ཀུན་མཁྱེན་ཕར་ཕྱིན་ལས་བར་ཆད་མེད་པའི་རྩེ་སྦྱོར་དང་བསལ་བྱ་ལོག་སྒྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-17 21:20:41     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

112882170715594877.jpg

    བཞི་པ་བར་ཆད་མེད་པའི་རྩེ་སྦྱོར་བཤད་པ་ལ་དངོས་ཀྱི་དོན་དང། ལོག་སྒྲུབ་བསལ་བ་གཉིས། དང་པོ་སྟོན་པར། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང། །ནས། དེ་ནི་རྣམ་པ་ཀུན་མཁྱེན་ཉིད ཅེས་བྱུང། འདི་ལ་འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། ཡུམ་བར་བ་ལས། འགའ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་འགོད་པར་བྱེད་པ་བས། ནས། བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང། ཞེས་པ་འདིའི་དོན་བཤད་པར་འདི་བྱུང། གཉིས་པ་ནི། རྒྱུན་མཐའི་བར་ཆད་མེད་ལམ་པའི་ཏིང་ངེ་འཛིན་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་ཡིན་ཏེ། རང་རྒྱུད་ལྡན་གང་ཟག་གི་རྒྱུད་ལ་རྣམ་མཁྱེན་བར་མ་ཆད་པར་འདྲེན་པའི་སེམས་དཔའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར།

    མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་གང། རྣམ་མཁྱེན་དངོས་སུ་སྐྱེད་བྱེད་དེ་དེའི་མཚན་ཉིད་ཟེར། རྣམ་མཁྱེན་གྱི་དངོས་རྒྱུར་གྱུར་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག །གཉིས་པ་ཡང་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། རྩེ་སྦྱོར་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། རྩ་བར་འདོད་ན། རྒྱུན་མཐའི་ཡེ་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། རྒྱལ་ཚབ་ཀྱི་དོན་བདུན་ཅུ་ལས། ས་མཚམས་རྒྱུན་མཐའ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྒོམ་ལམ་རྩེ་སྦྱོར་དང། བར་ཆད་མེད་པའི་རྩེ་སྦྱོར་གཉིས་འགལ་ཟེར་ན། འོ་ན། བར་ཆད་མེད་པའི་རྩེ་སྦྱོར་ལ་སྒོམ་ལམ་རྩེ་སྦྱོར་གྱིས་མ་ཁྱབ་པར་ཐལ། དེ་གཉིས་འགལ་བའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། བར་ཆད་མེད་པའི་རྩེ་སྦྱོར་ལ་སྒོམ་ལམ་རྩེ་སྦྱོར་གྱིས་ཁྱབ་པར་རྗེ་ཡབ་སྲས་ཀྱི་དགོངས་པ་ཡིན་པའི་ཕྱིར། གསེར་འཕྲེང་ལས། འདི་ནི་གཙོ་ཆེ་བས་ཡིན་ཏེ། གཞན་དུ་ན་བར་ཆད་མེད་རྩེ་སྒོམ་རྩེ་མ་ཡིན་པར་འགྱུར་རོ། །ཞེས་དང། རྣམ་བཤད་ལས། སྒོམ་ལམ་རྩེ་སྦྱོར་སྤྱི་དང། བར་ཆད་མེད་རྩེ་དེའི་ཁྱད་པར་ལ་བཤད་པའམ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་གཉིས་སྐྱེ་ཚུལ་ལ་སྔ་ཕྱི་མེད་པར་ཐལ། བར་ཆད་མེད་རྩེ་སྒོམ་ལམ་ཡིན་པའི་ཕྱིར་ན། འདོད་མི་ནུས་ཏེ། སྒོམ་རྩེ་སྔོན་ལ་སྐྱེས། དེའི་རྗེས་སུ་བར་ཆད་མེད་རྩེ་སྐྱེ་བའི་ཕྱིར། གཞུང་གིས་བཤད་པའི་རྒྱུ་མཚན་ཡོད་པའི་ཕྱིར། གསེར་འཕྲེང་ལས། སྒོམ་རྩེའི་རྗེས་ལ་བར་ཆད་མེད་པའི་ལམ་གྱི་རྩེ་མོ་སྐྱེ་བ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དེ་གཉིས་ལ་དྲི་མ་དག་མ་དག་གི་ཁྱད་པར་མི་རུང་བར་ཐལ། དེ་གཉིས་མི་འགལ་བའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་པ་ཡང་ཡིན་ནོ། །འདོད་མི་ནུས་ཏེ། སྒོམ་རྩེ་ལ་དྲི་མ་མ་དག་པས་ཁྱབ། གཅིག་ཤོས་ལ་དག་པས་ཁྱབ་པའི་ཕྱིར། དེར་ཐལ། དངོས་བསྟན་གྱི་དེ་གཉིས་ལ་ཁྱད་པར་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྣམ་བཤད་ལས། ཡང་ན་སྒོམ་ལམ་རྩེ་མོའི་སྐབས་ནས་བཤད་པ་རྣམས་ནི་རྟོག་པའི་ས་བོན་དང་བཅས་པ་ཡིན་ལ། བར་ཆད་མེད་རྩེའི་དུས་ན་ས་བོན་ཅུང་ཟད་ཀྱང་མེད་པས་ཁྱད་པར་ཤིན་ཏུ་ཆེ། ཞེས་གསུངས་པའི་ཕྱིར། སྐབས་ནས་བཤད་པ་ཞེས་པའི་རྣམ་བཅད་དང་ཡོངས་གཅོད་རེ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། མཁྱེན་གསུམ་བསྡུས་སྒོམ་གྱི་སེམས་དཔའི་རྣལ་འབྱོར་གང། རྣམ་མཁྱེན་དངོས་སུ་སྐྱེད་བྱེད་དེ། བར་ཆད་མེད་རྩེའི་མཚན་ཉིད་ཟེར་ན། རྣམ་མཁྱེན་གྱི་འབྲས་བུར་གྱུར་པའི་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གསལ་ཁས།

    གཉིས་པ་རང་ལུགས་ནི། མཁྱེན་གསུམ་བསྡུས་སྒོམ་རབ་གྱུར་གྱི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གང། རང་རྒྱུད་ལྡན་གྱི་རྒྱུད་ལ་རྣམ་མཁྱེན་དངོས་སུ་སྐྱེད་པའི་ཆ་ནས་བཞག་པའི་ཡེ་ཤེས་དེ། བར་ཆད་མེད་པའི་རྩེ་སྦྱོར་གྱི་མཚན་ཉིད། དབྱེ་ན་དམན་ལམ་སྔོན་དུ་སོང་མ་སོང་གི་གཉིས་སོགས་ཡོད། ས་མཚམས་རྒྱུན་མཐའ་ཁོ་ནར་ཡོད། རྩོད་སྤོང་ལ། ཁ་ཅིག་ན་རེ། རྒྱུན་མཐའི་བར་ཆད་མེད་ལམ་སྐད་ཅིག་དང་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་འདྲ་བའི་བར་ཆད་མེད་རྩེ་ཡོད་པའི་ཕྱིར་ཟེར་ན། རྟགས་མ་གྲུབ། རྩ་བར་འདོད་ན། རང་རྒྱུད་ལྡན་གྱི་རྒྱུད་ལ་རྣམ་མཁྱེན་དངོས་སུ་སྐྱེད་པར་ཐལ། དེའི་ཆ་ནས་བཞག་པའི་ཕྱིར་ན་མ་ཁྱབ། ཁོ་རང་ལ། འོ་ན། རྒྱུན་མཐའི་བར་ཆད་མེད་ལམ་སྐད་ཅིག་དང་པོ་རྒྱུན་མཐའི་བར་ཆད་མེད་ལམ་དུ་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དེ་སྐད་ཅིག་དང་པོ་ཁོ་ནས་ངོས་སྐལ་གྱི་སྤང་བྱ་སྤོང་ཐུབ་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། མར་མེ་སྐད་ཅིག་དང་པོ་ཁོ་ནས་སྡོང་བུ་སྲེག་ནུས་པར་ཐལ་ལོ། །འདོད་ན། རྩ་བར། སེམས་ནི་སྔ་མས་བྱང་ཆུབ་བར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །ཞེས་དང། འགྲེལ་པར། རེ་རེས་བྱང་ཆུབ་པར་ནི་རིགས་པ་མ་ཡིན་ནོ། །ཞེས་དང། སྐད་ཅིག་མ་གཉིས་པ་མེད་པར་རྒྱུ་དང་འབྲས་བུའི་མཚན་ཉིད་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བ་མེད་ལ། ཞེས་གསུངས་པ་རྣམས་མི་འཐད་པར་ཐལ་ལོ། །ཁྱོད་ཀྱིས་བར་ཆད་མེད་ལམ་གྱི་སྐད་ཅིག་རེ་རེ་བར་ཆད་མེད་ལམ་ལ་བྱས་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག་ན་རེ། རྒྱུན་མཐའི་བར་ཆད་མེད་ལམ་སྐད་ཅིག་ཕྱི་མ་ཁས་མི་ལེན་ཟེར་ན། འོ་ན། དེ་ལ་ཐོག་མཐའ་བར་གསུམ་གྱི་ཆ་མེད་པར་ཐལ། དེ་སྐད་ཅིག་ཕྱི་མ་མེད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། སྐད་ཅིག་མ་ཡིན་པའི་ཕྱིར། ཁྱབ་ཅིང་རྟགས་གྲུབ་སྟེ། དུས་ཆ་མེད་ཀྱི་སྐད་ཅིག་མ་མི་སྲིད་པའི་ཕྱིར། རྣམ་བཤད་ལས། དུས་ཆ་མེད་ཀྱི་སྐད་ཅིག་མ་མི་སྲིད་པས་བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་མའོ། །ཞེས་དང། རིན་ཆེན་འཕྲེང་བ་ལས། ཇི་སྲིད་སྐད་ཅིག་མཐའ་ཡོད་པ། །དེ་སྲིད་ཐོག་མཐའ་དབུས་བརྟགས་དགོས། །དེ་ལྟར་སྐད་ཅིག་གསུམ་བདག་ཕྱིར། །ཞེས་གསུངས་པའི་ཕྱིར།

   གཉིས་པ་བསལ་བྱ་ལོག་སྒྲུབ་སེལ་ཚུལ་དང་བཅས་པ་སྟོན་པར། འདི་ལ་ནི། རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ ནས། རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་བྱུང། འདི་ལ་གསུམ་ལས། དང་པོ་ནི། མདོ་ལས། ཅིའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས། ཞེས་པ་ནས། སེམས་ཅན་རྣམས་ཕུང་པོ་གསུམ་དུ་ལུང་བསྟན་6ཏོ། །ཞེས་པའི་དོན་འཆད་པར་འདི་བྱུང། གཉིས་པ་ནི། རྣམ་མཁྱེན་དང་བར་ཆད་མེད་རྩེའི་དམིགས་རྣམ་ལ་བརྟེན་ནས་བདེན་གཉིས་འགལ་བར་སྨྲ་བ་རྣམས་ཀྱི་ལོག་རྟོག་བཅུ་དྲུག་ཡོད་དེ། ཡུལ་གྱི་སྒོ་ནས་བཅུ་དྲུག་ཏུ་བྱས་པའི་ཕྱིར། ལམ་སྒོམ་པ་ལ་གཉིས། དེའི་འབྲས་བུ་ལ་གཅིག །གཞི་བདེན་གཉིས་ལ་གཉིས། སྤྱོད་པར་གཅིག །སྤྱོད་པའི་རྟེན་སྐྱབས་འགྲོ་ལ་གསུམ། སྤྱོད་པའི་ཁྱད་པར་ལ་གཅིག །མངོན་རྟོགས་དང་དེའི་སྤང་བྱ་ལ་གཉིས། ལམ་གྱི་ངོ་བོ་ལ་གཅིག །སྤོང་གཉེན་དབྱེ་བར་གཅིག །སྒོམ་བྱའི་སྤྱི་ལ་གཅིག །དེ་སྒོམ་པ་མི་འཐད་པར་ཐལ་བ་གཅིག་སྟེ་བཅུ་དྲུག་ཡོད་པ་དེའི་ཕྱིར། འགྲེལ་ཆེན་ལས། གདུལ་བྱའི་དབྱེ་བས་ཐ་དད་པའི་ཕྱིར་ལོག་པར་རྟོག་པ་མཐའ་ཡས་ན་ཡང། ཞེས་དང། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་ཅན་བཅུ་དྲུག་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

(6) དཔར་ཐེངས་གཉིས་པ། ལུང་བསྟན་ཏེ།

    ཐའ་དཔྱད་པ་ལ་གསུམ། དང་པོ་ལ་ཁ་ཅིག་ན་རེ། བསལ་བྱ་ལོག་སྒྲུབ་ཡིན་ན་རྟོག་པ་ཡིན་པས་ཁྱབ་ཟེར་ན། ས་བོན་གྱི་མྱུ་གུ་གཅིག་སྐྱེད་པ་དོན་དམ་པར་གྲུབ་པར་ཐལ། དེ་རང་ངོས་ནས་གྲུབ་པའི་ཕྱིར། ཞེས་དངོས་སྨྲས་དབུ་མ་པ་ལ་འཕངས་པའི་སུན་འབྱིན་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར་ཏེ། དེ་འདྲ་གཅིག་ཡོད་པའི་ཕྱིར། རྩ་བར་འདོད་ན། ཤེས་པ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་ཡིན་པའི་ཕྱིར། དེར་ཐལ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ཡིན་པའི་ཕྱིར་ཏེ། རང་ངོས་ནས་གྲུབ་པ་ཀུན་རྫོབ་ཡིན་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག་ན་རེ། འདིར་བསྟན་ངོ་བོ་གཅིག་ལ་གཞི་མཐུན་དུ་འདུ་བར་མི་རུང་བར་འཛིན་པའི་ས་བོན་དང། དེ་མངོན་གྱུར་གང་རུང་འདིར་བསྟན་བསལ་བྱ་ལོག་སྒྲུབ་ཀྱི་མཚན་ཉིད་ཟེར་ན། འདིར་བསྟན་བསལ་བྱ་ལོག་སྒྲུབ་ཀྱི་ཐལ་ངག་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། འདིར་བསྟན་ལོག་སྒྲུབ་ལ་བསྡུས་ན་ཀུན་རྫོབ་སྒོ་ཅན་དང། དོན་དམ་སྒོ་ཅན་གཉིས་དང། ཕྱེ་ན་བཅུ་དྲུག་སོགས་ཀྱང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་ཆེན་ལས། དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ལ་གོ་རིམ་བཞིན་དུ་དོན་དམ་དང་ཀུན་རྫོབ་སྒོ་ནས་ལན་གདབ་དགོས་པས། ཞེས་དང། ཉི་ཁྲི་སྣང་བ་ལས་ཀྱང། ངག་གི་བརྗོད་པའི་ལམ་མཐར་ཐུག་པ་མེད་པར་བརྗོད་པ། ཞེས་དང། རྩ་བར་ཡང། རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། འགྲེལ་ཆེན་ལས། ཡུལ་གྱི་དབྱེ་བས་ཐ་དད་པའི་ཕྱིར་ལོག་པར་རྟོག་པ་མཐའ་ཡས་ན་ཡང། ཞེས་དང། གསེར་འཕྲེང་ལས། ལོག་པར་རྟོག་པ་མཐའ་ཡས་ཀྱང་བཅུ་དྲུག་ཏུ་བཤད་པ་ནི་གདུལ་བྱ་ཉེ་བ་ལ་ཕན་གདགས་པའི་ཕྱིར་ཡིན་ནོ། །ཞེས་དང། རྣམ་བཤད་ལས་ཀྱང། ཡུལ་གྱི་སྒོ་ནས་བཅུ་དྲུག་ཏུ་བཞེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཞན་ཡང། དེ་དགུ་ཆོས་ཅན། བདེན་གཉིས་ངོ་བོ་གཅིག་ལ་གཞི་མཐུན་དུ་འདུ་མི་རུང་བར་འཛིན་པའི་ས་བོན་དང། དེ་མངོན་གྱུར་གང་རུང་ཡིན་པར་ཐལ། བསལ་བྱ་ལོག་སྒྲུབ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་མི་ནུས་ཏེ། དེའི་ས་བོན་ཡང་མ་ཡིན། མངོན་གྱུར་ཡང་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ལ་དོན་དམ་གྱི་ལན་འདེབས་པས་ཁྱབ། དོན་དམ་སྒོ་ཅན་གྱི་དེ་ལ་ཀུན་རྫོབ་ཀྱི་ལན་འདེབས་པས་ཁྱབ་ཟེར་ན། ལམ་གསུམ་བསྒོམ་པ་ལ་དགོས་པ་མེད་པར་ཐལ། ལམ་གཉིས་ཀྱི་འབྲས་བུ་ཉན་རང་གི་མྱང་འདས་མངོན་དུ་མི་བྱེད་པའི་ཕྱིར། ཞེས་པའི་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ཆོས་ཅན། དོན་དམ་གྱི་སྒོ་ནས་ལན་བྱེད་དགོས་པར་ཐལ། ཀུན་རྫོབ་སྒོ་ཅན་གྱི་དེ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཀུན་རྫོབ་རིགས་མཐུན་གྱི་ཀླན་ཀ་ཡིན་པའི་ཕྱིར། དེར་ཐལ། ཀུན་རྫོབ་རྟགས་སུ་བྱས་ནས་ཀུན་རྫོབ་ཀྱི་ཐལ་བ་སྒྲུབ་པའི་ཀླན་ཀ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་གསལ་གཉིས་ལ་ཀུན་རྫོབ་ལྟ་བུ་བཀོད་པ་རིགས་མཐུན་གྱི་དོན་ཡིན་པའི་ཕྱིར། གསེར་འཕྲེང་ལས། དེ་ལ་རིགས་མཐུན་ནི་ཀུན་རྫོབ་རྟགས་སུ་བཀོད་ནས་ཀུན་རྫོབ་དང། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ལ་ཀུན་རྫོབ་ཀྱི་སྒོ་ནས་ཁྱབ་མེད་ཀྱི་ལན་བྱེད་དགོས་པའི་ཕྱིར། གསེར་འཕྲེང་ལས། རིགས་མཐུན་གཉིས་ལ་ཀུན་རྫོབ་ལ་དེ་ཉིད་དང། ཞེས་གསུངས་པའི་ཕྱིར། གཞན་ཡང། དོན་དམ་དུ་བར་ཆད་མེད་རྩེའི་དམིགས་པ་མེད་པར་ཐལ། དོན་དམ་དུ་ཡུལ་གཉིས་མེད་པའི་ཕྱིར། ཞེས་པའི་ཀླན་ཀ་ཆོས་ཅན། ཀུན་རྫོབ་སྒོ་ནས་ལན་བྱེད་རིགས་པར་ཐལ། དོན་དམ་སྒོ་ཅན་གྱི་ཀླན་ཀ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དོན་དམ་གྱི་རྟགས་གསལ་རིགས་མཐུན་གྱི་ཀླན་ཀ་ཡིན་པའི་ཕྱིར། དེར་ཐལ། དོན་དམ་རྟགས་སུ་བཀོད་ནས་དོན་དམ་ཐལ་བ་འཕེན་པའི་ཀླན་ཀ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་རིགས་མཐུན་གྱི་དོན་ཡིན་པའི་ཕྱིར་ཏེ། དེའི་དོན་གཅིག་ཡོད་པའི་ཕྱིར། གསེར་འཕྲེང་ལས། དོན་དམ་རྟགས་སུ་བཀོད་ནས་དོན་དམ་ཐལ་བ་འཕེན་པའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ལ་དོན་དམ་དུ་དེའི་དམིགས་པ་མི་འཐད་པར་འདོད་པའི་ལན་བྱེད་དགོས་པའི་ཕྱིར། གསེར་འཕྲེང་ལས། དོན་དམ་ལ་ཡང་དོན་དམ་གྱི་སྒོ་ནས་ལན་གདབ་དགོས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། བཅུ་པ་ལ་བདེན་པ་གཉིས་ཀའི་ལན་དང། བཅུ་གཉིས་པ་ལ་ཡང་ལོག་གི་ཀུན་རྫོབ་གཉིས་ཀྱི་ལན་དང། དང་པོ་གསུམ་པ་བཞི་པ་ལྔ་པ་དྲུག་པ་མ་གཏོགས་པ་རྣམས་ལ་ཀུན་རྫོབ་ཀྱི་ལན་བྱེད་པ་རྟོགས་དཀའི་ལུགས་སུ་བྱེད་པ་མི་འཐད་པར་ཐལ། དེས་དགུ་པར་བདེན་པ་གཉིས་ཀའི་ལན་དང། བཅུ་གཅིག་པ་ལ་ཀུན་རྫོབ་ལ་ཡང་ལོག་ཕྱེ་བའི་ལན་དང། གཞན་ཐམས་ཅད་ལ་ཀུན་རྫོབ་ཀྱི་ལན་འདེབས་པར་མཛད་པའི་ཕྱིར། གསེར་འཕྲེང་ལས། རྟོགས་དཀར་དགུ་པ་ལ་བདེན་པ་གཉིས་ཀ་དང། བཅུ་གཅིག་པ་ལ་ཀུན་རྫོབ་ལ་ཡང་ལོག་གཉིས་སུ་ཕྱེ་བ་དང། གཞན་ཐམས་ཅད་ལ་ཀུན་རྫོབ་ཀྱི་ལན་འདེབས་པར་བཞེད་པ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ལན་རྟོགས་དཀའིི་བཤད་པ་དེ་ལྟར་འདོད་པ་ཡང་མི་འཐད་པར་ཐལ། ཁྱོད་ཀྱིས་དགུ་པ་ལ་བདེན་གཉིས་ཀྱི་ལན་བྱེད་ཚུལ་དེ་གཞན་རྣམས་ལ་མཚུངས་པར་སྣང་བའི་ཕྱིར། དེར་ཐལ། དེས་ན་དགུ་པའི་རྩོད་ལན་གཉིས་ཀ་ཀུན་རྫོབ་སྒོ་ཅན་ཡིན་པའི་ཕྱིར། གསེར་འཕྲེང་ལས། ལེགས་པ་མ་ཡིན་ཏེ། དགུ་པ་ལ། ནས། མཚུངས་པར་སྣང་བས། ཞེས་དང། གསེར་འཕྲེང་ལས། འདིའི་རྩོད་ལན་གཉིས་ཀུན་རྫོབ་སྒོ་ཅན་ནོ། །ཞེས་སོ། །གཞན་ཡང། རྟོགས་དཀའ་རྗེས་འབྲངས་དང་བཅས་པས་ལན་བྱེད་ཚུལ་མི་འཐད་པར་ཐལ། བསལ་བྱ་བཅུ་དྲུག་གི་དགུ་པ་དང་བཅུ་པ་དང་བཅུ་གཉིས་པ་གསུམ་ལ་ཀུན་རྫོབ་ཀྱི་ལན་གང་ཞིག །གཞན་རྣམས་ལ་དངོས་བསྟན་གྱི་རྗེས་འགྲོ་ལ་ཀུན་རྫོབ་ཀྱི་ལན་དང། ལྡོག་འགྲོའི་ཀླན་ཀ་ལ་དོན་དམ་གྱི་ལན་བྱེད་པ་འགྲེལ་པའི་དགོངས་པ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་གསུམ་ཀུན་རྫོབ་རིགས་མཐུན་གྱི་ཀླན་ཀ་ཡིན་པའི་ཕྱིར་ཏེ། གསེར་འཕྲེང་ལས། དགུ་པ་དང་བཅུ་པ་དང་བཅུ་གཉིས་པ་གསུམ་ནི་ཀུན་རྫོབ་ཀྱི་རིགས་མཐུན་ཡིན་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། གསེར་འཕྲེང་ལས། གཞན་རྣམས་དོན་དམ་དང་ཀུན་རྫོབ་ཀྱི་རིགས་མི་མཐུན་གཉིས་ཀ་སྟེ། ཐལ་བའི་རྗེས་འགྲོ་དང། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། གསེར་འཕྲེང་ལས། གཞན་རྣམས་ཀུན་རྫོབ་རིགས་མི་མཐུན་ཏེ་ལྡོག་པ་གཉིས་དང་རིམ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང། ས་བོན་རང་ངོས་ནས་མྱུ་གུ་སྐྱེད་པ་མི་འཐད་པར་ཐལ། ས་བོན་གྱིས་མྱུ་གུ་སྐྱེད་པ་བློའི་སྣང་བའི་དབང་གིས་བཞག་པ་ཙམ་དུ་ཟད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཀུན་རྫོབ་སྒོ་ནས་རྟགས་མ་གྲུབ་ཀྱི་ལན་བྱེད་རིགས་པར་ཐལ། དོན་དམ་སྒོ་ཅན་གྱི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དབུ་མ་བའི་དོན་དམ་གྲུབ་ཚད་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་ཀྱང། ཁྱབ་པ་མ་གྲུབ་ཀྱི་ལན་དགོས་པའི་ཕྱིར། རྣམ་བཤད་ལས། ཞེས་པ་དོན་དམ་སྒོ་ཅན་གྱི་ཀླན་ཀ་ཡིན་ཡང་ཁྱབ་པ་མ་གྲུབ་པའི་ལན་རིགས་ཀྱི། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དོན་དམ་སྒོ་ཅན་གྱི་རིགས་མི་མཐུན་གྱི་ཀླན་ཀར་ཡང་རྟགས་མ་གྲུབ་ཀྱི་ལན་ཁོ་ནས་མ་ཁྱབ་པའི་ཕྱིར། རྣམ་བཤད་ལས། དོན་དམ་སྒོ་ཅན་གྱི་ཀླན་ཀ་ལ་ཀུན་རྫོབ་ལ་ལྟོས་ནས་རྟགས་མ་གྲུབ་ཀྱི་ལན་འབའ་ཞིག་དགོས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང། ས་བོན་ལས་མྱུ་གུ་སྐྱེད་པ་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་ཐལ། ས་བོན་རང་གི་ངོས་ནས་མྱུ་གུ་སྐྱེད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། དོན་དམ་ལ་ལྟོས་ཏེ་རྟགས་ལན་བྱེད་རིགས་པར་ཐལ། ཀུན་རྫོབ་སྒོ་ཅན་གྱི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དབུ་མ་པའི་འདོད་པའི་ཀུན་རྫོབ་དེ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་རྫོབ་སྒོ་ཅན་གྱི་ཐལ་འགྱུར་ཡིན་ཀྱང། ཁྱབ་པ་མ་གྲུབ་པར་ལན་བྱེད་དགོས་པའི་ཕྱིར། རྣམ་བཤད་ལས། ཞེས་པ་ཀུན་རྫོབ་སྒོ་ཅན་གྱི་ཐལ་འགྱུར་ཡིན་ཡང། ཁྱབ་པ་མ་གྲུབ་པའི་ལན་གདབ་རིགས་པའོ། །ཞེས་གསུངས་པའི་ཕྱིར། གྲངས་འདྲེན་ཚུལ་ལའང་ཁྱད་པར་ཅུང་ཟད་ཡོད་དེ། འགྲེལ་པ་འདིར། དམ་པའི་དོན་དང་ཀུན་རྫོབ་དང། །ཞེས་པས་གཉིས་བསྟན་པར་བཤད། གྲགས་ཆར་ཡང་བདེན་གཉིས་སོ་སོར་བྱས་པ་དང། འགྲེལ་ཆེན་དུ། གཉེན་པོ་མི་མཐུན་ཕྱོགས་དག་དང། །ཞེས་པས་གཉིས་བསྟན་པར་བཤད་པའི་འགྲེལ་ཆེན་ལེགས་པར་རྗེས་གསུངས་ཏེ། གསེར་འཕྲེང་ལས། རྒྱན་སྣང་དུ་སྤང་གཉེན་གཉིས་སོ་སོར་མཛད་པ་ཉིད་རྩ་བའི་དགོངས་པའོ། །ཞེས་གསུངས། ཡང་སྐབས་འདིར་འགྲེལ་ཆུང་དང་རྣམ་བཤད་ལྟར་བྱ་སྟེ། རྣམ་བཤད་ལས། རྩོད་པ་གཉིས་དང་འདི་གཉིས་སོ་སོར་བཤད་པར་བྱ་བ་ཡིན་པས་སློབ་དཔོན་གྱིས་གཉིས་ཞེས་སྨོས་སོ། །ཞེས་གསུངས་པའི་ཕྱིར་དང། འགྲེལ་ཆུང་གཙོ་བོར་འཆད་སྐབས་ཡིན་པའི་ཕྱིར་རོ དེ་སོགས་ཁྱད་པར་མང་ངོ་། །

    གཉིས་པ་རང་ལུགས་ལ། བདེན་སྟོང་དང་བྱ་བ་བྱེད་ནུས་གཉིས་གཞི་མཐུན་དུ་འདུ་བར་མི་རུང་བར་འཛིན་པའི་ས་བོན་དང་དེ་མངོན་གྱུར་གྱི་ཆ་ནས་བཞག་ཅིང་འདིར་བསྟན་ཕྱིན་ཅི་ལོག་ཏུ་བྱེད་པ་དེ། འདིར་བསྟན་ལོག་སྒྲུབ་ཀྱི་མཚན་ཉིད། དེ་ལ་དབྱེ་ན། དེ་ལྟར་འཛིན་པའི་ལོག་སྒྲུབ་བཅུ་དྲུག་དང། དེ་ལྟར་རྒོལ་བའི་སུན་འབྱིན་ལྟར་སྣང་བཅུ་དྲུག་གཉིས་ཡོད་དེ། སྔ་མ་ལོག་རྟོག་དང། ཕྱི་མ་ཀླན་ཀ་ཡིན་པའི་ཕྱིར། སུན་འབྱིན་བཅུ་དྲུག་བསྡུས་ན་དོན་དམ་སྒོ་ཅན་གྱི་ཀླན་ཀ་དང། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་གཉིས་སུ་འགྱུར། དབུ་མ་པས་ཁས་བླངས་ཀྱི་དོན་དམ་གང་རིགས་རྟགས་སུ་བཀོད་པས་ཐལ་བ་འཕེན་པའི་སུན་འབྱིན་ལྟར་སྣང་དེ། དོན་དམ་སྒོ་ཅན་གྱི་ཀླན་ཀའི་མཚན་ཉིད། དབྱེ་ན་རྟགས་གསལ་རིགས་མཐུན་དང། རིགས་མི་མཐུན་གྱི་ཀླན་ཀ་གཉིས་ཡོད་ཅིང། ལན་གྱིས་སེལ་ཚུལ་སྔར་ལྟར་ཡིན་པའི་ཕྱིར། དབུ་མ་པས་ཁས་བླངས་ཀྱི་ཀུན་རྫོབ་གཉིས་གང་རིགས་རྟགས་སུ་བཀོད་ནས་མི་འདོད་པའི་ཐལ་བ་འཕེན་པའི་སུན་འབྱིན་ལྟར་སྣང་དེ། འདིར་བསྟན་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀའི་མཚན་ཉིད། དབྱེ་ན། རྟགས་གསལ་རིགས་མཐུན་དང། རིགས་མི་མཐུན་གཉིས་ཡོད། ལན་གྱིས་སེལ་ཚུལ་སྔར་བཤད་ཟིན་ལྟར་ཡིན་ནོ། །

    རྩོད་སྤོང་ལ་ཁོ་ན་རེ། བཅུ་དྲུག་གི་གྲངས་བདེན་གཉིས་ལ་གཉིས་བྱེད་པ་མི་འཐད་པར་ཐལ། འགྲེལ་ཆེན་ལས། སྤང་གཉེན་སོ་སོར་བགྲང་བའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འགྲེལ་ཆེན་ལས། ལོག་པར་རྟོག་པ་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ཀྱི་དོན་ནི། ནས། གཉེན་པོ་དང་མི་མཐུན་པའི་ཕྱོགས་དག་ལ་ལོག་པར་རྟོག་པ་བསལ་བའི་དོན་དུ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་རིགས་ཏེ། འགྲེལ་པ་འདིར་བདེན་པ་གཉིས་སུ་བགྲང་བའི་ཕྱིར། འགྲེལ་པ་ལས། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་དང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཉིས་དང། ཞེས་པའི་སོ་སོར་གཉིས་སུ་བཤད་པའི་ཕྱིར། རྣམ་བཤད་ལས། རྩོད་པ་གཉིས་དང་འདི་གཉིས་སོ་སོར་བཤད་པར་བྱ་བ་ཡིན་པས་སློབ་དཔོན་གྱིས་གཉིས་ཞེས་སྨོས་སོ། །ཞེས་གསུངས་པའི་ཕྱིར། གཉེན་པོ་མི་མཐུན་ཕྱོགས་ལ་གཉིས་མ་གསུངས་པའི་ཕྱིར། རྣམ་བཤད་ལས། གཞིའི་གནས་ལུགས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་མི་འཐད་པར་རྩོད་པ་གཉིས་དང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འགྲེལ་ཆུང་ཕྱི་རྩོམ་ཡིན་པས་འགྲེལ་ཆེན་གྱིས་མ་ཐོན་པ་སྐུ་བཞི་སོགས་མང་པོ་བཤད་པས་འདི་དབང་བཙན་དགོས་པའི་ཕྱིར། གསུམ་པ་ལོག་རྟོག་བསལ་ནས་བར་ཆད་མེད་པའི་རྩེ་སྦྱོར་སྐྱེད་པར་གདམས་པ། འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་དགེ་བ་འདོད་པ་རྣམས་ཀྱི། ཞེས་སོགས་བྱུང་བ་ལྟར། དེ་སྐྱེས་པ་ན་ཡོན་ཏན་ཐམས་ཅད་རྒྱ་མཚོ་ལ་ཆུ་བོ་ལྟར་འདུ་བའི་ཕྱིར། རྩ་བར། བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །ཞེས་གསུངས་པའི་ཕྱིར། སྐབས་ལྔ་པ་ལེགས་པར་བཤད་ཟིན་ཏོ། །

 

སྨྲས་པ།

རྩེ་སྦྱོར་རྣམ་བཞིའི་རྩེ་མོ་ཆེས་མཐོ་བའི། །

རྒྱལ་ཡུམ་རི་དབང་སྦྱོར་བཞིའི་བང་རིམ་སྟེང། །

སྐུ་བཞིའི་རྣམ་པར་རྒྱལ་བའི་ཕོ་བྲང་ན། །

མཁྱེན་པའི་སྤྱན་སྟོང་ལྡན་པའི་སངས་རྒྱས་སྟོང། །

 

ཡུམ་དོན་རྩེ་སྦྱོར་སོ་སོའི་རྣམ་སད་ཀྱི། །

ངོ་མཚར་དགའ་སྟོན་ཡོན་ཏན་ལོ་འདབ་དང 

འབྲས་བུའི་རོ་དང་མཛད་པའི་ཁ་དོག་སྟོང། །

ལྟ་འདོད་ལེགས་བཤད་མེ་ལོང་ཚལ་འདིར་ལྟོས། །

    ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་དཔྱོད་འཁྲུལ་སེལ་གངྒཱའི་ཆུ་རྒྱུན་མི་ཕམ་ཞལ་ལུང་ལས་སྐབས་ལྔ་པའི་མཐའ་དཔྱོད་ལེགས་པར་བཤད་ཟིན་ཏོ།། །། མངྒ་ལཾ།

                                                                                                               རྩོམ་སྒྲིག་པ། མང་ར་བ།

 

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།