ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་གངྒྰའི་ཆུ་རྒྱུན་ལས་ངོ་བོ་ཉིད་སྐུ་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-18 21:42:48     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 456420986936128207.jpg

    གཉིས་པ་ལ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཤད་པ་བཞི། དང་པོ་ལ་གསུམ་ལས། མཚམས་སྦྱར་ནི། དང་པོ་ངོ་བོ་ཉིད་ཀྱི་སྐུ། ཞེས་བྱུང། གཉིས་པ་རྩ་བ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ཞེས་བྱུང། གསུམ་པ་འགྲེལ་བ་ལ་དངོས་དང། དང་པོ་ལས་སྐུ་ལྷག་མ་གསུམ་ཐ་དད་དུ་བསྟན་པའི་དགོས་པ་གཉིས། དང་པོ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི། ཞེས་སོགས་བྱུང། མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། བོད་ཁ་ཅིག་ན་རེ། ངོ་བོ་ཉིད་སྐུ་སྐུ་བཏགས་པ་བ་ཡིན་ཏེ། ཉི་ཁྲི་སྣང་བ་ལས། དེ་ལ་སྐུ་ཞེས་བརྗོད་པ་ནི་སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲངས་ནས་བཏགས་པ་བ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ། ཡེ་ཤེས་ཆོས་སྐུ་རྣམས་ཀྱང་ངོ་བོ་ཉིད་སྐུར་སྡུད་ན་དེར་དབྱེར་མེད་པས་བསྡུ་མི་ཐུབ་བོ་སྙམ་ན་སློབ་ལམ་གྱི་སྐབས་ཀྱི་དབང་དུ་བྱས་ནས་ཡེ་ཤེས་དེ་དག་མིང་ཐ་དད་དུ་བཏགས་པ་སྟེ་ཐ་སྙད་བྱས་ཀྱང་སངས་རྒྱས་ཀྱི་སར་ངོ་བོ་དབྱེར་མེད་ཅེས་བསྟན་པའི་ཕྱིར་ཏེ། ལེགས་བཤད་གསེར་གྱི་འཕྲེང་བ་ལས། མཚན་ཉིད་ཐ་དད་པར་བསྟན་པ་ནི། སྔོན་སློབ་ལམ་གྱི་རྒྱུའི་སྐབས་ཀྱི་རྗེས་སུ་འབྲངས་ནས་བཏགས་པ་ཙམ་ཡིན་གྱི་སངས་རྒྱས་ཀྱི་ས་ན་ནི་ཡེ་ཤེས་དེ་དག་ཀྱང་དབྱེར་མེད་པའོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འོ་ན། ཡོན་ཏན་ཙམ་ཡང་མ་ཡིན་པར་ཐལ། ཡོན་ཏན་མཐར་ཐུག་ཀྱང་མ་ཡིན། གནས་སྐབས་ཀྱི་དེ་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སངས་རྒྱས་སུ་ཐལ། མ་གྲུབ་པ་དེའི་ཕྱིར། ཁྱབ་སྟེ། དེ་གཉིས་དོན་གཅིག་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་སངས་རྒྱས་ས་འབའ་ཞིག་ན་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འབའ་ཞིག་གི་དོན་སངས་རྒྱས་ཁོ་ན་ལ་ཡོད་པའི་དོན་ཡིན་པའི་ཕྱིར། དེའི་དོན་ཡོད་པའི་ཕྱིར། ཞེས་འཆད་པར། དར་ཊཱིཀ་ལས། སངས་རྒྱས་འབའ་ཞིག་ལ་ཡོད་ཀྱི་གཞན་ལ་མེད་པའི་ཕྱིར་དང། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། རང་བཞིན་དང་གློ་བུར་རྣམ་དག་གི་ངོ་བོ་ཉིད་སྐུ་གཉིས་ཀ་ཡོན་ཏན་ཙམ་ཡང་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ཡོན་ཏན་ལྔ་ལྡན་དང་མཚན་ཉིད་ལྔ་ལྡན་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །ཞེས་གསུངས་པའི་ཕྱིར། སྐྱབས་གནས་མཐར་ཐུག་ཡོན་ཏན་ཙམ་ཡང་མ་ཡིན་པར་སྨྲ་བ་ལས་སྡིག་ཆེ་བ་མེད་པ་དང། སྤངས་པ་མཐར་ཐུག་ཡོན་ཏན་མ་ཡིན་ན་རྟོགས་པ་མཐར་ཐུག་ཀྱང་དེ་ལྟར་འགྱུར་བའི་སྐྱོན་མཚུངས་པའི་ཕྱིར། རྣམ་བཤད་ལས། སྡིག་པ་བས་ཀྱང་ཆེས་སྡིག་སྟེ། ཞེས་དང། སྤངས་པ་མཐར་ཐུག་ཡོན་ཏན་མ་ཡིན་ན་རྟོགས་པ་མཐར་ཐུག་ཀྱང་ཡོན་ཏན་མ་ཡིན་པར་མཚུངས་སོ། །ཞེས་གསུངས་པའི་ཕྱིར། གསེར་འཕྲེང་ལས་ཀྱང་བཀག་གོ །

    ཡང་ཁ་ཅིག་གིས། དག་པ་གཉིས་ལྡན་གྱི་འགོག་བདེན་མཐར་ཐུག་དེའི་མཚན་ཉིད་ཟེར་ན། རང་བཞིན་རྣམ་དག་གི་ཆར་གྱུར་པའི་དེ་ཆོས་ཅན། འགོག་བདེན་དུ་ཐལ། ངོ་བོ་ཉིད་སྐུ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་སྟེ། ངོ་བོ་ཉིད་སྐུ་ལ་རང་བཞིན་རྣམ་དག་གིས་ཆ་གཅིག་ཀྱང་ཡོད་པའི་ཕྱིར་ཏེ། རྣམ་བཤད་ལས། གློ་བུར་རྣམ་དག་གིས་ཁྱད་པར་དུ་བྱས་པའི་རང་བཞིན་རྣམ་དག་གི་ཆ་དང། དེའི་སྟེང་གི་གློ་བུར་རྣམ་དག་གི་ཆ་ནི་འདུས་མ་བྱས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་ལ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འགོག་བདེན་ལ་ཀུན་རྫོབ་བདེན་པས་ཁྱབ་པའི་ཕྱིར་ཏེ། འགོག་པ་མངོན་དུ་བྱས་ཀྱང་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པའི་ཉན་རང་འཕགས་པ་ཡོད་པའི་ཕྱིར་ཏེ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡོད་པའི་ཕྱིར། ཡང་ཁ་ཅིག །ངོ་བོ་ཉིད་སྐུ་ལ་སངས་རྒྱས་ཁོ་ནས་མངོན་སུམ་དུ་རྟོགས་པས་ཁྱབ་སྟེ། རྒྱུད་བླ་མ་ལས། འབའ་ཞིག་བག་ཆགས། ཞེས་སོགས་གསུངས་པའི་ཕྱིར་ན་མ་ཁྱབ། འོ་ན། རྣམ་མཁྱེན་བདེན་སྟོང་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་ཟིན། འདོད་མི་ནུས་ཏེ། ཁྱོད་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཡོད་པའི་ཕྱིར་ཏེ། ཆོས་ཐམས་ཅད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དེ་ཡོད་པའི་ཕྱིར་ཏེ། བརྒྱ་བ་ལས། གཅིག་ཤེས་ན་ནི་ཐམས་ཅད་ཤེས། །ཞེས་སོགས་གསུངས་པའི་ཕྱིར་ཏེ། མདོ་ལས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང། །ཞེས་སོ 

    ཡང་བོད་ཀྱི་ལོ་ཆེན་ཁ་ཅིག་གི་གསུང་ན་རེ། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ཆོས་ཉིད་སྐུ་མ་ཡིན་ཏེ། ཤེས་བྱ་མིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འོ་ན། བདེན་གཉིས་ལས། རིགས་པའི་རྗེས་འབྲངས་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུར་འདོད། །ཅེས་པའི་ལུང་དོན་མ་གྲུབ་པར་ཐལ། སངས་རྒྱས་ཀྱི་ཆོས་ཉིད་རིགས་ཤེས་ཀྱི་རྙེད་དོན་དེ་སྐྱོབ་པ་སངས་རྒྱས་རྣམས་ཀྱི་རང་དོན་ཡིན་ཞེས་པའི་དོན་མ་ཡིན་པའི་ཕྱིར། མ་གྲུབ་ན། སྐུ་དང་ཤེས་བྱ་མ་ཡིན་པར་བུད། ཡང་ཁ་ཅིག །དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་དགག་བྱ་གློ་བུར་གྱི་དྲི་མ་སྤངས་པའི་འདུས་མ་བྱས་ཀྱི་སྐུ་དེའི་མཚན་ཉིད་ཟེར་ན། རང་བཞིན་གྱིས་དག་པའི་ཆོས་ཡོད་པར་ཐལ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡོད་པའི་ཕྱིར། རྟགས་སོང། འདོད་མི་ནུས་ཏེ། རང་བཞིན་གྱིས་མ་གྲུབ་པའི་ཆོས་མེད་པའི་ཕྱིར་རོ། །བྱས་པ་ལ་ཁོ་ན་རེ། འོ་ན། རང་བཞིན་རྣམ་དག་མེད་པར་ཐལ། རང་བཞིན་གྱིས་རྣམ་པར་དག་པ་མེད་པའི་ཕྱིར་ན་མ་ཁྱབ་སྟེ། རང་བཞིན་དེས་དག་པ་མེད་ཀྱང་རང་བཞིན་སྒྲིབ་པ་སོགས་ཀྱིས་དག་པ་ཡོད་པའི་ཕྱིར་དང། བུམ་པས་དག་པ་དང་བུམ་པ་དག་པ་གཉིས་དོན་མི་གཅིག་པའི་ཕྱིར་རོ། །ཡང་ཁོ་ན་རེ། དག་པ་གཉིས་ལྡན་གྱི་འདུས་མ་བྱས་ཀྱི་སྐུ་དེའི་མཚན་ཉིད་ཟེར་ན། འབྲས་བུ་ཆོས་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། འདོད་ན། སྐུ་བཞིར་ཕྱེ་བའི་ཡ་གྱལ་དུ་ཐལ་ལོ། །འདོད་མི་ནུས་ཏེ། སྐུ་བཞིར་ཕྱེ་བའི་དབྱེ་གཞི་ཡོད་པའི་ཕྱིར། ཀུན་མཁྱེན་ཇོ་ནང་ན་རེ། རང་བཞིན་རྣམ་དག་གི་ཆར་གྱུར་བའི་ངོ་བོ་ཉིད་སྐུ་དེ་སྒྲུབ་པ་རང་དབང་བའི་བདེན་གྲུབ་ཡིན་པ་རྒྱུད་བླ་མ་དང་དུས་འཁོར་ལུགས་ཟེར་ན། འོ་ན། རྟག་པ་རྣམས་འཇིག་པ་རྣམ་པར་བཅད་ཙམ་ལ་མི་འཇོག་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། མདོ་སྡེ་བ་ཡན་ཆད་ཀྱི་ལུགས་ལ་རྟག་དངོས་མེད་པའི་ཕྱིར་ཏེ། དེ་སྐད་དུ་ཊཱིཀ་ཆེན་ལས། མདོ་སྡེ་པ་ཡན་ཆད་ཀྱི་སངས་རྒྱས་པའི་གྲུབ་པའི་མཐའ་སྨྲ་བ་མཐའ་དག་གི་ལུགས་ལ་རྟག་པ་ནི། འཇིག་པ་རྣམ་པར་བཅད་ཙམ་ལ་འདོད་ཀྱི་དགག་བྱ་བཅད་པ་ལ་མི་ལྟོས་པར་བློ་ཡུལ་དུ་འཆར་བའི་སྒྲུབ་པ་རང་དབང་བའི་རྟག་པ་ནི་ཕྱི་རོལ་པ་དང་རང་གི་སྡེ་པ་རྟག་དངོས་ཁས་ལེན་པ་དག་ཁོ་ནའི་ལུགས་ཡིན་པ་ལ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ངོ་བོ་ཉིད་སྐུ་ལ་རྫས་སྤྱི་ཆོད་ན་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་གི་ཆ་གཉིས་གང་རུང་ཡིན་པས་ཁྱབ་ཟེར་ན། དེ་ལ་སངས་རྒྱས་ཀྱི་གཉིས་སྟོང་དང་གང་ཟག་གི་བདག་མེད་སོགས་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། དེ་དག་སྐུ་བཞི་གང་རུང་ཡིན་པར་གྱུར་པའི་དབྱིངས་ཡིན་པའི་ཕྱིར། རྩ་བར་འདོད་ན། རང་བཞིན་རྣམ་དག་གི་ཆར་ཐལ། དེ་གཉིས་གང་རུང་གང་ཞིག །གློ་བུར་རྣམ་དག་གི་ཆ་མ་ཡིན་པའི་ཕྱིར། འདོད་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན་དུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཉན་རང་གི་བར་ཆད་མེད་ལམ་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ལ་ཁྱབ་པར་ཐལ། རྣམ་བཤད་ལས། རིགས་པའི་རྗེས་འབྲངས་ངོ་བོའི་ཕྱིར། །ཞེས་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་རྙེད་པའི་དོན་དུ་གསུངས་པ་ནི་རང་བཞིན་རྣམ་དག་གི་ཆ་དེ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་སྐྱོན་མེད་དེ། སངས་རྒྱས་སའི་ཡེ་ཤེས་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བའི་རྙེད་དོན་རང་བཞིན་རྣམ་དག་ཏུ་བསྟན་ཀྱང། རང་བཞིན་རྣམ་དག་དེར་མ་བསྟན་པའི་ཕྱིར། མ་གྲུབ་ན། སྒྲིབ་གཉིས་ཀྱི་དྲི་མས་དག་པའི་ཁྱད་པར་དུ་བྱས་པའི་རང་བཞིན་གྱི་སྐུ་ལ་ཆོས་ཉིད་ཀྱིས་ཁྱབ་པར་ཐལ། དེ་ཉིད་རང་བཞིན་གྱི་སྐུ་ཡིན་པའི་ཕྱིར། རྟགས་སོང། འདོད་མི་ནུས་ཏེ། རང་བཞིན་ཡིན་ན་ཆོས་ཉིད་ཡིན་མི་དགོས་པའི་ཕྱིར། ཡང་ཁ་ཅིག །ངོ་བོ་ཉིད་སྐུ་ཡིན་ན་ཆོས་ཉིད་ཀྱི་སྐུ་ཡིན་པས་ཁྱབ་ཟེར་ན། འོ་ན། ངོ་བོ་ཉིད་དུ་གྱུར་པའི་ཆོས་སྐུ་དང། རང་བཞིན་དུ་གྱུར་པའི་ཆོས་སྐུ་ཡིན་ན་ཆོས་ཉིད་དུ་གྱུར་པའི་ཆོས་སྐུ་ཡིན་པས་ཁྱབ་པར་ཐལ། རང་བཞིན་གྱི་སྐུ་ཡིན་ན་ཆོས་ཉིད་ཀྱི་སྐུ་ཡིན་དགོས་པའི་ཕྱིར། འདོད་ན། སྒྲིབ་གཉིས་སྤངས་པའི་འགོག་བདེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཆོས་ཉིད་དུ་གྱུར་པའི་ཆོས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཉིད་ཡིན་པར་ཐལ་ལོ། །

    གཉིས་པ་རང་ལུགས་ལ། མཚན་ཉིད། དབྱེ་བ། སྒྲ་བཤད། ཁྱད་པར་བཤད་པ་དང་བཞི། དང་པོ་ནི། དག་པ་གཉིས་ལྡན་གྱི་དབྱིངས་དེ་ངོ་བོ་ཉིད་སྐུའི་མཚན་ཉིད། གཉིས་པ་དབྱེ་བ་ལ། རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་གི་སྐུ་གཉིས་ཡོད། དང་པོ་ལ་རྒྱས་པར་དབྱེ་ན། བདག་གསུམ་གྱིས་དབེན་པའི་ངོ་བོ་ཉིད་སྐུ་གསུམ་ཡོད། གསུམ་པ་ནི། དེ་ཆོས་ཅན། ཁྱོད་ལ་ངོ་བོ་ཉིད་སྐུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྒྱུ་རྐྱེན་གྱིས་མ་བཅོས་པས་ན་ངོ་བོ་ཉིད་དང། ཚོགས་གཉིས་བསགས་སྟོབས་ལས་ཐོབ་པས་ན་སྐུ་ཞེས་བརྗོད་པའི་ཕྱིར་ཏེ། ལེགས་བཤད་གསེར་འཕྲེང་ལས། ཅིའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ཞེ་ན། རྒྱུ་རྐྱེན་གྱིས་གསར་དུ་བཅོས་མ་མ་ཡིན་པའི་དོན་གྱིས་ཏེ། ཞེས་དང། འགྲེལ་བར། ངོ་བོ་ཉིད་ནི་འདི་ཡིན་ཏེ། བཅོས་མ་མ་ཡིན་པའི་དོན་གྱིས། ཞེས་གསུངས་པའི་ཕྱིར། བཞི་པ་ནི། ངོ་བོ་ཉིད་སྐུ་ཆོས་ཅན། སྐབས་འདིར་ཁྱད་པར་གསུམ་གྱིས་བསྟན་ཏེ། ལྡན་པའི་ཁྱད་པར་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་ལྡན། བྲལ་བའི་ཁྱད་པར་སྒྲིབ་གཉིས་རྣམ་པ་ཀུན་ཏུ་དག་པ་སྟེ། སྤངས་པ་དང། ངོ་བོའི་ཁྱད་པར་ཡེ་ཤེས་དེ་དག་དང་གཟུགས་སྐུ་གཉིས་བདེན་པར་གྲུབ་པའི་ཟག་པ་མེད་པའི་ཁྱད་པར་དུ་བྱས་ནས་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། རྣམ་ཀུན་རྣམ་དག་པ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྩ་བར། དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། འཇིག་རྟེན་པའི་ལམ་ཙམ་སོགས་གང་ཡང་རུང་བས་ཐོབ་པ་མ་ཡིན་ཏེ། ཐབས་རྒྱ་ཆེན་པོས་ཟིན་ཅིང་ཆོས་ཐམས་ཅད་བདེན་སྟོང་སྒྱུ་མ་ལྟ་བུར་མངོན་སུམ་དུ་རྟོགས་པས་འཐོབ་པར་འགྱུར་བའི་ཕྱིར་ཏེ། རྩ་བར། ཐོབ་འགྱུར། ཞེས་གསུངས་སོ། །དེ་ཆོས་ཅན། མཚན་ཉིད་ལྔ་ལྡན་ཡིན་ཏེ། སྐྱེ་འཇིག་གནས་གསུམ་གྱི་འདུས་མ་བྱས་པ་དང། རང་བཞིན་ཐ་དད་པར་དབྱེར་མེད་པ་དང། མཐའ་གཉིས་སྤངས་པ་དང། སྒྲིབ་པ་གསུམ་ལས་གྲོལ་བ་དང། རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་དམ་རང་བཞིན་ཅན་ཡིན་པའི་ཕྱིར། དང་པོ་དང་གཉིས་པ་གྲུབ་སྟེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་རྣམ་དབྱེ་མེད། །ཅེས་གསུངས། གསུམ་པ་གྲུབ་སྟེ། མཐའ་གཉིས་དག་ནི་རྣམ་པར་སྤངས། །ཞེས་གསུངས། བཞི་པ་གྲུབ་སྟེ། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །ཞེས་གསུངས། ལྔ་པ་གྲུབ་སྟེ། དྲི་མེད་རྣམ་པར་རྟོག་མེད་དང། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བའོ ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། ཡོན་ཏན་ལྔ་ལྡན་ཡིན་ཏེ། ཚད་འདི་ཙམ་ཞེས་གཞལ་དུ་མེད་པ། ཡོན་ཏན་གྱི་གྲངས་མཐའ་མེད་པ། མུ་བཞིར་རྟོག་གེས་བསམ་དུ་མེད་པ། སངས་རྒྱས་འབའ་ཞིག་ལ་ཡོད་པས་གཞན་དང་མི་མཉམ་པ། དྲི་མས་དག་པ་སྟེ་མཐར་ཐུག་གི་ཡོན་ཏན་ཞེས་སྦྱར་བ་དེ་ལྔ་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། ཞེས་སོགས་གསུངས། དེ་ལྔའི་དོན་ཡང་རིམ་བཞིན་རྒྱ་ཆེ་བ་སོགས་ཡིན་ཏེ། རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །གཞལ་མེད་ལ་སོགས་གོ་རིམ་བཞིན། །ཞེས་གསུངས་པའི་ཕྱིར། གསུམ་པ་ལ་ཁོ་ན་རེ། ངོ་བོ་ཉིད་སྐུ་དེ་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་པ་དང་དུས་མཉམ་པར་15འབྱུང་བར་ཐལ། དེ་དེའི་རྒྱུད་ལ་འབྱུང་དུས་ཡོད་པ་གང་ཞིག །ཐོག་མ་མེད་པ་ནས་མེད་པའི་ཕྱིར། གཉིས་པ་མ་གྲུབ་ན། སེམས་ཅན་ཐམས་ཅད་འབད་རྩོལ་མི་དགོས་པར་གདོད་ནས་སངས་རྒྱས་པར་ཐལ་ལོ། །རྩ་བར་འདོད་ན། དེ་རེས་འགའ་བར་ཐལ། འདོད་པའི་ཕྱིར། འདོད་ན། མི་རྟག་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། རེས་འགའ་བ་ཡིན་ན་རང་རྒྱུ་དང་བཅས་པས་ཁྱབ་པའི་ཕྱིར་ཏེ། རྣམ་འགྲེལ་ལས། རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་ཅན་ཉིད་གྲུབ། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རེས་འགའ་བའི་དངོས་པོ་ལ་རང་རྒྱུ་དང་བཅས་པའི་དོན་ཡིན་པའི་ཕྱིར་ཏེ། རྒྱུ་མེད་ལས་ཕུང་སོགས་སྐྱེ་བ་འགོག་བྱེད་ཡིན་པའི་ཕྱིར་ཏེ། ཕུང་སོགས་རྒྱུ་མེད་ལས་སྐྱེ་ན་རྟག་ཏུ་སྐྱེ་དགོས་པ་ལ། དེ་ལྟར་མི་སྐྱེ་བར་རེས་འགའ་སྐྱེ་བ་དེའི་ཕྱིར་16ན། ཕུང་སོགས་སྡུག་བདེན་འདི་རང་རྒྱུ་ཅན་ཉིད་གྲུབ་བོ། །ཞེས་པའི་དོན་ནོ། །རེས་འགའ་མི་འབྱུང་ལ་རེས་འགའ་འབྱུང་བ་འདི་མི་རྟག་པའི་དོན་མ་ཡིན་པར་ཐལ། འཇིག་རྟེན་བླུན་པོ་རང་དགའ་བ་ལ་ཆུ་རྒྱུན་དུ་འབྱུང་བ་དང། རྒྱུན་དུ་མི་འབྱུང་བ་ལ་ཆུ་འདི་རྟག་ལ་འདི་མི་རྟག་ཟེར་ཡང་དེ་ཙམ་མཁས་པས་རྟག་པར་མི་འདོད་པའི་ཕྱིར། མཁས་པ་རྣམས་རེས་འགའ་བ་ཡིན་མིན་ཙམ་ལ་མི་བྱེད་པར་ཆོས་གང་གི་རང་བཞིན་ལ་འཇིག་པ་ཡོད་མེད་ཀྱིས་མི་རྟག་པར་དང་རྟག་པར་འཇོག་པའི་ཕྱིར་ཏེ། གང་གི་རང་བཞིན་མི་འཇིག་པའི་ཆོས་ནི་རེས་འགའ་བ་ཡིན་ཀྱང་རྟག་པར་འཇོག་པ་དེ་ལུང་གི་མངོན་པ་དང་རིགས་པའི་ཚད་མར་མཁས་པ་རྣམས་ལ་གྲགས་ཤིང་གྲུབ་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །ཅེས་དང། མཛོད་ལས། འདུས་མ་བྱས་ཆོས་རྟག་པའོ། །ཞེས་དང། མདོ་ལས། རྟག་པ་བརྟན་པ་ཐེར་ཟུག་ཅེས་སོགས་ཤིན་ཏུ་མང་བའི་ཕྱིར། ཞེས་འཆད་པར་རྣམ་བཤད་ལས། མཁས་རྨོངས་ལ་གྲགས་པའི་རྟག་པའི་ཁྱད་པར་དངོས་པོ་རེས་འགའ་བ་དང། འདུས་མ་བྱས་རེས་འགའ་བའི་ཁྱད་པར་མ་ཕྱེ་བས་ནོངས་སོ། །ཞེས་གསུངས་པའི་ཕྱིར། རིགས་པས་ཀྱང་སྒྲུབ་ན། འོ་ན་བུམ་པའི་ལྡོག་པ་དང་དེའི་ཆོས་ཉིད་དག་བུམ་པ་དང་དུས་མཉམ་དུ་གྲུབ་པར་ཐལ། བུམ་པ་མེད་པར་དེ་དག་གྲུབ་མི་སྲིད་པའི་ཕྱིར། མ་གྲུབ་ན། དེ་དག་ཐོག་མ་མེད་པ་ནས་གྲུབ་པར་ཐལ། དེ་དག་ཡོད་པ་གང་ཞིག །འདི་ཡན་ཆད་དུ་མ་གྲུབ་ཀྱི་མཚམས་འཛིན་རྒྱུ་མེད་པའི་ཕྱིར། འདོད་ན། ཁྱད་གཞི་མེད་པའི་ཁྱད་ཆོས་ཡོད་པར་ཐལ། བུམ་པའི་ལྡོག་པ་དང། དེའི་ཆོས་ཉིད་བུམ་པའི་རྒྱུ་དུས་ནས་ཡོད། དེ་དུས་བུམ་པ་གཏན་ནས་མེད་པའི་ཕྱིར། འཁོར་གསུམ་སོང། རྩ་བར་འདོད་ན། དེ་དག་རེས་འགའ་བར་ཐལ། བུམ་པ་དང་དུས་མཉམ་དུ་གྲུབ། བུམ་པ་མེད་སོང་ཚེ་དེ་དག་ཀྱང་མེད་འགྲོ་དགོས་པའི་ཕྱིར། རྟགས་ཕྱི་མ་ཁྱད་གཞི་ཁྱད་ཆོས་དཔྱད་ནས་གྲུབ། འདོད་ན། མི་རྟག་པར་ཐལ། འདོད་པའི་ཕྱིར། དེ་བཞིན་དུ་བུམ་པ་ཞིག་པ་ཁང་པ་སོགས་རེ་རེ་ནས་ཐོག་མེད་ནས་གྲུབ་པར་ཐལ་ལོ། །འཁོར་གསུམ། དེ་སྐད་དུ་རྣམ་བཤད་ལས། དེ་ལྟར་མ་ཡིན་ན། སོགས་གསུངས་པའི་ཕྱིར། གཉིས་པ་ཆོས་ཅན་གྱི་སྐུ་ལྷག་མ་གསུམ་ཆོས་ཉིད་ཀྱི་སྐུ་ལས་ཐ་དད་དུ་བསྟན་པའི་དགོས་པ་འཆད་པར། འགྲེལ་བ་ལས། སྐུ་ལྷག་མ་གསུམ་པོ་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ། ཞེས་པ་ནས། ཐ་དད་པར་རྣམ་པར་བཞག་གོ །ཞེས་གསུངས།

(15) དཔར་ཐེངས་གཉིས་པ། དུས་མཉམ་པར་ཐལ།

(16) དཔར་ཐེངས་གཉིས་པ། སྐྱེ་བ་དེའི་ཕྱིར།

    མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ནི། ཁོ་ན་རེ། མཆོག་སྤྲུལ་མངོན་སུམ་དུ་མཐོང་བའི་གང་ཟག་ཡིན་ན་སོ་སྐྱེ་ལས་དག་ཡན་ཆད་ཡིན་པས་ཁྱབ་ཟེར་ན། མུ་སྟེགས་སྟོན་པ་དྲུག་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། བདག་ཅག་གི་སྟོན་པ་མངོན་སུམ་དུ་མཐོང་ནས་རྫུ་འཕྲུལ་འགྲན་པའི་གང་ཟག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་ལས་སྣང་གཉིས་ཀ་མ་དག་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཁྱོད་ལ་སྟོན་པ་དམན་པར་སྣང་ཞིང་རང་ཉིད་རྫུ་འཕྲུལ་སོགས་ཀྱིས་དེ་ལས་མཐོ་བར་འདོད་པའི་ལོག་རྟོག་ཚེ་དེ་ལ་བཟློག་ཏུ་མེད་ཅིང་ཤས་ཆེ་བའི་གང་ཟག་ཡིན་པའི་ཕྱིར་དང། དེའི་དབང་གིས་ཚེའི་དུས་བྱས་པའི་འོག་ཏུ་དམྱལ་བར་སྐྱེེ་བར་འགྱུར་བ་དེ་ཡིན་པའི་ཕྱིར་ཏེ། འདི་ཡང་ཐུན་མོང་གི་དབང་དུ་བྱས་པ་ཡིན་ནོ། །

    གཞན་ཡང། དགེ་སློང་ལྷས་བྱིན་དང་ལེགས་སྐར་སོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཁྱོད་གཉིས་ཀྱིས་བདག་ཅག་གི་སྟོན་པ་མངོན་སུམ་དུ་མཐོང། ཆོས་ཀྱང་རིམ་པ་བཞིན་གླང་པོ་ཆེའི་ཁུར་ཚད་ཀྱི་སྣག་ཚས་བྲི་ཐུབ་ཚད་དང་གསུང་རབ་ཡན་ལག་བཅུ་གཉིས་བཟུང་བའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ལས་སྣང་གཉིས་ཀ་མ་དག་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ལས་མ་དག་པ་གང་ཞིག །སྣང་བ་མ་དག་པ་དེའི་ཕྱིར། དང་པོ་གྲུབ་སྟེ། ལྷས་སྦྱིན་ནི་མཚམས་མེད་གསུམ་བྱས་པའི་གང་ཟག་དང། ལེགས་སྐར་ནི་དེ་བཞིན་གཤེགས་པ་ལ་ཟོག་པོར་མཐོང་བའི་གང་ཟག་ཡིན་པའི་ཕྱིར། དེའི་དབང་གིས་སྔར་ལྟར་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། གཉིས་ཀ་དེ་བཞིན་གཤེགས་པ་ཟོག་ཏུ་སྣང་བའི་གང་ཟག་ཡིན་པའི་ཕྱིར། ཡང་ཁ་ཅིག །རྣམ་མཁྱེན་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པར་ཐལ། དེ་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཡོད་པའི་ཕྱིར་ཏེ། དེ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཀྱི་རྒྱུད་ཀྱི་མཁྱེན་པ་ཡོད་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། རྣམ་མཁྱེན་ཆོས་ཅན། ཁྱོད་མི་རྟག་པར་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཡིན་ན་ཁྱོད་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ། ཁྱོད་དང་ཁྱོད་ཀྱི་མི་རྟག་པ་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར་ན་ཡང་མ་ཁྱབ། ཁྱབ་པར་ཐལ། རྣམ་འགྲེལ་ལས། བློ་གྲོས་ཆེན་པོའི་མཐོང་ཉིད་ལས རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ། ཡང་ལུང་འདིས་བྱང་འཕགས་ཀྱི་མངོན་སུམ་གྱིས་ངེས་ན་དེའི་རྫས་གཅིག་གི་རྣམ་པ་ཀུན་ངེས་དགོས་པར་བསྟན་ཟེར་བའང་མི་འཐད་པ་ཁོ་ནའོ། །མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། འདུས་བྱས་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། དངོས་ལས་མི་རྟག་གཞན་དུ་མེད། །དེ་ཡང་དབང་པོ་ལས་སྔར་གྲུབ། །ཅེས་གསུངས་པའི་ཕྱིར། ཁོ་རང་ལ་འོ་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སངས་འཕགས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་མངོན་སུམ་དུ་རྟོགས་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡོད་པར་ཐལ། དེ་ཤེས་སྒྲིབ་རྒྱུད་ལྡན་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་མི་རྟག་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན། ཁྱོད་ཀྱིས་སངས་འཕགས་ཀྱི་ཐུགས་ཀྱི་གསང་བའི་ཏིང་ངེ་འཛིན་དང་རྣམ་མཁྱེན་རྣམས་མངོན་སུམ་དུ་མ་རྟོགས་པར་ཐལ། ཁྱོད་དེ་ལྟར་རྟོགས་པ་ལ་སྒྲིབ་པ་རྒྱུད་ལྡན་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེ་ལྟར་མཐོང་བ་ལ་འཁྲུལ་བྱེད་དང་སྒྲིབ་བྱེད་མེད་ན་དེ་རྣམས་དང་རྫས་གཅིག་པ་རྣམས་གཅིག་ཅར་མངོན་སུམ་དུ་རྟོགས་ཀྱང། དེ་ལ་སྒྲིབ་པ་ཡོད་ན་རྫས་གཅིག་ཀྱང་མངོན་སུམ་དུ་ཅིག་ཅར་མི་རྟོགས་པའི་ཕྱིར་ཏེ། དང་པོ་གང་ཞིག །གཉིས་པ་དེའི་ཕྱིར། དང་པོ་གྲུབ་སྟེ། དེ་ལྟར་མ་རྟོགས་པ་ལ་རྟགས་སོགས་བརྗོད་དགོས་ན། གང་ཟག་ཀུན་ལ་དགོས་སམ་ཞེ་ན། འཁྲུལ་ཟད་སངས་རྒྱས་བློ་གྲོས་ཆེན་པོ་དེ་ཡིས་དེ་དང་རྫས་གཅིག་ཀུན་ཅིག་ཅར་མངོན་སུམ་ངེས་པས་བརྗོད་མི་དགོས་པའི་ཕྱིར། ཞེས་འཆད་པར། རྣམ་འགྲེལ་ལས། བློ་གྲོས་ཆེན་པོའི་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ལྟར་མཐོང་བ་ལ་གེགས་བྱེད་ཡོད་ན་དེ་དག་རྫས་གཅིག་ཡིན་ཀྱང་གཅིག་མངོན་སུམ་དུ་མཐོང་ན་གཅིག་ཤོས་ཀྱང་མངོན་སུམ་དུ་མཐོང་བས་ཁྱབ་པ་མེད་པའི་ཕྱིར་ཏེ། དཔེར་ན་མེས་དུ་བ་སྐྱེད་པ་ཡིན་ཀྱང་མེ་མཐོང་ནས་དེ་མ་མཐོང་བ་བཞིན་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ནུས་པ་དངོས་པོ་རང་བཞིན་དུ། །གྱུར་ཀྱང་དེ་མ་ཐག་མེད་པས། །འབྲས་བུ་མཐོང་བ་མེད་པའི་ཕྱིར། །རྨོངས་འགྱུར་ངེས་གསལ་མེད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང། རྣམ་འགྲེལ་ལས། འཁྲུལ་རྒྱུ་མེད་ན་དེ་ཡིས་ནི། །ངོ་བོ་ཉིད་ཀྱིས་རང་དང་ནི། །རྗེས་སུ་མཐུན་པའི་བློ་སྐྱེད་བྱེད། །ཅེས་པའི་ལུང་དོན་མ་གྲུབ་པར་ཐལ། གཟུགས་མི་རྟག་པར་མངོན་སུམ་དུ་མཐོང་བ་ལ་འཁྲུལ་བྱེད་དམ་སྒྲིབ་བྱེད་མེད་ན་གཟུགས་དེས་རང་དང་རང་མི་རྟག་པ་གྲུབ་བདེ་རྫས་གཅིག་ཡིན་པས་ཅིག་ཅར་མངོན་སུམ་དུ་རྟོགས་པའི་བློ་སྐྱེད་པ་ནི། དེ་ཡིས་ནི། ངོ་བོ་ཉིད་ཀྱིས་རང་དང་ནི། །རྗེས་སུ་མཐུན་པའི་བློ་སྐྱེད་བྱེད། །ཅེས་གསུངས་པའི་དོན་དང། འཁྲུལ་བྱེད་ཡོད་ན་དེ་ལྟར་མི་སྐྱེད་པ་འཁྲུལ་རྒྱུ་མེད་ན། ཞེས་པའི་ངེས་གཟུང་གི་དོན་མ་ཡིན་པའི་ཕྱིར། རྣམ་མཁྱེན་གྱིས་རང་དང་རང་མི་རྟག་པར་མངོན་སུམ་དུ་རྟོགས་པའི་བློ་དེ་ལྟར་སྐྱེད་པ་དེ་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདིས་ནི་རྣམ་མཁྱེན་བྱང་འཕགས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་སོགས་ཁེགས་སོ། །

    ཡང་བློ་གྲོས་ཆེན་པོ་སོགས་ཀྱི་དོན་རང་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་ཡིན་ན་རང་མངོན་སུམ་དུ་རྟོགས་པས་རང་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་རྣམས་རྟོགས་པས་ཁྱབ་པར་བཤད་པ་ཡིན་ཏེ། རྣམ་འགྲེལ་ལས། དེའི་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་དང། རང་འགྲེལ་ལས། ཆ་ཤས་མེད་པ་ལ་ཕྱོགས་གཅིག་མཐོང་བ་མི་རུང་བའི་ཕྱིར། ཞེས་སྒྲུབ་བྱེད་དུ་བཀོད་པའི་ཕྱིར་ཏེ། གྲུབ་བདེ་རྫས་གཅིག་དང། དེ་དབྱེར་མེད་ཀྱི་རྫས་གཅིག་གི་ཁྱད་པར་ཆེན་པོ་ཡོད་པས་ཤེས་པར་གྱིས། ལོངས་སྐུ་བྱང་འཕགས་ཡན་ཆད་ཀྱིས་དེ་ལྟར་མཐོང་བ་འོག་ཏུ་འགོག་པར་བྱེད་དོ། །གཉིས་པ་ནི། ཆོས་ཅན་གྱི་སྐུ་ལྷག་མ་གསུམ་པོ་ཆོས་ཅན། ཁྱོད་རང་རང་གི་ཆོས་ཉིད་ངོ་བོ་ཉིད་སྐུ་དང་དབྱེར་མེད་ཀྱང། དེ་དང་ཐ་དད་དུ་བཞག་པ་ལ་དགོས་པ་ཡོད་དེ། དེ་དང་ངོ་བོ་ཐ་མི་དད་ཀྱང་ཡང་དག་པའི་ཀུན་རྫོབ་ཏུ་མི་འདྲ་བར་སྣང་བ་ཇི་ལྟར་མོས་པ་ཐ་དད་པས་རབ་ཏུ་ཕྱེ་བའི་ཕྱིར། དེ་ཡང་ཡིན་ཏེ། དེ་ལྟར་ངོ་བོ་ཐ་མི་དད་པ་གང་ཞིག །ཡང་དག་པའི་ཀུན་རྫོབ་ཏུ་མི་འདྲ་བར་སྣང་བ་ཇི་ལྟར་མོས་པ་ཐ་དད་པས་བཞག་པའི་ཕྱིར། དང་པོ་གྲུབ་སྟེ། དོན་དམ་པར་བདེན་པས་སྟོང་པའི་ཆོས་ཉིད་ཀྱི་ངོ་བོར་གྱུར་པའི་སྐུ་ཡིན་པའི་ཕྱིར་ཏེ། འཕགས་པ་ལྷའི་ལུགས་ལས། སྟོང་ཉིད་ཅེས་བྱ་ཤེས་པ་ལས གཞན་ནི་འགའ་ཡང་ཡོད་མིན་ཏེ། །གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་དབེན་པ་ཆོས་ཉིད་དབེན་རྒྱུ་སྟོང་གཞིའི་ཆོས་ཅན་ལས་ངོ་བོ་ཐ་མི་དད་པར་བསྟན་པའི་ཕྱིར་ཏེ། ལེགས་བཤད་གསེར་འཕྲེང་ལས། དབེན་པ་དགག་པ་ཆོས་ཅན་དང། དབེན་གྱུར་དགག་གཞི་ཆོས་ཉིད་གསུང་བ་ནི་གོ་བཟློག་ན་འགྲིག་གོ །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། ཡེ་ཤེས་ཆོས་སྐུ་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་དང། ལོངས་སྐུ་བྱང་འཕགས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དང། མཆོག་སྤྲུལ་ཉན་ཐོས་ལ་སོགས་པ་ལམ་མ་ཞུགས་ཀྱི་སོ་སྐྱེ་ལས་དག་དང་བཅས་པ་རྣམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། དེའི་ཆེད་དུ། དྲན་པ་ཉེར་བཞག །ཅེས་སོགས་ཀྱིས་ཡེ་ཤེས་ཆོས་སྐུ་དང། མཚན་ནི་སུམ་ཅུ། ཞེས་སོགས་ཀྱིས་ལོངས་སྐུ་དང། གང་གི །ཞེས་སོགས་ཀྱིས་སྤྲུལ་སྐུ་ཟུར་དུ་འཆད་པའི་ཕྱིར་ཏེ། འགྲེལ་བར། ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་རྣམ་པར་བཞག་པ་ཡིན་ནོ། །ཞེས་དེ་ལྟར་བཤད་དགོས་ཀྱི་བྱང་འཕགས་ཡན་ཆད་དང་སོ་སྐྱེ་ལས་དག་ཡན་ཆད་ཅེས་བཤད་མི་རུང་སྟེ། དེ་ལ་རིགས་པས་གནོད་པར་མ་ཟད། རྗེ་ཡབ་སྲས་ཀྱི་བཤད་ཚུལ་དང་མི་མཐུན་པའི་སྐྱོན་ཡང་ཡོད་པའི་ཕྱིར་ཏེ། འདིའི་ཐད་ཀྱི་རྣམ་བཤད་ལས། སངས་རྒྱས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་དང། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་ཐ་དད་དུ་རྣམ་པར་བཞག །ཅེས་དང། ལེགས་བཤད་གསེར་འཕྲེང་ལས། སྐུ་ལྷག་མ་གསུམ་པོ་རིམ་པ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་དང་ཉན་ཐོས་ལ་སོགས་པས་མ་ངེས་པ་འབྲས་བུ་གང་ལའང་མ་ཞུགས་པའི་སོ་སྐྱེ་ལས་དག་པ་རྣམས་ཀྱི་སྤྱོད་ཡུལ་དུ་རྣམ་པར་བཞག་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་དུའོ། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། རྣམ་མཁྱེན་སློབ་པའི་རྣལ་འབྱོར་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པར་ཐལ། རྣམ་མཁྱེན་དེའི་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དམིགས་པ་ཡིན་ན་མངོན་སུམ་གྱི་སྤྱོད་ཡུལ་ཡིན་མི་དགོས་པའི་ཕྱིར་ཏེ། རྣམ་མཁྱེན་ལ་མངོན་སུམ་དུ་སྤྱད་མི་ཐུབ་ཀྱང་མངོན་སུམ་གྱིས་སྒྲོ་འདོགས་གཅོད་པ་མི་འགལ་བའི་ཕྱིར་ཏེ། སྒྲའི་སྟེང་གི་མི་རྟག་པ་དངོས་སུ་རྟོགས་ཀྱང་སྒྲ་དངོས་སུ་མ་འཇལ་བའི་རྗེས་དཔག་ཡོད་པའི་ཕྱིར། ཁོ་རང་ལ། འོ་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། རྣམ་མཁྱེན་མངོན་སུམ་དུ་སྤྱོད་ནུས་པར་ཐལ། རྣམ་མཁྱེན་དེ་ཁྱོད་ཀྱི་མངོན་སུམ་གྱི་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཁྱོད་ཀྱི་མངོན་སུམ་གྱིས་དེའི་སྟེང་གི་བདེན་གྲུབ་ཀྱི་སྒྲོ་འདོགས་བཅད་པའི་ཕྱིར་ཏེ། ཁྱོད་དེའི་བདག་མེད་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སློབ་ལམ་ན་བློ་གཅིག་གིས་བདེན་གཉིས་ལ་ཅིག་ཅར་མངོན་སུམ་དུ་སོང་བ་མེད་པའི་ཕྱིར། ཡང་ཁོ་ན་རེ། སངས་རྒྱས་ནང་ཕན་ཚུན་གྱི་མངོན་སུམ་གྱི་སྤྱོད་ཡུལ་མེད་པར་ཐལ། སངས་རྒྱས་རྟག་པ་ཡིན་པའི་ཕྱིར་ཟེར་ན། ཅ་ཅོ་ཡིན་པས། ཆོས་གྲགས་ཀྱིས། ལན་ནི་འབྲེལ་མེད་བཞད་གད་དོ། །ཞེས་གསུངས་པ་ལྟར་འོས་སོ། །འོན་ཀྱང། སངས་རྒྱས་ནང་ཕན་ཚུན་གྱི་མངོན་སུམ་གྱི་སྤྱོད་ཡུལ་ཡོད་བྱས་པ་དེ་དང། སངས་རྒྱས་ཀྱིས་མཁྱེན། སངས་རྒྱས་ཀྱི་བཀའ་ཞེས་པའི་སངས་རྒྱས་རྣམས་རྟག་པ་ཡིན་པའི་སངས་རྒྱས་སྤྱི་ལྡོག་དེ་ལ་བྱེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སངས་རྒྱས་བྱས་ཚད་དོན་གཅིག་ལ་བྱེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚོམ་ལས། ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབས་པའི་མི། །ཞེས་པའི་ལ་ལ་རྣམས་དོན་གཅིག་པར་ཐལ་ལོ། །དེས་མཚོན་ནས་ལྟར་སྣང་ལ་ལན་འདེབས་ཤིན་ཏུ་སླའོ། །ཡེ་ཤེས་ཆོས་སྐུ་བཤད་པ།

                                                                                                                            རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn   

 

བརྒྱུད་འགོད།