ཀུན་མཁྱེན་ཕར་ཕྱིན་ལས་མཐོང་ལམ་རྩེ་སྦྱོར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-15 22:01:29     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 97058295108396316.jpg

    གཉིས་པ་མཐོང་ལམ་རྩེ་སྦྱོར་ལ། སྤང་བྱ་རྟོག་པ་བཤད་པ་དང། གཉེན་པོ་རྩེ་སྦྱོར་བཤད་པ་གཉིས། དང་པོ་ལ། གཟུང་འཛིན་གྱི་རྣམ་རྟོག་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་འཇུག་ལྡོག་གི་གཟུང་རྟོག་གཉིས་སྟོན་པར། འཇུག་པ་དང་ནི་ལྡོག་པ་ལ། །སོགས་བྱུང། གཉིས་པ་རྫས་བཏགས་ཀྱི་འཛིན་རྟོག་གཉིས་སྟོན་པར། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །སོགས་བྱུང། གཉིས་པ་རྒྱས་བཤད་ལ། གཟུང་རྟོག་དང་འཛིན་རྟོག་གཉིས་ལས། དང་པོ་འཇུག་པ་གཟུང་རྟོག་དགུ་སྟོན་པར། ངོ་བོ་ཉིད་དང་རིགས་དང་ནི། །སོགས་བྱུང། ལྡོག་པ་གཟུང་རྟོག་དགུ་སྟོན་པར། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །སོགས་བྱུང། གཉིས་པ་འཛིན་རྟོག་གི་རྫས་འཛིན་དགུ་སྟོན་པར། འཛིན་པ་དང་ནི་འདོར་བ་དང། །སོགས་བྱུང། བཏགས་འཛིན་དགུ་སྟོན་པར། ཆེད་བཞིན་ངེས་པར་མི་འབྱུང་དང། །སོགས་བྱུང། འདི་ལ་འཕྲོས་དང། མཐའ་དཔྱད་པ་གཉིས། དང་པོ་ནི། མདོ་ལས། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་ལྟ་བུའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་མཐོང་བས། ནས། ཤིང་གི་འཕྲུུལ་འཁོར་གྱི་དཔེ་གསུངས་པའི་བར་གྱིས་འཇུག་ལྡོག་ཤུགས་ལ་བཤད་པ་དངོས་སུ་སྟོན་པར། ངོ་བོ་ཉིད། སོགས་བྱུང། མདོ་ལས། རབ་འབྱོར་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ། ཞེས་པ་ནས། དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པའི་སྔོན་དུ་འདོང་ངོ་། །ཞེས་སོགས་ཀྱིས་ལྡོག་པ་གཟུང་རྟོག་ཤུགས་ལ་བཤད་པ་དངོས་སུ་སྟོན་པར། སྲིད་དང་ཞི་བར། སོགས་བྱུང། མདོ་ལས། བཅོམ་ལྡན་འདས་ཤེར་ཕྱིན་ནི་ཆོས་གང་ཡང་འཛིན་པ་དང་གཏོང་བར་མི་བགྱིད་ལགས་སོ། །ནས། འདི་ནི་གཟུགས་སོ་འདིའི་གཟུགས་སོ་ཞེས་མངོན་པར་ཆགས་པ་མེད་དོ། །ཞེས་སོགས་ཀྱིས་ཤེས་སྒྲིབ་རྫས་འཛིན་རྟོག་པ་ཤུགས་ལ་བསྟན་པ་དངོས་སུ་སྟོན་པར། འཛིན་པ་དང་ནི་འདོར་བ་དང། །སོགས་བྱུང། མདོ་ལས། རབ་འབྱོར་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་རྟ་ཟུང་བཞིའི་ཤིང་རྟ་ལ་ཞོན་ཅིང་ལམ་གཉའ་ནས་འགྲོའོ། །ནས། དགྲ་དང་ཕྱིར་རྒོལ་བ་རྣམས་ཀྱིས་ཐུབ་པར་དཀའོ། །ཞེས་སོགས་ཀྱིས་ཤེས་སྒྲིབ་བཏགས་འཛིན་ཤུགས་ལ་བཤད་པ་དངོས་སུ་སྟོན་པར། ཆེད་བཞིན་ངེས་པར་མི་འབྱུང་དང། །སོགས་བྱུང།

    མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། མདོ་དང་བསྟན་བཅོས་གཉིས་ཀྱི་བཤད་ཚུལ་འདྲ་ཟེར་ན། འོ་ན། མདོ་ལས་ཡུལ་དགུ་བཞི་སོ་དྲུག་བདེན་མེད་དུ་དངོས་སུ་བསྟན་པ་མ་ཡིན་པར་ཐལ། བསྟན་བཅོས་ཀྱིས་བདེན་འཛིན་སོ་དྲུག་དངོས་སུ་བསྟན་པའི་ཕྱིར། ཁྱབ་སྟེ། དེ་ལྟ་ན་བདེན་འཛིན་སོ་དྲུག་དང་ཞེན་ཡུལ་བདེན་གྲུབ་སོ་དྲུག་དངོས་སུ་བསྟན་པ་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དངོས་སུ་གཉེན་པོ་རྟོགས་པའི་ཤེར་ཕྱིན་བསྟན་ནས་ཤུགས་ལ་གཟུང་འཛིན་གྱི་རྟོག་པ་སོ་དྲུག་བཤད་པའི་ཕྱིར། དཔེར་ན། ཤེས་སྒྲིབ་རྫས་འཛིན་དགུ་བཞིན་ནོ གསེར་འཕྲེང་ལས། ཡུམ་ནི་རྣམ་པར་མི་རྟོག་པའོ། །ཞེས་སོགས་ཏེ། གཉེན་པོའི་སྒོ་ནས་བསྟན་ཏོ། །ཞེས་དང། དེའི་ཤུགས་ཀྱིས་གཉེན་པོ་དགུ་ལས་བཟློག་པའི་ཆོས་དགུ་རྫས་འཛིན་གྱི་ཡུལ་དུ་བསྟན་བཅོས་ལས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྫས་འཛིན་གྱི་ཡུལ་དུ་ཞེས་པ་དང་གཉེན་པོའི་སྒོ་ནས་ཞེས་པ་གཉིས་ཀྱི་དོན་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། རྫས་འཛིན་སོ་སྐྱེའི་རྟེན་ཅན་དུ་བཤད་ནས་བཏགས་འཛིན་སོ་སྐྱེའི་རྟེན་ཅན་དུ་མ་བཤད་པ་མི་འཐད་པར་ཐལ། སོ་སོ་སྐྱེ་བོ་ལ་ཡང་བཏགས་འཛིན་རྟོག་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སོ་སོ་སྐྱེ་བོ་ལ་ཡང་གང་ཟག་བདེན་སྟོང་སྒྱུ་མ་ལྟ་བུ་ལ་སྐྱེས་བུར་བཏགས་པའི་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པ་ཡོད་པའི་ཕྱིར། དེར་ཐལ། དེ་ལ་གང་ཟག་བདེན་མེད་དུ་རྟོགས་པ་ཡོད་པའི་ཕྱིར། འགྲེལ་ཆེན་ལས། སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་བདག་མེད་པའོ་ཞེས་ཤེས་པ་མ་ཡིན་ནམ་འཛིན་པའི་རྣམ་པར་རྟོག་པར་བཞག་པ་དང་པོ་ནི་མ་ཁྱབ་པ་ཡིན་ནོ་ཞེ་ན། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སོ་སྐྱེས་གང་ཟག་གི་བདག་མེད་རྟོགས་པ་ཡོད་ཀྱང་མངོན་སུམ་དུ་རྟོགས་པ་མེད་པས་རྫས་འཛིན་སོ་སྐྱེའི་རྟེན་ཅན་དང། འཕགས་པ་ལ་དེ་མངོན་སུམ་དུ་རྟོགས་པ་ཡོད་པས་བཏགས་འཛིན་འཕགས་པའི་རྟེན་ཅན་དུ་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་ཆེན་ལས། དེ་རྣམས་ཀྱི་དེ་ནི་ལྷག་པར་མོས་པའི་ཡིད་ལ་བྱེད་པ་ཡིན་པས་འདིར་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཡིན་པར་བཞེད་པས་མི་མཚུངས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་ཆེན་ལས། འཕགས་པ་རྣམས་དེ་སྐད་དུ་གསུངས་པ་ནི་ཐ་སྙད་པ་ཡིན་གྱི་དོན་དམ་པ་མ་ཡིན་པས་ཡང་དག་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདི་སྔར་རྒྱས་པར་བཤད་ཟིན་ཏོ། །ཡང་སྐབས་འདིའི་དོན་ལ་སྦྱར་ན་སྐྱེས་བུ་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་རྫས་འཛིན་སོ་སྐྱེའི་རྟེན་ཅན་ཡིན་པར་ཐལ། དེ་དག་གིས་དེ་མ་སྤངས་ཤིང་འཕགས་པ་དག་གི་རྒྱུད་ལ་མི་ལྡན་པའི་ཕྱིར། དེར་ཐལ། མཐོང་སྤང་གི་སྐབས་ཀྱི་དེ་ཡིན་པའི་ཕྱིར། ཤནྟི་པས། མཐོང་བའི་སྤང་བར་བྱ་བའི་སྐབས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །མཐོང་ལམ་རྩེ་སྦྱོར་དང་བཟོད་པ་བརྒྱད་ལས་མེད་ཟེར་ན། གཟུང་འཛིན་གྱི་རྟོག་པ་སོ་དྲུག་པོ་ཁམས་ཀྱི་ཕྱེ་ན་བརྒྱ་རྩ་བརྒྱད་ཡོད་པ་ལྟར་མཐོང་ལམ་རྩེ་སྦྱོར་དང་བཟོད་པ་བརྒྱ་རྩ་བརྒྱད་མི་རུང་བར་ཐལ། དམ་བཅའ་དེའི་ཕྱིར། འདོད་མི་ནུས་ཏེ། མཐོང་སྤང་གཟུང་བ་དང་འཛིན་པའི་རྣམ་རྟོག་གིས་དབྱེ་བ་ལྟར་མཐོང་ལམ་རྩེ་སྦྱོར་དང་བར་ཆད་མེད་ལམ་ལྡོག་པས་དབྱེར་ཡོད་པའི་ཕྱིར། གསེར་འཕྲེང་ལས། སྐད་ཅིག་གཅིག་པའི་བཟོད་པ་ཡིས་བསྡུས་པ་དེ་རྩེ་སྦྱོར་འདིར་མཐོང་ལམ་ཡིན་ཏེ། ཞེས་དང། ཡང་དེ་ཉིད་ལས། མཐོང་ལམ་རྩེ་མོ་དེ་རྫོགས་པར་སྐྱེས་པ་ནས་མཐོང་སྤང་གི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སོ་སོའི་སྐྱེ་བོའི་བདག་རྫས་ཡོད་དུ་འཛིན་པའི་བློ་རྫས་འཛིན་དང་སོ་སྐྱེ་ཁོ་ནར་ཡོད། འཕགས་པའི་བདག་བཏགས་ཡོད་དུ་འཛིན་པའི་བློ་བཏགས་འཛིན་དང་འཕགས་པ་ཁོ་ནར་ཡོད་ཅིང། དེ་གཉིས་ཤེས་སྒྲིབ་འཛིན་རྟོག་གཉིས་ཀྱི་ཡུལ་ཡིན་ཞིང། འཛིན་རྟོག་གཉིས་སྐྱེ་འཕགས་གཉིས་ཀར་ཡོད་ཟེར་བ་མི་འཐད་པར་ཐལ། རྩ་བ་དང་འགྲེལ་པ་ཉི་སྣང་སོགས་ལས་སེམས་ཅན་རྫས་ཡོད་དང་བཏགས་ཡོད་དུ་འཛིན་པ་འཛིན་རྟོག་གཉིས་སུ་གསུངས་ཤིང་འཛིན་པ་གཉིས་དང་ཡུལ་དང་ཡུལ་ཅན་དུ་མ་བཤད་པའི་ཕྱིར། རྩ་བར། སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །ཅེས་དང། འགྲེལ་པ་ལས། སོ་སོའི་སྐྱེ་བོ་དང་འཕགས་པའི་གང་ཟག་དག་གོ་རིམ་བཞིན་དུ་སྐྱེས་བུ་རྫས་དང་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་དག་ཡོད་པས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྩ་བར་སེམས་ཅན་ཞེས་དང། འགྲེལ་པ་ལས་སྐྱེས་བུ་ཞེས་འཛིན་རྟོག་གི་ཡུལ་གསལ་བར་བཤད་པའི་ཕྱིར། གསེར་འཕྲེང་ལས། དེ་ནི་ཆེས་མི་འཐད་དེ། རྩོད་པའི་སྐབས་སུ་རྟོག་པ་དང་པོ་དང་གཉིས་པའི་རྣམ་བཞག་མ་ཁྱབ་བོ་ཞེས་རྟོག་པ་གཉིས་ལ་བརྩད་ཅིང། ཞེས་གསུངས་པའི་ཕྱིར། འགྲེལ་བཤད་ཚིག་གསལ་ལས། སོ་སྐྱེ་ཡུལ་དུ་བྱས་ནས་རྫས་ཡོད་དུ་འཛིན་པ་དང་འཕགས་པ་ཡུལ་དུ་བྱས་ནས་བཏགས་ཡོད་དུ་འཛིན་པ། ཞེས་བཤད་པ་དེ་ཡང་མི་འཐད་པར་ཐལ། འཕགས་སེང་གཉིས་ཀ་དང་མི་མཐུན་པའི་ཕྱིར། ཉི་སྣང་ལས། དེ་ལ་སོ་སོ་སྐྱེ་བོའི་རྣམ་པར་རྟོག་པ་དང་པོ་སྐྱེས་བུ་རྫས་སུ་ཡོད་པ་ལ་བརྟེན་པ་ནི། ཞེས་དང། དེ་ཉིད་ལས། གཉིས་པ་འཕགས་པའི་གང་ཟག་འཛིན་པའི་རྣམ་པར་རྟོག་པ་སྐྱེས་བུ་བཏགས་པར་ཡོད་པ་ལ་བརྟེན་པ་ནི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་དེ་གཉིས་རྟེན་དུ་བཤད་ཀྱི་ཡུལ་དུ་མ་བཤད་པའི་ཕྱིར། འགྲེལ་ཆེན་ལས་ཀྱང། སོ་སོ་སྐྱེ་བོ་དང་འཕགས་པའི་གང་ཟག་དག་ལ་གོ་རིམ་བཞིན་དུ་སྐྱེས་བུ་རྫས་དང་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པའི་རྣམ་རྟོག་གཉིས་ཡོད་པས། ཞེས་གསུངས་པའི་ཕྱིར། སྤང་བྱ་རྟོག་པའི་དཀའ་གནས་བཤད་ཅིང་རྒྱས་པར་སྔར་བཀྲོལ་ཟིན་ཏོ། །

    གཉིས་པ་གཉེན་པོ་མཐོང་ལམ་རྩེ་སྦྱོར་ལ་འབྲས་བུ་བྱང་ཆེན་དང། མཐོང་ལམ་གྱི་ངོ་བོ་གཉིས། དང་པོ་སྟོན་པར། དྲི་མ་ཟད་དང་མི་སྐྱེ་བའི། །སོགས་བྱུང། འདི་ལ་འཕྲོས་ནི། མདོ་ལས། ཀུན་དགའ་བོ་ཡུམ་ནི་ཟད་པར་བྱ་བར་སེམས་པ་དེ་ནི་ནམ་མཁའ་ཟད་པར་འདོད་དུ་ཟད་དོ། །ཡུམ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ནས། རྣམ་མཁྱེན་བར་ལ་གསུངས་ཤིང། ཆོས་དེ་དག་ལ་ནི་སྐྱེ་བ་ཡང་མེད་ན་དེ་དག་ཟད་པར་འགྱུར་བ་ལྟ་ག་ལ་ཡོད། ཅེས་པའི་དོན་བཤད་པར་འདི་བྱུང། །མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། སྒྲིབ་གཉིས་ཀྱི་དྲི་མ་ཟད་སྐྱེ་བདེན་པར་མེད་པར་མངོན་སུམ་དུ་རྟོགས་པའི་མཐར་ཐུག་གི་ཡེ་ཤེས་དེ། བྱང་ཆུབ་ཆེན་པོའི་མཚན་ཉིད་ཟེར་ན། འོ་ན། སྐུ་བཞི་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། བྱང་ཆུབ་ཆེན་པོ་ལ་སྐུ་བཞི་ཡོད་པའི་ཕྱིར། འགྲེལ་པ་ལས། ཆོས་ཀྱི་སྐུ་ལ་སོགས་པ་ཇི་ལྟ་བ་བཞིན་གྱི་བདག་ཉིད་བྱང་ཆུབ་ཆེན་པོ་ཡིན་པར་བརྗོད་དོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བྱང་ཆུབ་ཆེན་པོ་ལ་སྐུ་བཞི་ཡོད་པ་མི་འཐད་པར་ཐལ། འདིའི་ཐད་ཀྱི་འགྲེལ་ཆེན་ལས། ཆོས་ཀྱི་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟ་བ་བཞིན་གྱི་བདག་ཉིད་བྱང་ཆུབ་ཆེན་པོ་ཡིན་པར་བརྗོད། ཅེས་སོགས་སྒྲ་མི་འབྱུང་བའི་ཕྱིར་ན་མ་ཁྱབ། འོ་ན། བྱེད་མཚན་བཅུ་གཅིག་དང་བསལ་བྱ་ལོག་སྒྲུབ་བཅུ་དྲུག་གྲངས་འདྲེན་ཚུལ་འགྲེལ་ཆེན་དང་འགྲེལ་པ་འདི་གཉིས་མཐུན་པར་ཐལ། ཁྱོད་ཀྱི་དེ་སྒྲུབ་བྱེད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་དག་འགྲེལ་ཆེན་དང་འགྲེལ་པ་མི་མཐུན་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། གཞན་ཡང། མཚན་ཉིད་དེ་ཆོས་ཅན། བྱང་ཆུབ་ཆེན་པོ་ཁས་ལེན་མཁན་ཡིན་ན། ཁྱོད་ཁས་ལེན་པས་ཁྱབ་པར་ཐལ། ཁྱོད་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། སེམས་ཙམ་པས་དེ་ཁས་ལེན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་དྲི་མ་ཟད་སྐྱེ་གཉིས་བདེན་གྲུབ་ཏུ་འདོད་པའི་ཕྱིར། དེར་ཐལ། དེས་དངོས་པོ་བདེན་གྲུབ་ཏུ་འདོད་པའི་ཕྱིར། གཞན་ཡང། ཐེག་ཆེན་གྱི་མཐོང་ལམ་ཆོས་བཟོད་ཆོས་ཅན། མཚན་ཉིད་དེར་ཐལ། བྱང་ཆུབ་ཆེན་པོ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། གནས་སྐབས་ཀྱི་བྱང་ཆུབ་ཆེན་པོ་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཐ་མའི་ཡེ་ཤེས་དེ་རང་འབྲས་བྱང་ཆེན་དངོས་སུ་འབྱིན་བྱེད་ཡིན་པའི་ཕྱིར། དེར་ཐལ། ཚོགས་སྒྲུབ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེའི་ཐད་ཀྱི་པཎ་ཆེན་འབུམ་ཕྲག་གསུམ་པའི་རྒྱ་དཔེ་ལ་སོགས་སྒྲ་མེད་པས་སོགས་སྒྲ་མི་འཐད་ཟེར་ན། དེ་སྒྲུབ་བྱེད་དུ་མི་རུང་བར་ཐལ། རྒྱ་དཔེ་དེ་མ་དག་པར་མངོན་པར་ཕྱིར། དེར་ཐལ། འགྲེལ་པར་སོགས་སྒྲ་ཡོད་པའི་ཕྱིར། དེར་ཐལ། འགྲེལ་བཤད་གཉིས་ཀར་སོགས་སྒྲའི་བཤད་པ་མཛད་པའི་ཕྱིར། ཚིག་གསལ་ལས། ཆོས་ཀྱི་སྐུ་ལ་སོགས་པ་ཞེས་བྱ་བས་ནི་སྐུ་བཞི་ཆར་གཟུང་སྟེ། ཞེས་དང། གསེར་འཕྲེང་ལས། ཚིག་གསལ་ལས་སྐུ་ལྷག་མ་སོགས་ཁོང་ནས་བཏོན་ཞིང་རྟོགས་དཀར་ཡང་སོགས་སྒྲ་ཡོད་པས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། གནས་སྐབས་ཀྱི་བྱང་ཆུབ་མེད་ཟེར་ན། འོ་ན། རྣམ་བཤད་ལས། མཐའི་བྱང་ཆེན་གྱི་རྒྱུ་ཡང་སྟོན་པ་ཡིན་མོད་ཀྱི། གནས་སྐབས་ཀྱི་བྱང་ཆུབ་ཆེན་པོ་མཐོང་ལམ་རྩེ་སྦྱོར་གྱི་རྒྱུ་སྟོན་པ་ལ་ངེས་པར་སྦྱར་བར་བྱ་བ་ཁོ་ནའོ། །ཞེས་གསུངས་པ་མི་འཐད་པར་ཐལ། རྩ་བར། དེ་ཡི་རྒྱུ་ནི་ཡོངས་གཏོད་དང། །ཞེས་པའི་བྱང་ཆུབ་ཆེན་པོ་དེ་ལ་གནས་སྐབས་དང་མཐར་ཐུག་གི་བྱང་ཆེན་གཉིས་མེད་པའི་ཕྱིར། དེར་ཐལ། གནས་སྐབས་ཀྱི་བྱང་ཆུབ་ཆེན་པོ་མེད་པའི་ཕྱིར། ཁྱབ་སྟེ། དེ་ཞེས་པས་གནས་སྐབས་དང་མཐར་ཐུག་གི་བྱང་ཆེན་བསྟན་ཅིང། རྒྱུ་ནི་ཡོངས་གཏོད་ཅེས་པས་བྱང་ཆུབ་ཆེན་པོ་དེ་གཉིས་ཀྱི་རྒྱུར་གཞུང་ཤེར་ཕྱིན་མི་ཉམས་པར་གཏོད་ཚུལ་བཤད་པའི་ཕྱིར། མདོ་ལས། ཀུན་དགའ་བོ་དེ་བས་ན་ཤེར་ཕྱིན་ཟབ་མོ་འདི་ཁྱོད་ལ་གཏད་ཀྱིས། ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ། དྲི་མ་ཟད་སྐྱེ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་དེ། འདིར་བསྟན་བྱང་ཆུབ་ཆེན་པོའི་མཚན་ཉིད། སྤྱིར་བྱང་ཆུབ་ཆེན་པོ་ལ་སྐུ་གསུམ་ཡོད། རྩོད་སྤོང་ལ་ཁོ་ན་རེ། གནས་སྐབས་ཀྱི་བྱང་ཆེན་དེ་འདིར་བསྟན་བྱང་ཆུབ་ཡིན་པར་ཐལ། དེ་བསྟན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སྔར་བསྒྲུབས་ཟིན་དེའི་ཕྱིར།

    གཉིས་པ་ལ་དངོས་སྨྲའི་ཁས་ལེན་རིགས་པས་བཀག་པར་མ་ཟད་ནང་འགལ་སྟོན་པར། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཞེས་སོགས་དང། འགྲེལ་པར། དེ་ཡང་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར་ཞེས་སོགས་ཀྱི་མཐའ་དཔྱད་པ་ལ་གསུམ། དང་པོ་ལ་ཁ་ཅིག་ན་རེ། རྣལ་འབྱོར་གྱི་ས་འདི་དག་གི་དང་པོ་གཉིས་ཉན་ཐོས་སྡེ་པ་དང་སེམས་ཙམ་པ་ཁོ་ནར་སྦྱོར་བ་མི་འཐད་པར་ཐལ། དེ་དག་གི་ཐུན་མོང་མ་ཡིན་པའི་དོན་རྣམས་སྐབས་འདིར་དགག་བྱ་ཡིན་པའི་ཕྱིར། དེར་ཐལ། དེ་དག་གི་དོན་དམ་པར་འདོད་པ་འདི་དག་གིས་ཀུན་རྫོབ་ཏུ་འདོད་པའི་ཕྱིར། བདེན་གཉིས་ལས། གཞན་གྱིས་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱིས་ཀུན་རྫོབ་འདོད། །ཅེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྣལ་འབྱོར་གྱི་ས་བཞིར་བྱས་ནས་གཉིས་པ་རང་སངས་རྒྱས་ཀྱི་ལྟ་བ་དང་མཐུན། གསུམ་པ་སེམས་ཙམ་པའི་ལྟ་བ་དང་མཐུན་པའི་རྣལ་འབྱོར་གྱི་ས་བསྟན་ཟེར་བ་མི་འཐད་པར་ཐལ། རང་རྒྱལ་དང་སེམས་ཙམ་པའི་ལྟ་བ་མཐུན་པར་བཤད་ཟིན་པས་འདི་ཡང་ཁེགས་པའི་ཕྱིར། ཡང་ཁ་ཅིག་ན་རེ། གཉིས་པས་ཕྱི་རོལ་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་རྣལ་འབྱོར་གྱི་ས་བསྟན། གསུམ་པས་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་རྟོགས་པའི་རྣལ་འབྱོར་གྱི་ས་བསྟན་ཟེར་བ་ཡང་མ་བརྟག་ཉམས་དགའ་བ་ཙམ་ལས་དོན་མི་འཐད་པར་ཐལ། རྣལ་འབྱོར་གྱི་ས་གཉིས་པར་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་ལྟ་བ་བསྟན་པའི་ཕྱིར། ཁྱབ་སྟེ། དེ་ལས་ལྷག་པའི་ལྟ་བ་སེམས་ཙམ་པ་སུས་ཀྱང་ཁས་མ་བླངས་པའི་ཕྱིར། གཞན་ཡང་རྣལ་འབྱོར་གྱི་ས་བཞིར་བྱེད་པ་ཡང་ཤིན་ཏུ་མི་འཐད་པར་ཐལ། སྔོན་པོ་སྔོ་སྣང་ཤེས་པ་ལས་རྫས་གཞན་ཡིན་པ་ཁེགས་ནས། སྔོ་སྣང་ཤེས་པ་སྔོན་པོ་ལས་རྫས་ཐ་དད་པའི་གཟུང་འཛིན་རྫས་གཞན་མ་ཁེགས་པའི་གང་ཟག་གི་ཡིན་པ་མེད་པའི་ཕྱིར། རྣམ་འགྲེལ་ལས། དེ་ལ་གཅིག་ནི་མེད་པས་ཀྱང། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་གསུངས་པའི་ཕྱིར་དང། རྣམ་འགྲེལ་ལས། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཁོ་ན་རེ། རྣལ་འབྱོར་གྱི་ས་གཉིས་པར་སྔོན་པོ་ཕྱི་དོན་ཡིན་པ་ཁེགས་ཀྱང་ནང་ཤེས་པ་ལ་ལྟོས་པའི་གཟུང་བྱ་རྫས་གཞན་ཙམ་མི་ཁེགས་པས་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་རྣལ་འབྱོར་གྱི་ས་གསུམ་པས་སྟོན་ཟེར་བའང་ཤིན་ཏུ་མི་རིགས་པར་ཐལ། སྔ་མ་འགོག་པའི་རིགས་པས་ཕྱི་མ་ཁེགས་པའི་ཕྱིར། རྣམ་འགྲེལ་ལས། དེར་ཡང་བརྩད་པ་མཚུངས་ཕྱིར་ཏེ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སེམས་ཙམ་པའི་ལྟ་བ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་ནས་རྫོགས་པར་རྟོགས་ནུས་ལ་དེ་ལས་གོང་ན་དབུ་མ་པའི་ལྟ་བ་མ་གཏོགས་མེད་པའི་ཕྱིར། རིན་ཆེན་འཕྲེང་བ་ལས། ཁ་ཅིག་ལ་ནི་གཉིས་རྟེན་པ། །ཁ་ཅིག་ལ་ནི་གཉིས་མི་རྟེན། །ཟབ་མོ་ཁུ་འཁྲིགས་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྐང་པ་དང་པོས་བྱེ་མདོ་གཉིས་ལྟར་གཟུང་འཛིན་རྫས་ཐ་དད་དང། གཉིས་པས་གཟུང་འཛིན་གཉིས་མེད་དང། གསུམ་པས་ཟབ་མོ་དབུ་མའི་ལྟ་བ་སྟོན་པར་བཤད་པའི་ཕྱིར།

    གཉིས་པ་རང་ལུགས་ནི། མངོན་པར་རྟོགས་པའི་རྒྱན་འདིར་ལྟ་བ་ལ་ལྟོས་པའི་ཐེག་པའི་རིམ་པ་གསུམ་བསྟན་ཏེ། ཆུང་ངུ་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་དང། འབྲིང་པོ་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་ལྟ་བ་དང། ཆེན་པོ་བདག་མེད་རྟོགས་པའི་ལྟ་བ་བསྟན་པའི་ཕྱིར། དེ་ལྟར་སྟོན་པའི་རྒྱུ་མཚན་ནི་འདིས་རྗེས་སུ་གཟུང་རྒྱུའི་གདུལ་བྱ་དེ་ལ་རིགས་ཅན་གསུམ་དུ་ངེས་པ་དང་བསྒོམ་བྱའི་བདག་མེད་ཕྲ་རགས་གསུམ་དང། སྤང་བྱའི་སྒྲིབ་པ་གསུམ་དང། ཐོབ་བྱའི་བྱང་ཆུབ་དེ་ལ་མཆོག་འབྲིང་དམན་གསུམ་ཡོད་པའི་ཕྱིར། དེ་ལ་དགོངས་ནས་མཆོད་བརྗོད་དུ་དང་པོར་གཞི་ཤེས་དང། དེ་ནས་ལམ་ཤེས་གསུམ་དང། རྣམ་མཁྱེན་དང། མཁྱེན་གསུམ་གྱི་ཤེས་མཚན་གསུམ་དང། སྦྱོར་བ་གསུམ་དང། འདིར་རྣལ་འབྱོར་གྱི་ས་གསུམ་བསྟན་པའི་ཕྱིར། དེ་ལྟར་བསྟན་པའི་དགོས་པ་ཡོད་དེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དེས་ཀྱང་དང་པོར་གང་ཟག་གི་བདག་མེད་དང། དེ་རྗེས་སུ་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དང། དེ་རྗེས་ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་ནས་སྒོམ་པའི་རིམ་པ་ཤེས་པའི་ཆེད་ཡིན་པའི་ཕྱིར་ཏེ། དེ་དོན་དུ་གཉེར་བའི་གདུལ་བྱ་རྗེས་སུ་འཛིན་པར་འདོད་དགོས་པ་དེའི་ཕྱིར། རྣམ་འགྲེལ་ལས། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན ཞེས་གསུངས་པའི་ཕྱིར། འོ་ན། གཞུང་ཚན་པ་བཞི་འབྱུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡོད་དེ། རྣལ་འབྱོར་ཀྱིས་ས་གཉིས་པར་མཉམ་བཞག་ཏུ་སྒོམ་ཚུལ་དང། རྗེས་ཐོབ་ཏུ་ཡིད་ལ་བྱེད་ཚུལ་བསྟན་པའི་ཆེད་ཡིན་པའི་ཕྱིར། དང་པོ་དང་ཐ་མ་གཉིས་ལ་དེ་ལྟར་དངོས་སུ་མ་སྨོས་ཀྱང་གོ་ནུས་ཏེ། བར་པས་བཤད་ཚུལ་དེ་གཉིས་ལ་ཡོད་པར་རྟོགས་ནུས་པའི་ཕྱིར། འདིར་རྣལ་འབྱོར་གྱི་ས་གསུམ་བསྟན་པ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་སྒོམ་རིམ་ལས་བསྟན་པ་ཡིན་ཏེ། རིགས་ཅན་གསུམ་གྱི་ལྟ་བའི་སྒོམ་ཚུལ་བསྟན་པའི་ཕྱིར་ཏེ། སྒོམ་རིམ་དང་པོ་ལས། དེ་ལ་འཕགས་པ་ལང་གཤེགས་ལས། ཤེས་རབ་སྒོམ་པའི་རིམ་པ་མདོར་བཀའ་བསྩལ་ཏེ། སེམས་ཙམ་ལ་ནི་རབ་བརྟེན་ནས། །ཕྱི་རོལ་དོན་ལ་མི་བརྟག་གོ །དེ་བཞིན་ཉིད་ཀྱི་དམིགས་གནས་ནས། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །ནས། ཡེ་ཤེས་དམ་པ་བདག་མེད་པར། །སྣང་བ་མེད་པས་མཐོང་བར་འགྱུར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚིག་གསལ་ལས་ཀྱང། དེ་ལ་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སྙིང་པོའི་དོན་སྒོམ་པའི་རིམ་པ་ཡིད་ལ་བྱ་བ་འདི་ནི། ཞེས་དང། རྟོགས་དཀའ་ལས་ཀྱང། ཐམས་ཅད་དུ་འགྲོ་བའི་བདག་མེད་བསྟན་པ་ནི་བྱང་ཆུབ་ཇི་ལྟ་བུ་ཡིན་པ་བླ་མའི་མན་ངག་མདོར་བསྡུས་ཏེ་བསྟན་པས་འཇུག་པའི་སྒོ་ནས། ཞེས་གསུངས་པའི་ཕྱིར་དང། གསེར་འཕྲེང་ལས། འདིར་བསྟན་པ་བཞི་དབུ་མའི་སྒོམ་རིམ་དུ་འགྲེལ་བཤད་གཉིས་ཀྱང་བཞེད་དེ། ཞེས་དང། རྣམ་བཤད་ལས་ཀྱང། འདིར་རྣལ་འབྱོར་གྱི་ས་བཤད་པ་འདི་དག་མངོན་པར་རྟོགས་པའི་རྒྱན་ལས་ཇི་ལྟར་གསུངས་པའི་སྙིང་པོའི་དོན་སྒོམ་པའི་རིམ་པ་སྟོན་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། བྱང་སེམས་ཚོགས་ལམ་པས་སྐྱེ་འཇིག་ཅན་གྱི་རྟགས་ཀྱིས་ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་མེད་དུ་བསམ་བྱུང་གིས་གཏན་ལ་ཕབ་ནས་སྒོམ་པ་ལ་ཆོས་ཅན། དགོས་པ་ཡོད་དེ། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་འཛིན་པ་དང་གང་ཟག་གི་བདག་འཛིན་སྤང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། བྱང་སེམས་ཚོགས་ལམ་པས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྔོན་པོ་སྔོན་འཛིན་རྫས་གཞན་གྱིས་སྟོང་པར་གཏན་ལ་ཕབ་ནས་སྒོམ་པ་ལ་ཆོས་ཅན། དགོས་པ་ཡོད་དེ། གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྗེས་སུ་གཟུང་བ་དང་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤོང་ཆེད་ཡིན་པའི་ཕྱིར། འདི་ནི་སྐབས་གཉིས་པ་དང་གསུམ་པའི་གཞི་ཤེས་སྒོམ་ཚུལ་ཡིན་ཏེ། དེ་ཡང་ཐེག་ཆེན་ཚོགས་ལམ་ནས་མཐོང་ལམ་བར་དུ་སྒོམ་མོ། །བྱང་སེམས་ཚོགས་ལམ་པས་རྟེན་འབྲེལ་གྱི་རྟགས་ཀྱིས་གཉིས་མེད་ཀྱི་ཤེས་པ་བདེན་མེད་དུ་གཏན་ལ་ཕབ་ནས་སྒོམ་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་ཆེད་ཡིན་པའི་ཕྱིར།

རྩོད་པ་སྤོང་བ་ལ་ཁོ་ན་རེ། ཁྱོད་ཆོས་དེ་དང་ཕན་ཚུན་ཐ་དད་གང་ཞིག །ཁྱོད་དམིགས་བྱེད་ཀྱི་ཚད་མ་ཡིན་ན་དེ་དམིགས་བྱེད་ཀྱི་ཚད་མ་ཡིན་པས་ཁྱབ་པ་དེ། ཁྱོད་ཆོས་དེ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་མཚན་ཉིད་ཟེར་ན། སྔོན་པོ་ཆོས་ཅན། ཁྱོད་དམིགས་བྱེད་ཀྱི་ཚད་མ་ཡིན་ན་སྔོན་འཛིན་ཚད་མ་དམིགས་བྱེད་ཀྱི་ཚད་མ་ཡིན་པས་ཁྱབ་པ་དང། སྔོན་འཛིན་ཚད་མ་དམིགས་བྱེད་ཀྱི་ཚད་མ་ཡིན་ན་ཁྱོད་དམིགས་བྱེད་ཀྱི་ཚད་མ་ཡིན་པས་ཁྱབ་པར་ཐལ། ཁྱོད་སྔོན་འཛིན་ཚད་མ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། འདོད་ན། སྔོན་འཛིན་ཚད་མ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཚད་མ་ཆོས་ཅན། སྔོན་པོ་ཉམས་མྱོང་གི་ཚད་མར་ཐལ་ལོ། །སྔོན་འཛིན་ཚད་མ་ཉམས་མྱོང་གི་ཚད་མ་ཡིན་པའི་ཕྱིར། དེ་ཡོད་པའི་ཕྱིར། མ་གྲུབ་ན། སྔོན་འཛིན་ཚད་མ་ཆོས་ཅན། ཁྱོད་ཉམས་མྱོང་གི་རང་རིག་ཚད་མ་ཡོད་པར་ཐལ། ཁྱོད་ཚད་མ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་དངོས་ཡུལ་ལ་ཤེས་པས་མ་ཁྱབ་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། འཛིན་རྣམ་མ་ཡིན་པར་ཐལ་ལོ། །གཞན་ཡང། སྔོན་འཛིན་མིག་ཤེས་ཆོས་ཅན། སྔོན་འཛིན་ཚད་མ་དམིགས་པར་ཐལ་ལོ། །སྔོན་པོ་དམིགས་པའི་ཚད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་འགྲེལ་ལས། དབང་པོའི་སེམས་ནི་ངེས་ཕྱིར་དང། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྔོན་པོ་དང་སྔོན་འཛིན་གྱི་ཤེས་པ་ལྷན་ཅིག་དམིགས་ངེས་ཡིན་ཟེར་ན། སྔོན་པོ་ཆོས་ཅན། སྔོན་འཛིན་ཤེས་པ་ཡོད་ན་ཁྱོད་ཡོད་པས་ཁྱབ་པར་ཐལ། ཁྱོད་དེ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་མཆོག་གི་འགྲེལ་པ་ལས། ལྷན་ཅིག་པ་ནི་དུས་མཉམ་པའོ། །དམིགས་པ་ནི་རྟོགས་པའོ། །ངེས་པ་ནི་ཁྱབ་པའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། སྔོན་པོ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། སྔོན་པོ་ཡོད་པར་ཐལ། སྔོན་འཛིན་ཤེས་པ་ཡོད་པའི་ཕྱིར། དེར་ཐལ། སྔོན་པོ་ཞེས་པའི་སྒྲ་ཡོད་པའི་ཕྱིར། ཁྱབ་སྟེ། རྟོག་ཡུལ་ན་ཡོད་པ་དེ། སྔོན་པོ་ཞེས་པའི་སྒྲ་ཆོས་ཐམས་ཅད་ལ་འཇུག་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། གོང་དུ་འདོད་ན། སྔོན་པོ་མེད་པར་ཐལ། སྔོན་པོའི་དགག་གཞི་ཡིན་པའི་ཕྱིར། ཡང་ཁོ་ན་རེ། སྔོན་པོ་དང་སྔོ་སྣང་དབང་ཤེས་ལྷན་ཅིག་དམིགས་ངེས་ཡིན་ཞེ་ན། སྔོར་སྣང་དབང་ཤེས་ཡོད་ན་ཁྱོད་ཡོད་དགོས་པར་ཐལ། ཁྱོད་དང་སྔོར་སྣང་དབང་ཤེས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྔོན་པོ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཡོད་པའི་ཕྱིར། དེར་ཐལ། ཆོས་དེ་སྣང་བའི་དབང་ཤེས་ཡོད་ན་ཆོས་དེ་ཡོད་མི་དགོས་པའི་ཕྱིར། མ་གྲུབ་ན། ཟླ་གཅིག་ཟླ་གཉིས་ཡིན་པ་ཡོད་པར་ཐལ། ཟླ་གཅིག་ཟླ་གཉིས་ཡིན་པ་སྣང་བའི་དབང་ཤེས་ཡོད་པའི་ཕྱིར། རིགས་པའི་དབང་ཕྱུག་གིས། རྣམ་ཤེས་འཁྲུལ་བས་ཟླ་བ་གཉིས། །མེད་པར་ཐ་དད་མཐོང་བ་བཞིན། །ཞེས་པའི་ལུང་དོན་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། གཅིག་ཡིན་ན་དུ་མ་མ་ཡིན་དགོས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ལྷན་ཅིག་དམིགས་ངེས་ཀྱི་དོན་རང་རིག་མངོན་སུམ་གཅིག་གིས་ཅིག་ཅར་དམིགས་པས་ཁྱབ་པའི་དོན་ཡིན་ཟེར་ན། འོ་ན། སྔོན་འཛིན་མིག་ཤེས་མྱོང་བའི་རང་རིག་གིས་སྔོན་པོ་ལ་དངོས་སུ་དམིགས་པར་ཐལ་ལོ། །སྔོན་པོ་དང་སྔོན་འཛིན་དབང་ཤེས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན ཞེས་གསུངས་པའི་ཕྱིར། འདོད་ན། སྔོན་འཛིན་དབང་ཤེས་མྱོང་བའི་རང་རིག་ཆོས་ཅན། གཞན་རིག་ཡིན་པར་ཐལ་ལོ། །འདོད་པ་དེའི་ཕྱིར། འཁོར་གསུམ། འདོད་ན། མིག་ཤེས་ཀྱི་འཛིན་རྣམ་ལ་གཟུང་རྣམ་འཛིན་རྣམ་གཉིས་ཡོད་པར་ཐལ་ལོ། །འདོད་པ་དེའི་ཕྱིར།

    ཡང་ཁ་ཅིག་ན་རེ། སེམས་ཅན་ཐམས་ཅད་ཀྱི་བློ་ལ་ལྟོས་པའི་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཞེས་པ་རྟགས་སུ་འགོད་ཟེར་ན། ཤིན་ཏུ་མི་རུང་བར་ཐལ། སེམས་ཅན་ཐམས་ཅད་ཀྱི་བློ་དང་ལྷན་ཅིག་དམིགས་ངེས་ཡིན་པ་གཞི་མ་གྲུབ་པའི་ཕྱིར། དེ་ལ་ཁོ་ན་རེ། རྟགས་མ་གྲུབ་སྟེ། སེམས་ཅན་གཅིག་གི་བློས་སྔོན་པོ་དམིགས་ན་སྔོན་འཛིན་མིག་ཤེས་ཀྱང་དམིགས་པས་ཁྱབ་པས་དེ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་བློ་ལ་ལྟོས་པའི་ལྷན་ཅིག་དམིགས་ངེས་འཇོག་པའི་ཕྱིར་ཟེར་ན། འོ་ན། ཤེས་བྱ་ཆོས་ཅན། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་དེའི་སྤང་བྱ་བདག་འཛིན་གཉིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལྟོས་པའི་སྤང་གཉེན་ཡིན་པར་ཐལ། སེམས་ཅན་གཅིག་གི་རྒྱུད་ལ་བདག་མེད་རྟོགས་པའི་ཤེས་རབ་སྐྱེས་ན་དེའི་སྤང་བྱ་བདག་འཛིན་སྤོང་བ་བཞིན་དུ་སེམས་ཅན་གང་གི་རྒྱུད་ལ་ཡང་ཤེས་རབ་དེ་སྐྱེས་ན་སྤང་བྱ་བདག་འཛིན་དེ་སྤོང་བས་ཁྱབ་པའི་ཕྱིར། འདོད་ན། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལྟོས་པའི་གཉེན་པོར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། རང་རྒྱུད་ལ་གཉེན་པོ་བདེན་མེད་རྟོགས་པའི་ཤེས་རབ་དེ་མེད་པའི་སེམས་ཅན་མི་སྲིད་པར་ཐལ་ལོ། །ཡང་མང་པོ་ན་རེ། ལྷན་ཅིག་དམིགས་ངེས་ཀྱི་དོན་སྔོན་པོ་དངོས་སུ་དམིགས་ན་བློ་དེས་སྔོན་འཛིན་མིག་ཤེས་ཀྱང་དངོས་སུ་དམིགས་པས་ཁྱབ། སྔོན་འཛིན་མིག་ཤེས་དངོས་སུ་དམིགས་པ་ན་བློ་དེས་སྔོན་པོ་ཡང་དངོས་སུ་དམིགས་པས་ཁྱབ་ཟེར་རོ། །འོ་ན། སྔོན་འཛིན་མིག་ཤེས་དེས་སྔོན་འཛིན་མིག་ཤེས་དངོས་སུ་དམིགས་པར་ཐལ། སྔོན་འཛིན་མིག་ཤེས་དེས་སྔོན་པོ་དངོས་སུ་དམིགས་པའི་ཕྱིར། འཁོར་གསུམ། འདོད་ན། སྔོན་འཛིན་མིག་ཤེས་སྔོན་འཛིན་མིག་ཤེས་ལ་རང་རིག་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། ཤེས་པ་རྣམས་རང་གི་ངོ་བོ་ལ་རང་རིག་ཡིན་པར་ཐལ། སྔོན་འཛིན་མིག་ཤེས་ལ་དེའི་ཕྱིར། འདོད་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་རང་གི་ངོ་བོ་ལ་རང་རིག་ཡིན་པར་ཐལ་ལོ། །ཤེས་པ་ཐམས་ཅད་ལ་དེའི་ཕྱིར། འདོད་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མའི་ངོ་བོ་ཆོས་ཅན། ཁྱོད་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མའི་དངོས་ཡུལ་ཡིན་པར་ཐལ། དེ་ཁྱོད་དངོས་སུ་འཇལ་བའི་ཚད་མ་ཡིན་པའི་ཕྱིར། རྟགས་ཁས། མ་གྲུབ་ན། དེ་ཁྱོད་ལ་རང་རིག་མངོན་སུམ་ཡིན་པ་བུད། འདོད་ན། དེ་ཆོས་ཅན། ཁྱོད་རང་རྒྱུད་ལྡན་གྱི་གང་ཟག་གི་ངོར་ལྐོག་གྱུར་ཡིན་པར་ཐལ། ཁྱོད་རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་རྗེས་དཔག་ཚད་མའི་གཞལ་བྱ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རང་བློ་རང་ལ་ལྐོག་གྱུར་དུ་ཐལ་ལོ། །

    གཞན་ཡང། རྗེས་དཔག་ཆོས་ཅན། ཁྱོད་རྟོག་བྲལ་ཡིན་པར་ཐལ། ཁྱོད་གཟུང་ཡུལ་རང་མཚན་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རང་གི་ངོ་བོ་རང་མཚན་མངོན་སུམ་དུ་སྣང་བའི་རང་རིག་ཡིན་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། རྟོག་པ་ཡིན་པའི་ཕྱིར། རྗེས་དཔག་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང། དབང་ཤེས་ཀྱི་ཡུལ་ཕྱི་རོལ་ཁོ་ན་མ་ཡིན་པར་ཐལ། སྔོན་འཛིན་མིག་ཤེས་ཀྱིས་སྔོན་འཛིན་མིག་ཤེས་རྟོགས་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། དབང་ཤེས་ཀྱི་ཡུལ་ཕྱི་རོལ་ཁོ་ན་ཡིན་པའི་ཕྱིར། རྣམ་འགྲེལ་ལས། དབང་པོའི་སེམས་ནི་ངེས་ཕྱིར་དང། །ཞེས་གསུངས་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག །ལྷན་ཅིག་དམིགས་ངེས་ཞེས་པའི་དམིགས་པ་ཚད་མས་དམིགས་པར་འདོད་བཞིན་དུ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱི་མཐུན་དཔེར་ཟླ་གཉིས་དང་ཟླ་བ་གཉིས་སྣང་གི་དབང་ཤེས་བཞིན་ཟེར། འོ་ན། ཟླ་གཅིག་ཟླ་གཉིས་ཚད་མས་དམིགས་པར་ཐལ། དམིགས་པའི་དོན་ཚད་མས་དམིགས་པ་ལ་བྱེད་ཅིང་ཟླ་གཅིག་ཟླ་གཉིས་ལྷན་ཅིག་དམིགས་ངེས་ཀྱི་མཐུན་དཔེ་ཡིན་པ་དེའི་ཕྱིར། ཁྱབ་སྟེ། མདོར་ན་སྔོ་སོགས་དབང་ཤེས་ལས་དོན་གཞན་མིན་བཞིན་དུ་སྣང་བའི་དཔེར་འགོད་རིགས་ཀྱང། གཞན་ལ་ལྷན་ཅིག་དམིགས་ངེས་ཡིན་པར་སྒྲུབ་པའི་མཐུན་དཔེར་འགོད་མི་རིགས་པའི་ཕྱིར་ཏེ། ཇི་སྐད་དུ། རྣམ་ཤེས་འཁྲུལ་བས་ཟླ་བ་གཉིས། །མེད་པར་ཐ་དད་མཐོང་བ་བཞིན། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྔོན་འཛིན་མིག་ཤེས་དང་དེ་ལ་སྣང་བའི་སྔོན་པོ་གཉིས་ནི་གཅིག་དངོས་སུ་དམིགས་པའི་བློས་གཅིག་ཤོས་ཀྱང་དངོས་སུ་དམིགས་པར་འདོད་ཀྱི། སྔོན་པོ་ཙམ་དང་མ་ཡིན་ནོ་ཞེ་ན། འོ་ན། ལྷས་སྦྱིན་དང་མཆོད་སྦྱིན་གཉིས་ཀྱི་མིག་ཤེས་གཉིས་ཀྱིས་ཡུལ་སྔོན་པོ་གཅིག་ཐུན་མོང་དུ་དངོས་སུ་དམིགས་པའི་ཚེ་དེ་འདྲ་བའི་ལྷས་སྦྱིན་གྱི་མིག་ཤེས་ཆོས་ཅན། ཁྱོད་མཆོད་སྦྱིན་གྱི་མིག་ཤེས་དེས་དངོས་སུ་དམིགས་པར་ཐལ། ཁྱོད་ཀྱིས་མཆོད་སྦྱིན་གྱི་མིག་ཤེས་ལ་སྣང་བའི་སྔོན་པོ་དེ་དངོས་སུ་དམིགས་པའི་ཕྱིར། དེར་ཐལ། སྔོན་པོ་ལ་ལྟ་བའི་ལྷས་སྦྱིན་དང་མཆོད་སྦྱིན་གྱི་མིག་ཤེས་གཉིས་ཀས་སྔོན་པོ་གཅིག་ལ་ཐུན་མོང་དུ་དམིགས་པའི་ཕྱིར་ན། རིགས་རྒྱན་གྱིས་མ་ཁྱབ་སྟེ། གཅིག་ལ་སྣང་བ་གཅིག་ཤོས་ལ་མི་སྣང་ཟེར། སྡེ་བདུན་རྒྱན་ལྟར་ན་གཅིག་ལ་སྣང་བ་གཅིག་ཤོས་ལ་མི་སྣང་བ་རྟགས་མ་གྲུབ་སྟེ། དེ་གཉིས་རིགས་མཐུན་གྱི་བག་ཆགས་སད་པའི་མིག་ཤེས་ཅན་ཡིན་པའི་ཕྱིར། རྣམ་འགྲེལ་ལས། རིགས་མཐུན་བག་ཆགས་སད་པ་ཅན། །ཞེས་གསུངས་པའི་ཕྱིར། དེས་ན་སྡེ་བདུན་རྒྱན་ལྟར་ན། སྔོན་པོ་དང་སྔོན་འཛིན་ཚད་མ་དུས་མཉམ་དུ་ཚད་མས་དམིགས་པས་ཁྱབ་ཀྱང་སྔོན་པོ་དམིགས་བྱེད་ཀྱི་ཚད་མ་གཅིག་གིས་སྔོན་འཛིན་ཀྱང་གྲུབ་པར་མི་བཞེད་པའི་ཕྱིར། འདི་ལེགས་པར་སེམས་ཏེ། ཆོས་མཆོག་གིས་འགྲེལ་པ་ལས། ཤེས་བྱ་དམིགས་པ་ནི་ཤེས་པ་དམིགས་པའི་བདག་ཉིད་ཅན་ཡིན་གྱི་གཞན་དུ་ནི་མ་ཡིན་ལ་ཤེས་པ་དམིགས་པ་ཡང་ཤེས་བྱ་དམིགས་པའི་བདག་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཤེས་བྱ་དམིགས་པ་ནི་ཤེས་པ་དམིགས་པ་དང་བདག་གཅིག་འབྲེལ་དང་ཤེས་པ་དམིགས་པ་ཡང་ཤེས་བྱ་དམིགས་པ་དང་བདག་ཉིད་གཅིག་པ་ཅན་གྱི་འབྲེལ་པར་བཤད་པའི་ཕྱིར། འདི་རིགས་རྒྱན་གྱི་ཡང་དགོངས་པར་སྣང་ངོ་། །བཙུན་པ་དགེ་འདུན་སྲུང་བ་ན་རེ། རྫས་གཅིག་པ་དང་ལྷན་ཅིག་པ་འགལ་བར་ཐལ། ལྷན་ཅིག་པ་ལ་རྫས་གཞན་གྱིས་ཁྱབ་པའི་ཕྱིར། དེ་སྐད་དུ། ཕྱི་རོལ་དོན་གྲུབ་ལས། ལྷན་ཅིག་གཟུང་བ་གཅིག་འཛིན་བློ། །གཅིག་པར་འདོད་ན་དེ་མ་གྲུབ། །ཅེས་སོ། །དེ་ཤིན་ཏུ་མི་འཐད་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་ན་རྫས་གཞན་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཕན་ཚུན་ཐ་དད་གཅིག་དམིགས་ན་གཅིག་ཤོས་དམིགས་དགོས་ན་འབྲེལ་བ་གྲུབ་པས་ཁྱབ་ཅིང། ལྷན་ཅིག་གམ་དུས་མཉམ་དུ་དམིགས་དགོས་པས་དེ་བྱུང་འབྲེལ་ཁེགས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན་ལྷན་ཅིག་དམིགས་ངེས་ཡིན་ན་བདག་གཅིག་འབྲེལ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་ཅིང། རྟགས་གྲུབ་སྟེ། ཕན་ཚུན་བདག་ཉིད་གཅིག་ཡིན་ན་རྫས་གཞན་མ་ཡིན་དགོས་པའི་ཕྱིར། རྣམ་ངེས་ལས། རང་བཞིན་ཐ་དད་པ་ལ་ནི་འདི་འཐད་པ་མ་ཡིན་ཏེ། འབྲེལ་པའི་རྒྱུ་མཚན་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་དགེ་འདུན་སྲུང་བ་ན་རེ། ལྷན་ཅིག་དམིགས་ངེས་ལ་རྫས་གཞན་ཡིན་པས་ཁྱབ་པར་ཐལ། སེམས་སེམས་བྱུང་གཉིས་ལྷན་ཅིག་དམིགས་ངེས་ཡིན་ཀྱང་རྫས་གཞན་ཡིན་པ་གང་ཞིག།།སངས་རྒྱས་ཀྱི་ཡེ་ཤེས་དང་སེམས་ཅན་གྱི་ཤེས་པ་ལྷན་ཅིག་དམིགས་ངེས་ཡིན་ཀྱང་རྫས་གཞན་ཡིན་ཟེར་ཏེ། དེ་ཉིད་ཀྱིས། སངས་རྒྱས་ཡེ་ཤེས་གཞན་སེམས་དང། །སེམས་དང་སེམས་ལས་བྱུང་རྣམས་ཀྱིས། །གཏན་ཚིགས་འདི་ནི་འཁྲུལ་ཕྱིར་རོ ཞེས་སོ། །དེའི་རྟགས་རེ་རེ་ནས་མ་གྲུབ་སྟེ། སེམས་སེམས་བྱུང་གཉིས་ལྷན་ཅིག་དམིགས་ངེས་མ་ཡིན་པ་གང་ཞིག །སངས་རྒྱས་ཀྱི་ཡེ་ཤེས་དང་སེམས་ཅན་གྱི་ཤེས་པ་གཉིས་ཀྱང་ལྷན་ཅིག་དམིགས་ངེས་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སེམས་མ་དམིགས་པར་སེམས་བྱུང་དམིགས་པ་ཡོད་ཅིང་སེམས་བྱུང་མ་དམིགས་པར་སེམས་དམིགས་པ་ཡོད་པའི་ཕྱིར། དེར་ཐལ། དེ་གཉིས་སོ་སོར་ཚད་མས་དེ་ལྟར་དམིགས་པ་ཡོད་པའི་ཕྱིར། ཆོས་མཆོག་གི་འགྲེལ་པ་ལས། སེམས་དང་སེམས་ལས་བྱུང་བས་ཀྱང་འཁྲུལ་པར་མི་འགྱུར་ཏེ། དེ་དག་རྣམས་ཀྱང་སོ་སོར་བདག་ཉིད་ཡང་དག་པར་རིག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སེམས་ཅན་གྱི་ཤེས་པ་དམིགས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་མ་དམིགས་པ་མཐའ་ཡས་ཡོད་པའི་ཕྱིར། འདི་དག་དཀའ་གནས་མཐར་ཐུག་ཡིན་པས་ཅུང་ཟད་བཤད་དོ། །ཡང་ཁ་ཅིག །ལྷན་ཅིག་དམིགས་ངེས་ཀྱི་དོན་གཅིག་ཡོད་པའི་ཡུལ་དུས་དེར་གཅིག་ཤོས་ཀྱང་ཡོད་པས་ཁྱབ་པ་ཡིན་ཟེར་ན། འོ་ན། བུ་རམ་གྱི་རོ་གཟུགས་ད་ལྟར་བ་ཡང་ལྷན་ཅིག་དམིགས་ངེས་ཡིན་པར་ཐལ་ལོ། །ལྷན་ཅིག་དམིགས་ངེས་ཀྱི་གོ་དོན་འཐད་པའི་ཕྱིར། འདོད་ན། བུ་རམ་གྱི་གཟུགས་མཐོང་ན་བུ་རམ་གྱི་རོ་མྱོང་བས་ཁྱབ་པར་ཐལ་ལོ། །འདོད་པའི་ཕྱིར། འཁོར་གསུམ། དེ་བས་ན་ལྷན་ཅིག་དམིགས་པར་ངེས་པའི་དོན་འདི་ཡིན་ཏེ། ལྷན་ཅིག་ཅེས་པ་སྐབས་འདིར་ཡུལ་དུས་གཅིག་པའི་དོན་དང། དམིགས་པ་ནི་ཚད་མས་དམིགས་པ་དང། ངེས་པ་ནི་ཁྱབ་པའི་དོན་ཡིན་པས། གཅིག་ཚད་མས་མྱོང་བའི་དུས་སུ་དེའི་གཅིག་ཤོས་ཀྱང་མྱོང་པས་ཁྱབ་ལ། གཅིག་ཤོས་ཚད་མས་མྱོང་དུས་ཀྱང་གཅིག་ཚད་མས་མྱོང་བས་ཁྱབ་ཅེས་པའི་དོན་ཡིན་པའི་ཕྱིར་ཏེ། དཔེར་ན། སྔོན་པོ་སྔོན་འཛིན་མངོན་སུམ་ཚད་མས་མྱོང་དུས་སྔོན་འཛིན་མངོན་སུམ་ཡང་རང་མྱོང་བའི་རང་རིག་མངོན་སུམ་ཚད་མས་མྱོང་བས་ཁྱབ་ལ། སྔོན་འཛིན་མངོན་སུམ་ཚད་མ་རང་རིག་མངོན་སུམ་ཚད་མས་མྱོང་བའི་དུས་སུ་སྔོན་པོ་ཡང་སྔོན་འཛིན་མངོན་སུམ་ཚད་མས་མྱོང་བས་ཁྱབ་ཅེས་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དང། སྔོན་པོ་དང་ནི་དེའི་བློ་དག །ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །ཞེས་དང། ཆོས་མཆོག་གི་འགྲེལ་པ་ལས། ཤེས་བྱ་དམིགས་པ་ནི་ཤེས་པ་དམིགས་པའི་བདག་ཉིད་ཅན་ཡིན་གྱི་གཞན་དུ་ནི་མིན་ལ། ཤེས་པ་དམིགས་པ་ཡང་ཤེས་བྱ་དམིགས་པའི་བདག་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ཕན་ཚུན་ཡུལ་ཡུལ་ཅན་ལ་བདག་གཅིག་འབྲེལ་ཡིན་པས་ཁྱབ་པ་བསྟན་པའི་ཕྱིར། རང་བཞིན་ཐ་དད་པ་ལ་ལྷན་ཅིག་དམིགས་ངེས་ཀྱི་འབྲེལ་བ་མི་རུང་པའི་ཕྱིར། རྣམ་ངེས་ལས། རང་བཞིན་ཐ་དད་པ་ལ་ནི་འདི་འཐད་པ་མ་ཡིན་ཏེ། འབྲེལ་བའི་རྒྱུ་མཚན་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། སྡེ་བདུན་རྒྱན་ལས། དེ་བས་ན་ལྷན་ཅིག་དམིགས་པར་ངེས་པའི་དོན་ནི་འདི་ཡིན་ཏེ། ཞེས་པ་ནས། སྔོན་འཛིན་མངོན་སུམ་ཚད་མས་མྱོང་བས་ཁྱབ་ཅེས་པ་ལྟ་བུ། ཞེས་དང། རིགས་རྒྱན་ལས་ཀྱང། སྔོན་པོ་ཆོས་ཅན། སྔོན་འཛིན་ཤེས་པ་དང་ལྷན་ཅིག་དམིགས་ངེས་ཡིན་ཏེ། སྔོན་འཛིན་ཤེས་པ་དང་ཐ་དད་གང་ཞིག །ཁྱོད་དམིགས་ན་སྔོན་འཛིན་ཤེས་པ་དམིགས་པའི་བདག་ཉིད་དུ་སྐྱེས་པས་ཁྱབ། དེ་དམིགས་ན་ཡང་ཁྱོད་དམིགས་བྱེད་ཀྱི་བདག་ཉིད་དུ་སྐྱེས་པས་ཁྱབ་པའི་ཕྱིར། ཞེས་སོ། །

    གཉིས་པ་མཐོང་ལམ་རྩེ་མོས་སྒྲིབ་པ་སྤོང་ཚུལ་སྟོན་པར། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་སོགས་བྱུང། འཕྲོས་དང་མཐའ་དཔྱད་པ་གཉིས། དང་པོ་ནི། མདོ་ལས། རབ་འབྱོར། དེ་རྣམ་ཐར་བརྒྱད་པོ་དེ་དག་དང། མཐར་གྱིས་གནས་པའི་སྙོམས་འཇུག་དགུ་པོ་དེ་དག་ཕྱེ་ཞིང། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ནས། རྟེན་ཅིང་འབྲེལ་བར་འབྱུང་བ། ཞེས་སོགས་ཀྱི་དོན་སྟོན་པར་འདི་བྱུང། མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ། ཤནྟི་པའི་དག་ལྡན་ལས། སྐབས་འདིའི་སེང་གེ་རྣམ་བསྒྱིངས་དེ་ཐོད་རྒལ་སྦྱོར་བའི་སེང་གེ་རྣམ་བསྒྱིངས་དེ་ཡིན་པར་བཤད་དེ། གསེར་འཕྲེང་ལས། སེང་གེ་རྣམ་བསྒྱིངས་ནི། ནས། ཐོད་རྒལ་གྱི་སྦྱོར་བ་ལ་བཤད་པའི་སེང་གེ་རྣམ་བསྒྱིངས་དེ་ཡིན་པར་འཆད། ཅེས་གསུངས་པའི་ཕྱིར། དེ་མི་འཐད་པར་ཐལ། ཚིག་དོན་གང་ལའང་དེ་གཉིས་མི་གཅིག་པའི་ཕྱིར། དེར་ཐལ། ཚིག་ལ་དེ་གཉིས་གཅིག་པ་མི་འཐད་པ་གང་ཞིག །དེ་གཉིས་འགལ་བ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དྲུག་ཚན་དྲུག་རྫོགས་རྗེས་ཀྱི་སེང་གེ་རྣམ་བསྒྱིངས་སྐབས་སུ་རྟེན་འབྲེལ་རྟོགས་ཚུལ་མདོ་ལ་མེད་པའི་ཕྱིར། ཉི་ཁྲི་ལས། དེ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དེ་བཏང་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །རབ་འབྱོར། བྱང་ཆེན་གྱི་ཏིང་ངེ་འཛིན་གྱི་ཐོད་རྒལ་གང་ཞེ་ན། ཞེས་གསུངས་པའི་ཕྱིར། དེ་སྐད་དུ། གསེེར་འཕྲེང་ལས། དྲུག་ཚན་དྲུག་རྫོགས་རྗེས་སུ་གསུངས་པའི་སེང་གེ་རྣམ་བསྒྱིངས་ཀྱི་སྐབས་སུ་རྟེན་འབྲེལ་རྟོགས་ཚུལ་མདོ་ལ་མེད་པས་སོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། སེང་གེ་རྣམ་བསྒྱིངས་གཉིས་གསུངས་པའི་དང་པོ་མཐོང་ལམ་རྩེ་སྦྱོར་དང། གཉིས་པ་སྒོམ་ལམ་རྩེ་སྦྱོར་ཡིན་པ་འཕགས་སེང་གཉིས་ཀས་བཤད་པའི་ཕྱིར། དང་པོོ་གྲུབ་སྟེ། ཉི་སྣང་ལས། དེ་ལ་དབང་དུ་བྱ་བའི་ཕྱིར་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་པ་ནས། མཐོང་པའི་ལམ་བཤད་ཟིན་ཏོ། །ཞེས་དང། འགྲེལ་ཆེན་ལས། མཐོང་བའི་ལམ་ཐོབ་པའི་རྣལ་འབྱོར་པ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་མེད་པའི་ཕྱིར། ཏིང་ངེ་འཛིན་རྣམ་པར་བསྒྱིངས་པ། ནས། དེ་ལྟར་མཐོང་བའི་ལམ་བརྗོད་ནས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉི་སྣང་ལས། སྒོམ་པའི་ལམ་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་བསྡུས་པ་ཡིན་ལ་དེ་དག་ཀྱང་ཐོད་རྒལ་གྱི་སྙོམས་པར་འཇུག་པས་བསྡུས་པ་ཡིན་ཏེ། ཞེས་དང། བརྒྱད་སྟོང་ལས། རབ་འབྱོར་ཐབས་ལ་མཁས་པ་ཐམས་ཅད་ཡོངས་སུ་གཟུང་བར་འདོད་པས། ཞེས་དང། དེའི་འགྲེལ་ཆེན་ལས། ཐབས་ལ་མཁས་པ་ཐམས་ཅད་ནི་འདིར་སྒོམ་པའི་ལམ་ཡིན་ནོ། །དེ་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་བསྡུས་པ་ཡིན་ལ། དེ་ཡང་ཐོད་རྒལ་གྱི་སྙོམས་པར་འཇུག་པས་བསྡུས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། དེས་ན་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ཐོད་རྒལ་གྱི་སྦྱོར་བའི་སེང་གེ་རྣམ་བསྒྱིངས་ཁོ་ནར་བཤད་པ་མི་འཐད་པར་ཐལ། སེང་གེ་རྣམ་བསྒྱིངས་སྔ་ཕྱི་གཉིས་གསུངས་པའི་སྔ་མ་མཐོང་ལམ་དང། ཕྱི་མ་ཐོད་རྒལ་གྱི་དེ་སྒོམ་ལམ་ལ་བཤད་པ་མདོ་དང་བསྟན་བཅོས་མངོན་རྟོགས་རྒྱན་གྱི་དགོངས་པ་ཡིན་པའི་ཕྱིར། གསེར་འཕྲེང་ལས། དེས་ན་སེང་གེ་རྣམ་བསྒྱིངས་གཉིས་གསུངས་པའི་དང་པོ་ནི་མཐོང་རྩེ་ལ་དབང་བྱ་བའི་ཕྱིར་དང། གཉིས་པ་ནི། ཐོད་རྒལ་ལ་འཇུག་པའི་ཆེད་དུ་འཕགས་པ་དང་སློབ་དཔོན་རྣམས་བཞེད་པ་ཉིད་མདོ་བསྟན་བཅོས་ཀྱི་དགོངས་པའོ། །ཞེས་གསུངས་པའི་ཕྱིར།

    གཉིས་པ་རང་ལུགས་ལ། རྒྱལ་སྲས་ཀྱི་ཏིང་འཛིན་ཐམས་ཅད་ཏིང་ངེ་འཛིན་བཞིས་བསྡུས་པར་བཤད་པ་ལྟར་ཡིན། སྐབས་འདིའི་སེང་གེ་རྣམ་བསྒྱིངས་སྔ་མ་མཐོང་ལམ་དང་ཕྱི་མ་སྒོམ་ལམ་ལ་བྱེད་པར་འཕགས་སེང་གིས་གསུངས་པའི་ཕྱིར། །རྩོད་སྤོང་ལ་ཁོ་ན་རེ། ཉི་སྣང་ལས། རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོ་སོར་རྟོགས་པའི་རྗེས་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་མཉམ་པར་མ་བཞག་པའི་སེམས་ཀྱིས་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར། ཞེས་གསུངས་པ་མི་འཐད་པར་ཐལ། དེར་སེང་གེ་རྣམ་བསྒྱིངས་ཞེས་པ་གཅིག་ལས་མ་བྱུང་བའི་ཕྱིར་ན་མ་ཁྱབ་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། ཞེས་པས་སེང་གེ་རྣམ་བསྒྱིངས་ཕྱི་མ་བསྟན་པའི་ཕྱིར་རོ། །

 

སྨྲས་པ།

འཕགས་ཡུལ་འཛམ་གླིང་གསལ་བར་བྱེད་པའི་རྒྱན། །

མཁས་མཆོག་ཟླ་བའི་ངོ་ནའང་ར་རི་ཅན། །

ཐུབ་བསྟན་བཅུ་གཉིས་བདག་པོའི་འོད་སྟོང་གིས། །

བཅོམ་པའི་མཁས་གྲུབ་བྱེ་བའི་འདབ་མ་བཞད། །

ཁེངས་པའི་མེ་ཁྱེར་ངང་ཚུལ་མི་འཛིན་ཀྱང། །འཆར་ནུབ་མེད་པར་ཤེས་བྱ་ཀུན་གསལ་བའི། །ནོར་བུའི་སྒྲོན་མེ་སྤྱན་སྟོང་ལྡན་པས་ཀྱང། །རྙེད་མིན་དམ་པའི་བཀའ་དྲིན་དྲན་ཕྱག་བྱས། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                                             རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།