའི་ཆོས་དེ། སྐབས་སྟོབས་ཀྱི་ཆོས་ཉིད་དང་ཆོས་ཅན་ཟག་མེད་ཀྱི་ཡེ་ཤེས་དེ་དག་གང་རུང་ལ་སྦྱོར་དགོས་ཆོས་ཉིད་ལ་མི་བྱེད་པའི་ཕྱིར། རྟགས་གཉིས་པ་ཁས། དང་པོ་གྲུབ་སྟེ། ཆོས་ཉིད་སྐུ་དང་དེའི་ཆོས་ཅན་ཟག་མེད་ཡེ་ཤེས་སྡེ་ཚན་རྣམས་གང་རུང་ལ་སྦྱོར་དགོས་པར་ཚིག་ཟིན་ལ་འདུག་པའི་ཕྱིར། ཆོས་ཉིད་སྐུ་ཞེས་དང། བྱང་ཆུབ་ཕྱོགས་མཐུན་སོགས་ཀྱི་ཚིག་གསུངས་པ་དེའི་ཕྱིར། གོང་དུ་འདོད་ན། འདུས་བྱས་སུ་ཐལ། འདོད་པའི་ཕྱིར། འདོད་ན། ངོ་བོ་ཉིད་སྐུ་མདོར་བསྟན་གྱི་སྐབས་སུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་སྐུར་བཤད་པ་མི་འཐད་པར་ཐལ། རྒྱས་བཤད་ཀྱི་སྐུ་དེ་འདུས་བྱས་ཁོ་ན་ཡིན་པའི་ཕྱིར། རྟགས་སོང། ཁྱབ་སྟེ། མདོར་བསྟན་རྒྱས་བཤད་ཀྱི་སྐུའི་གཙོ་བོ་དོན་གཅིག་དགོས་པའི་ཕྱིར། འཆད་པར་གསེར་འཕྲེང་ལས། གཞུང་དེ་དག་དང་ཐུབ་པའི་ཞེས་སོགས་ཀྱི་ནི་མདོར་བསྟན་རྒྱས་བཤད་ཡིན་པས་དོན་གཅིག་ཅིང། ཞེས་གསུངས། འདོད་ན། བརྒྱད་པ་འདིར་གཏན་ནས་ངོ་བོ་ཉིད་སྐུ་བཤད་མི་རུང་བར་ཐལ་བ་དང། དེ་དག་གི་རང་བཞིན་ངོ་བོ་ཉིད་སྐུར་སྟོན་བྱེད་མེད་པར་ཐལ་ལོ། །ཞེས་བཤད་པར། ཉི་ཁྲི་སྣང་བ་ལས། ཆོས་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་པའི་ཕྱིར། ངོ་བོ་ཉིད་བཀག་པར་འགྱུར་བ་དང། སྤྱོད་པའི་དོན་ཡིན་པའི་ཕྱིར་འདུས་བྱས་སུ་འགྱུར་བའི་ཉེས་པ་ཡོད་དེ། ཞེས་དང། རྣམ་འགྲེལ་ལས། གཞན་དུ་ན་ཆོས་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུའོ། །ཞེས་གསུངས་པས་ན་ངོ་བོ་ཉིད་བཀག་པར་འགྱུར་བ་དང་སྐུའི་དོན་བསགས་པ་ལ་འགྲོ་བའི་འདུས་བྱས་སུ་འགྱུར་བའི་ཉེས་པ་ཡོད་དོ། །ཞེས་གསུངས་པའི་ཕྱིར། འདིའི་ལུས་རྣམ་གཞག་ལས་ཀྱང། ངོ་བོ་ཉིད་ལོངས་རྫོགས་བཅས་དང། །དེ་བཞིན་གཞན་པ་སྤྲུལ་བ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི། ཞེས་པས་སྐུ་གསུམ་དང་འཕྲིན་ལས་བཞི་ངོས་བཟུང་ནས་ཆོས་སྐུ་ཞེས་པ་བསྟན་བཤད་ཁོ་ནར་སྦྱོར་རོ། །

    གཉིས་པ་སློབ་དཔོན་གྱིས་བཤད་ཚུལ་ཡོད་དེ། ཐུབ་པའི་ངོ་བོ་ཉིད་སྐུ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་ངོ་བོ་ཉིད་སྐུ་དང། བྱང་ཆུབ་ཕྱོགས་མཐུན། ནས། རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་པའི་བར་གྱིས་ཡེ་ཤེས་ཆོས་སྐུ་དང། ལོངས་སྐུ་ལ་འདྲ་ཞིང། གང་གིས་སྲིད་པ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་སྤྲུལ་སྐུ་དང། དེ་བཞིན་འཁོར་བ་ཞེས་སོགས་ཀྱིས་ཡེ་ཤེས་ཆོས་སྐུའི་བདག་རྐྱེན་བྱས་པའི་འཕྲིན་ལས་འཆད་པར་བཞེད་པའི་ཕྱིར། ལུས་རྣམ་གཞག་ཀྱང་རྐང་པ་དང་པོ་གཉིས་ཀྱི་དོན་འདྲ། ཆོས་སྐུ་ཞེས་པས་ཡེ་ཤེས་ཆོས་སྐུ་དང་ཆོས་སྐུའི་བསྟན་བཤད་གཉིས་ཀར་རུང་སྟེ། དེས་བསྟན་བཤད་གཙོ་བོར་བྱེད་ཅིང། ཡེ་ཤེས་ཆོས་སྐུ་འཕྲིན་ལས་དང་སྦྱར་ནས་བཤད་པ་དགོས་ཁྱད་ཡིན་པའི་ཕྱིར་དང། རྣམ་པ་བཞི་ཞེས་པ་ཆོས་སྐུ་ལ་དབྱེ་དགོས་པའི་ཕྱིར་སྙམ་དུ་དགོངས་སོ། །

    གསུམ་པ་རྩོད་ཚུལ་ལ། རྒྱས་བཤད་ལ་རྩོད་ཚུལ། ལུས་རྣམ་གཞག་ལ་རྩོད་ཚུལ་གཉིས། དང་པོ་ནི། དེ་གཉིས་སྐུའི་གྲངས་ངེས་ཙམ་ལ་མི་རྩོད་དེ། དེ་གཉིས་ཀས་ཡེ་ཤེས་ཆོས་སྐུ་མདོ་དང་ཐོགས་མེད་སྐུ་མཆེད་རྒྱུད་བླ་སོགས་ལས་བཤད་པ་མཐོང་མཉམ་དང་ཁས་ལེན་མཉམ་ཡིན་པའི་ཕྱིར། གཞན་དུ་འཕགས་པས་ཡེ་ཤེས་ཆོས་སྐུ་ཁས་མི་ལེན་ན་དེ་འཕགས་པར་མི་རུང་བར་ཐལ། དེ་སངས་རྒྱས་ཀྱི་སའི་ཡེ་ཤེས་ཆོས་སྐུའི་ངོ་བོར་གྱུར་པའི་ཐམས་ཅད་མཁྱེན་པ་མཐའ་དག་མེད་པར་ལྟ་བའི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། མེད་ལྟ་མཐོང་སྤང་ཡིན་པའི་ཕྱིར། དེ་གཉིས་སྐུའི་བསྟན་ཚུལ་གཅིག་ལ་རྩོད་ཀྱང་སྐུ་བཞི་གའི་བསྟན་ཚུལ་ལ་མི་རྩོད་དེ། ལོངས་སྐུ་བསྟན་ཚུལ་ལ་མི་རྩོད་པའི་ཕྱིར། དེས་ན་སྤྱིར་སྐུ་དང་པོ་གཉིས་བསྟན་ཚུལ་དང། ཁྱད་པར་ཡེ་ཤེས་ཆོས་སྐུ་བསྟན་ཚུལ་དང། དེའི་རྣམ་གཞག་གཙོ་བོར་སྟོན་པའི་གཞུང་ལ་རྩོད་དེ། ལུས་དང་ཡན་ལག་གཉིས་ཀའི་སྐབས་སུ་དེ་ཟུར་དུ་གཙོ་བོར་བཤད་པ་ཡོད་མེད་ལ་རྩོད་པའི་ཕྱིར། དེ་ལ་བརྩད་ཚུལ་ནི། ཁ་ཅིག་སྟེ་ཞི་འཚོ་དང་སློབ་དཔོན་འདི་ན་རེ། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པ་འདི་ངོ་བོ་ཉིད་སྐུ་ཁོ་ན་རྒྱས་བཤད་དང། དེའི་རྒྱུ་མཚན་གྱིས་ཆོས་ཉིད་ཅེས་ཚིག་བཅོས་མི་དགོས་པར་ཐལ། འདིས་སྐུ་བཞིའི་ཡ་གྱལ་གྱི་ཡེ་ཤེས་ཆོས་སྐུ་ཟུར་དུ་འཆད་པའི་ཕྱིར་ཏེ། སངས་རྒྱས་སའི་བྱང་ཆུབ་ཀྱི་ཕྱོགས་མཐུན་སོགས་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་ཆོས་སྐུ་ཟུར་བ་བྱས་ནས་འདིའི་མདོ་ལས་དོན་གྱིས་བརྗོད་པ་ཡིན་པའི་ཕྱིར། འཆད་པར། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་འགྲེལ་བར་གསེར་འཕྲེང་ལས། བྱང་ཆུབ་ཕྱོགས་མཐུན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་བརྒྱ་ཞེ་བཞི་མཐའི་དང་གིས་བསྡུས་པའི་མཁྱེན་པ་གཉིས་དང་བཅས་པའི་བརྒྱ་ཞེ་དྲུག་ལ་ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་ཞེས་མདོ་ལས་དོན་གྱིས་བརྗོད་དེ་ཞེས་དང། འགྲེལ་བར། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ། ནས། ཁ་ཅིག་གིའོ། །ཞེས་གསུངས་པའི་ཕྱིར།

    ཡང་སྐུ་བཞི་བཤད་ཚུལ་འདི་ལྟར་མི་འདོད་པའི་འཕགས་བཙུན་སོགས་གཞན་དག་ན་རེ། ངོ་བོ་ཉིད་སྐུ་བསྟན་བཤད་གཉིས་ཀྱིས་བཤད་པར་ཐལ། ཐུབ་པའི་ངོ་བོ་ཉིད། ཅེས་སོགས་ཀྱི་ནང་ཚན་ཟག་མེད་ཀྱི་ཆོས་དེ་ཡེ་ཤེས་ཟག་པ་མེད་པའི་ཆོས་ཁོ་ནར་ཁས་བླངས་ནས་དེ་དག་བདེན་མེད་ལ་ངོ་བོ་ཉིད་སྐུར་བཤད་དགོས་པའི་ཕྱིར། འཆད་པར། འགྲེལ་བ་ལས། ཐུབ་པའི་ཞེས་པ་ན། མཚན་ཉིད་ཅན་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། རྒྱས་བཤད་དུ་ཆོས་ཉིད་ཀྱི་སྐུ་ཞེས་འབྱུང་རིགས་པ་ལ་ཆོས་སྐུ་ཞེས་བྱུང་བ་ཅི་ཞེ་ན། འཕགས་པ་སོགས་ན་རེ། དེ་ལྟར་བྱུང་ཡང་སྐྱོན་མེད་པར་ཐལ། རྒྱས་བཤད་ཀྱི་ཆོས་སྐུ་ཞེས་པ་དེ་ཉིད་ཀྱང་ཆོས་ཉིད་ཀྱི་སྐུ་སྟེ་དྷརྨ་ཏཱ་ཀཱ་ཡ་ཞེས་བརྗོད་རྒྱུ་ཡིན་པ་ལས་ཆོས་ཀྱི་སྐུའོ་ཞེས་དྷརྨ་ཀཱ་ཡ་ཞེས་ངོ་བོའི་རྐྱེན་ཏཱ་མི་མངོན་པའམ་ཕྱིས་ནས་སྡེབ་སྦྱོར་སྦྱར་སླའི་ཆེད་དུ་བསྟན་ཏོ་ཞེས་རྣམ་པར་བཤད་པ་སྟེ་ཁྱད་པར་དུ་བཤད་པའི་ཕྱིར་ཏེ། འགྲེལ་བར། དེ་ཉིད་ཀྱང་ཆོས་ཉིད་ཀྱི་སྐུ་ཡིན་པ་ལས་ཆོས་ཀྱི་སྐུའོ། །ཞེས་ངོ་བོའི་རྐྱེན་མི་མངོན་པར་བྱས་ནས་བསྟན་ཏོ་ཞེས་རྣམ་པར་བཤད་ནས། ཞེས་གསུངས། དེ་ལྟར་གསུངས་པའི་རྒྱུ་མཚན་བསྟན་བཤད་ཀྱི་སྐུ་དོན་གཅིག་སྙམ་ནས་བཤད་པ་ཡིན་ཏེ། གསེར་འཕྲེང་ལས། མདོར་ན་གཞུང་སྔ་ཕྱི་དེ་གཉིས་དོན་གཅིག་པས་དེ་ངོ་བོ་ཉིད་སྐུ་ཁོ་ན་ཆོས་སྐུར་བཤད་དོ་སྙམ་པའོ ཞེས་གསུངས་པའི་ཕྱིར། རྣམ་པར་བཤད་ཅེས་པ་ཁྱད་པར་དུ་བཤད་པའི་དོན་ཡིན་ཏེ། རྣམ་པའི་སྐད་དོད་བི་ཞེས་པ་རྣམ་པ་དང་ཁྱད་པར་དང་བྱེ་བྲག་དུ་མ་ལ་ཚིག་གྲོགས་དབང་གིས་འཇུག་པའི་ཕྱིར། ཁྱད་པར་དུ་བཤད་ཚུལ་ཡང་ཡོད་དེ། ཉི་ཁྲི་སྣང་བ་ལས། གཞན་དུ་ན་ངོ་བོ་ཉིད་བཀག་པར་འགྱུར་བ་དང། འདུས་བྱས་སུ་ཐལ་བ་དང། ཡེ་ཤེས་དེ་དག་ངོ་བོ་ཉིད་སྐུ་དང་ངོ་བོ་དབྱེར་མེད་ཀྱང་སྔོན་གྱི་སློབ་ལམ་རིགས་འདྲའི་སྒོ་ནས་དབྱེར་ཡོད་པ་དག་ཡིན་པའི་ཕྱིར། འདི་ལྟར་བཤད་དགོས་ཏེ། གཞུང་འདི་ཉི་སྣང་རྣམ་འགྲེལ་སོགས་ཀྱི་བཤད་ཚུལ་འཆད་བྱེད་ཡིན་པའི་ཕྱིར། འོ་ན། བྱང་ཆུབ་ཕྱོགས་མཐུན། ཞེས་སོགས་ཀྱིས་ཡེ་ཤེས་མང་པོ་སྨོས་པའི་གཞུང་དོན་འབྲེལ་མེད་པར་ཐལ། ཡེ་ཤེས་དེ་དག་ཆོས་ཉིད་ཀྱི་སྐུ་མ་ཡིན་ལ་གཞན་བཤད་ཚུལ་མེད་པའི་ཕྱིར་སྙམ་ན་སྔ་ཕྱི་མ་འབྲེལ་བའི་སྐྱོན་མེད་པར་ཐལ། གཞུང་སྔ་མའི་ཟག་མེད་ཀྱི་ཆོས་དེ་དག་ཀྱང་གང་ཡིན་ཞེ་ན། བྱང་ཆུབ་ཕྱོགས་མཐུན། ནས། ཐམས་ཅད་མཁྱེན་ཉིད་དང། ཞེས་པའི་བར་གྱི་ལེའུར་བྱས་པས་དེ་འཆད་པ་ལ་འཇུག་པའི་ཕྱིར། འགྲེལ་བར། ཆོས་ཀྱི་སྐུ་གང་དག་གི །ཞེས་པ་ནས། འཇུག་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། དེ་བཀག་ཚུལ་ནི། ཞི་འཚོ་དཔོན་སློབ་སོགས་སྐུ་བཞིར་བསྟན་པར་འདོད་པ་དག་ན་རེ། ཡེ་ཤེས་དེ་དག་སྐུ་གསུམ་ལས་གཞན་དུ་བསྟན་པར་མི་འདོད་པ་དེ་དག་གི་ལུགས་ལྟར་ན། ངེས་པར་སྐུ་གསུམ་ལས་གཞན་དུ་ཁས་བླངས་དགོས་པ་ལ་ཁྱད་པར་གསུམ་ལྡན་གྱི་ཡེ་ཤེས་རྣམས་སངས་རྒྱས་སས་མ་བསྡུས་པར་ཐལ། སྐུ་གཞན་གསུམ་གང་གིས་ཀྱང་མ་བསྡུས་པའི་ཕྱིར་ཏེ། ཁྱབ་པ་གྲངས་ངེས་ཀྱིས་ཁས་བླངས། འགྲེལ་བར། དེ་དག་གི་ལྟར་ན། ཞེས་དང། གདོན་མི་ཟ་བར་ཁས་བླངས་དགོས་པ་རྣམས་ཇི་ལྟར་བསྡུས། ཞེས་གསུངས་པའི་ཕྱིར། འདིས་ཡེ་ཤེས་དེ་དག་སྐུ་གསུམ་ལས་གཞན་ཡིན་ན་སྟོན་དུས་སུ་དེ་ལྟར་ཅིའི་ཕྱིར་མི་སྟོན་པར་ཤུགས་ལ་འཕེན། ཡེ་ཤེས་དེ་དག་ངེས་པར་སྐུ་གཞན་གསུམ་ལས་གཞན་དུ་ཁས་ལེན་དགོས་པར་ཐལ། ཡེ་ཤེས་དེ་དག་ལ་སྐུ་གཞན་གསུམ་གང་ཡང་མ་ཡིན་པའི་ཁྱད་པར་གསུམ་དང་ལྡན་པའི་ཕྱིར་ཏེ། གནས་འགྱུར་གྱི་ཁྱད་པར་ཟག་བཅས་ཀྱི་རྟོག་པ་སླར་སྐྱེ་མི་རུང་བའི་ཚུལ་གྱིས་སྤངས་པ་ལྟར་ཟག་མེད་དུ་གནས་གྱུར་པ། ངོ་བོའི་ཁྱད་པར་ཟག་མེད་ཀྱི་སེམས་སེམས་བྱུང་གང་རུང་ཡིན་པ། བྱེད་ལས་ཀྱི་ཁྱད་པར་གཟུགས་སྐུ་གཉིས་སྐྱེད་པ་དང་ཆོས་སྟོན་འོད་ཕྱིར་འགྱེད་སོགས་རྫུ་འཕྲུལ་དུ་མའི་བདག་རྐྱེན་བྱེད་པའི་ཁྱད་པར་རྣམས་ཀྱི་ཁྱད་པར་དུ་བྱས་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་པར། གནས་ཡོངས་སུ་གྱུར་པ། ཞེས་གསུངས་པའི་ཕྱིར། སྐུ་གཞན་གསུམ་འདི་ལྟར་གནས་གྱུར་མ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་བར། གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ། ཞེས་གསུངས་པའི་ཕྱིར། དེ་གསུམ་སེམས་སེམས་བྱུང་གང་ཡང་མ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། འགྲེལ་བར། རྣལ་འབྱོར་བའི་ཀུན་རྫོབ་ཏུ་དོན་ཁྱད་པར་ཅན་སྣང་བ་སྐྱེ་བའི་སྒོ་ནས། ཞེས་དང། ཆོས་སྟོན་པ་ལ་སོགས་པའི་དོན་གྱི་བྱ་བ་མཛད་པ། ཞེས་གསུངས་པའི་ཕྱིར་ཏེ། དེ་གསུམ་གྱིས་འདི་ལྟར་བདག་རྐྱེན་མི་བྱེད་པའི་ཕྱིར། དེས་ན་ཁྱད་པར་གསུམ་18པོ་འདི་དང་ལྷག་ཏུ་ཁྱད་པར་ཕྱི་མ་འདི་ཡེ་ཤེས་ཆོས་སྐུ་སྐུ་གཞན་གསུམ་ལས་ཟུར་དུ་ངེས་པར་ཁས་ལེན་དགོས་པའི་སྒྲུབ་བྱེད་དུ་བཀོད་པ་ཡིན་ཏེ། དེ་ལྟར་ཁྱད་པར་བཤད་པ་གནོད་བྱེད་དང་མ་འབྲེལ་བར་འགྱུར་བའི་ཕྱིར་དང། དེས་ན་སྒྲུབ་བྱེད་རྣམ་དག་ཡིན་པའི་ཕྱིར་ཏེ། རྗེའི་ལེགས་བཤད་གསེར་གྱི་འཕྲེང་བར། ཁྱད་པར་ཕྱི་མ་འདིས་ནི་དེ་དག་ཁས་བླངས་དགོས་པའི་རྒྱུ་མཚན་བསྟན་ཏེ་ཡོན་ཏན་དེ་དག་མེད་ན་བདག་རྐྱེན་མེད་པའི་ཕྱིར་བདག་འབྲས་ཆོས་སྟོན་པ་སོགས་མེད་པར་ཐལ་བའོ། །ཞེས་གསུངས་པའི་ཕྱིར། དེས་ན་གདོན་མི་ཟ་བར་ཁས་བླངས་དགོས་ཞེས་བྱ་བ་ཡང་ཡེ་ཤེས་ཆོས་སྐུ་ངོ་བོ་ཉིད་སྐུ་ལས་སྐུ་གཞན་དུ་ཁས་བླངས་ངེས་པར་དགོས་ཞེས་འཆད་དགོས་ཏེ། དགོས་ཙམ་སྒྲུབ་ན་གྲུབ་ཟིན་སྒྲུབ་པའམ་འཕགས་པས་སྐུ་དེ་ཁས་མི་ལེན་པར་ཐལ་བའི་ཕྱིར་རོ། །དེ་སྐུ་ཟུར་བར་སྒྲུབ་པ་རྗེ་ཡབ་སྲས་གཉིས་ཀའི་དགོངས་པ་ཡིན་ཏེ། རྣམ་བཤད་ལས། ཟག་མེད་ཀྱི་ཡེ་ཤེས་དེ་དག་སྐུ་གསུམ་ལས་གཞན་དུ་མི་འདོད་པ་དེ་དག་གི་ལྟར་ན། ཞེས་དང། གསེར་འཕྲེང་ལས། ཡེ་ཤེས་ཆོས་སྐུ་ངོ་བོ་ཉིད་ལས་གཞན་དུ་མི་འདོད་པ་དེ་དག་གི་ལྟར་ན། ཞེས་གསུངས་པའི་ཕྱིར། ཁྱད་པར་གསུམ་པོ་འདི་དེ་སྐུ་ཟུར་བར་སྒྲུབ་བྱེད་རྣམ་དག་ཏུ་བཀོད་ཀྱང་ཡབ་སྲས་ཀྱི་གསུང་བརླིང་བ་མ་རྟོགས་ཤིང་སྔོན་ཆད་སུས་ཀྱང་གསལ་བར་མ་བཤད་འདུག་པས་ཉུང་གསལ་ཐོ་ཙམ་བྲིས་སོ། །ཡང་ཁྱད་པར་གསུམ་དང་ལྡན་ཀྱང་སྐུ་གསུམ་ལས་ཟུར་དུ་བཤད་མི་དགོས་ཟེར་ན། ལོངས་སྤྲུལ་གཉིས་ཀྱང་སོ་སོར་བཤད་མི་རིགས་པ་19ལ་མཚུངས་པས་ལན་མི་ཐེབས་སོ། །རྩོད་ཚུལ་ཕྱི་མ་གཉིས་པོ་འདི་རྒྱན་སྣང་ལས་བཤད་དོ། །ཡེ་ཤེས་ཆོས་སྐུ་དེ་ལྟར་ཁྱད་པར་གསུམ་དང་ལྡན་ཡང་སྐུ་གསུམ་གང་རུང་གིས་མ་བསྡུས་པའི་སྐྱོན་མེད་པར་ཐལ། རྟེན་ཅིང་འབྲེལ་བར་འབྱུང་བ་གང། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་གསུངས་པ་ལྟར་ཆོས་ཉིད་ཀྱིས་ཆོས་ཅན་བསྡུས་པ་གང་ཞིག །རྒྱུ་མཚན་དེས་ཆོས་ཉིད་ཀྱི་སྐུས་ཀྱང་ཆོས་ཅན་ཡེ་ཤེས་ཆོས་སྐུ་བསྡུས་པའི་ཕྱིར་ཟེར་ན། འོ་ན། ལོངས་སྤྲུལ་གཉིས་ཀྱང་སྐུ་གཞན་པ་བྱས་ནས་བཤད་མི་རིགས་པར་ཐལ། དེ་ལ་སོགས་རིགས་པ་དེ་མཚུངས་པའི་ཕྱིར། དེ་མཚུངས་ཀྱང་གསུམ་དུ་བཤད་དགོས་པར་ཐལ། རྒྱུད་བླ་མ་དང་ཐོགས་མེད་དང་ཀླུ་སྒྲུབ་ཀྱི་གཞུང་ལ་སོགས་གསུང་རབ་ལས་སྐུ་གསུམ་བཤད་པའི་ཕྱིར་ཞེ་ན། འོ་ན། ཡེ་ཤེས་ཆོས་སྐུའང་ཟུར་དུ་བྱས་ནས་སྐུ་བཞིར་ཡང་བཤད་རིགས་པར་ཐལ། གསུང་རབ་དང་དགོངས་འགྲེལ་ཚད་ལྡན་གཞན་ལས་སྐུ་བཞིར་ཡང་བསྟན་པའི་ཕྱིར། ཞེས་ཟེར་རོ། །འདི་དག་གི་ཤེས་བྱེད་མ་བཀོད་དོ། །དེ་དག་རྒྱས་བཤད་ལ་རྩོད་ཚུལ་ལོ། །

(18) དཔར་ཐེངས་གཉིས་པ། ཁྱད་པར་གསུམ་པ།

(19) དཔར་ཐེངས་གཉིས་པ། མི་རིགས་པ་ལས།

    གཉིས་པ་ལུས་རྣམ་གཞག་ལ་རྩོད་ཚུལ་ལ། རྩོད་པ་དང། ལན་གཉིས། དང་པོ་ནི། འཕགས་པ་སོགས་ན་རེ། ངོ་བོ་ཉིད་ལོངས་རྫོགས། ཞེས་སོགས་ཀྱི་ཆོས་སྐུ་ཞེས་པ་ཡེ་ཤེས་ཆོས་སྐུ་ཟུར་དུ་འཆད་བྱེད་མ་ཡིན་པར་ཐལ། རྒྱས་བཤད་དང་གོ་རིམ་མི་མཐུན་པར་ངོ་བོ་ཉིད་ཅེས་པའི་མཇུག་དེ་མ་ཐག་མ་བྱུང་བའི་ཕྱིར། ཁྱབ་སྟེ། བསྟན་བཤད་ཀྱི་གོ་རིམ་མཐུན་དགོས་པའི་ཕྱིར། དེས་ན་དེ་ལུས་བསྟན་བཤད་སྦྱོར་བའི་ཚིག་ཡིན་ཏེ། སྐབས་གཞན་བདུན་ལ་བསྟན་བཤད་སྦྱོར་བའི་ཚིག་ཡོད་པ་གང་ཞིག །འདི་ལ་དེ་ལས་མེད་པའི་ཕྱིར། དེས་ན་འདིར་སྐུ་གསུམ་དུ་བསྡུས་ནས་བཤད་པ་ཁོ་ན་འཐད་ཅེས་ཟེར་ཏེ། འགྲེལ་བར། ཁ་ཅིག་ན་རེ། ངོ་བོ་ཉིད་ལོངས་རྫོགས་བཅས་དང། །ནས། སྐུ་ནི་གསུམ་ཁོ་ནའོ། །ཞེས་ཟེར། ཞེས་གསུངས་པའི་ཕྱིར། གཉིས་པ་ལན་ནི། སློབ་དཔོན་སོགས་གཞན་དག་ན་རེ། བསྟན་བཤད་ངེས་པར་གོ་རིམ་མཐུན་མི་དགོས་པར་ཐལ། དགོས་པ་ཡོད་ན་མི་མཐུན་ཡང་སྐྱོན་མེད་པའི་ཕྱིར། དཔེར་ན་ཡོངས་འཛིན་དང་རྟོག་པ་བཞིན། དེ་ལྟར་སྐུ་གསུམ་གྱི་རྗེས་སུ་ཆོས་སྐུ་མཛད་པ་ཞེས་བཤད་པ་ལ་དགོས་པ་གསུམ་ཡོད་དེ། སྔར་བཤད་ཟིན་ལྟར་ཁྱད་པར་གསུམ་ལྡན་དེ་སྐུ་གསུམ་གང་ཡང་མ་ཡིན་པའི་ཆོས་སྐུར་ཁས་ལེན་དགོས་པ་སྟོན་པའི་ཆེད་དང། དེ་ལྟར་ནའང་ཆོས་སྐུ་ཞེས་སྨོས་ན་ཆོས་སྐུའི་བསྟན་བཤད་དང་ཡེ་ཤེས་ཀྱི་སྐུ་གཉིས་ཀར་གོ་ཞིང་ཚིགས་བཅད་སྦྱར་སླའི་ངོར་ཏེ་ཆེད་དང། ཆོས་སྐུ་ཁོ་ན་དང་མཛད་པ་སྦྱར་བས་དེ་ཐམས་ཅད་ཡེ་ཤེས་ཆོས་སྐུའི་བདག་རྐྱེན་ལས་བྱུང་བར་རྟོགས་པའི་ཆེད་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྐུ་གསུམ་གང་རུང་མ་ཡིན་པའི་སྐུ་ཟུར་བར་ཁས་ལེན་དགོས་པ་དེ་ལུས་རྣམ་གཞག་ཏུ་གསུམ་བཤད་ཟིན་པའི་རྗེས་སུ་བཤད་པའི་ཤུགས་ལ་རྟོགས་པའི་ཆེད་ཡིན་པའི་ཕྱིར་ཏེ། འགྲེལ་པར། གཞན་དག་ན་རེ། དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱི། ཞེས་གསུངས་ལ། རྒྱན་སྣང་དུ། འདིའི་འདོད་པ་ཉེ་བར་བཤད་ཟིན་པའི་དགོས་པའི་དབང་གིས་དང། ཞེས་གསུངས་པའི་ཕྱིར། དེ་སྐད་དུ། ལེགས་བཤད་གསེར་འཕྲེང་ལས། སྔར་ལན་གྱི་སྐབས་སུ་ཉེ་བར་བསྟན་ཟིན་པའི་སེམས་སེམས་བྱུང་རྣམས་སྐུ་གཞན་གསུམ་དུ་མ་འདུས་ཤིང་ཆོས་སྐུར་འདུ་དགོས་སོ། །ཞེས་པས་དགོས་པ་འདིའི་ཤུགས་ཀྱིས་ཏེ་ཆེད་དུ་སྐུ་གཞན་གསུམ་བཤད་པའི་འོག་ཏུ་ཆོས་སྐུ་གསུངས་པའོ། །ཞེས་གསུངས་པའི་ཕྱིར། རྣམ་བཤད་ཀྱི་དེའི་ཕྱོགས་གཅིག་ཙམ་མོ། །གཉིས་པ་གྲུབ་སྟེ། འགྲེལ་བར། ཚིག་ལེའུར་བྱས་པ་སྦྱར་བའི་ངོར། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། འགྲེལ་བར། ཁོ་ན་དང་མཛད་པ་སྦྱར་བའི་ཕྱིར་འདི་སྐད་དུ་གསུངས་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། དེས་ན་སྐུ་བཞིར་བཤད་པ་དགོས་པ་ལྷག་མ་དང་བཅས་ཏེ་ཡོད་པར་ཐལ། སྐུ་བཞིར་བཤད་པ་རྒྱན་གྱི་ཚིག་དོན་ལ་མ་ཞུགས་པ་མེད་པ་དེའི་ཕྱིར་དང། ཕྱོགས་གཞན་སྔགས་ཀྱི་གསུང་རབ་དུ་མ་ནས་སྐུ་བཞིར་བཤད་པ་དང་མི་འགལ་བར་ཡང་འགྱུར་བའི་ཕྱིར་ཏེ། འགྲེལ་བར། དེའི་ཕྱིར་ཕྱོགས་གཞན་ནས་སྐུ་བཞིར་གསུངས་པ་ཐམས་ཅད་མི་འགལ་བར་འགྱུར་རོ། །ཞེས་ཟེར་རོ། །ཞེས་གསུངས་པའི་ཕྱིར།

    སྔགས་ཀྱི་ཐེག་པ་གསེར་འོད། དེ་ཉིད་བསྡུས་པ་རྩ་འགྲེལ། དུས་འཁོར་ལ་སོགས་པས་སྐུ་བཞིར་བཤད། འདི་ལ་ཤནྟི། ཨ་བྷྱ། རིན་གྲགས་རྣམས་ཀྱིས་བརྩད་ཚུལ་མ་བྲིས། གསེར་འཕྲེང་ན་ཡོད། དེས་ན་ཤེས་བྱ་ཆོས་ཅན། སྐུ་ལ་གཉིས་ནས་ལྔའི་བར་རེ་རེ་ནས་སྔར་བཤད་པ་ལྟར་གྲངས་ངེས་ཏེ། དེ་ལ་གཉིས་ནས་ལྔའི་བར་དབྱེར་ཡོད་དེ། དེ་དག་ལས་མང་མི་དགོས་ཉུང་ན་མི་འདུ་བའི་ཕྱིར། དེ་དག་རེ་རེ་ལས་མང་ཡང་མི་དགོས་པར་ཐལ། དབྱེ་བ་དེ་དང་དེར་མ་འདུས་ནས་ཡང་དབྱེ་དགོས་པ་མེད་པའི་ཕྱིར། དཔེར་ན་སྐུ་གསུམ་དུ་དབྱེ་བ་དེ་རང་དོན་དང་གཞན་དོན་གྱི་སྐུ་གཉིས་སུ་སྡུད་མ་ཐུབ་པར་དབྱེ་བ་མ་ཡིན་པའི་ཕྱིར་ཏེ། དེར་འདུས་ཀྱང་གསུམ་དུ་དབྱེ་བ་ནི་གཟུགས་སྐུ་ཁྱད་པར་ཅན་གཉིས་ཀྱི་ཡོན་ཏན་སོ་སོར་ཤེས་ཆེད་ཡིན་པའི་ཕྱིར། དེས་གཞན་ལའང་འདྲ། དབྱེ་བ་དེ་དག་རེ་རེ་ལས་ཀྱང་ཉུང་ན་མི་འདུ་བར་ཐལ། དབྱེ་བ་དེའི་ཡ་གྱལ་གཅིག་ཆད་པའམ་ཁས་མ་བླངས་ན་སངས་རྒྱས་ཀྱི་ཡོན་ཏན་དེ་ལ་སྐུར་བ་འདེབས་ཤིང། དབྱེ་བའི་སྡེ་ཚན་དེའི་ཡ་གྱལ་རྣམས་སྐུ་གཞན་གང་དུའང་འཇོག་མི་ཐུབ་པའི་ཕྱིར་ཏེ། སྐུ་དེའི་ཡོན་ཏན་དང་ཁྱད་པར་གཞན་ལ་མེད་པ་དག་འཆད་པ་དང་སེམས་ཚུལ་མེད་པའི་ཕྱིར་ཏེ། དཔེར་ན་སྐུ་བཞིར་དབྱེ་ཚེ་ལོངས་སྤྲུལ་གང་རུང་གཅིག་ཁས་མ་བླངས་ན་དེའི་འཁོར་དང་སྐུའི་ཁྱད་པར་ཞིང་ཁམས་སྐུ་ཚེ་སོགས་སྐུ་གཞན་ལ་བཤད་ཐབས་མེད་པའི་ཕྱིར། དེས་ན་གཉིས་སུ་གྲངས་ངེས་བྱས་ཚེའང། གསུམ་བཞི་ལྔ་སོགས་ཀྱི་ཡ་གྱལ་ཁས་མ་བླངས་པ་མ་ཡིན་པའི་ཕྱིར་ཏེ། དེའི་ནང་དུ་བསྡུས་ནས་དབྱེ་ཆོག་པའི་ཚུལ་གྱིས་ཁས་བླངས་པའི་ཕྱིར། འདི་ལྟར་ཤེས་ན་སྔར་གྲངས་ངེས་ཀྱི་རྩོད་ལན་རྣམས་ལ་ཞིབ་ཆ་དང་ལན་ཐེབས་སོ། །སྔར་གྱི་དེ་ལ་ཞིབ་ཆ་འདིའོ། །ལོངས་སྤྲུལ་གཉིས་ལ་རྣམ་པར་སྨིན་པའི་སྐུ་ཡིན་མིན་གྱི་ཁྱད་པར་ཡོད་དེ། ཞིང་འཁོར་སྐུ་སོགས་གང་ལའང་ལོངས་སྐུ་ནི་ཚོགས་གཉིས་ཀྱི་རྣམ་སྨིན་ཆེར་སྨིན་པ་དང། དེ་ལ་ལྟོས་ཏེ་སྤྲུལ་སྐུ་བདག་འབྲས་ཙམ་ཡིན་པའི་ཕྱིར། སྤྲུལ་སྐུ་ལའང་མཆོག་སྤྲུལ་རྣམ་སྨིན་དང་སྐྱེས་སྤྲུལ་སོགས་རྣམ་པར་སྨིན་པ་མ་ཡིན་པའི་སྐུ་ཞེས་བྱ་སྟེ། རྒྱུ་མཚན་ལྟོས་ས་ལ་ལྟོས་ཏེ་སྔ་མ་ལྟར་གྱི་ཕྱིར་ཏེ། རྫོགས་སྨིན་སྦྱངས་གསུམ་ལ་བསམ་མོ། །ལྟོས་ས་ལ་ལྟོས་ཏེ་དེ་ལྟར་ཡིན་ཀྱང་ཡོན་ཏན་ཆེ་ཆུང་མེད་དོ། །ཇི་ལྟ་ཇི་སྙེད་ལ་ལྟོས་ཏེ་གཟིགས་པ་མཐར་ཐུག་གི་ཡེ་ཤེས་དེ་ཡེ་ཤེས་ཆོས་སྐུའི་མཚན་ཉིད། དེ་དང་རྣམ་མཁྱེན་དོན་གཅིག དབྱེ་ན་ཆོས་དབྱིངས་ཡེ་ཤེས་མེ་ལོང་ལྟ་བུའི་ཡེ་ཤེས་མཉམ་ཉིད་ཡེ་ཤེས་སོར་རྟོགས་ཡེ་ཤེས་བྱ་གྲུབ་ཡེ་ཤེས་ལྔ་ཡོད། མཚན་ཉིད་དང་བྱེད་ལས་མདོ་སྡེ་རྒྱན་གྱིས་གྲུབ་ཟིན། སྔགས་ལུགས་ལ་མཁྱེན་པ་ལའང་ངོ་བོ་ཉིད་སྐུ་རུང་ཡང་འདིར་མི་རུང་བ་སོགས་ཤེས་པར་བྱ། ཡང་དེ་ལ་དབྱེ་ན་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡོད་དེ། དེ་ལ་རང་ཡིན་གྱི་ཟག་མེད་སྡེ་ཚན་དང་པོ་བྱང་ཕྱོགས་དང། གཉིས་པ་ཚད་མེད་བཞི། གསུམ་པ་རྣམ་ཐར་བརྒྱད། བཞི་པ་མཐར་གནས་དགུ །ལྔ་པ་ཟད་པར་བཅུ། དྲུག་པ་ཟིལ་གནོན་བརྒྱད། བདུན་པ་ཉོན་མོངས་མེད་སེམས། བརྒྱད་པ་སྨོན་མཁྱེན། དགུ་པ་མངོན་ཤེས་དྲུག བཅུ་པ་སོ་སོར་ཡང་དག་པར་རིགས་པ་བཞི། བཅུ་གཅིག་པ་ཡོངས་དག་བཞི། བཅུ་གཉིས་པ་དབང་བཅུ། བཅུ་གསུམ་པ་སྟོབས་བཅུ། བཅུ་བཞི་པ་མི་འཇིགས་པ་བཞི། བཅོ་ལྔ་པ་སྲུང་བ་མེད་པ་གསུམ། བཅུ་དྲུག་པ་དྲན་པ་ཉེར་བཞག་གསུམ། བཅུ་བདུན་པ་བསྙེལ་བ་མི་མངའ་བའི་ཆོས་ཉིད། བཅོ་བརྒྱད་པ་བག་ཆགས་ཡང་དག་བཅོམ་པ། བཅུ་དགུ་པ་ཐུགས་རྗེ་ཆེན་པོ། ཉི་ཤུ་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཉེར་གཅིག་པ་མཁྱེན་གསུམ་གྱི་སྡེ་ཚན་གྱི་བར་ཡོད་པའི་ཕྱིར། ཡན་ལག་གི་དབྱེ་བ་ཡོད་དེ། དངོས་བསྟན་སྡེ་ཚན་དང་པོ་ལ་སོ་བདུན་ནས་ཉེར་གཅིག་པ་རྣམ་མཁྱེན་དང་བཅས་པའི་བརྒྱ་ཞེ་བཞི། དང་སྒྲས་བཤད་པའི་མཁྱེན་པ་གཉིས་ཏེ་བརྒྱ་ཞེ་དྲུག་ཡོད་པའི་ཕྱིར།

    གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། ཟག་པ་མེད་པའི་ཆོས་གང་དག །ཅེས་པའི་ཟག་མེད་དེ་ཡེ་ཤེས་ཟག་མེད་ལ་བྱེད་པར་ཐལ། དེ་དེ་ལ་བྱེད་པ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་དགག་བྱའི་ཟག་མེད་ལ་བྱེད་དགོས་པའི་ཕྱིར་ཏེ། གཞན་དུ་ན་བསྟན་བཤད་འཕགས་པ་ལྟར་ཁས་ལེན་དགོས་པའི་ཕྱིར་ཏེ། འགྲེལ་བར་ཡང། ཆོས་ཀྱི་དབྱིངས་ངོ་བོ་ཉིད་ཀྱིས་ཟག་པ་མེད་པ། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། སློབ་དཔོན་གྱིས་འཕགས་པས་བཤད་པ་ལྟར་མི་རུང་བར་བཞེད་པར་ཐལ། འགྲེལ་བ་གཉིས་ཀར་བཀག་ཚུལ་དེའི་ཕྱིར་ན་མ་ཁྱབ་སྟེ། བཞིར་བཤད་པ་ལ་དགོས་པ་ལྷག་པོ་མཐོང་ནས་བཤད་པ་ཙམ་ཡིན་གྱིས་གསུམ་དུ་བཤད་མི་རུང་བར་མི་བཞེད་པའི་ཕྱིར་རོ། །འདོད་མི་ནུས་ཏེ། ལེའུ་བརྒྱད་མར་སྐུ་གསུམ་འཕགས་པ་ལྟར་བཤད་ཅིང། སྡེ་ཚན་ཉེར་གཅིག་གི་མདོ་ཡང་ངོ་བོོ་ཉིད་སྐུའི་མདོར་བཤད་པའི་ཕྱིར། ཡང་ཁོ་ན་རེ། ཡེ་ཤེས་ཆོས་སྐུ་སྐུ་བཞི་པར་ཐལ། ལུས་མདོར་བསྟན་གྱི་སྐབས་སུ་བཞི་བར་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དགོས་པའི་དབང་ཡིན་པར་བཤད་ཟིན་པའི་ཕྱིར། འདོད་མི་ནུས་ཏེ། རྒྱས་བཤད་ལྟར་དགོས་པའི་ཕྱིར། འགྲེལ་བར། དེ་ལྟར་སྐུ་དང་པོ་བསྟན་ནས་གཉིས་པ་ཡེ་ཤེས་ཆོས་ཀྱི་སྐུ། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། འཕགས་པས་ཡེ་ཤེས་ཆོས་སྐུ་ངོ་བོ་ཉིད་སྐུས་མ་བསྡུས་པའི་སྐུ་ཟུར་བར་ཁས་བླངས་པར་ཐལ། དེས་དེ་འདོད་པའི་ཕྱིར་ན་མ་ཁྱབ། ཡང་དེས་དེ་སྐབས་བརྒྱད་པར་ཟུར་དུ་བསྟན་པར་ཁས་ལེན་པར་ཐལ། དེས་དེ་བྱང་ཆུབ་ཕྱོགས། ནས། ཆོས་ཀྱི་སྐུ་ཞེས་བརྗོད། ཅེས་པའི་བར་གྱིས་ཟུར་དུ་དངོས་སུ་བསྟན་པར་ཁས་ལེན་པའི་ཕྱིར་ཏེ། དེས་དེ་བྱང་ཆུབ་ཕྱོགས། ནས། ཐམས་ཅད་མཁྱེན་ཉིད་དང་གི་བར་གྱིས་དངོས་སུ་བསྟན་པར་འདོད་པ་གང་ཞིག །གཞུང་འདི་དེའི་བར་གྱི་གཞུང་ཡིན་པའི་ཕྱིར་ན་མ་ཁྱབ།

 

སྨྲས་པ།

ལེགས་བཤད་རིན་ཆེན་གསེར་གྱི་འཕྲེང་བ་བཞིན། །

རྣམ་བཀྲ་མཛད་པས་མཁས་རྣམས་ཡ་མཚན་ཡང། །

རྨོངས་པས་མ་ལྕིབས་བཅུ་གཉིས་བདག་པོའི་གཟི། །

མཐོང་བའི་བྱ་རོག་དགྲ་བཞིན་མི་བཟོད་བྱེད། །

    འཛམ་གླིང་རྒྱན་གཞུང་མ་མཐོང་ཐལ་བསྡུསཙམ། །བྲིས་པས་ཕར་ཕྱིན་ཤེས་རློམ་མེ་ཁྱེར་འོད། །སྐུ་བཞིར་དཔྱད་པའི་ཉིན་བྱེད་ཀྱིས་བཅོམ་དང ལྷན་ཅིག་ཐུབ་བསྟན་པད་ཚལ་མགོ་ལྕོག་རྒྱས། །དགའ་ལྡན་ལྷ་བརྒྱས་མ་བཏུད་གླེགས་རལ་དག །བསྣམས་པ་མིན་ཡང་སྡེ་སྣོད་འབྱམས་ཀླས་གཞུང། །འཆད་རྩོད་རྩོམ་པས་རྒྱན་དྲུག་སླར་བྱོན་ལྟར། །གསལ་མཛད་མཁས་པ་རྣམས་ལ་མི་གུས་སུ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

    གསུམ་པ་འགྲེལ་པ་ནི། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ནས། ཞེས་སོགས་གསུངས། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། ཟད་པར་གྱི་ཏིང་ངེ་འཛིན་ཡིན་ན་འཁྲུལ་ཤེས་ཡིན་པས་ཁྱབ་ཟེར་ན། སངས་འཕགས་རྒྱུད་ཀྱི་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར་ཏེ། རྩ་བར། ཟད་པར་བཅུ་ཡི་བདག་ཉིད་དང། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་ལ་འཁྲུལ་བ་མེད་པའི་ཕྱིར། ཡང་ཁ་ཅིག །སློབ་པའི་རྒྱུད་ཀྱི་དེ་ཡིན་ན་ལོག་ཤེས་ཡིན་པས་ཁྱབ་ཟེར་ན། སློབ་པ་འཕགས་རྒྱུད་ཀྱི་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ལམ་བདེན་ཡིན་པའི་ཕྱིར། ཡང་ཁ་ཅིག །མི་སྡུག་པའི་ཏིང་ངེ་འཛིན་དང་ཟད་པར་གྱི་ཏིང་ངེ་འཛིན་གང་རུང་གི་སྣང་ཆ་དང་སྤྲུལ་ཆ་ལ་ལོག་པའི་ཀུན་རྫོབ་ཀྱིས་ཁྱབ་སྟེ། རྣམ་འགྲེལ་ལས། མི་སྡུག་ཟད་པར་ས་ལ་སོགས། །ཡང་དག་མིན་པའང་མཐོང་བར་འགྱུར། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སེམས་ཅན་ཕལ་བའི་དེ་ལ་དགོངས་པའི་ཕྱིར། འདོད་ན། བྱང་འཕགས་ཀྱི་ཟད་པར་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཆུ་སར་བསྒྱུར་བ་དང། ས་འམ་ཆུ་གསེར་དུ་བསྒྱུར་བ་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར་ཏེ། སོ་སྐྱེས་ཀྱིས་གང་སྤྲུལ་བ་དེ་སྣང་བ་ཙམ་ཡིན་ཅིང་དོན་དེ་ལྟར་མ་གྲུབ་པ་མང་ཡང་འཕགས་པས་དེ་ལྟར་མོས་ནས་བསྒྱུར་བ་རྣམས་དེ་དང་དེའི་དོན་བྱེད་ནུས་པའི་ཕྱིར་ཏེ། ལེགས་བཤད་གསེར་འཕྲེང་ལས། སའི་དངོས་གཞིར་གསེར་ལ་སོགས་པ་གང་མོས་མོས་སུ་ཟད་པར་གྱིས་བསྒྱུར་བ་རྣམས་དེ་ཁོ་ན་བཞིན་དུ་འགྱུར་ཞིང་གསེར་ལ་སོགས་པས་ཀྱང་དེ་དང་དེའི་བྱ་བ་བྱེད་ནུས་པར་བཤད་དོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་ཀུན་བཏུས་འགྲེལ་བ། སའི་དངོས་གཞི། ཀུན་བཏུས་དར་ཊཱིཀ་སོགས་ལས་བཤད་ཀྱང་མ་བྲིས་སོ། །འདོད་མི་ནུས་ཏེ། སྣང་བ་ལྟར་དོན་བྱེད་ནུས་པའི་ཕྱིར། ཁྱབ་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ཅེས་སོགས་གསུངས་པའི་ཕྱིར། གོང་གི་རྟགས་གྲུབ་སྟེ། ཁྱོད་རིམ་བཞིན་ས་དང་གསེར་ཡིན་པའི་ཕྱིར་དང། གསེར་འཕྲེང་ལས་ཀྱང། དེ་དང་དེའི་བྱ་བ་བྱེད་ནུས་པར་བཤད་དོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ཟད་པར་དང་པོ་བརྒྱད་གང་རུང་ཡིན་ན། སེམས་རྟེན་བསམ་གཏན་བཞི་པ་ལ་བརྟེན་པས་ཁྱབ་སྟེ། མཛོད་ལས། བརྒྱད་མ་ཆགས། །བསམ་གཏན་མཐའ་ན། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དེ་ལ་བརྟེན་པར་བཤད་ཙམ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བསམ་གཏན་བཞི་ག་ལ་བརྟེན་པ་ཉི་སྣང་གི་དགོངས་པ་ཡིན་པའི་ཕྱིར་དང། དེ་གཉིས་གཅིག་ཁས་བླངས་ན་གཅིག་སྤང་མི་དགོས་པར་རྣམ་ཐར་སྐབས་སུ་རྣམ་བཤད་ལས་བཤད་པའི་ཕྱིར་ཏེ། གསེར་འཕྲེང་ལས། ཉི་སྣང་ལྟར་ན་བསམ་གཏན་བཞི་ག་ལ་བརྟེན་ནོ ཞེས་གསུངས་པའི་ཕྱིར་དང། རྣམ་བཤད་ལས། སྔ་མ་ཁས་བླངས་པ་ཉིད་ཀྱིས་ཕྱི་མ་ཁས་བླང་དུ་མི་རུང་བ་ནི་མ་ཡིན་ནོ། །ཞེས་གསུངས་པ་དང་མཚུངས་པའི་ཕྱིར།

    རང་གི་ལུགས་ལ། བསམ་གཏན་དང་གཟུགས་མེད་གང་རུང་གི་དངོས་གཞི་ལ་བརྟེན་ནས་རང་གི་དམིགས་ཡུལ་དུ་གྱུར་པའི་ས་སོགས་ཡུལ་བཅུ་གང་རུང་གིས་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་དང་མཚུངས་ལྡན་ཅི་རིགས་པ་དེ། ཟད་པར་ཏིང་ངེ་འཛིན་གྱི་མཚན་ཉིད། སྒྲ་དོན་ཡོད་དེ། རང་གིས་ཇི་ཙམ་དམིགས་ཡུལ་ཟད་པར་ཏེ་མ་ལུས་པར་ཁྱབ་པར་བྱེད་པ་དང། རྒྱས་པར་ཏེ་འགེངས་པར་བྱེད་པས་ཟད་པར་ཞེས་བརྗོད་པའི་ཕྱིར་ཏེ། རྣམ་བཤད་ལས། ཟད་པར་གྱི་མིང་དོན་ནི་ཟད་པར་ཏེ་མ་ལུས་པར་ཁྱབ་པར་བྱེད་པ་དང་རྒྱས་པར་བྱེད་པའི་དོན་ནོ། །ཞེས་གསུངས་པའི་ཕྱིར། མངོན་པ་གཉིས་སོགས་མཐུན། དབྱེ་ན་བཅུ་ཡོད་དེ། ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི་ལ་དམིགས་པ་བཞི་དང། སྔོན་པོ་སེར་པོ་དཀར་པོ་དམར་པོ་སྟེ། འབྱུང་འགྱུར་བཞི་ལ་དམིགས་པ་བཞི་དང། ནམ་མཁའ་དང་རྣམ་ཤེས་ལ་དམིགས་པ་གཉིས་ཏེ་བཅུ་ཡོད་པའི་ཕྱིར་ཏེ། རྩ་བར། ཟད་པར་བཅུ་ཡི། ཞེས་དང། འགྲེལ་བར། ས་དང་ཆུ་དང་མེ་དང་རླུང་དང་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་ནམ་མཁའ་དང་རྣམ་པར་ཤེས་པ་ཞེས་བྱ་བ་ཟད་པར་རྣམ་པ་བཅུ་དང། ཞེས་གསུངས་པའི་ཕྱིར། བསམ་གཏན་གྱི་དངོས་གཞི་ལ་སེམས་རྟེན་བྱས་ནས་རང་གི་དམིགས་ཡུལ་སས་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་དང་མཚུངས་ལྡན་ཅི་རིགས་དེ། ཟད་པར་སའི་ཏིང་ངེ་འཛིན་གྱི་མཚན་ཉིད། གཟུགས་ཅན་བརྒྱད་ལ་འདྲ་ཞིང་ལྷག་མ་གཉིས་ལ་སེམས་རྟེན་གཟུགས་མེད་ཀྱི་དངོས་གཞི་སྦྱོར། ཟད་པར་གྱི་ཏིང་ངེ་འཛིན་ལ་ཏིང་ངེ་འཛིན་གྱིས་མ་ཁྱབ་སྟེ། གཙོ་བོར་སྨོས་པས་དེ་དག་ནི། །སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན། །ཞེས་གསུངས་པ་ལྟར་གཙོ་ཆེ་བས་དེ་དག་སྨོས་ཀྱང་རང་དང་མཚུངས་ལྡན་གཞན་ཡང་ཡོད་པའི་ཕྱིར་ཏེ། རྣམ་བཤད་ལས། ངོ་བོ་ནི་ཆོས་བཅུ་ལ་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཤེས་རབ་མཚུངས་ལྡན་དང་བཅས་པའི་དོན་ཡོད་པའི་ཕྱིར། རིགས་པས་ཀྱང་གྲུབ་པར་ཐལ། ས་སོགས་དེ་དང་དེ་སྒོམ་པ་ལ་གཙོ་འཁོར་ཀུན་མཚུངས་པར་འཇུག་དགོས་ཀྱི་ཏིང་ངེ་འཛིན་གཅིག་པུས་མི་རུང་བའི་ཕྱིར་ཏེ། ཡིད་བྱེེད་ཀྱི་དེ་ལ་སེམས་གཏོད་པ་སོགས་ཡིན་པའི་ཕྱིར། ཤིན་ཏུ་སླ། དེ་སྐྱེ་མཆེད་གང་ལ་འཇོག་པ་ཡོད་དེ། གཟུགས་ཀྱིས་བསྡུས་པའི་སྐྱེ་མཆེད་ལ་དང་པོ་བརྒྱད་དང། ཆོས་ཀྱི་སྐྱེ་མཆེད་ལ་ནམ་མཁའ་དང། ཡིད་ཀྱི་སྐྱེ་མཆེད་ལ་རྣམ་ཤེས་ཀྱི་ཟད་པར་འཇོག་པའི་ཕྱིར། དང་པོ་གྲུབ་སྟེ། གཟུགས་ཀྱིས་བསྡུས་པའི་སྐྱེ་མཆེད་ལ་བརྒྱད་འཇོག་ཀྱང་གཟུགས་ཀྱི་སྐྱེ་མཆེད་ལ་བརྒྱད་འཇོག་མི་ཐུབ་པའི་ཕྱིར། སྔོན་པོ་སོགས་གཟུགས་ཀྱི་སྐྱེ་མཆེད་ལ་འཇོག །ས་སོགས་བཞི་རེག་བྱའི་སྐྱེ་མཆེད་ལ་འཇོག་པའི་ཕྱིར་ཏེ། སྔོ་སོགས་བཞི་ཁ་དོག་དང་གཟུགས་ཀྱི་སྐྱེ་མཆེད་དང་ས་སོགས་བཞི་འབྱུང་བ་དང་རེག་བྱའི་སྐྱེ་མཆེད་ཡིན་པའི་ཕྱིར། སྒྲ་ལ་མི་འཇོག་པའི་རྒྱུ་མཚན་ཡོད་དེ། སྒྲ་ལ་རིགས་འདྲའི་རྒྱུན་མེད་པའི་ཕྱིར། ཁྱབ་སྟེ། སྒྲ་ལ་དེ་ཡོད་ན་དེ་ཟད་པར་གྱིས་རང་གི་དམིགས་ཡུལ་ཁྱབ་པར་བྱེད་དགོས་ལ་རིགས་འདྲའི་རྒྱུན་མེད་ན་ཁྱབ་པར་སྤྲོ་མི་ཐུབ་པའི་ཕྱིར་ཏེ། རིགས་རྒྱུན་གཉིས་ཀ་ཅི་རིགས་བར་མ་ཆད་པར་ཡུལ་ཁྱབ་པར་སྤྲོ་དགོས་པའི་ཕྱིར་ཏེ། ཉི་ཁྲི་སྣང་བ་ལས། རྒྱུན་མི་འཆད་པར་ཁྱབ་པར་སྤྲོ་བས་ན་ཟད་པར་གྱི་སྐྱེ་མཆེད་དོ། །ཞེས་གསུངས་པའི་ཕྱིར།

    དབང་པོ་ལྔ་ལ་མ་བཞག་པའི་རྒྱུ་མཚན་ཡོད་དེ། ཕྱི་རོལ་གྱི་སྣོད་ལ་དེ་མེད་པའི་ཕྱིར། ཁྱབ་སྟེ། དེ་ལྔ་ལ་ཟད་པར་ཡོད་ན། དེས་རང་གི་དམིགས་ཡུལ་སྣོད་ལ་ཡང་ཁྱབ་དགོས་ལ། སྣོད་ལ་དེའི་རིགས་ཙམ་ཡང་མེད་པའི་ཕྱིར། དྲི་རོ་གཉིས་ལ་དེ་མི་བཞག་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་གཟུགས་ཁམས་ན་མེད་པའི་ཕྱིར། ཁྱབ་སྟེ། འདིར་གཟུགས་ཅན་གྱི་ཟད་པར་དག་གཟུགས་ཁམས་མན་ཆད་ལ་སྤྲོ་བར་བྱེད་ལ་དེ་ན་རིགས་ཙམ་ཡང་མེད་ན་སྤྲོ་མི་ཐུབ་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་འཕྲེང་ལས། གཟུགས་ཅན་བརྒྱད་ཀྱི་གཟུགས་ཁམས་ཕྱིན་ཆད་ལ་ཟད་པར་བྱེད་པར་སའི་དངོས་བཞི་ལས་སོ། །ཞེས་གསུངས་པའི་ཕྱིར། སྣོད་ལ་རྣམ་ཤེས་མེད་ཅིང་ནམ་མཁའང་རྟག་པར་བྱས་ཚེ་རིགས་རྒྱུན་མེད་པས། ཉི་སྣང་ལུང་དོན་དང་དེ་གཉིས་ལ་འཇོག་པའི་རྒྱུ་མཚན་ཅི་སྙམ་ན་དེ་གཉིས་འཇོག་པའི་རྒྱུ་མཚན་ཡོད་དེ། ནམ་མཁའི་ཁམས་ཐམས་ཅད་དུ་འགྲོ་བ་དང་རྣམ་ཤེས་ནི་ཡུལ་ཟད་པར་གྱི་སྤྱོད་ཡུལ་ཅན་ཡིན་པས་བཞག་པ་ཡིན་པར་ས་སྡེར་བཤད་པའི་ཕྱིར། དེ་དག་གི་དམིགས་པ་གཞན་གོ་སླ་ལ་ཐ་མ་གཉིས་ཀྱི་དམིགས་པ་ནི་རང་སའི་མིང་བཞི་ཡིན་པར་མཛོད་འགྲེལ་ལས་བཤད་དོ། །སྔར་སྦྱངས་པའི་དམིགས་པ་མཐོང་ཙམ་གྱིས་ཏིང་ངེ་འཛིན་སྐྱེ་ལ། གསར་དུ་སྦྱང་ཚུལ་ཡོད་དེ། ཉི་སྣང་ལྟར་དམིགས་རྐྱེན་བཅུ་ཟུང་སོགས་བཅོས་ཏེ་དེ་ལ་དམིགས་ནས་ས་ས་ཞེས་ཟད་པར་ས་དང་ཆུ་ཆུ་ཞེས་ཆུའི་ཟད་པར་སོགས་སོ་སོ་ལ་མིང་ཙམ་ལ་དམིགས་པས་མ་གྲུབ་བར་དུ་ཡང་ཡང་ཡིད་ལ་བྱེད། གྲུབ་ནས་ཡང་ཡང་མི་དཔྱོད་པར་རྩེ་གཅིག་ཏུ་འཇོག་པ་ཡིན་པའི་ཕྱིར། མཚན་མ་ཡོད་དེ། སོ་སོ་རེ་རེ་ལ་གྲུབ་མ་གྲུབ་ཀྱི་མཚན་མ་གཉིས་ཀྱིས་ཤེས་དགོས་པའི་ཕྱིར། དེ་དག་གི་བྱེད་ལས་ཡོད་དེ། དང་པོ་བརྒྱད་ཀྱིས་སྤྲུལ་པ་དང་རྫུ་འཕྲུལ་སྒྲུབ་པ་དང། དགུ་པས་ནམ་མཁའ་ལ་འགྲོ་འགྲེང་བྱེད་པ་དང། བཅུ་པ་ལ་བརྟེན་ནས་ཉོན་མོངས་སྤོང་བ་དང་སོ་སོ་ཡང་དག་པར་རིག་པ་བཞི་ལ་སོགས་པའི་ཡོན་ཏན་སྒྲུབ་པར་བྱེད་ནུས་པའི་ཕྱིར། ཟིལ་གནོན་ཟད་པར་གྱི་སྐྱེ་མཆེད་ནི་རྣམ་པར་ཐར་པ་རྣམས་དག་པར་བྱེད་པའི་ཁྱད་པར་གྱི་ལམ་ཡིན་ཏེ། རྣམ་ཐར་ཟིལ་གནོན་ཟད་པར་དག་སྐྱེས་པའི་རྒྱུ་ནི་སྔ་མ་སྔ་མས་བྱེད། དག་པར་བྱེད་པའི་ཐབས་ནི་ཕྱི་མ་ཕྱི་མས་བྱེད་པའི་ཕྱིར། སྡེ་ཚན་དྲུག་པ་ཟིལ་གནོན་ནི། རྩ་བར། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང། །ཞེས་དང། འགྲེལ་བར། ནང་གཟུགས་དང་གཟུགས་མེད་པར་འདུ་ཤེས་པ་དག་གིས་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས་ཞེས་བྱ་བ་བཞི་དང། ནང་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་ཟིལ་གྱིས་མནན་ནས་མཐོང་ཞེས་བྱ་བ་རྣམ་པ་བཞི་སྟེ། དེ་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བརྒྱད་དང། ཞེས་བྱུང།

    འདི་ལ་དོན་སྦྱོར་དང་མཐའ་དཔྱད་པ་གཉིས། དང་པོ་ནི། སངས་འཕགས་རྒྱུད་ཀྱི་ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད་ཀྱི་ཏིང་ངེ་འཛིན་ཆོས་ཅན། མདོ་ལས་ཡེ་ཤེས་ཆོས་སྐུར་དོན་གྱིས་བཤད་དེ། ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་མདོ་ལས། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཞེས་པ་ནས། ལམ་ཤེས་པ་ཉིད་དང་ཐམས་ཅད་ཤེས་པ་ཉིད་དེ་རབ་འབྱོར་འདི་དག་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཟག་པ་མེད་པའི་ཆོས་ཞེས་བྱའོ་ཞེས་པས་དོན་གྱིས་དེ་དག་ཡེ་ཤེས་ཆོས་སྐུར་བཤད་པའི་ཕྱིར། རྩ་བར། ཆོས་ཀྱི་སྐུ་ཞེས་བརྗོད་གསུངས་པ་དངོས་སུ་བརྗོད་པའི་དོན་མ་ཡིན་པའི་ཕྱིར་ཏེ། མདོ་འདིས་དངོས་སུ་ཡེ་ཤེས་ཆོས་སྐུར་མ་བཤད་པས་འཕགས་པས་དེ་སྐུ་ཟུར་བར་རྒྱན་གྱིས་ཀྱང་མ་བསྟན་སྙམ་པའི་ཕྱིར། དེས་ན་དངོས་སུ་ཡེ་ཤེས་ཆོས་སྐུར་མདོ་ལས་བཤད་ཚུལ་སྒྲུབ་པ་ཡིན་པས་དོན་སྦྱོར་ཡང་དེ་ལྟར་དགོས་ཀྱི་ཡེ་ཤེས་ཆོས་སྐུ་ཡིན་པར་སྒྲུབ་པ་ཙམ་གཙོ་བོས་དོན་སྦྱོར་མ་ཡིན་པ་དང། ཆོས་ཀྱི་སྐུ་ཞེས་བརྗོད་ཅེས་པ་རྩ་འགྲེལ་སྡེ་ཚན་སོ་སོའི་མཇུག་ཏུ་སྦྱོར་དགོས་པའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། ཟིལ་གནོན་གྱི་སྐྱེ་མཆེད་འདྲེན་ཚེ་གཞུང་འདི་ཁོ་ན་ལྟར་འདྲེན་པས་ཁྱབ་པ་ཤེར་ཕྱིན་རྒྱས་འབྲིང་སྐོར་དགུའི་དགོངས་པ་ཟེར་ན། འོ་ན། ནང་གཟུགས་ཅན་དང་དེ་མ་ཡིན་པར་འདུ་ཤེས་ནས་གཟུགས་ཆུང་ངུ་དང་ཆེན་པོ་ལ་ལྟ་བའི་ཟིལ་གནོན་གྱི་དེ་གཉིས། སྔོན་པོ་སོགས་བཞི་ལ་ལྟ་བ་བཞི་སྟེ་ཟིལ་གནོན་གྱི་དེ་དྲུག ནམ་མཁའ་དང་རྣམ་ཤེས་ཀྱི་ཟིལ་གནོན་གྱི་སྐྱེ་མཆེད་གཉིས་དང་བརྒྱད་པོ་དེ་ཆོས་ཅན། གཞུང་འདི་ལྟར་བརྒྱད་འདྲེན་ཚུལ་ཡིན་པར་ཐལ། རྒྱས་འབྲིང་བསྡུས་པ་སྐོར་དགུ་གང་རུང་གི་དགོངས་པའི་འདྲེན་ཚུལ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཁྲི་བརྒྱད་སྟོང་པའི་དགོངས་པ་ཡིན་པའི་ཕྱིར་ཏེ། གསེར་འཕྲེང་ལས། ནམ་མཁའ་དང་རྣམ་ཤེས་ཀྱི་ཟིལ་གནོན་དང་བཅས་ཏེ་བརྒྱད་དུ་བྱེད་པ་ནི། ཁྲི་བརྒྱད་སྟོང་པ་དང་མཐུན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། འགྲེལ་བ་འདི་དང་ཉི་ཁྲི་ལས་ཟིལ་གནོན་གྱི་དེའི་གྲངས་ལ་ནམ་མཁའ་དང་རྣམ་ཤེས་ཀྱི་དེ་གཉིས་བགྲངས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཉི་ཁྲི་དང་འགྲེལ་བ་འདིར་དེ་མ་བཤད་པའི་ཕྱིར། རྣམ་ཐར་གྱི་དམིགས་པ་སྦྱོང་ཆེད་དུ་ཟིལ་གནོན་སྒོམ་ཡང་གཟུགས་ཅན་ཟིལ་གྱིས་གནོན་དཀའ་བས་གཟུགས་ཀྱི་ཟིལ་གནོན་གྱི་དེ་བརྒྱད་བཤད་ནས་གཟུགས་མེད་ཀྱི་རྣམ་ཐར་ལ་སྦྱོང་བྱེད་དེའི་ཟིལ་གནོན་གྱི་དེ་མ་བཤད་པའི་ཕྱིར་ཏེ། རྣམ་བཤད་ལས། གཟུགས་ཅན་གྱི་རྣམ་ཐར་ལ་སྦྱོར་བྱེད་ཟིལ་གནོན་བཤད་ལ་གཟུགས་མེད་ཀྱི་རྣམ་ཐར་ལ་མ་བཤད་པ་ཅི་ཡིན་ཞེ་ན། གཟུགས་ཟིལ་གྱིས་མནན་པར་དཀའ་བའི་ཕྱིར་ཏེ། དེ་ཟིལ་གྱིས་གནོན་ན་གཟུགས་མེད་པ་ཟིལ་གྱིས་གནོན་པའི་དབང་ཡང་ཐོབ་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཁྲི་བརྒྱད་སྟོང་པར་བཤད་མི་དགོས་པ་བཤད་པར་ཐལ། རྣམ་བཤད་ཀྱི་ལུང་དོན་དེའི་ཕྱིར་ན་མ་ཁྱབ་སྟེ། དེས་ཆོག་ཀྱང་གཟུགས་མེད་ལའང་དེ་མེད་དམ་སྙམ་པ་བཟློག་ཆེད་དུ་དེ་ཡོད་པར་བཤད་ཙམ་ཡིན་པའི་ཕྱིར།

    རང་ལུགས་ནི། ཁམས་གོང་གི་དངོས་གཞི་ལ་བརྟེན་ནས་རང་གི་དམིགས་ཡུལ་གཟུགས་སོགས་ཟིལ་གྱིས་གནོན་པར་དབང་འབྱོར་བའམ་མངའ་བརྙེས་པའི་རྣལ་འབྱོར་དེ། ཟིལ་གནོན་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་གྱི་མཚན་ཉིད། སྐབས་འདིར་དངོས་སུ་བསྟན་པའི་དེ་ལྟར་གཟུགས་ཟིལ་གྱིས་གནོན་པར་མངའ་འབྱོར་བའི་རྣལ་འབྱོར་དེ། སྐབས་འདིར་དངོས་སུ་བསྟན་པའི་དེའི་མཚན་ཉིད། འདིའི་དངོས་བསྟན་ལ་གཟུགས་ཟིལ་གནོན་གྱི་དེས་ཁྱབ་བོ། །ཟིལ་གནོན་སྐྱེ་མཆེད་ཆོས་ཅན། དབྱེ་ན་བརྒྱད་ཡོད་དེ། དབྱིབས་ཟིལ་གནོན་བཞི་དང། ཁ་དོག་ཟིལ་གནོན་བཞི་ཡོད་པའི་ཕྱིར། དང་པོ་བཞི་ཡོད་དེ། ནང་རང་ལ་གཟུགས་སུ་འདུ་ཤེས་ཀྱི་སྒོ་ནས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ལ་ལྟ་བའི་དེ་དང། དེ་ལྟར་འདུ་ཤེས་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་ཆེན་པོ་ལ་ལྟ་བའི་དེ་དང། ཡང་ནང་རང་ལ་གཟུགས་མེད་པར་འདུ་ཤེས་ནས་ཕྱི་རོལ་གྱི་གཟུགས་ཆེན་པོ་ལ་ལྟ་བའི་དེ་དང། དེ་ལྟར་ཕྱི་རོལ་གྱི་གཟུགས་ཆུང་ངུ་ལ་ལྟ་བའི་དེ་དང་བཞི་ཡོད་པའི་ཕྱིར། སོ་སོར་སྦྱར་ཞེས་པའི་དོན་ཡོད་དེ། ནང་གཟུགས་ཅན་དང་གཟུགས་མེད་རེ་རེ་ལའང་ཕྱི་རོལ་གྱི་གཟུགས་ཆེ་ཆུང་ཟིལ་གནོན་གཉིས་གཉིས་སྦྱོར་བའི་དོན་ཡིན་པའི་ཕྱིར། གཟུགས་ཆེ་ཆུང་སོགས་ཡོད་དེ། ནང་བཅུད་ཀྱི་གཟུགས་ཆུང་ངུ་དང། ཕྱི་སྣོད་དང་ཁང་པ་སོགས་ཀྱི་དེ་ཆེན་པོ། བཅུད་ཀྱི་ལྷའི་དེ་བཟང་བ་དང། མིའི་དེ་ངན་པ་དང། སྣོད་ཀྱི་གཟུགས་ཡིད་དུ་འོང་བ་མཛེས་པ། མི་འོང་བ་མི་མཛེས་པར་འཇོག་པའི་ཕྱིར་ཏེ། མདོ་ལས། ཟིལ་གྱིས་མནན་ནས་ཤེས་ཤིང་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟར་འདུ་ཤེས་པར་འགྱུར་བ། ཞེས་གསུངས་པའི་ཕྱིར། ཤེས་མཐོང་འདུ་ཤེས་པ་གསུམ་གྱི་དོན་ཡོད་དེ། ཞི་གནས་ཀྱིས་ཤེས་ལྷག་མཐོང་གིས་མཐོང་ཟིལ་གྱིས་ནོན་ནམ་མ་ནོན་ཀྱང་རུང་ང་རྒྱལ་མེད་པར་ཞི་ལྷག་གིས་ཤེས་མཐོང་ལྟར་གནས་པས་ན་དེ་ལྟར་འདུ་ཤེས་པར་གྱུར་པ་དེ་ཡིན་པའི་ཕྱིར། ཁ་དོག་ཟིལ་གནོན་གྱི་དེ་བཞི་ཡོད་དེ། ནང་རང་ལ་གཟུགས་མེད་པར་འདུ་ཤེས་པའི་སྒོ་ནས་ཕྱི་རོལ་གྱི་ཁ་དོག་སྔོན་པོ་ཟིལ་གནོན་གྱི་དེ་དང། དེ་བཞིན་དུ་སེར་པོ་ཟིལ་གནོན་གྱི་དེ། དམར་པོ་ཟིལ་གནོན་གྱི་དེ། དཀར་པོ་ཟིལ་གནོན་གྱི་དེ་དང་བཞི་ཡོད་པའི་ཕྱིར། མཚན་ཉིད་སྤྱིའི་རིགས་འདྲ་སྦྱོར་སླ། འདི་བཞི་རེ་རེ་ལའང་མདོར་བསྟན་རྒྱས་བཤད་གཉིས་ཀྱི་མདོ་ལས་བཤད་དེ། དཔེར་ན་སྔོན་པོ་ཟིལ་གནོན་གྱི་སྐབས་སུ། མདོ་ལས། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོར་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན། ཟར་མའི་མེ་ཏོག་ཡུལ་ཝ་ར་ཎ་སིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཞེས་སོགས་ལྟ་བུས་དེ་ལྟར་འཆད་པའི་ཕྱིར་ཏེ། ནང་གཟུགས། ཞེས་པ་ནས། ལྟ་སྟེ་ཡན་ཆད་མདོར་བསྟན་དང། དཔེར་ན་མན་ཆད་རྒྱས་བཤད་ཡིན་པའི་ཕྱིར། རྒྱས་བཤད་དེས་ཀྱང་དཔེ་དོན་གཉིས་ཀྱིས་བཤད་དེ། དཔེར་ན། ནས། དེ་བཞིན་དུ་ཡན་ཆད་ཀྱི་དཔེ་དང། དེའི་ལྷག་མས་དོན་བཤད་པའི་ཕྱིར། མདོ་དེ་ལས་སྔོན་པོ་ཞེས་སོགས་ཀྱི་དོན་ཡོད་དེ། སྔོན་པོ་ཞེས་པ་མདོར་བསྟན་ཁ་དོག་སྔོན་པོ་ནི་ལྷན་སྐྱེས་ཀྱི་དང་སྔོན་པོ་ལྟ་བུར་སྟོན་པ་ནི་གཞན་གྱི་ཁ་བསྒྱུར་བའི་སྦྱར་བྱུང་འོད་སྔོན་པོ་ནི་དེ་གཉིས་ཀའི་དང། མེ་ཏོག་ནི་ལྷན་སྐྱེས་ཀྱི་དཔེ་དང་རས་ནི་སྦྱར་བྱུང་གི་དཔེ་ཡིན་པའི་ཕྱིར། དེ་བཞིན་དུ་ཟར་མའི་མེ་ཏོག་གི་ཚབ་ཏུ་སེར་པོ་ལ་དོང་ཀའི་མེ་ཏོག་གི་དང་དམར་པོ་ལ་བནྟུ་ཛི་བ་ཀའི་མེ་ཏོག་དང། དཀར་པོ་ལ་སྐར་མ་པ་བ་སངས་དང་སྦྱར་ནས་གཞན་འདོན་པ་བསྒྱུར་ནས་གསུངས་སོ། །འདི་དག་རྣམ་ཐར་གང་གི་རྒྱུ་ལས་བྱུང་ཚུལ་ཡོད་དེ། དང་པོ་བཞི་རྣམ་ཐར་དང་པོ་གཉིས་ཀྱི་རྒྱུ་ལས་བྱུང། ཕྱི་མ་བཞི་སྡུག་པའི་རྣམ་ཐར་གྱི་རྒྱུ་ལས་བྱུང་བའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། དང་པོ་བཞི་རྣམ་ཐར་དང་པོ་གཉིས་ཀྱི་རྒྱུ་ལས་བྱུང་བ་དང། ཞེས་དང། གསེར་འཕྲེང་ལས། གཉིས་ཚན་དེ་གཉིས་ནི་རིམ་པ་ལྟར་རྣམ་ཐར་དང་པོ་གཉིས་སྦྱངས་བའི་མཐུ་ལས་བྱུང་བའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་བཤད་ལས། ཕྱི་མ་བཞི་སྡུག་པའི་རྣམ་ཐར་གྱི་རྒྱུ་ལས་བྱུང་བའོ། །ཞེས་དང། གསེར་འཕྲེང་ལས། འདི་ནི་སྡུག་པའི་རྣམ་ཐར་གྱི་མཐུ་ལས་བྱུང་བའོ ཞེས་གསུངས་པའི་ཕྱིར། ལྷག་མ་གོ་སླ་བས་མ་བྲིས་སོ། །

 

སྨྲས་པ།

མཁས་གྲུབ་བྱེ་བའི་བཞེད་གཞུང་འོ་མའི་མཚོ། །

ཡབ་སྲས་རྣམ་བཤད་ནོར་ལྷས་བསྲུབས་པ་ལས། །

ལེགས་བཤད་བདུད་རྩི་བྱེ་བ་སྤྲོ་བའི་ཟླ། །

ཐུབ་བསྟན་དབང་ཕྱོགས་ས་འཛིན་རྩེ་ནས་ཤར། །

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                                            རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།