ཀུན་མཁྱེན་ཕར་ཕྱིན་ལས་སྒོམ་ལམ་རྩེ་སྦྱོར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-17 21:15:13     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 193020473643635551.jpg

    གསུམ་པ་སྒོམ་ལམ་རྩེ་སྦྱོར་སྟོན་པར། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་སོགས་བྱུང། འདི་ལ་འཕྲོས་དང། སྤྱི་དོན་དང། མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། བྱང་ཆེན་གྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་གང་ཞེ་ན། ཞེས་པ་ནས། དེ་ནས་བསམ་གཏན་དང་པོ་ལའོ། །དེ་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །ཞེས་པའི་སྦྱོར་དངོས་ཀྱི་དོན་འཆད་པར་འདི་བྱུང། གཉིས་པ་སྤྱི་དོན་ལ། མདོ་ལས་གསུངས་ཚུལ་དང་བསྟན་བཅོས་ཀྱིས་བསྡུས་ཚུལ་གཉིས། དང་པོ་ནི། སྐབས་འདིའི་མདོ་ལས་སྙོམས་འཇུག་ཚར་ལྔ་གསུངས་པ་ཡིན་ཏེ། མཐར་གནས་སྙོམས་འཇུག་དགུ་ལ་ལུགས་མཐུན་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའི་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཚར་གཉིས་དང། ཐོད་རྒལ་དྲིས་པའི་ལན་དུ་མཐར་གནས་སྙོམས་འཇུག་དགུ་ལ་གང་ཡང་མ་སྤེལ་བའི་ཡར་སོང་གཅིག་དང། བསམ་གཟུགས་བརྒྱད་ལ་འགོག་པ་སྤེལ་བའི་ཡར་སོང་གཅིག་དང། མཐར་གནས་སྙོམས་འཇུག་དགུ་ལ་འདོད་སེམས་སྤེལ་བའི་མར་འོངས་གཅིག་རྣམས་གསུངས་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་ལས། རབ་འབྱོར་བྱང་ཆེན་གྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆེན་འདོད་པས་དབེན། ཞེས་པ་ནས། དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་ལའོ། །དེ་ནས་བསམ་གཏན་བཞི་པ་ལའོ། །དེ་ནས་གསུམ་པ་ལའོ། །དེ་ནས་གཉིས་པ་ལའོ། །དེ་ནས་བསམ་གཏན་དང་པོ་ལའོ། །དེ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དེ་བཏང་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོ་ལས། རབ་འབྱོར་བྱང་ཆེན་གྱི་ཏིང་ངེ་འཛིན་གྱི་ཐོད་རྒལ་དེ་གང་ཞེ་ན། འདི་ལ་བྱང་ཆེན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས། དེ་བཞིན་དུ་འགོག་པའི་བར་ལ་སྙོམས་པར་འཇུག་པ་དང། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། མདོ་ལས། དེ་ལས་ལངས་ནས་བསམ་གཏན་དང་པོ་ཉེ་བར་སྒྲུབ་སྟེ་གནས་སོ། །དེ་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་གོ །ཞེས་པ་ནས། དེ་ནས་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། མདོ་ལས། མཉམ་པར་མ་བཞག་པའི་སེམས་ལས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་ནས་འདུ་ཤེས་མེད་མིན། ཞེས་པ་ནས། བསམ་གཏན་དང་པོ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །ཞེས་གསུངས་པའི་ཕྱིར།

    གཉིས་པ་བསྟན་བཅོས་ཀྱི་བསྟན་ཚུལ་ཡོད་དེ། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས། ཞེས་པས་ཡར་སོང་མར་འོང་གི་སྦྱོར་བ་སེང་གེ་རྣམ་བསྒྱིངས་གཉིས་བསྟན་ཅིང། ནས་ཞེས་པས་གང་ཡང་མ་སྤེལ་བར་སྙོམས་འཇུག་དགུ་ལ་ལུགས་མཐུན་དུ་འཇུག་པའི་སྙོམས་འཇུག་ཤུགས་ལ་བསྟན་ཅིང། འདོད་པར་ཞེས་སོགས་ཚིག་རྐང་གཉིས་ཀྱིས་མཚམས་འཛིན་གྱི་འདོད་སེམས་དངོས་སུ་བསྟན། གཅིག་དང་ཞེས་སོགས་ཀྱི་ཚིག་རྐང་གཉིས་ཀྱིས་མར་འོངས་འདོད་སེམས་སྤེལ་བ་དོན་བསྡུ་དང་བཅས་པ་དངོས་སུ་བསྟན་ནས། གང་ཡང་བར་དུ་མ་བཅུག་པའི་ཡར་སོང་དང། བསམ་གཟུགས་བརྒྱད་ལ་འགོག་པ་སྤེལ་བའི་ཡར་སོང་སྟེ་བར་པ་དེ་གཉིས་ཤུགས་ལ་བསྟན་པའི་ཕྱིར། རྣམ་བཤད་ལྟར་རོ། །བསྟན་ཚུལ་གཞན་ཡང་ཡོད་དེ། གཅིག་དང་ནས། མི་འདྲར་འགྲོ། །ཞེས་པས་སྙོམས་འཇུག་བརྒྱད་དང་འགོག་པ་བརྒྱད་སྤེལ་ནས་ལུགས་མཐུན་དུ་འགྲོ་བའི་ཐོད་རྒལ་བསྡུས་ལ། འདོད་པར་ཞེས་པའི་རྐང་པ་གཉིས་ཀྱིས། སྲིད་རྩེ་ལས་འདོད་སེམས་ལ་གནས་པའི་ནུད་ཆུང་བསྡུས། འདོད་པར་ཞེས་པའི་རྐང་པ་གཉིས་དང། གཅིག་དང་ཞེས་པའི་རྐང་པ་གཉིས་དང། མི་འདྲར་འོང་ཞེས་པས་སྙོམས་འཇུག་དགུ་དང་འདོད་སེམས་དགུ་སྤེལ་ནས་ལུགས་མི་མཐུན་དུ་འགྲོ་བའི་ཐོད་རྒལ་བསྡུས་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་འཕྲེང་ལས། གཅིག་དང་ནས། མི་འདྲར་འགྲོ་ཞེས་པས་སྙོམས་འཇུག་བརྒྱད་དང་འགོག་པ་བརྒྱད་སྤེལ་ནས་ལུགས་མཐུན་དུ་འགྲོ་བའི་ཐོད་རྒལ་བསྡུས་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། གསེར་འཕྲེང་ལས། འདོད་པར་ཞེས་པ་ནས། འདོད་སེམས་ལ་གནས་པའི་ནུད་ཆུང་བསྡུས་ཏེ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། གསེར་འཕྲེང་ལས། འདོད་པར་ཞེས་པའི་རྐང་པ་གཉིས་དང། གཅིག་དང་ཞེས་པའི་རྐང་པ་གཉིས་དང། མི་འདྲར་འོང་ཞེས་པའི་སྙོམས་འཇུག་དགུ་དང་འདོད་སེམས་དགུ་སྤེལ་ནས་ལུགས་མི་མཐུན་དུ་འགྲོ་བའི་ཐོད་རྒལ་བསྡུས་ཏེ། ཞེས་གསུངས་པའི་ཕྱིར་དང། བཤད་ཚུལ་དེ་རྐང་པ་དང་པོ་སྦྱོར་དངོས་ཐམས་ཅད་ལ་སྦྱར་བའི་དོན་འབྲེལ་གྱི་བཤད་པ་ཡིན་པའི་ཕྱིར། གསེར་འཕྲེང་ལས། རྐང་པ་དང་པོ་སྦྱོར་དངོས་ཐམས་ཅད་ལ་སྦྱར་ན་དོན་ལ་འབྲེལ་ལོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་ལེགས་པར་སྣང་ངོ་། །

    མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ལ་རྟེན་དང། སྙོམས་འཇུག་གི་ངོ་བོ་དང། བསྟན་ཚུལ་ལ་དཔྱད་པ་སོགས་ལས། དང་པོ་ལ་ཁ་ཅིག་ན་རེ། རྟེན་དམན་ལམ་སྔོན་དུ་མ་སོང་བའི་ས་བརྒྱད་པ་ནས་དང་པོར་ཐོབ་ཟེར་ན། འོ་ན། འཇུག་པ་ལས། ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་གསུངས་པ་མི་འཐད་པར་ཐལ། དམ་བཅའ་དེའི་ཕྱིར། ཡང་ཁ་ཅིག་ན་རེ། དམན་ལམ་སྔོན་དུ་མ་སོང་ན་ས་དྲུག་པ་ཡན་ཆད་ཁོ་ནས་ཐོབ་པ་འཇུག་པ་དང་རྣམ་བཤད་ཀྱི་དགོངས་པ་ཡིན་ཟེར་ན། འོ་ན། དམན་ལམ་སྔོན་དུ་མ་སོང་བའི་མཐོང་ལམ་པའི་རྒྱུད་ཀྱི་མཐར་གནས་སྙོམས་འཇུག་དགུ་མེད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ཀྱི་མཐར་གནས་སྙོམས་པར་འཇུག་པའི་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ཡོད་པའི་ཕྱིར། རྩ་བར། དེ་ནས་སེང་གེ་རྣམ་བསྒྱིངས་པའི ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཞེས་དང། དེའི་ཐད་ཀྱི་མདོ་ལས་ཀྱང། དེ་རྣམ་ཐར་བརྒྱད་པོ་དེ་དག་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། བྱང་འཕགས་ཀྱིས་ས་བརྒྱད་པ་ནས་འགོག་པའི་སྙོམས་འཇུག་གསར་དུ་ཐོབ་པར་ཐལ། དཀོན་མཆོག་སྤྲིན་ལས། བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་ཐོད་རྒལ་ལ་སྙོམས་པར་འཇུག་པར་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། ལུང་དེས་ས་བརྒྱད་པ་ནས་འགོག་པར་སྙོམས་པར་འཇུག་པ་བསྟན་པ་ཙམ་ཡིན་གྱི་ཐོབ་དུས་བསྟན་པ་མ་ཡིན་པའི་ཕྱིར། བསྡུ་བ་ལས་ཀྱང། བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཐོད་རྒལ་དུ་སྙོམས་པར་འཇུག་སྟེ། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་ཟིན་པར་ཐལ། དེ་ས་བརྒྱད་པར་བྱེད་པའི་ཕྱིར། འདོད་མི་ནུས་ཏེ། བསྐལ་བ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་བ་ཞེས་གསུང་གི་བྱུང་བ་ཞེས་མ་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མྱང་འདས་ངེས་འབྱུང་ཡིན་ཅིང། ངེས་འབྱུང་གི་བྱ་བའི་ཚིག་དུས་གསུམ་ལ་འཇུག་པའི་ཕྱིར། བྱ་བ་དུས་གསུམ་ཡུལ་ཅན་ཕྱིར། །ཞེས་བཤད་པ་ལྟ་བུའི་ཐད་ཀྱི་གཞུང་དུ་མ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། སངས་འཕགས་ཀྱི་རྒྱུད་ལ་ཐོད་རྒལ་གྱི་སྙོམས་འཇུག་མེད་དེ། དེ་དེ་ལ་སྙོམས་པར་འཇུག་པ་ལ་དགོས་པ་མེད་པའི་ཕྱིར་ཏེ། དེ་སྤངས་རྟོགས་མཐར་ཕྱིན་ཡིན་པའི་ཕྱིར་ཟེར། འོ་ན། སངས་རྒྱས་འཕགས་པ་དང། དགྲ་བཅོམ་པ་འགོག་པར་སྙོམས་པར་འཇུག་པ་མཐོང་ཆོས་བདེར་གནས་ཀྱི་ཆེད་དུ་གསུངས་པའི་མདོ་དང་བསྟན་བཅོས་རྣམས་མི་འཐད་པར་ཐལ། འདོད་པ་དེའི་ཕྱིར། གཞན་ཡང། སངས་འཕགས་ཀྱི་རྒྱུད་ཀྱི་དེ་ཡོད་པར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་མཐར་གནས་སྙོམས་འཇུག་དགུ་ཡོད་པའི་ཕྱིར། རྩ་བར། སྙོམས་འཇུག་དགུ་ཡི་བདག་ཉིད་དང། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། བསམ་གཏན་སྤེལ་སྒོམ་ཐོབ་བའི་ཉན་ཐོས་ཡོད་ཟེར་ན། མཛོད་ཀྱི་ཐོད་རྒལ་ལ་སྙོམས་པར་འཇུག་ནུས་ན་འདིའི་བསམ་གཏན་སྤེལ་སྒོམ་ལ་སྙོམས་པར་འཇུག་ནུས་པས་ཁྱབ་པར་ཐལ། འདིའི་ཐོད་རྒལ་ལ་སྙོམས་པར་འཇུག་པའི་ཉན་ཐོས་ཡོད་པའི་ཕྱིར། འདོད་ན། ཉན་ཐོས་དེས་བསམ་གཏན་དང་པོ་ནས་སྙོམས་འཇུག་བརྒྱད་པོར་ནས་འགོག་པར་སྙོམས་པར་འཇུག་ནུས་པ་ཡོད་པར་ཐལ། འདིའི་ཐོད་རྒལ་ལ་སྙོམས་པར་འཇུག་པའི་ཉན་ཐོས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། རིང་བ་རྣམ་པ་བཞིས་རིང་བས་ཉན་ཐོས་ཐབས་དམན་པས་མི་ནུས་པའི་ཕྱིར། དེར་ཐལ། སྲིད་རྩེ་དང་འདོད་སེམས་གཉིས་རིང་བ་བཞིས་རིང་བས་ཉན་ཐོས་ཀྱིས་སྲིད་རྩེའི་དེ་མ་ཐག་འདོད་སེམས་མངོན་དུ་བྱེད་མི་ནུས་པའི་ཕྱིར། རྣམ་བཤད་ལས། ཉན་ཐོས་རྣམས་ཐབས་དམན་པས་རྟེན་དང། དམིགས་པ་དང། རྣམ་པ་དང། སྙོམས་འཇུག་དང་རིང་བ་རྣམ་པ་བཞིས་རིང་བའི་ཕྱིར་སྲིད་རྩེའི་དེ་མ་ཐག་འདོད་སེམས་མངོན་དུ་བྱེད་མི་ནུས། ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། གང་ཡང་བར་དུ་མ་བཅུག་པའི་ཡར་སོང་ཆོས་ཅན། ཐོད་རྒལ་གྱི་སྙོམས་འཇུག་མ་ཡིན་པར་ཐལ། ཐོད་རྒལ་གྱི་དངོས་གཞི་མ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཐོད་རྒལ་གྱི་དངོས་གཞི་མིན་ཀྱང་ཐོད་རྒལ་གྱི་དངོས་གཞིས་བསྡུས་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཐོད་རྒལ་གྱི་ཏིང་ངེ་འཛིན་ཡིན་པར་ཐལ། ཐོད་རྒལ་གྱི་དངོས་གཞི་དང་མཉམ་བཞག་ཐུན་གཅིག་གིས་བསྡུས་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། དེར་ཐལ། ཐོད་རྒལ་གྱི་དངོས་གཞི་དང་མཉམ་བཞག་གཅིག་གིས་བསྡུས་པའི་ཐོད་རྒལ་གྱི་དངོས་གཞིས་བསྡུས་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་རྒྱུ་མཚན་གྱིས་མདོ་དང་མཐུན་པར་འགྲེལ་པ་དུ་མས་ཀྱང་ཐོད་རྒལ་གྱི་ཏིང་ངེ་འཛིན་དུ་བཤད་པའི་ཕྱིར། གསེར་འཕྲེང་ལས། ཁ་ཅིག་འདི་ཐོད་རྒལ་མཚན་ཉིད་པ་མ་ཡིན་ཏེ། སྤེལ་བ་དང། བོར་བ་གང་ཡང་མེད་པས་སོ། །ཞེས་ཟེར་ཡང་མདོ་འགྲེལ་དུ་མ་ཞིག་གིས་ཐོད་རྒལ་དུ་བཤད་པས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་དེ་མ་ཐག་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་མི་ཐུབ་པར་ཐལ། བར་དུ་གང་ཡང་མ་བཅུག་པའི་ཡར་སོང་ཐོད་རྒལ་གྱི་ཏིང་ངེ་འཛིན་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། མདོ་ལས། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དེ་བཏང་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཞེས་གསུངས་པ་མི་འཐད་པར་ཐལ། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་བཏང་མ་ཐག་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་མ་ཞུགས་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེའི་རྗེས་སུ་སྙོམས་པར་འཇུག་པའི་ཐོད་རྒལ་གང་ཡིན་ཞེ་ན། བར་དུ་མ་བཅུག་པའི་ཡར་སོང་ཡིན་པའི་ཕྱིར། མདོ་ལས། རབ་འབྱོར་བྱང་ཆེན་གྱི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས་དེ་བཞིན་དུ་འགོག་པའི་བར་ལ་སྙོམས་པར་འཇུག་གོ །ཞེས་གསུངས་པའི་ཕྱིར། གཞན་ཡང། ཉི་སྣང་ལས། སྒོམ་པའི་ལམ་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་བསྡུས་པ་ཡིན་ལ། དེ་དག་ཀྱང་ཐོད་རྒལ་གྱི་སྙོམས་པར་འཇུག་པས་བསྡུས་པ་ཡིན་ཏེ། ཞེས་གསུངས་པ་མི་འཐད་པར་ཐལ། ཐོད་རྒལ་གྱི་སྦྱོར་བའི་སེང་གེ་རྣམ་བསྒྱིངས་རྗེས་ཀྱི་གང་དང་མ་སྤེལ་བའི་ཡར་སོང་གི་སྙོམས་འཇུག་དགུ་ཐོད་རྒལ་གྱི་དངོས་གཞིས་བསྡུས་པ་མ་ཡིན་པའི་ཕྱིར། རྟགས་ཁས། གཞན་ཡང། འགྲེལ་ཆེན་ལས། དེ་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་བསྡུས་པ་ཡིན་ལ། དེ་ཡང་ཐོད་རྒལ་གྱི་སྙོམས་པར་འཇུག་པས་བསྡུས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་མི་འཐད་པར་ཐལ། ཐོད་རྒལ་གྱི་སྦྱོར་བ་སེང་གེ་རྣམ་བསྒྱིངས་རྗེས་སུ་ཁྲི་བརྒྱད་སྟོང་པར་བཤད་པའི་བར་དུ་མ་བཅུག་པའི་ཡར་སོང་གི་སྙོམས་འཇུག་དགུ་ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱོད་ཀྱིས་མི་འདྲ་བ་མ་སྤེལ་ན་ཐོད་རྒལ་མ་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར། གཞན་ཡང། གསེར་འཕྲེང་ལས། མདོ་འགྲེལ་དུ་མས་བཤད་གསུངས་པ་མི་འཐད་པར་ཐལ། ཉི་སྣང་དང་འགྲེལ་ཆེན་གྱི་ལུང་དེ་དག་གིས་དེ་ལྟར་མ་བཤད་པའི་ཕྱིར། གཞན་ཡང། འཕགས་པས་ཁྲི་བརྒྱད་སྟོང་པའི་ལུགས་བཞིན་སེང་གེ་རྣམ་བསྒྱིངས་ཀྱི་རྗེས་སུ་དངོས་གཞི་ལ་གང་ཡང་མ་བཅུག་པའི་ཡར་སོང་དང། སློབ་དཔོན་གྱིས་ཉི་ཁྲི་ལྟར་སེང་གེ་རྣམ་བསྒྱིངས་རྗེས་སུ་ཡར་སོང་འགོག་པ་སྤེལ་བར་མ་བཤད་པར་ཐལ། ཐོད་རྒལ་གྱི་དངོས་གཞི་ལ་གང་ཡང་མ་བཅུག་པའི་ཡར་སོང་གཅིག་མེད་པའི་ཕྱིར། འདོད་མི་ནུས་ཏེ། འཕགས་པས་དེ་ལྟར་བཤད་པ་གང་ཞིག །སློབ་དཔོན་གྱིས་དེ་མེད་པའི་ཡར་སོང་འགོག་པ་སྤེལ་བ་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་འཕྲེང་དུ་མདོ་དྲངས་པ་ལས། བྱང་ཆེན་གྱི་ཐོད་རྒལ་དེ་གང་ཞེ་ན་རབ་འབྱོར་འདི་ལ་ཞེས་སྔར་ལྟར་སྦྱར་ནས་འགོག་པའི་བར་དང། དེ་ལས་ལངས་ནས་བསམ་གཏན་དང་པོ་ནས་བརྩམས་ཏེ་སྲིད་རྩེའི་བར་ལ་འགོག་པ་སྤེལ་ནས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་ཆེན་ལས། དེ་ལྟར་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་གཉིས་ཀྱིས་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་འགོག་པའི་མཚན་ཉིད་ཀྱི་སྙོམས་པར་འཇུག་པ་དགུ་ལ་སོང་ཞིང་འོང་ནས་ཡང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ་དེ་ལས་ལངས་ནས་འགོག་པ་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འཕགས་སེང་བཤད་ཚུལ་མི་མཐུན་པ་དེ་མདོ་སོ་སོའི་དབང་གིས་ཡིན་པའི་ཕྱིར། གསེར་འཕྲེང་ལས། འདི་གཉིས་ཀྱི་མདོ་མི་མཐུན་པ་ནི་སློབ་དཔོན་གྱིས་ཉི་ཁྲི་དང་འཕགས་པས་ཁྲི་བརྒྱད་སྟོང་པ་དྲངས་པར་འཆད་དོ། །ཞེས་གསུངས་པའི་ཕྱིར། ལེགས་བཤད་འདི་དག་སྔར་གྱི་ཡི་གེ་པ་དག་གིས་ཀྱང་མ་ཐོན་པས་ལེགས་པར་བཤད་ཡོད་དོ། །གཞན་ཡང། སློབ་དཔོན་གྱིས་དེ་ལྟར་བཤད་པ་ཉི་ཁྲི་དང་བསྟུན་པ་ཡིན་པར་ཐལ། ཉི་ཁྲི་ལྟར་ཡིན་པས་འགའ་ཞིག་དང་མི་མཐུན་ཀྱང་ཐེ་ཚོམ་མི་དགོས་པར་བཤད་པའི་ཕྱིར། འགྲེལ་ཆེན་ལས། སྟོང་ཕྲག་ཉི་ཤུ་ལྔ་པ་ལས་དོན་འདི་ཉིད་ཀྱི་དབང་དུ་མཛད་ནས་རྒྱ་ཆེར་བསྟན་པ་ནི། ནས། སོམ་ཉི་མི་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འོ་ན། རྣམ་བཤད་ལས། གང་ཡང་བར་དུ་མ་བཅུག་པའི་ཡར་འོང་ནི་དཀྱུས་ས་བསྟན་པ་ཙམ་ཡིན་པས་ཐོད་རྒལ་གྱི་དངོས་གཞི་མ་ཡིན་ཏེ། ཞེས་གསུངས་པ་མི་འཐད་པར་ཐལ། གང་ཡང་མ་བཅུག་པའི་ཡར་སོང་ཐོད་རྒལ་གྱི་དངོས་གཞི་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྤེལ་གཞི་སྤེལ་ཆོས་མི་འདྲ་བ་སྤེལ་བའི་དངོས་གཞིའི་ཐོད་རྒལ་མ་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར། རྣམ་བཤད་ལས། སྤེལ་གཞི་དང་མི་འདྲ་བ་སྤེལ་ནས་འགྲོ་བ་ཐོད་རྒལ་དུ་གསུངས་པས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཐོད་རྒལ་གྱི་དངོས་གཞིའི་གཙོ་བོ་དང་སྒྲ་བཤད་སྟོན་པའི་གཞུང་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་ཆོས་ཅན། ཐོད་རྒལ་གྱི་སྙོམས་འཇུག་མ་ཡིན་པར་ཐལ། མཐར་གནས་ཀྱི་སྙོམས་པར་འཇུག་པ་ཡིན་པའི་ཕྱིར། དེར་ཐལ། སྙོམས་འཇུག་དགུ་ལ་མཐར་ཆགས་སུ་སྙོམས་པར་འཇུག་པའི་སྙོམས་འཇུག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་སྒྲ་བཤད་ཙམ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་བཀའ་དཀྲུགས་པར་མི་བྱའོ། །

    ཡང་ཁ་ཅིག་ན་རེ། ཁྲི་བརྒྱད་སྟོང་པ་ལས་སྲིད་རྩེའི་ནུད་ཆུང་གསུངས་པ་དེ་གདུལ་བྱ་དབང་རྟུལ་གྱི་དབང་དུ་བྱས་ཤིང། ཉི་ཁྲི་ལས་ནུད་ཆུང་མ་གསུངས་པ་དེ་གདུལ་བྱ་དབང་རྣོན་གྱི་དབང་དུ་བྱས་ཟེར་ན། མདོ་དེ་གཉིས་ཀྱིས་རང་རང་གི་ཆེད་དུ་བྱ་བའི་གདུལ་བྱ་དེ་འདྲ་ལ་དགོངས་པར་ཐལ། དེ་གཉིས་ཀྱིས་གསུངས་ཚུལ་དེའི་ཕྱིར། འདོད་ན། ཉི་ཁྲིའི་ཆེད་དུ་བྱ་བའི་གདུལ་བྱ་ལས་ཁྲི་བརྒྱད་སྟོང་པའི་ཆེད་དུ་བྱ་བའི་གདུལ་བྱ་རྟུལ་བར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྔ་མ་ལས་ཕྱི་མ་རྣོ་བའི་ཕྱིར། དེར་ཐལ། འབུམ་གྱི་ཆེད་དུ་བྱ་བའི་གདུལ་བྱ་ལས་བརྒྱད་སྟོང་པའི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རྣོ་བའི་ཕྱིར། དེར་ཐལ། དེ་མགོ་སྨོས་པ་ཙམ་གྱིས་གོ་བའི་གདུལ་བྱ་ཡིན་པའི་ཕྱིར། རྒྱན་སྣང་ལས། མགོ་སྨོས་པའི་གོ་བ་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྣམས་རྗེས་སུ་འཛིན་པ་བསྟན་པའི་དབང་དུ་མཛད་པ་ཡིན་པས། ཞེས་གསུངས་པའི་ཕྱིར། དེ་གདུལ་བྱ་དབང་པོ་རྣོ་རྟུལ་སྒོ་ནས་མ་ཡིན་པར་ཐལ། བྱང་འཕགས་གཅིག་གིས་ཀྱང་ཐོད་རྒལ་གྱི་ཏིང་ངེ་འཛིན་མ་བྱང་བའི་ཚེ་ནུད་ཆུང་བྱེད་དགོས་པ་ཁྲི་བརྒྱད་སྟོང་པར་བཤད་པ་ལྟ་བུ་དང། བྱང་བའི་ཚེ་ནུད་ཆུང་མི་དགོས་པ་ཉི་ཁྲི་ལྟར་ཡིན་པའི་ཕྱིར། དེར་ཐལ། ཁྲི་བརྒྱད་སྟོང་པར་ཡང་ཡར་འགྲོའི་སྤེལ་ཆོས་ཀྱི་འགོག་པ་དང་མཚམས་འཛིན་གྱི་འདོད་སེམས་གཉིས་ཀྱི་བར་དུ་ནུད་ཆུང་གསུངས་ལ་མར་འོང་གི་སྤེལ་གཞིའི་འགོག་པ་ནས་སྤེལ་ཆོས་འདོད་སེམས་བར་དུ་ནུད་ཆུང་མ་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་མཛད་པ་དང་པོར་མ་སྐྱེས་པ་སྐྱེད་དུས་དང། སྐྱེས་ཟིན་བྱང་བའི་དབང་དུ་བྱས་པའི་ཕྱིར། དང་པོ་གྲུབ་སྟེ། ཡར་སོང་གི་སྤེལ་ཆོས་འགོག་པ་དང་འདོད་སེམས་གཉིས་རིང་བ་བཞིས་རིང་བར་མ་ཟད་སེམས་ཆེས་ཞི་བ་དེ་ལས་ཧ་ཅང་མ་ཞི་བས་གང་ཟག་གི་ཁྱད་པར་འགའ་ཞིག་གསར་དུ་དང་པོར་སྐྱེད་པའི་ཚེ་ལྡང་མ་ནུས་པས་སྲིད་རྩེ་ལ་ནུད་ཆུང་བྱས་པའི་ཕྱིར། གསེར་འཕྲེང་ལས། འོན་ཀྱང་གང་ཟག་གི་ཁྱད་པར་འགའ་ཞིག་གམ་སྔར་མ་སྐྱེས་པ་དང་པོར་སྐྱེད་པའི་ཚེ་འགོག་པ་ཆེས་ཞི་བ་དེ་ལས་འདོད་སེམས་ཧ་ཅང་མ་ཞི་བ་དེས་ལྡང་མ་ནུས་པས་སྲིད་རྩེ་ལ་ནུད་པར་གསལ་བས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མདོ་གཉིས་ཀྱི་དགོངས་པ་གང་ཟག་འགའ་ཞིག་དང་བྱང་མ་བྱང་ལ་སྔར་ལྟར་བཤད་པའི་ཕྱིར། གསེར་འཕྲེང་ལས། མདོ་གཉིས་ཀྱི་དགོངས་པ་དེ་ལྟར་རོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། བྱང་བའི་ཚེའམ་གང་ཟག་གི་ཁྱད་པར་འགའ་ཞིག་ལ་འགོག་པ་ལས་འདོད་སེམས་ཀྱིས་ལྡང་ནུས་པ་ཡོད་པའི་ཕྱིར། དེར་ཐལ། བྱང་བའི་ཚེའམ་གང་ཟག་གི་ཁྱད་པར་ལ་དེ་ལྟར་ལྡང་ནུས་པ་ཡོད་པའི་དབང་དུ་བྱས་ནས་ཉི་ཁྲི་དང་འགྲེལ་པ་ལེའུ་བརྒྱད་མར་སྲིད་རྩེའི་ནུད་ཆུང་མ་གསུངས་པའི་ཕྱིར། གསེར་འཕྲེང་ལས། དེས་ན་བྱང་བའི་ཚེ་འམ་གང་ཟག་ཁ་ཅིག་ལ་ལེ་བརྒྱད་མར་དྲངས་པ་ལྟར་འགོག་པ་ལས་འདོད་སེམས་ཀྱིས་ཀྱང་ལྡང་ནུས་མོད། ཅེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྦྱོར་བ་ལ་རིང་སྦྱོར་དང་ཉེ་སྦྱོར་གཉིས་བྱས་ནས་དང་པོ་ལ་སེང་གེ་རྣམ་བསྒྱིངས་ཕྲུགས་གཅིག་དང་གཉིས་པར་གང་ཡང་མ་བཅུག་པའི་ཡར་སོང་སྙོམས་འཇུག་དགུ་ཞེས་བཤད་པ་མི་འཐད་པར་ཐལ། སྦྱོར་བ་དེ་འདྲ་རྗེ་ཡབ་སྲས་མི་བཞེད་པའི་ཕྱིར། དེ་དངོས་གཞིའི་བསྡུས་པར་བཤད་ཟིན་པའི་ཕྱིར། གསེར་འཕྲེང་ལས་ཀྱང། གཉིས་པ་ལ་གཉིས། སོང་བ་དང་འོངས་པའོ། །དང་པོ་ལ་གཉིས། འགོག་པ་དང་མ་སྤེལ་བ་དང་སྤེལ་བའི་སོང་བའོ། །ཞེས་གསུངས་པའི་ཕྱིར། རྣམ་བཤད་ལས་ཀྱང། གཉིས་པ་ནི་མདོ་ལས་ཀྱང་དངོས་སུ་བསྟན་པའི་གང་ཡང་མ་བཅུག་པའི་ཡར་སོང་ནི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡབ་སྲས་གཉིས་ཀས་དངོས་གཞིའི་ས་ཁུངས་སུ་མཛད་པ་མདོ་དང་མཐུན་པ་ཡིན་པའི་ཕྱིར།

    གཞན་ཡང། དེ་འདྲའི་ཡར་སོང་སྙོམས་འཇུག་དགུ་ཆོས་ཅན། ཐོད་རྒལ་གྱི་ཏིང་ངེ་འཛིན་ཡིན་པར་ཐལ། མཉམ་བཞག་གཅིག་ལ་ཁྱོད་ཀྱི་སྙོམས་འཇུག་དགུ་པའི་རྗེས་དེ་མ་ཐག་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་དངོས་གཞིའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། ཉི་སྣང་དུ་མདོ་དྲངས་པ་ལས། རབ་འབྱོར་བྱང་ཆེན་གྱི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས་དེ་བཞིན་དུ་འགོག་པའི་བར་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་ཚེ་བསམ་གཟུགས་ཀྱི་ཏིང་ངེ་འཛིན་བོར་བའི་ཡར་སོང་གི་ཐོད་རྒལ་བྱས་པའི་ཕྱིར། དེར་ཐལ། སྙོམས་འཇུག་དགུ་ལ་མར་འོངས་མ་བྱས་པར་ཡར་སོང་གཉིས་བྱེད་པའི་སྙོམས་འཇུག་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། ཡར་སོང་སྔ་མ་ལ་མ་སྤེལ་བར་བསམ་གཏན་དང་པོ་ནས་ཡར་སོང་གཉིས་པར་བསམ་གཏན་དང་པོ་ནས་འགོག་པ་སྤེལ་ནས་སོང་བ་དེ་ཡིན་པའི་ཕྱིར། གསེར་འཕྲེང་ལས། ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། རབ་འབྱོར་འདི་ལ་ཞེས་སྔར་ལྟར་སྦྱར་ནས་འགོག་པའི་བར་དང། དེ་ལས་ལངས་ནས་བསམ་གཏན་དང་པོ་ནས་བརྩམས་ཏེ་སྲིད་རྩེའི་བར་ལ་འགོག་པ་སྤེལ་ནས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལས་ལངས་ནས་ཞེས་པའི་སྒྲས་སྙོམས་འཇུག་དགུ་ལ་འགོག་པའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། དེ་སྙེགས་ས་ཡོད་པའི་ཕྱིར། འཁོར་གསུམ།

    ཡང་ཁ་ཅིག་ན་རེ། ཐོད་རྒལ་གྱི་སྙོམས་འཇུག་ཡིན་ན་སྤེལ་གཞི་སྤེལ་ཆོས་མི་འདྲ་བ་གཉིས་སྤེལ་ཡན་ཆད་ཡིན་པས་ཁྱབ་ཟེར་ན། ཐོད་རྒལ་ལ་སྤེལ་གཞི་སྤེལ་ཆོས་མེད་པར་གོ་རིམ་འཆོལ་ནས་སྤེལ་བ་གཅིག་མེད་པར་ཐལ། ཁྱོད་ཀྱི་ཐོད་རྒལ་གྱི་དོན་སྤེལ་གཞི་སྤེལ་ཆོས་མི་འདྲ་བ་གཉིས་ཚོགས་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་རྗེས་སུ་སྙོམས་འཇུག་དགུ་ལ་ཡར་སོང་གི་སྙོམས་འཇུག་ཆོས་ཅན། ཐོད་རྒལ་གྱི་ཏིང་ངེ་འཛིན་མ་ཡིན་པར་ཐལ། སྤེལ་གཞི་སྤེལ་ཆོས་མི་འདྲ་བ་གཉིས་ཚོགས་མ་ཡིན་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། ཐོད་རྒལ་གྱི་ཏིང་ངེ་འཛིན་ཡིན་པའི་ཕྱིར། དེར་ཐལ། ཁྱོད་བར་དུ་བརྒྱད་བོར་ནས་འཇུག་པར་བྱེད་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། ཁྱབ་སྟེ། ཐོད་རྒལ་ལ་བར་དུ་བོར་བ་དང་སྤེལ་བ་གང་རུང་གིས་ཆོག་པའི་ཕྱིར། དེར་ཐལ། ཁྱོད་མཐར་གནས་སྙོམས་འཇུག་དགུའི་རྗེས་དེ་མ་ཐག་བར་དུ་བརྒྱད་བོར་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཐོད་རྒལ་གྱི་ཏིང་ངེ་འཛིན་ཡིན་པའི་ཕྱིར། རྟགས་ཆོས་ཅན་གྱིས་གྲུབ། གཞན་ཡང། ཡར་སོང་བསམ་གཟུགས་བརྒྱད་ལ་འགོག་པ་སྤེལ་བའི་ནང་ཚན་གྱི་བསམ་གཏན་དང་པོའི་སྙོམས་འཇུག་གཅིག་པོ་དེ་ཆོས་ཅན། ཐོད་རྒལ་གྱི་ཏིང་ངེ་འཛིན་མ་ཡིན་པར་ཐལ། སྤེལ་གཞི་སྤེལ་ཆོས་གཉིས་ཚོགས་ཀྱི་དེ་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་སྤེལ་གཞི་རྐྱང་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལ་སྤེལ་ཆོས་ཡང་ཚང་བར་ཐལ། མ་གྲུབ་པ་དེའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། སྤེལ་སྒོམ་གྱི་ཏིང་ངེ་འཛིན་མ་ཡིན་པར་ཐལ། ཐོད་རྒལ་གྱི་ཏིང་ངེ་འཛིན་མ་ཡིན་པ་དེའི་ཕྱིར། འདོད་མི་ནུས་ཏེ། སྤེལ་སྒོམ་གྱི་ཏིང་ངེ་འཛིན་ཡིན་པའི་ཕྱིར། དེར་ཐལ། སྤེལ་གཞི་སྤེལ་ཆོས་གང་རུང་གི་ཏིང་ངེ་འཛིན་ཡིན་པའི་ཕྱིར། དེ་བཞིན་དུ་ཡར་སོང་སྤེལ་ཆོས་འགོག་པ་དང་སྤེལ་གཞི་དངོས་གཞི་བདུན་པོ་རེ་རེ་ནས་སྐྱོན་དུ་འཕེན་ཤེས་པར་བྱ་སྟེ། དཔེར་ན་བསམ་གཏན་དང་པོ་དང་སྤེལ་བའི་འགོག་སྙོམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་སྤེལ་བའི་ཏིང་ངེ་འཛིན་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་སྤེལ་གཞི་སྤེལ་ཆོས་གང་རུང་གི་ཏིང་ངེ་འཛིན་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར།

    གཞན་ཡང། ཡར་སོང་འགོག་པ་དང་སྤེལ་བའི་བསམ་གཏན་བཞི་པ་ཆོས་ཅན། ཐོད་རྒལ་མ་ཡིན་པར་ཐལ། སྤེལ་གཞི་སྤེལ་ཆོས་གཉིས་ཚོགས་མ་ཡིན་པ་དེའི་ཕྱིར། འདོད་མི་ནུས་ཏེ། བསམ་གཟུགས་དགུ་བོར་ནས་འགོག་པ་ལ་ཞུགས་པའི་སྤེལ་གཞིའི་བསམ་གཏན་ཡིན་པ་དེའི་ཕྱིར། ཁྱབ་སྟེ། རང་གི་སྔོན་དུ་བསམ་གཟུགས་དགུ་བོར་རྗེས་སུ་བཞི་བོར་ནས་འགོག་པ་ལ་འཇུག་བྱེད་ཀྱི་བསམ་གཏན་ཡིན་པའི་ཕྱིར།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

 

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།