ཀུན་མཁྱེན་ཕར་ཕྱིན་ལས་སྐབས་བདུན་པ་སྐད་ཅིག་མའི་སྦྱོར་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-17 21:32:30     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 157737254349650368.jpg

                               སྐབས་བདུན་པའི་མཐའ་དཔྱོད་འཁྲུལ་སེལ་གངྒཱའི་ཆུ་རྒྱུན་མི་ཕམ་ཞལ་ལུང་བཞུགས་སོ། །

 ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།

ལི་ཁྲིའི་མདོག་འཆང་ཨུཏྤལ་ཟུར་མིག་གཡོ། །

དབང་སྔོན་ཐོར་ཅོག་རྒྱུ་སྐར་འཕྲེང་བས་སྤུད། །

གདོད་བྲལ་ཆོས་སྐུར་ཀུན་རྟོག་ལུས་མེད་ཐིམ། །

ཀུན་གཟིགས་སྨྲ་དབང་འཇམ་དབྱངས་བླ་མར་འདུད། །

    གསང་གསུམ་ཆེར་འཕགས་གཟི་བྱིན་འབུམ་ཆགས་པའི། །འབྱམས་ཀླས་འཕྲུལ་གྱིས་ཀུན་བཟང་མཛད་འཕྲིན་གྱིས། །མཁའ་མཉམ་འགྲོ་ལ་རིས་མེད་ཁྱབ་གྱུར་ཚེ། །ཁྱོད་ཉིད་བསྔགས་ལ་རྒྱལ་ཀུན་གཅིག་ཏུ་གཞོལ། །མཁྱེན་གསུམ་ཡུལ་གྱི་ངོ་བོ་ཚོན་རིས་བཀྲ། །སྦྱོར་བཞིའི་བཟོ་བོས་བསྡུས་སྒོམ་རིང་སྦྱངས་པས། །སྐུ་བཞིའི་འཕྲིན་ལས་འབར་བའི་དགའ་སྟོན་འཆར། །ཚུལ་དེ་སྟོན་ལ་མགོན་ཁྱོད་ཨེ་མ་རྨད 

                                       སྐད་ཅིག་མའི་སྦྱོར་བ།

    གཉིས་པ་མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་ཟིན་པའི་སྐད་ཅིག་མའི་སྦྱོར་བ་འཆད་པ་ལ། སྦྱིན་པ་ལ་སོགས་རེ་རེས་ཀྱང། །ཞེས་པ་ནས། དེ་ཉིད་སྐད་ཅིག་གཅིག་གིས་མཐོང། །ཞེས་པའི་བར་གྱི་གཞུང་འདི་བྱུང། འདིའི་སྐབས་སུ་འཕྲོས་སྦྱོར་བ་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆེན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་བསྐྱེད་གཅིག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས་ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རབ་འབྱོར་བྱང་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྦྱིན་པ་གཏོང་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། ཞེས་སོགས་ཀྱི་དོན་བཤད་པ་ལ་གཞུང་འདི་བྱུང། གཉིས་པ་སྦྱོར་བ་འགོད་པ་ནི། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། མཐར་གྱིས་སྦྱོར་བས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གོ་རིམ་ངེས་ཅན་དུ་བར་མ་ཆད་པར་བསྐལ་པ་གྲངས་མེད་གསུམ་གྱི་ཡུན་ལ་སྒོམ་པར་བྱས་པ་ལ་གོམས་པ་རབ་ཀྱིས་མཐར་ཕྱིན་པ་ཐོབ་པའི་སྟོབས་ཀྱིས་སྐད་ཅིག་མ་གཅིག་གི་ཡུན་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་མ་ལུས་པར་སྒོམ་པ་ལ་ནུས་པ་ཐོབ་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར།

    མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ནི། སྐད་ཅིག་མའི་སྦྱོར་བ་ལ་རྒྱུན་མཐའི་སྦྱོར་བའི་ལམ་དང། རྒྱུན་མཐའི་ཡེ་ཤེས་གཅིག་དང་གཉིས་ཡོད་ཟེར་ན། འོ་ན་རྒྱུན་མཐའི་སྦྱོར་བའི་ལམ་དེ་ཆོས་ཅན། སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པར་ཐལ། སྐད་ཅིག་མའི་སྦྱོར་བ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། རྩ་བར། དེ་མཐའ་ཞེས་དང། འགྲེལ་པ་ལས་ཀྱང། དེ་ནི་ཁྱད་པར་དུ་འགྲོ་བར་མེད་པའི་ཡང་དག་པར་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཞེས་དང། ཉི་སྣང་ལས་ཀྱང། སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མཐར་ཐུག་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཞན་ཡང་གསེར་འཕྲེང་ལས། སྐད་གཅིག་མ་གཅིག་ནས་ནི་མཐར་ཐུག་པ་ཡིན་ཏེ། སློབ་ལམ་ན་དེ་ནས་ཁྱད་པར་དུ་འགྲོ་བར་མེད་པས་སོ་ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། སྐད་ཅིག་མའི་སྦྱོར་བ་ཡིན་ན་དེ་ལས་ཁྱད་པར་དུ་འཕགས་པའི་སློབ་ལམ་མེད་པས་མ་ཁྱབ་པའི་ཕྱིར། དེར་ཐལ། རྒྱུན་མཐའི་སྦྱོར་བའི་ལམ་དེ་སྐད་ཅིག་སྦྱོར་ཡིན་པ་གང་ཞིག །དེའི་གོང་ན་རྒྱུན་མཐའི་ཡེ་ཤེས་ཡོད་པའི་ཕྱིར། རྟགས་དང་པོ་ཁས། གཞན་ཡང། རྣམ་བཤད་ལས། སྐད་ཅིག་མའི་སྦྱོར་བ་ལ། མཚན་ཉིད་ནི། མཐར་གྱིས་སྦྱོར་བའི་སྟོབས་ལས་བྱུང་བའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གོ་ཞེས་པའི་ལུང་དོན་མ་གྲུབ་པར་ཐལ་ལོ། །སྐད་ཅིག་མའི་སྦྱོར་བ་ཡིན་ན་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། རྒྱུན་མཐའི་བར་ཆད་མེད་ལམ་ཐོབ་ཁ་མའི་གནས་སྐབས་ཀྱི་ལམ་དེ་ཁྱེད་ཀྱིས་སྐད་ཅིག་སྦྱོར་ལ་བཞག་པའི་ཕྱིར། ཁྱབ་སྟེ། རྒྱུན་མཐའི་བར་ཆད་མེད་ལམ་ཐོབ་ཁ་མའི་གནས་སྐབས་ཀྱི་ལམ་ཡིན་ན་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། དེ་ཡིན་ན་རྒྱུན་མཐའི་ཡེ་ཤེས་ཐོབ་དགོས་ཀྱི་ལམ་ཡིན་དགོས་པའི་ཕྱིར། གཞན་ཡང། དེ་མི་འཐད་པར་ཐལ། སྐད་ཅིག་མའི་སྦྱོར་བའི་ས་མཚམས་རྒྱུན་མཐའ་ཁོ་ན་ནས་འཇོག་དགོས་པའི་ཕྱིར། རྣམ་བཤད་ལས། ས་མཚམས་རྒྱུན་མཐའ་ཁོ་ན་ན་ཡོད་དོ་ཞེས་གསུངས་པའི་ཕྱིར། གཞན་ཡང། རྒྱུན་མཐའ་ཐོབ་ཁ་མའི་བྱང་སེམས་ཀྱི་རྒྱུད་ཀྱི་ལམ་དེ་ཆོས་ཅན། མཐར་གྱིས་སྦྱོར་བ་ཡིན་པར་ཐལ། རྒྱུན་མཐའ་ཐོབ་ཁ་མའི་བྱང་སེམས་ཀྱི་རྒྱུད་ཀྱི་ལམ་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་ཡ་མཐའ་རྒྱུན་མཐའ་ལ་ཐུག་གི་བར་ལ་འཇོག་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་མ་ཐོབ་པའི་ལམ་ཡིན་པར་ཐལ། མཐར་གྱིས་སྦྱོར་བ་ཡིན་པའི་ཕྱིར། རྣམ་བཤད་ལས། བརྟན་པ་ཐོབ་དོན་དུ་སྒོམ་པ་མཐར་གྱིས་སྦྱོར་བའོ་ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་ཟིན་པའི་ལམ་ཡིན་པའི་ཕྱིར། དེར་ཐལ། སྐད་ཅིག་སྦྱོར་ཡིན་པའི་ཕྱིར། རྟགས་ཁས། རྣམ་བཤད་ལས། བརྟན་པ་ཐོབ་པ་སྐད་ཅིག་མའི་སྦྱོར་བའོ་ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྐད་ཅིག་སྦྱོར་ལ་རྒྱུན་མཐའི་སྦྱོར་བའི་ལམ་གཅིག་དང་རྒྱུན་མཐའི་ཡེ་ཤེས་གཉིས་ཡོད་པར་ཐལ། ཕར་ཕྱིན་ལམ་བསྒྲིགས་ཐེག་ཆེན་སྒོ་འབྱེད་ལས། སྐད་ཅིག་སྦྱོར་ལ་སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་གཉིས་ཡོད་པའི་ཕྱི་མ་སྟོང་ཉིད་ལ་མཉམ་པར་བཞག་བཞིན་པའི་ངང་ཡིན་པས་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལ་རྒྱུན་མཐའི་བར་ཆད་མེད་ལམ་དང་དེ་མ་ཡིན་པའི་རྒྱུན་མཐའི་ཡེ་ཤེས་གཉིས་ཡོད་པར་སྟོན་པ་ཡིན་གྱི་རྒྱུན་མཐའི་སྔ་ལོགས་ཀྱི་སྐད་ཅིག་སྦྱོར་ཡོད་པར་མི་སྟོན་པའི་ཕྱིར། ཡང་ཁོ་ན་རེ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གོ་རིམ་ངེས་ཅན་དུ་རིམ་གྱིས་སྒོམ་པའི་ས་བཅུ་པའི་ཡེ་ཤེས་ཆོས་ཅན། སྐད་ཅིག་སྦྱོར་ཡིན་པར་ཐལ། དེ་འདྲའི་སེམས་དཔའི་རྣལ་འབྱོར་ཡོད་པ་གང་ཞིག །མཐར་གྱིས་སྦྱོར་བ་མ་ཡིན་པའི་ཕྱིར་ཟེར་ན་རྟགས་ཕྱི་མ་མ་གྲུབ་སྟེ། དཀྱུས་ཐོགས་གཅིག་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་མཐར་གྱིས་སྒོམ་པའི་བྱང་འཕགས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། དེར་ཐལ། དཀྱུས་ཐོགས་གཅིག་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་རིམ་གྱིས་སྒོམ་པའི་བྱང་འཕགས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་རྒྱུན་མཐའི་སྦྱོར་བའི་གནས་སྐབས་ཀྱི་ལམ་ཡིན་པའི་ཕྱིར། རྣམ་བཤད་ལས། ཟག་མེད་ཀྱི་ཆོས་གཅིག་མངོན་དུ་གྱུར་པ་ན་ཞེས་པ་ནས་རྒྱུན་མཐའི་སྦྱོར་བའི་གནས་སྐབས་ཡིན་པས་ཞེས་གསུངས་པའི་ཕྱིར།

    བྱས་པ་ལ་ཁོ་ན་རེ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དཀྱུས་ཐོགས་གཅིག་ལ་གོ་རིམ་ངེས་ཅན་དུ་རིམ་གྱིས་སྒོམ་པའི་ས་བཅུ་བའི་ཡེ་ཤེས་ཆོས་ཅན། སྐད་ཅིག་སྦྱོར་མ་ཡིན་པར་ཐལ། མཐར་གྱིས་སྦྱོར་བ་ཡིན་པའི་ཕྱིར། དེར་ཐལ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དཀྱུས་ཐོགས་གཅིག་ལ་གོ་རིམ་ངེས་ཅན་དུ་རིམ་གྱིས་སྒོམ་པའི་ས་བཅུ་པའི་ཡེ་ཤེས་ཡིན་པའི་ཕྱིར། དེར་ཐལ། དེ་མཐར་གྱིས་པའི་སྒོམ་ཚུལ་ཡིན་པའི་ཕྱིར། རྣམ་བཤད་ལས། མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དཀྱུས་ཐོགས་གཅིག་ལ་རྟ་རྒྱུག་པ་ལྟར་ཞེས་པ་ནས། འདོད་དགོས་ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རྩོལ་བ་གཅིག་གིས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་སྒོམ་པའི་ཚེ་མི་རྟག་པ་ལྟ་བུའི་ཆོས་གཅིག་ཡིད་ལ་བྱས་པ་ན་བསྒྲིམས་པའི་རྩོལ་བ་ཅུང་ཟད་དགོས་ཀྱང་ཐད་ཀ་ཐད་ཀའི་སྐབས་སུ་ཡང་ཡང་བསྒྲིམས་པའི་རྩོལ་བ་ཅུང་ཟད་ཀྱང་མི་དགོས་པའི་གནས་སྐབས་ཀྱི་ས་བཅུའི་ཡེ་ཤེས་དེ་ཆོས་ཅན། མཐར་གྱིས་སྦྱོར་བ་མ་ཡིན་པར་ཐལ། སྐད་ཅིག་སྦྱོར་བ་ཡིན་པའི་ཕྱིར། དེར་ཐལ། དེའི་དང་པོ་ཡིད་ལ་བྱས་པའི་ཚེ་རྩོལ་བ་མི་དགོས་པར་མ་ཟད་ལྷག་མ་རྣམས་ལ་ཡང་རྩོལ་བ་ཅུང་ཟད་ཀྱང་མེད་པའི་སྐབས་ལ་སྐད་ཅིག་སྦྱོར་དང། མཐར་གྱིས་སྦྱོར་བ་ཡིན་ན་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་གྱི་དང་པོ་ཡིད་ལ་བྱས་པ་ན་རྩོལ་བ་དགོས་ལ་ལྷག་མ་རེ་རེའི་སྐབས་ལ་ཡང་རྩོལ་བ་ཅུང་ཟད་རེ་དགོས་པའི་ཕྱིར། རྣམ་བཤད་ལས། རྒྱུན་མཐའི་སྔ་ལོགས་ས་བཅུའི་གནས་སྐབས་སུ་མི་རྟག་པ་ལྟ་བུ་དང་པོ་ཡིད་ལ་བྱས་པ་ན་ཞེས་པ་ནས། བསྒྲིམས་པའི་རྩོལ་བ་ཅུང་ཟད་དང་བཅས་པ་ཤེས་པར་བྱའོ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། དེས་དཀྱུས་ཐོགས་གཅིག་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གོ་རིམ་ངེས་ཅན་དུ་རིམ་གྱིས་སྒོམ་པའི་ས་བཅུའི་ཡེ་ཤེས་དེ་མཐར་གྱིས་སྦྱོར་བར་བསྟན་པ་ཡིན་གྱི་མཐར་གྱིས་སྦྱོར་བ་ལ་དེས་ཁྱབ་པར་མ་བསྟན་པའི་ཕྱིར། དཔེར་ན་ཁྱོད་ཀྱི་རྩོལ་བ་གཅིག་གིས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གོ་རིམ་ངེས་ཅན་དུ་རིམ་གྱིས་སྒོམ་པའི་ས་བཅུའི་ཡེ་ཤེས་དེ་སྐད་ཅིག་སྦྱོར་དུ་འདོད་པ་མི་འཐད་པར་ཐལ། དེ་དཔེ་དང་མི་འགྲིགས་པའི་ཕྱིར། རྩ་བར། ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུན། །ནས། སྐད་ཅིག་གཅིག་ཤོས་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྐྱེས་བུས་ལྡོག་ཐབས་ཀྱིས་ཟོ་ཆུན་གྱི་རྒྱུད་གཅིག་བསྐྱོད་པ་ན་རྒྱུད་ཐམས་ཅད་ཅིག་ཅར་འགུལ་བ་དེ་བཞིན་དུ་སྐད་ཅིག་སྦྱོར་གྱི་ཚེ་དང་པོ་ཡིད་ལ་བྱས་པ་ན་ལྷག་མ་རྣམས་ཅིག་ཅར་དུ་ཡིད་ཡུལ་དུ་འཆར་ནུས་པའི་ཕྱིར། འགྲེལ་པ་ལས། ཟོ་ཆུན་གྱི་རྒྱུན་ཐམས་ཅད་ཅིག་ཅར་དུ་འགུལ་བ་དེ་བཞིན་དུ་ཞེས་དང། སྐད་ཅིག་མ་གཅིག་ཁོ་ན་ལ་ཟག་མེད་ཡེ་ཤེས་གཅིག་མངོན་དུ་གྱུར་པ་ན་རིགས་མཐུན་གྱི་ལམ་མངོན་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཅིག་ཅར་དུ་དུས་གཅིག་ལ་ཞེས་པ་དང་སྐད་ཅིག་མ་གཅིག་ཁོ་ན་ལ་ཞེས་པའི་རྣམ་བཅད་དང་ཡོངས་གཅོད་ཀྱི་དོན་ཡོད་པའི་ཕྱིར། གཞན་ཡང། ཁྱེད་ཅག་གི་འདོད་ཚུལ་དེ་མི་འཐད་པར་ཐལ། ཟག་མེད་ཀྱི་ཆོས་སྦྱིན་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱིས་ཟག་མེད་ཀྱི་ཆོས་མཐའ་དག་ཅིག་ཅར་དུ་སྒོམ་མི་ནུས་པར་རིམ་ཅན་དུ་སྒོམ་པ་དེའི་ཚེ་མཐར་གྱིས་སྦྱོར་བ་དང། ཟག་མེད་ཀྱི་ཆོས་སྦྱིན་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་ཟག་མེད་ཀྱི་ཆོས་མཐའ་དག་ཅིག་ཅར་དུ་སྒོམ་ནུས་པ་ནི་རིམ་སྒོམ་མཐར་ཕྱིན་པ་དང། སྐད་ཅིག་སྦྱོར་ཐོབ་པ་ཡིན་ལ། བརྟན་པ་ཐོབ་པའི་ཚད་ཀྱང་དེ་ཡིན་པའི་ཕྱིར། རྣམ་བཤད་ལས་ཟག་མེད་ཀྱི་ལམ་གཅིག་སྒོམ་པ་ན་ཟག་མེད་ཀྱི་ལམ་མཐའ་དག་སྒོམ་ནུས་པ་ཡིན་པའི་ཕྱིར། བར་ཆད་མེད་ལམ་གྱི་ཚེ་དེ་ལྟར་སྒོམ་པའི་མཐུན་རྐྱེན་ཚང་ཞིང་ཞེས་སོགས་གསུངས་པའི་ཕྱིར།

    གཞན་ཡང་དེ་མི་འཐད་པར་ཐལ། གསེར་འཕྲེང་ལས། མཐར་གྱིས་སྦྱོར་བ་ལ། མཚན་ཉིད་ནི། མཁྱེན་གསུམ་གྱི་ཤེས་རྣམ་ཅིག་ཅར་དུ་སྐྱེ་བའི་རྟོག་པ་བརྟན་པོར་བྱ་བའི་ཕྱིར་མཁྱེན་གསུམ་གྱི་རྣམ་པ་རིམ་གྱིས་བསྒོམ་པའི་སེམས་དཔའི་རྣལ་འབྱོར་རོ། །ཞེས་གསུངས་པའི་ཤུགས་ལ་མཁྱེན་གསུམ་གྱི་རྣམ་པ་རིམ་གྱིས་སྒོམ་མི་དགོས་པར་ཅིག་ཅར་དུ་སྒོམ་པ་བརྟན་པོ་ཐོབ་པའི་དོན་དུ་བསྟན་པའི་ཕྱིར། ཁ་ཅིག་ན་རེ། རྒྱུན་མཐའི་ཡེ་ཤེས་ལ་རྒྱུན་མཐའི་བར་ཆད་མེད་ལམ་ཐོབ་ཁ་མའི་གནས་སྐབས་ཀྱི་ལམ་དང་རྒྱུན་མཐའི་བར་ཆད་མེད་ལམ་སྐྱེ་བའི་གནས་སྐབས་ཀྱི་ལམ་གཉིས་ཡོད་ཟེར་ན། རྒྱུན་མཐའི་བར་ཆད་མེད་ལམ་ཐོབ་ཁ་མའི་གནས་སྐབས་ཀྱི་ལམ་དེ་ཆོས་ཅན། གནས་ངན་ལེན་གྱི་དྲི་མ་ཐམས་ཅད་དང་བྲལ་བའི་ལམ་ཡིན་པར་ཐལ། རྒྱུན་མཐའི་ཡེ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །ཞེས་པ་ནས། དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་པའི་བར་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཤེས་སྒྲིབ་དང་བྲལ་བའི་ལམ་ཡིན་པར་ཐལ། གནས་ངན་ལེན་གྱི་དྲི་མ་ཐམས་ཅད་དང་བྲལ་བའི་ལམ་ཡིན་པའི་ཕྱིར། འདོད་ན། གང་ཟག་དེའི་རྒྱུད་ཀྱི་ཤེས་སྒྲིབ་འགག་ཟིན་པར་ཐལ། དེའི་ལམ་དེ་ཤེས་སྒྲིབ་དང་བྲལ་བའི་ལམ་ཡིན་པའི་ཕྱིར། འདོད་ན། གང་ཟག་གཅིག་གི་རྒྱུད་ལ་ཤེས་སྒྲིབ་འགག་ནས་དེའི་རྗེས་སུ་བར་ཆད་མེད་ལམ་སྐྱེ་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གང་ཟག་གཅིག་གི་རྒྱུད་ལ་ཤེས་སྒྲིབ་འགག་པ་དང་བར་ཆད་མེད་ལམ་སྐྱེ་བ་དུས་མཉམ་ཡིན་པའི་ཕྱིར། ཁྱབ་སྟེ། སྐབས་འདིར་གཉེན་པོས་སྤང་བྱ་སྐྱེ་འགྱུར་གྱིས་ཚུལ་གྱི་སྤོང་བར་ཁས་ལེན་དགོས་པའི་ཕྱིར། ཁ་ཅིག །དེའི་ཐད་ཀྱི་འགྲེལ་པ་ལས། རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་དྲི་མ་ཐམས་ཅད་དང་བྲལ་བའི་སྟོན་ཟླའི་འོད་བཞིན་དུ་དཀར་བའི་ངོ་བོ་ཉིད་དུ་སྐྱེས་པ་དེའི་ཚེ་ཞེས་པའི་དྲི་མ་དང་བྲལ་བ་རྒྱུན་མཐའི་བར་ཆད་མེད་ལམ་བདེན་འཛིན་སོགས་དང་བྲལ་བ་ལ་བྱེད་ཟེར་ན། དེ་མི་འཐད་པར་ཐལ། དེ་སྟོན་ཀའི་ཟླ་བ་རྡུལ་དང་ཁུག་སྣ་སོགས་དང་བྲལ་བ་ལ་བྱེད་པའི་ཕྱིར། དེར་ཐལ། དཔེ་དཀར་བའི་རྒྱུ་མཚན་སྟོན་པའི་ཕྱིར་དང། རྒྱུན་མཐའི་བར་ཆད་མེད་ལམ་མི་མཐུན་ཕྱོགས་བདེན་འཛིན་སོགས་དང་བྲལ་བ་གོང་དུ་བཤད་ཟིན་པས་ཟློས་སྐྱོན་ཡང་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། གསེར་འཕྲེང་ལས། དཔེ་དཀར་བའི་རྒྱུ་མཚན་ནི་ཆར་གྱིས་རྡུལ་གྱི་ཚོགས་མནན་པ་ན་ཁུག་སྣ་སོགས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་པ་ལས། བདག་མེད་སྒོམ་པའི་ཚེ་བར་ཆད་མེད་ལམ་མི་མཐུན་ཕྱོགས་སོགས་དང་བྲལ་བ་གོང་དུ་བཤད་ཟིན་པའི་ཕྱིར། གསེར་འཕྲེང་ལས། གཟུང་བར་ལྟ་བ་ལ་སོགས་པ་སྤོང་བ་ཞེས་ཟེར་བ་མི་ལེགས་ཏེ་ཟློས་པར་འགྱུར་ལ་རྒྱན་སྣང་དང་འགལ་བའི་ཕྱིར་ཞེས་གསུངས་པའི་ཕྱིར། གཞན་ཡང། རྒྱུན་མཐའི་ཡེ་ཤེས་ལ་ཤེས་སྒྲིབ་དང་བྲལ་བའི་ལམ་དང་མ་བྲལ་བའི་ལམ་གཉིས་ཡོད་པར་ཐལ། རྒྱུན་མཐའི་བར་ཆད་མེད་ལམ་ཐོབ་ཁ་མའི་གནས་སྐབས་ཀྱི་ལམ་དེ་རྒྱུན་མཐའི་ཡེ་ཤེས་ཡིན་པའི་ཕྱིར། འདོད་ན། དེ་ལ་མཆོག་དམན་གྱི་ཁྱད་པར་ཡོད་པར་ཐལ། དེ་ལ་ཤེས་སྒྲིབ་དང་བྲལ་བའི་ལམ་དང་མ་བྲལ་བའི་ལམ་གཉིས་ཡོད་པའི་ཕྱིར། དེར་ཐལ། རྒྱུན་མཐའི་བར་ཆད་མེད་ལམ་ཐོབ་ཁ་མའི་གནས་སྐབས་ཀྱི་ལམ་ལས་རྒྱུན་མཐའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར། དེར་ཐལ། ས་བཅུའི་ཡེ་ཤེས་ལས་རྒྱུན་མཐའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར། གསེར་འཕྲེང་ལས། སྐད་ཅིག་མ་ནི་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་པས་རྒྱུན་དང་བཅས་ཡང་སྔ་མ་ལས་ཕྱི་མ་ཁྱད་པར་དུ་འཕགས་པར་མི་བྱའོ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ་ལོ། །ཁྱེད་ཀྱིས་སྐད་ཅིག་སྦྱོར་ལ་མཆོག་དམན་གྱི་དབྱེ་བ་ཁས་བླངས་པའི་ཕྱིར། ཡང་ཁ་ཅིག་གིས། སྐད་ཅིག་སྦྱོར་ཞེས་པའི་སྐད་ཅིག་བྱ་རྫོགས་ཀྱི་སྐད་ཅིག་མ་ལ་བྱས་ནས་དེའི་ཡུན་ཚད་ལ་འདིའོ་ཞེས་དངོས་བཟུང་མེད་ཟེར། ལ་ལ་དུས་ཆ་མེད་ཀྱི་སྐད་ཅིག་མ་ཟེར་བ་གཉིས་ཀ་མི་འཐད་པར་ཐལ། དེ་བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་མ་ལ་བྱེད་པའི་ཕྱིར། རྣམ་བཤད་ལས། རྒྱུན་གྱི་མཐའ་ནི་དུས་ཆ་མེད་ཀྱི་སྐད་ཅིག་མ་མི་སྲིད་པས་བྱ་རྫོགས་ཀྱི་སྐད་ཅིག་མའི་ཐུང་མཐའ་ཞེས་དང། གསེར་ཕྲེང་ལས། དེས་ན་སྐད་ཅིག་སྦྱོར་ནི་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་པས་ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། སྐད་ཅིག་སྦྱོར་ཆོས་ཅན། ཁྱོད་ལ་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་ཆ་ཡོད་པར་ཐལ། ཁྱོད་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་པའི་ཕྱིར། འདོད་ན། དེའི་སྐད་ཅིག་ཕྱི་མ་དེ་ཆོས་ཅན། ཁྱོད་སྐད་ཅིག་སྔ་མ་གཉིས་ལས་ཁྱད་པར་དུ་འཕགས་པའི་ལམ་ཡིན་པར་ཐལ། ཁྱོད་དེ་ལས་སྐད་ཅིག་སྔ་ཕྱི་བར་གསུམ་ཕྱེ་བའི་སྐད་ཅིག་ཕྱི་མ་ཡིན་པའི་ཕྱིར་ན་འགལ་ཁྱབ་ཡིན་ཏེ། རྒྱུན་མཐའི་བར་ཆད་མེད་ལམ་ལ་སྐད་ཅིག་སྔ་ཕྱི་བར་གསུམ་འཐད་ཀྱང་སྐད་ཅིག་ཕྱི་མ་སྔ་མ་ལས་ཁྱད་པར་དུ་འཕགས་པ་མ་ཡིན་པའི་ཕྱིར། ཁ་ཅིག་གིས། སྐད་ཅིག་སྦྱོར་ལ་དབྱེ་བའི་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་དང། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་དང། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་དང། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བཞི་པོ་གང་རུང་ཡིན་ན་རྒྱུན་མཐའི་བར་ཆད་མེད་ལམ་ཡིན་པས་ཁྱབ་ཟེར་ན། འོ་ན་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ན་རྒྱུན་མཐའི་བར་ཆད་མེད་ལམ་ཡིན་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཟག་མེད་ཀྱི་ཕར་ཕྱིན་དྲུག་ནས་བཟུང་སྟེ་སྟོབས་བཅུ་མ་འདྲེས་པ་མཚན་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་རྟོགས་པའི་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། གསེར་འཕྲེང་ལས། རྒྱུ་མཚན་འདི་ལྟར་ན་ཟག་མེད་ཐམས་ཅད་ཀྱི་ཡིན་ལུགས་རྟོགས་པ་ལ་མཛད་པ་ལྟར་སྣང་ཡང་དེ་ཙམ་ནི་ས་དང་པོ་ནས་ཡོད་པས་ཆོས་ཅན་ཟག་མེད་ཀྱི་ལྡོག་པ་རྟོགས་པ་ཡང་གཟུང་ངོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་ཟག་མེད་ཀྱི་ཆོས་ལ་ཟག་མེད་ཀྱི་ཕར་ཕྱིན་དྲུག་དང་སྟོབས་བཅུ་དང་མ་འདྲེས་པ་དང་མཚན་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་ཡོད་པའི་ཕྱིར། རྩ་བར། སྦྱིན་པ་ལ་སོགས་རེ་རེས་ཀྱང། །ཞེས་པའི་སོགས་ཁོངས་ནས་དེ་ལྟར་འདོན་དགོས་པའི་ཕྱིར། འགྲེལ་པ་ལས། ཟག་མེད་ཀྱི་སྦྱིན་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་རོ་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། ཟག་མེད་ཀྱི་ཕར་ཕྱིན་དྲུག་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་རྟོགས་པའི་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་ཆོས་ཅན། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་བློ་ཡིན་པར་ཐལ། རྒྱུན་མཐའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཉམ་རྗེས་ངོ་བོ་གཅིག་ཏུ་སོང་བའི་ལམ་ཡིན་པར་ཐལ། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་བཞིན་པའི་ངང་ནས་ཟག་མེད་ཀྱི་ཕར་ཕྱིན་དྲུག་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་རྟོགས་པའི་ལམ་ཡིན་པ་གང་ཞིག །དེ་འདྲའི་བློ་མཉམ་རྗེས་ངོ་བོ་གཅིག་ཏུ་སོང་བ་མ་གཏོགས་པར་སློབ་ལམ་ན་མེད་པའི་ཕྱིར། གཞན་ཡང། ཟག་མེད་ཀྱི་ཕར་ཕྱིན་དྲུག་ནས་ཟག་མེད་ཀྱི་བྱང་ཕྱོོགས་སོ་བདུན་གྱི་བར་རྟོགས་པའི་རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ཡོད་པའི་ཕྱིར། གསེར་འཕྲེང་ལས། སྐད་ཅིག་མ་གཅིག་ལ་ཟག་མེད་དེ་དག་རྟོགས་པའི་རྒྱུན་མཐའི་ཡེ་ཤེས་ནི་ཤེར་ཕྱིན་སྐད་ཅིག་མ་གཉིས་པའི་སྦྱོར་བའོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་ཟག་མེད་ཀྱི་ཆོས་ཐམས་ཅད་ལ་ཟག་མེད་ཀྱི་ཕར་ཕྱིན་དྲུག་ནས་ཟག་མེད་ཀྱི་བྱང་ཕྱོགས་སོ་བདུན་གྱི་བར་ཡོད་པའི་ཕྱིར། དེའི་ཐད་ཀྱི་མདོ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང། སྟོང་ཉིད་ཐམས་ཅད་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་པའི་ཕྱིར།

    རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མ་ཡིན་པའི་དོན་ལ། ཁ་ཅིག་ན་རེ། ས་མ་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་ཆོས་རྣམ་པར་མ་སྨིན་པ་དང། ས་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་ཆོས་རྣམ་པར་སྨིན་པ་དང། ཡང་ཁ་ཅིག །རྒྱུ་རྐྱེན་གྱིས་འདུ་མ་བྱས་པའི་ཆོས་རྣམ་པར་སྨིན་པ་མ་ཡིན་པ་དང། དེ་ལས་ལྡོག་པ་རྣམ་པར་སྨིན་པ་དང། ཁ་ཅིག །ས་བདུན་པ་མན་ཆད་ཀྱི་སྦྱིན་སོགས་རྣམ་པར་སྨིན་པ་མ་ཡིན་པ་དང། ས་བརྒྱད་པ་ཡན་ཆད་ཀྱི་སྦྱིན་སོགས་རྣམ་པར་སྨིན་པ་ཡིན་ཟེར་ན། དེ་གསུམ་ཀ་མི་འཐད་པར་ཐལ། དང་པོ་ཡང་མི་འཐད། གཉིས་པ་ཡང་མི་འཐད། གསུམ་པ་ཡང་མི་འཐད་པའི་ཕྱིར། དང་པོ་མ་གྲུབ་ན། འདིའི་རྣམ་པར་སྨིན་པ་མ་ཡིན་པ་ཟག་མེད་ལ་མི་བྱེད་པར་ཐལ། ས་དང་པོ་མ་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་ཆོས་ལ་ཟག་མེད་ཀྱིས་མ་ཁྱབ་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་འཁོར་བ་དང་ཉོན་མོངས་སོགས་ཡོད་པའི་ཕྱིར། དེ་ལ་ཁོ་ན་རེ། དེའི་སྟོང་གཞི་ཟག་མེད་མིན་ལ་ཆོས་ཉིད་ཟག་མེད་ཡིན་པས་རྣམ་པར་སྨིན་པ་དང། རྣམ་པར་སྨིན་པ་མ་ཡིན་པའི་དབྱེ་བ་ཡིན་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། ཆོས་ཉིད་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར། གཉིས་པ་ཡང་མི་འཐད་པར་ཐལ། དེ་རྣམ་སྨིན་དང་རྣམ་སྨིན་མ་ཡིན་པའི་དོན་མ་ཡིན་པའི་ཕྱིར། གསུམ་པ་མི་འཐད་པར་ཐལ། ས་བདུན་པ་མན་ཆད་ཀྱི་རྒྱུད་ཀྱི་ཆོས་ལ་རྣམ་པར་སྨིན་པ་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། འདིའི་ཟག་མེད་ལ་སྦྱིན་སོགས་ནས་སྟོབས་བཅུ་མ་འདྲེས་པ་མཚན་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་ཡོད་པ་གང་ཞིག །དེ་ལ་དེ་དག་མེད་པའི་ཕྱིར། གསེར་འཕྲེང་ལས། དེ་ལ་མཚན་དཔེ་དང་སྟོབས་མ་འདྲེས་པ་རྣམས་འཆད་པ་ས་བདུན་པ་མན་ཆད་ལ་ཇི་ལྟར་འགྲིག་ཅེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། འདིའི་རྣམ་སྨིན་དང་རྣམ་སྨིན་མ་ཡིན་པའི་དབྱེ་བ་སྐད་ཅིག་སྦྱོར་རང་གི་ངོས་ནས་འབྱེད་ཟེར་ན། དེ་མི་འཐད་པར་ཐལ། འདིའི་རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་དང་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་གཉིས་ཀྱི་ཡུན་སྐད་ཅིག་སྦྱོར་ལ་མི་བྱེད་པར་ཡུལ་ལ་བྱེད་དགོས་པའི་ཕྱིར། གསེར་འཕྲེང་ལས། འདིའི་སྐད་ཅིག་མ་བཞི་པོ་ལྡོག་པས་ཕྱེ་བ་ཡིན་པས་ཞེས་སོགས་གསུངས་པའི་ཕྱིར། ཁྱབ་སྟེ། ས་བདུན་པ་མན་ཆད་དུ་མཚན་དཔེ་སྟོབས་མ་འདྲེས་པ་སོགས་ཟག་མེད་དེ་དག་གི་རྟོགས་རིགས་ཀྱི་ནུས་པ་མཐར་ཐུག་པ་མ་ཐོབ་ལ། སྒོམ་པའི་ཚེ་ཡང་འབད་རྩོལ་རགས་པ་དང་བཅས་ནས་སྒོམ་དགོས་པས་རྣམ་པར་མ་སྨིན་པའི་གནས་སྐབས་དང། ས་བརྒྱད་པ་ཡན་ཆད་དང། ཁྱད་པར་དུ་རྒྱུན་མཐའི་གནས་སྐབས་སུ་རྟོགས་རིགས་དེ་དག་གི་ནུས་པ་མཐར་ཐུག་པ་ཐོབ་ཅིང་སྒོམ་པའི་ཚེ་ཡང་འབད་རྩོལ་མེད་པས་རྣམ་པར་སྨིན་པའི་གནས་སྐབས་དང་ཟག་མེད་དེ་དག་ལ་རྣམ་པར་སྨིན་པ་ཞེས་བཤད་པ་ཡིན་པའི་ཕྱིར། གསེར་འཕྲེང་ལས། རྒྱུ་མཚན་ནི། སྐད་ཅིག་མ་གཅིག་ཁོ་ན་ལ་རང་རྒྱུད་ལ་རྣམ་པར་སྨིན་པའི་གནས་སྐབས་སུ་གྱུར་པའི་ཟག་པ་མེད་པའི་ཆོས་རྣམས་ཡེ་ཤེས་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ་སྐད་ཅིག་སྦྱོར་ལ། མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། མཁྱེན་གསུམ་གྱི་རྣམ་པ་རིམ་གྱིས་སྒོམ་པ་ལ་བརྟན་པ་ཐོབ་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་སྐད་ཅིག་སྦྱོར་གྱི་མཚན་ཉིད། གཉིས་པ། དེ་ལ་དབྱེ་ན་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་དང། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་དང། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་དང། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་དང་བཞི་ཡོད་པའི་ཕྱིར། དང་པོ་དཔེ་དང་བཅས་ཏེ་འཆད་པ་ལ། སྦྱིན་པ་ལ་སོགས་རེ་རེས་ཀྱང། །ཞེས་སོགས་ཤོ་ལོ་ཀ་གཉིས་བྱུང། དེའི་མཚན་ཉིད་ཡོད་དེ། རྣམ་པར་མ་སྨིན་པའི་ཟག་མེད་ཀྱི་སྦྱིན་པ་ནས་བཟུང་སྟེ་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་སྐད་ཅིག་མ་གཅིག་ལ་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ་ཡིན་པའི་ཕྱིར། གཉིས་པ་དེ་འཆད་པར། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི ཞེས་སོགས་ཤོ་ལོ་ཀ་གཅིག་བྱུང། དེའི་མཚན་ཉིད་ཡོད་དེ། རྣམ་པར་སྨིན་པའི་ཟག་མེད་ཀྱི་སྦྱིན་པ་ནས་བཟུང་སྟེ་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་སྐད་ཅིག་མ་ཅིག་ལ་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ་ཡིན་པའི་ཕྱིར། གསུམ་པ་དེ་འཆད་པ་ལ། སྦྱིན་པ་ལ་སོགས་སྤྱོད་པ་ལ། །ཞེས་སོགས་ཤོ་ལོ་ཀ་གཅིག་བྱུང། དེའི་མཚན་ཉིད་ཡོད་དེ། ཆོས་ཐམས་ཅད་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ་ཡིན་པའི་ཕྱིར། བཞི་པ་དེ་ཉིད་འཆད་པ་ལ། ཆོས་ཀུན་རྨི་ལམ་འདྲ་བའི་ཕྱིར། །ཞེས་སོགས་ཤོ་ལོ་ཀ་གཅིག་བྱུང། དེའི་མཚན་ཉིད་ཡོད་དེ། ཆོས་ཐམས་ཅད་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ་ཡིན་པའི་ཕྱིར། དེ་བཞི་ཡང་མིང་གི་རྣམ་གྲངས་ཡིན་ཅིང་ས་མཚམས་རྒྱུན་མཐའ་ཁོ་ནར་ཡོད།

    གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། ཟག་མེད་ཀྱི་སྦྱིན་པ་ནས་བཟུང་སྟེ་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་ཟག་མེད་ཀྱི་ཡོན་ཏན་རྣམས་ཆོས་ཅན། རྣམ་པར་མ་སྨིན་པ་ཡིན་པར་ཐལ། རྣམ་པར་མ་སྨིན་པའི་སྐད་ཅིག་སྦྱོར་གྱི་ཡུལ་གྱི་རྣམ་པར་མ་སྨིན་པ་ཡིན་པའི་ཕྱིར་ན་འདོད་བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། རྣམ་པར་མ་སྨིན་པ་མ་ཡིན་པར་ཐལ། རྣམ་པར་སྨིན་པ་དེ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཟག་མེད་ཀྱི་སྦྱིན་པ་ནས་བཟུང་སྟེ་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་ཟག་མེད་ཀྱི་ཡོན་ཏན་གྱི་ནུས་པ་མཐར་ཐུག་པ་ས་བདུན་པ་མན་ཆད་ཀྱི་རྒྱུད་ལ་མ་ཐོབ་པས་རྣམ་པར་མ་སྨིན་པ་དང། རྒྱུན་མཐའ་བའི་རྒྱུད་ལ་ཟག་མེད་ཀྱི་ནུས་པ་མཐར་ཐུག་པ་ཐོབ་པས་རྣམ་པར་སྨིན་པ་ཡིན་གྱི། དེ་གཉིས་འགལ་མི་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བྱང་སེམས་རྒྱུན་མཐའ་བའི་རྒྱུད་ཀྱི་སྒྲིབ་པ་གཉིས་མེད་པར་ཐལ། ཁྱོད་ཀྱིས། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །ཞེས་སོགས་ཀྱི་ལུང་དོན་འདོད་ཚུལ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ཀྱི་སྒྲིབ་པ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་ཤེས་སྒྲིབ་ཀྱི་འཇིགས་པ་ཡོད་པའི་ཕྱིར། ཁྱབ་སྟེ། རྒྱུད་བླ་མ་ལས། འཇིགས་དང་བཅས་ཕྱིར་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མིན་ཏེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་ཤེས་སྒྲིབ་ཀྱི་འཇིགས་པ་དང་བཅས་ན་གཏན་གྱི་སྐྱབས་མ་ཡིན་པས་ཁྱབ་པ་བསྟན་པ་ཡིན་གྱི། གཏན་གྱི་སྐྱབས་མིན་ན་ཤེས་སྒྲིབ་ཀྱི་འཇིགས་པ་དང་བཅས་པས་ཁྱབ་པ་བསྟན་པ་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་འཁོར་བ་ཕྲ་མོ་མེད་པར་ཐལ། ལས་ཉོན་གྱིས་འཆི་བ་ས་དང་པོ་ནས་སྤངས་པའི་ཕྱིར་ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། རྒྱུད་བླ་མ་ལས། འཕགས་པས་ན་དང་རྒ་བ་དང། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པའི་ཕྱིར།

ཀུན་མཁྱེན་གོང་མས་གནང་བའི་སྐབས་བདུན་པའི་དཔེ། མཚོ་སྔོན་དུས་འཁྲུགས་སྐབས་གཞན་དུ་འཁྱར་ཏེ་མ་རྙེད་པས། རྗེ་ཉིད་ཀྱི་རྒྱལ་ཚབ་ཁྲི་རིན་པོ་ཆེ་ནས་སྐབས་བདུན་པ་འདིས་ཁ་བསྐངས་པར་དམ་པ་རྣམས་ཀྱི་གསུང་རྒྱུན་ལྟར་ཡིན་པས། ད་དུང་ཀུན་མཁྱེན་མཆོག་གི་གསུང་ལ་འདྲིས་པའི་ཉམས་རྒྱུས་ཅན་དག་གིས་འབད་པས་འཚོལ་བར་རིགས་སོ། 

                                                                                                                      རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།