ཀུན་མཁྱེན་ཕར་ཕྱིན་ལས་སྐབས་བརྒྱད་པའི་མཐའ་དཔྱོད་འཁྲུལ་སེལ་གངྒྰའི་ཆུ་རྒྱུན་མི་ཕམ་བླ་མའི་ཞལ་ལུང་གི་མཆོད་བརྗོད་སོགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-18 21:29:23     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 358131054518963745.jpg

                               སྐབས་བརྒྱད་པའི་མཐའ་དཔྱོད་འཁྲུལ་སེལ་གངྒཱའི་ཆུ་རྒྱུན་མི་ཕམ་ཞལ་ལུང་བཞུགས་སོ། །

                                                                                                        མཆོད་བརྗོད།

ན་མོ་གུ་རུ་ཝེ་ནཱ་ཐ་མཉྫུ་གྷོ་ཥཱ་ཡ་ཙ་དྷི་ཏིཥྛ་སྭ་མ་མ་སརྦ་སདྭཱཉྩ།

ཆོས་དབྱིངས་མཁའ་ལ་སྐུ་བཞིའི་ཚད་མེད་སྤྲིན། །

ཆོས་འཕྲིན་རླབས་ཆེ་འགྲོ་བའི་རྒྱུར་འཚམས་པར། །

ཆོས་སྒོ་འབྱམས་ཀླས་རང་སྐད་ཞེན་སྐལ་ངོར། །

ཆོས་འཁོར་རིམ་བསྐོར་རྒྱལ་དང་དེ་སྲས་མཆོད། །

    མཆོད་པར་འོས་མཆོག་རྒྱལ་ཚབ་བྱམས་འཇམ་དབྱངས། །དབྱངས་བདག་འཇམ་དཀར་ལ་སོགས་ལྷག་པའི་ལྷ། །ལྷ་སོགས་སྐྱེ་དགུའི་རེ་སྐོང་རིན་པོ་ཆེ། །ཆེ་བའི་མཆོག་བརྙེས་བརྒྱུད་པར་བཅས་ལ་འདུད ཐུགས་རྗེའི་ཕྱག་ཟུང་ལ་གནས་འཕང་འགྲོའི་རྒྱུད། །དཀྲོལ་དྲན་སྙིང་ལ་འཁོར་ལོ་བཀོད་ཙམ་གྱིས། །རྨོངས་སྦུབས་ཀུན་གྲོལ་དབྱངས་ཅན་ལ་འདུད་ཀྱེ། །ཟླ་བྲལ་འཆད་རྩོད་རྩོམ་པའི་སྒོ་བརྒྱ་ཕྱེ། །ཁམས་གསུམ་ཡོངས་ཀྱི་རྣམ་འདྲེན་ཙོང་ཁ་པ། །སྣང་མཐའི་རྣམ་འཕྲུལ་བློ་བཟང་ཆོས་རྒྱན་དང། །དུས་གསུམ་རྒྱལ་བའི་དབང་པོ་པད་དཀར་འཛིན། །རྣམ་གསུམ་ཡབ་སྲས་བརྒྱུད་པར་བཅས་ཕྱག་འཚལ། །བློ་གྲོས་ལང་ཚོ་དར་བའི་ས་སྲུང་སྟེང། །འཆད་རྩོད་རྩོམ་པའི་རྩེ་བརྒྱ་གདེངས་ཙམ་གྱིས འཁྲུལ་ལྡན་རི་བོ་འཁྱམས་པའི་ཚོགས་བཅོམ་སྟེ། །རྒྱ་མཚོའི་གོས་ཅན་མགོན་མཛད་རྣམས་ལ་འདུད། །གསང་ལས་ཆེས་གསང་སྐུ་བཞིའི་གསང་བའི་གནད། །མ་རྟོགས་རབ་རིབ་མཁར་བས་ཚོལ་མཐོང་འགྲོར། །ཕན་ཆེད་གྲགས་འདོད་དབྱུག་གུས་བསྣུན་མིན་ཞིང། །ལྷག་བསམ་རྣམ་སད་རྔ་བོ་ཆེ་འདི་གྲགས། །རང་ལས་དམན་ལ་ཕན་དང་མཉམ་བློ་འཕེལ། །མཐོ་ལའང་དོགས་སློང་ཆེད་སྐབས་བརྒྱད་པ་ཡི། །དཀའ་སར་ཉེས་བཤད་ཤིང་འཁྱོགས་གཅོད་པའི་སླད། །འཇམ་དབྱངས་མཁྱེན་རབ་རལ་གྲི་གདེངས་བཞིན་ཞུགས 

 

                                   མཚམས་སྦྱོར།

    འདིར་ཆོས་སྐུའི་རྣམ་གཞག་འཆད་པ་ལ། མཚམས་སྦྱར་བ་དང། ལེའུའི་དོན་བཤད་པ་དང། མཇུག་སྡུད་པ་དང་གསུམ། དང་པོ་འཆད་པར། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམ་པས་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། ཞེས་བྱུང། འདིིའི་དོན་འཆད་པ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། སྐད་ཅིག་སྦྱོར་གྱི་དུས་གཉིས་པ་དེ་མ་ཐག་ཏུ་འབྲས་བུ་ཆོས་སྐུ་འགྲུབ་པ་ཡིན་ཏེ། སྐད་ཅིག་སྦྱོར་གྱི་དུས་སྐད་ཅིག་གཉིས་པ་དེ་མ་ཐག་ཏུ་སྐུ་བཞི་འགྲུབ་པའི་ཕྱིར། ཞེས་འགོད་ལ། སྐབས་བརྒྱད་པ་དང་བདུན་པ་གཉིས་ཀྱི་གོ་རིམ་གྱི་སྦྱོར་བ་མི་འགོད་ཅིང། སྦྱོར་ངག་འདི་འགྲེལ་བར། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམ་པའི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། ཞེས་པའི་གཙོ་བོར་དངོས་བསྟན་གྱི་སྦྱོར་བ་རྣམ་དག་ཡིན་ཟེར་ན། འོ་ན་གཞུང་འདི་གཙོ་བོར་སྐབས་བདུན་པའི་རྗེས་སུ་བརྒྱད་པ་འཆད་པའི་རྒྱུ་མཚན་སྟོན་པའི་གཞུང་མ་ཡིན་པར་ཐལ། གཞུང་འདི་གཙོ་བོར་འཚང་རྒྱ་ཚུལ་འཆད་བྱེད་ལ་སྦྱོར་རིགས་པའི་ཕྱིར། རྟགས་ཁས། དེར་ཐལ། ཁྱེད་ཀྱི་སྦྱོར་བ་འཐད་པའི་ཕྱིར། འདོད་ན། གཞུང་འདི་སྐབས་དེ་གཉིས་ཀྱི་སྔ་ཕྱིའི་མཚམས་སྦྱོར་གྱི་གཞུང་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྗེ་ཡབ་སྲས་གཉིས་ཀའི་རྣམ་བཤད་གཉིས་ལས་འབྲེལ་བཀོད་པས་མཚམས་སྦྱར་བ། ཞེས་གསུངས་པ་དེ་སྙེགས་ས་རེ་ཡོད་པའི་ཕྱིར། གཞན་ཡང། དེ་མི་འཐད་པར་ཐལ། གཞུང་འདི་སྐབས་བདུན་པ་དང་བརྒྱད་པའི་གོ་རིམ་གྱི་རྒྱུ་མཚན་སྟོན་བྱེད་ལ་སྦྱོར་དགོས་པའི་ཕྱིར་དང། སྐབས་གཞན་དང་གཞུང་ཚན་སྔ་ཕྱི་ལའང་འབྲེལ་དེ་སྟོན་པ་དེའི་ཕྱིར་ཏེ། གཞུང་འདིའི་ཐད་ཀྱི་ལེགས་བཤད་གསེར་གྱི་འཕྲེང་བ་ལས། སྐད་ཅིག་སྦྱོར་གྱི་འོག་ཏུ་ཆོས་སྐུ་གསུངས་ཏེ། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་7སྦྱོར་བ་རྣམ་པར་བསྒོམ་པའི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། དེའི་ཕྱིར། ཞེས་དང། འདིའི་ཐད་ཀྱི་རྣམ་བཤད་ལས་ཀྱང། སྐད་ཅིག་སྦྱོར་གྱི་རྗེས་སུ་ཆོས་ཀྱི་སྐུ་འཆད་པའི་རྒྱུ་མཚན་ཡོད་དེ། ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་རྣམ་པར་བསྒོམ་པའི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པ་འབྱུང་བ་ཡིན་པ་དེའི་ཕྱིར། ཞེས་གསུངས་པའི་ཕྱིར། རིགས་པས་ཀྱང་གྲུབ་སྟེ། སྐབས་འདི་གཉིས་ཀྱི་འབྲེལ་སྟོན་བྱེད་གཅིག་ཡོད་པའི་ཕྱིར་ཏེ། གཞུང་གཞན་དང་སྐབས་གཞན་བཞིན་ནོ་སོགས་སྤྲོ། ཡང་ཁ་ཅིག །འགྲེལ་བར། སྐད་ཅིག་མ་གཅིག་པའི་ཞེས་པ་ནས། བཞི་ཡིན་པས། ཞེས་པའི་བར་གྱི་གཞུང་རིལ་བོ་སྐབས་འདི་གཉིས་ཀྱི་མཚམས་སྦྱར་གྱི་གཞུང་ཡིན་ཟེར་ན། འོ་ན། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ཞེས་སོགས་ཀྱང་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། འདི་སྐབས་བརྒྱད་པའི་ནང་གི་སྐུ་བཞི་འཆད་བྱེད་ཀྱི་གཞུང་ཚན་སྤྱིའི་མཚམས་སྦྱར་གྱི་གཞུང་ཡིན་པའི་ཕྱིར། དེར་ཐལ། སྐབས་བདུན་པའི་རྗེས་སུ་བརྒྱད་པ་སྟོན་པའི་རྒྱུ་མཚན་དེ་ལྟར་ཡིན་ན། སྐབས་བརྒྱད་པ་འདིར་ཆོས་སྐུ་ཇི་ལྟར་འཆད་ཅེ་ན། དེ་ངོ་བོའམ་དབྱེ་བའི་སྒོ་ནས་བཞིར་འཆད་ཅེས་མཚམས་སྦྱར་གྱི་སྒོ་ནས་འཆད་པར། འགྲེལ་བར། དེ་ཡང་ངོ་བོ་ཉིད་ཀྱི་སྐུ། ཞེས་སོགས་བྱུང་བའི་ཕྱིར་ཏེ། དེ་སྐད་དུ། འདིའི་ཐད་ཀྱི་ལེགས་བཤད་གསེར་འཕྲེང་ལས། གཉིས་པ་ནི་ཆོས་སྐུ་དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས་དེ་དག་བསྟན་ཏོ། །འདི་ལ་གཉིས། སྐུ་དང་མཛད་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང། དེ་ལྟར་འཐད་པར་ཐལ། སྐབས་བདུན་པའི་རྗེས་སུ་སྐབས་བརྒྱད་པས་ཆོས་སྐུ་འཆད་པའི་རྒྱུ་མཚན་དང་འབྲེལ་སྟོན་པར། འགྲེལ་བར། སྐད་ཅིག་མ་གཅིག་པའི། ཞེས་སོགས་བྱུང། སྐབས་བརྒྱད་པས་ཆོས་སྐུ་སྐུ་བཞིའི་སྒོ་ནས་འཆད་པའི་སྤྱིའི་འབྲེལ་མིང་ཙམ་གྱིས་འཆད་པར། འགྲེལ་བར། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས། ཞེས་བྱུང། དེ་ལྟར་སྐུ་བཞིའི་འབྲེལ་སྤྱིར་བསྟན་ནས། བྱེ་བྲག་ཏུ་སྐུ་དང་འབྲེལ་སྟོན་པར། འགྲེལ་བར། དེ་ཡང་ངོ་བོ་ཉིད་ཀྱི་སྐུ། ཞེས་དང། སྐུ་གཉིས་པའི་འབྲེལ་སྟོན་པར། འགྲེལ་བར། གཉིས་པ་ཆོས་ཀྱི་སྐུ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི། ཞེས་སོགས་དང། སྐུ་གསུམ་པའི་འབྲེལ་སྟོན་པར། འགྲེལ་བར། གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ། ཞེས་སོགས་དང། སྐུ་བཞི་པའི་འབྲེལ་སྟོན་པར། འགྲེལ་བར། བཞི་པ་སྤྲུལ་བའི་སྐུ་བྱིས་པའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་བ་ལ། ཞེས་གསུངས་པའི་ཕྱིར། དེ་ཡང་ངོ་བོ་ཉིད་ཅེས་པའི་དེ་སྒྲ་ཡང། གོང་གི་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཞེས་པའི་དངོས་བསྟན་ལ་སྙེགས་རིགས་པར་ཐལ། ཁྱོད་ཀྱི་ཞེ་འདོད་ལ་དེ་འཚང་འདུག་པའི་ཕྱིར། འདོད་ན། དེ་ཡང་ཞེས་སོགས་ཀྱི་དངོས་བསྟན་གྱི་སྐུ་བཞི་པོ་དེ། གཞུང་གོང་མའི་དངོས་བསྟན་གྱི་རྫོགས་པའི་སངས་རྒྱས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་མ་ཐག་པའི་སྐུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་བཞི་རེ་རེ་ལའང་སངས་རྒྱས་མ་ཐག་ཡིན་མིན་དུ་མ་ཡོད་པའི་ཕྱིར་ཏེ། སྐབས་བརྒྱད་པས་བསྟན་པའི་སྐུ་བཞི་རེ་རེ་ལ་དེ་ལྟར་ཡོད་པ་དེའི་ཕྱིར། གཞན་ཡང། ལེགས་བཤད་གསེར་འཕྲེང་ལས། ཆོས་སྐུ་དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས་དེ་དག་བསྟན་ཏོ། །ཞེས་དང། རྣམ་བཤད་ལས། ཆོས་སྐུ་དེ་ཡང་ཆོས་ཅན། རྣམ་པ་བཞི་ཡིན་ཏེ། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས་སོ། །ཞེས་སྐབས་འདིའི་ཊཱིཀྐར་བཤད་པ་གཉིས་མི་འཐད་པར་ཐལ། དེ་ཡང་ཞེས་པ་དེ་ཆོས་སྐུ་སྤྱི་ལ་སྦྱར་ནས་བཤད་མི་རིགས་པའི་ཕྱིར། དེར་ཐལ། སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར། ཞེས་སོགས་ལ་སྙེགས་རིགས་པའི་ཕྱིར། རྟགས་སོང། དེར་ཐལ། ཁྱོད་ཀྱི་སྦྱོར་ཚུལ་དང་ཞེ་འདོད་དག་འཐད་པའི་ཕྱིར། ཡང་ཁ་ཅིག །གཞུང་འདི་ལ་སྔར་བཤད་པ་ལྟ་བུའི་དོན་སྦྱོར་གཏན་ནས་མི་རུང་ཟེར་ན། དེ་རུང་བར་ཐལ། གཞུང་འདིས་ཆོས་སྐུ་འགྲུབ་དུས་བསྟན་པའི་ཕྱིར་ཏེ། འགྲེལ་བར། སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །དངོས་བསྟན་ལ་དེ་འདྲ་མི་རུང་ཟེར་ནའང། མི་འཐད་པར་ཐལ། དངོས་བསྟན་གཙོ་བོ་མིན་ཀྱང་དངོས་བསྟན་ཕལ་བ་དང་ཞར་བྱུང་ཙམ་དུ་བསྟན་པའི་ཕྱིར་ཏེ། དེ་འགྲུབ་དུས་དངོས་སུ་བསྟན་པའི་འགྲེལ་བའི་གཞུང་གཅིག་འདིར་ཡོད་པའི་ཕྱིར་ཏེ། འདིར་སྐབས་སུ་ཡང་བབས་པའི་ཕྱིར་དང། འགྲེལ་བའི་ལུང་དོན་དེའི་ཕྱིར་རོ། །

(7) བླ་དཔར་དཔེ་རིང། བྱང་ཆུབ་པའི་སྤྱོད་པ།

    གཉིས་པ་རང་ལུགས་ལ། ཤེས་བྱ་ཆོས་ཅན། འདི་གཉིས་ཀྱི་སྔ་ཕྱིའི་རྒྱུ་མཚན་ཡོད་དེ། བཤད་རིམ་ཙམ་མ་ཡིན་གྱི་ལམ་འབྲས་ཐོབ་རིམ་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ལམ་འབྲས་ཐོབ་རིམ་གྱི་དབང་དུ་བྱས་ན་སྐབས་གཉིས་ཀྱི་སྔ་ཕྱི་འདི་ལྟར་འོས་ཏེ། སྐད་ཅིག་སྦྱོར་གྱི་སྐད་ཅིག་གཉིས་པར་ཆོས་སྐུ་འཐོབ་པའི་ཕྱིར། དེ་ཆོས་ཅན། གཞུང་འདི་གཙོ་བོར་འདི་ལྟར་བཤད་རིགས་ཏེ། གཞུང་འདི་སྐབས་འདི་གཉིས་ཀྱི་འབྲེལ་སྟོན་བྱེད་ཡིན་པའི་ཕྱིར་ཏེ། སྔར་བསྒྲུབས་ཟིན་པ་དེའི་ཕྱིར། དེ་ཆོས་ཅན། དངོས་བསྟན་ཕལ་བའི་ཚུལ་གྱིས་འཚང་རྒྱ་དུས་ལའང་སྦྱོར་རིགས་ཏེ། དེ་རྟགས་སུ་བཀོད་ནས་སྐབས་སྔ་ཕྱི་གཉིས་ཀྱི་འབྲེལ་བ་བསྒྲུབ་པའི་ཕྱིར།

    གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། འོ་ན་རྣམ་བཤད་ཀྱི་གཞུང་དེ་རྣམས་སྤྱིའི་མཚམས་སྦྱོར་ལས་གཞན་ས་བཅད་མ་བྱས་པ་མི་འཐད་པར་ཐལ། ཁྱོད་ཀྱི་བཤད་ཚུལ་དེ་འཐད་པའི་ཕྱིར་ན་མ་ཁྱབ་སྟེ། ཚེགས་ཆུང་ངུར་དགོངས་པ་ཙམ་ཡིན་པའི་ཕྱིར། དེ་ལས་གཞན་དུ་ན་གསེར་འཕྲེང་གིས་ས་བཅད་དེ་ལྟར་མཛད་པ་མི་འཐད་པར་ཐལ། དེ་ལྟར་མི་རིགས་པའི་ཕྱིར། རྟགས་ཁས། འདོད་ན། ཡབ་སྲས་གྱི་གཞུང་མི་མཐུན་པར་ཐལ་ལོ། །འདོད་མི་ནུས་ཏེ། རྣམ་བཤད་ཀྱང་གསེར་འཕྲེང་གི་རྗེས་འབྲང་དུ་སྣང་བའི་ཕྱིར་དང། སྔར་བསྒྲུབས་ཟིན་པ་དེའི་ཕྱིར་དང། དེ་ཡང། ཞེས་སོགས་ལ་སྐབས་སྔ་ཕྱི་གཉིས་ཀྱི་མཚམས་སྦྱོར་གྱི་བཤད་པ་མི་སྣང་བའི་ཕྱིར་དང། རྩ་བར་གོང་དུ། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པ་ལྟར། སྐབས་འདིའི་གཞུང་ཚན་བཞིའི་ཁོང་ན་གནས་པའི་སྐུ་བཞིའི་དབྱེ་བ་མཚམས་སྦྱོར་གྱི་སྒོ་ནས་བཤད་པ་དེའི་ཕྱིར། ཤིན་ཏུ་སྤྲོས་པས་ཆོག་ལ་རྟོགས་ཀྱང་སླའོ། །ཡང་ཁོ་ན་རེ། ཤེས་བྱ་ཆོས་ཅན། བྱང་སེམས་རྒྱུན་མཐའ་བས་སྐད་ཅིག་སྦྱོར་གྱི་དུས་སྐད་ཅིག་གཉིས་པར་སྐུ་བཞི་ཅིག་ཅར་འགྲུབ་སྟེ། དེར་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་ཅིང་སྒྲིབ་གཉིས་མཐའ་དག་སྤངས་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་གཞུང་འདིའི་དངོས་བསྟན་གྱི་དོན་སྦྱོར་རྣམ་དག་ཡིན་པར་ཐལ། གཞུང་འདི་འཚང་རྒྱ་ཚུལ་ལའང་སྦྱོར་རིགས་པའི་ཕྱིར། རྟགས་ཁས། འདོད་ན། དེའི་དངོས་བསྟན་གྱི་གཙོ་བོར་དེ་ལྟར་འགོད་རིགས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། རྗེ་ཡབ་སྲས་ཀྱིས་ཀྱང་སྦྱོར་བ་དེ་དངོས་བསྟན་ལ་བཞེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྦྱོར་བ་དེ་འདྲ་མ་བཀོད་པར་སྐབས་གཉིས་ཀྱི་སྔ་ཕྱིའི་མཚམས་སྦྱོར་ལ་སྦྱར་བའི་སྦྱོར་འགོད་མཛད་པའི་ཕྱིར་ན་མ་ཁྱབ་སྟེ། དངོས་བསྟན་གཙོ་བོ་ལ་དགོངས་པའི་ཕྱིར་དང། འགྲེལ་བར། བྱང་ཆུབ་པ་ཡིན་ཏེ། དེ་ཡང་ཞེས་པའི་དེ་སྒྲ་དང་ཡང་སྒྲའི་ནུས་པ་ཕྱུང་ནས་བཤད་ཚུལ་གཅིག་ཡོད་པའི་ཕྱིར། ཁྱབ་སྟེ། ཆོས་སྐུ་འགྲུབ་དུས་དེ་ལྟར་ཡིན་པར་མ་ཟད་ཆོས་སྐུ་དེ་ལ་དབྱེ་བ་ཡང་ངོ་བོ་ཉིད་ཀྱི་སྐུ་སོགས་བཞི་ཡོད་ཅེས་པ་ཡང་སྒྲའི་དོན་དང། དེ་ལྟར་བྱང་ཆུབ་པ་ཡིན་ཏེ། ཞེས་དེ་སྒྲ་སྨོས་པས་འོག་མ་འདྲེན་པ་དང། དེ་དང་འབྲེལ་ཆགས་པ་དེ་སྒྲའི་དོན་ཡིན་པའི་ཕྱིར་ཏེ། དེ་སྒྲ་ལྷག་མ་འདྲེན་ཚིག་དང། ཡང་སྒྲ་འབྱེད་སྡུད་ཀྱི་ཚིག་ཡིན་པའི་ཕྱིར།

                                                                                                                          རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 

                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།