ཀུན་མཁྱེན་ཕར་ཕྱིན་ལས་སྐབས་ལྔ་བའི་རྩེ་སྦྱོར་སྤྱི་བཤད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-15 21:47:39     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 28363811256457924.jpg

                         ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་དཔྱོད་འཁྲུལ་སེལ་གངྒཱའི་ཆུ་རྒྱུན་མི་ཕམ་ཞལ་ལུང་ལས་སྐབས་ལྔ་པའི་མཐའ་དཔྱོད་བཞུགས་སོ། །

རབ་འབྱམས་རྒྱལ་བའི་ཡེ་ཤེས་ཕུང་པོའི་ཆ། །

གཅིག་གྱུར་ལི་ཁྲིའི་མདངས་ལྡན་གཞོན་ནུའི་སྐུ། །

གསུང་དབྱངས་སྲིད་ཞིའི་ཁམས་ན་ཁྱབ་མཛད་པའི། །

འཇམ་མགོན་བླ་མའི་ཞབས་ལ་ཕྱག་བྱས་ཏེ། །

    རྩེ་སྦྱོར་སྐབས་དེ་ལེགས་བཤད་རྩེ་མོ་རུ ནོར་བུའི་ཏོག་བཞིན་ཁྱད་འཕགས་ཆེས་གསལ་གླུ། །གྲེ་བར་བསྐྱིལ་ཀྱང་མ་ཐུབ་མཻ་ན་ཀས། །ཁེངས་འཕྲོག་རྒྱལ་བའི་གསུང་གི་རྗེས་འགྲོ་ལེན། །

                                    རྩེ་སྦྱོར་སྤྱིར་བཤད།

    གཉིས་པ་དབང་དུ་བྱ་བ་འབྲས་བུ་རྩེ་སྦྱོར་འཆད་པ་ལ། འབྲེལ་བཀོད་པས་མཚམས་སྦྱར་བ་དང། ལེའུའི་གཞུང་བཤད་པ། སྐབས་ཀྱི་དོན་གསུམ། དང་པོ་ནི། འགྲེལ་པ་ལས། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་ལ་རབ་ཀྱི་མཐར་ཕྱིན་པའི་རྟོགས་པ་འབྱུང་བས། ནས། རྩེ་མོའི་མངོན་པར་རྟོགས་པ། ཞེས་པའི་མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། རྩེ་སྦྱོར་ཚོགས་ལམ་ནས་ཡོད་ཟེར་ན། རྩ་བར། རྩེ་སྦྱོར་བདུན་བཤད་པའི་ཐ་མ་སྦྱོར་ལམ་དྲོད་ལ་སྦྱར་བ་མི་འཐད་པར་ཐལ། དེ་ཚོགས་ལམ་ན་ཡོད་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། རྩ་བ་ལས་ཀྱང་རྩེ་མོ་བདུན་བཤད་པའི་ཐ་མ་དྲོད་ཡིན་པས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྩེ་སྦྱོར་ཐོབ་པ་ལ་དབང་རྣོན་གྱིས་ཁྱབ་ཟེར་ན། འོ་ན། དབང་རྟུལ་གྱིས་རྣམ་རྫོགས་སྦྱོར་བ་བསྒོམ་ནས་རྟོགས་པ་དབང་དུ་གྱུར་པ་ཐོབ་པ་མེད་པར་ཐལ། དེ་ཐོབ་པ་ལ་དབང་རྣོན་གྱིས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། དབང་པོ་རྣོ་རྟུལ་གྱི་བྱང་སེམས་གང་ཡིན་ཀྱང་རྣམ་རྫོགས་སྦྱོར་བར་དབང་ཐོབ་ན་དེ་ནས་རྩེ་སྦྱོར་ཐོབ་པར་འཇོག་དགོས་པའི་ཕྱིར། དེར་ཐལ། རྩེ་སྦྱོར་ཐོབ་ན་རྩེ་སྦྱོར་གྱི་ཕྱིར་མི་ལྡོག་གི་རྟགས་ཐོབ་པས་ཁྱབ་མི་དགོས་པའི་ཕྱིར་ཏེ། དེ་རྩེ་སྦྱོར་ཐོབ་ཙམ་གྱི་མ་ཡིན་པར་དེའི་མི་ལྡོག་པའི་རྟགས་ནས་ཡིན་པའི་ཕྱིར། གསེར་འཕྲེང་ལས། རྩེ་སྦྱོར་ཐོབ་པ་ལ་རྟགས་དེ་དག་ཐོབ་པས་ཁྱབ་པ་མེད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཕྱིར་མི་ལྡོག་པའི་རྟགས་དབང་རྣོན་གྱིས་སྦྱོར་ལམ་ནས། དབང་འབྲིང་གིས་མཐོང་ལམ་ནས། དབང་རྟུལ་གྱིས་ས་བརྒྱད་པའི་སྒོམ་ལམ་ནས་ཐོབ་པའི་ཕྱིར། རྣམ་བཤད་ལས། དེ་ལ་དབང་པོ་རྣོན་པོས་ནི་སྦྱོར་ལམ་དྲོད་ནས་དང། འབྲིང་པོས་མཐོང་ལམ་དང། དབང་པོ་ཇི་ལྟར་རྟུལ་ཡང་ས་བརྒྱད་པ་ནས་ཐོབ་པར་བཞག་གོ །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྐད་དུ། རྩ་བར། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་སོ། །ཡང་ཁ་ཅིག་ན་རེ། དཀོན་མཆོག་གསུམ་ལ་སྐྱབས་གནས་ཡང་དག་ཡིན་མིན་ཐེ་ཚོམ་ཟ་བའི་ཐེ་ཚོམ་མངོན་གྱུར་པ་དང་བྲལ་བ་སོགས་ཀྱི་རྟགས་གང་རུང་ཐོབ་པའི་སེམས་དཔའ་དེ། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཟེར་ན། ཉོན་སྒྲིབ་སྤངས་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དེ་འདྲ་བའི་ཐེ་ཚོམ་སྤངས་པའི་སེམས་དཔའ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་འདྲ་བའི་ཚོགས་ལམ་པ་ཆོས་ཅན། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་མ་ཡིན་པར་ཐལ། ཐེག་ཆེན་སྦྱོར་ལམ་ཐོབ་མ་མྱོང་བའི་གང་ཟག་ཡིན་པའི་ཕྱིར་ཏེ། བྱང་སེམས་ཚོགས་ལམ་པ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། གཟུགས་སོགས་ལ་འདུ་ཤེས་ལྡོག་པ་སོགས་ཀྱི་རྟགས་གང་རུང་ཐོབ་པའི་སེམས་དཔའ་དེ། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཟེར་ན། ཕྱི་རོལ་དོན་འཛིན་གྱི་རྟོག་པ་ཟད་པར་སྤངས་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། ཀུན་བཏགས་ཀྱིས་བསྡུས་པའི་བདེན་འཛིན་མངོན་གྱུར་པ་ལྡོག་པའི་སེམས་དཔའ་ཡིན་པའི་ཕྱིར་ཏེ། ཕྱི་རོལ་དོན་འཛིན་གྱི་རྟོག་པ་ཟད་པར་སྤངས་པའི་སེམས་དཔའ་ཡིན་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་མྱོང་གི་གང་ཟག་ཡིན་པར་ཐལ། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །ཞེས་གསུངས་པའི་ཕྱིར།

    གཞན་ཡང། བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། གཟུགས་སོགས་ལ་བདེན་འཛིན་མངོན་གྱུར་པ་ལོག་པའི་སེམས་དཔའ་ཡིན་པར་ཐལ། ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པའི་ཕྱིར། ཁྱབ་པ་མཚན་ཉིད་ལ་སོང། འདོད་ན། དེ་ཆོས་ཅན། མཐོང་ལམ་ཐོབ་མྱོང་གི་སེམས་དཔའ་ཡིན་པར་ཐལ། གཟུགས་སོགས་ལ་བདེན་འཛིན་མངོན་གྱུར་པ་ལྡོག་པའི་སེམས་དཔའ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། གཟུགས་སོགས་འདུ་ཤེས་ལྡོག་པ་དང། །ནས། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་པའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་གསུངས་པའི་ཕྱིར། འགྲེལ་པ་ལས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་གཟུགས་ལ་སོགས་པའི་ཆོས་སུ་རྟོགས་པ་ལས་ལྡོག་པ་དང། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། གཟུགས་ལ་སོགས་ལ་ལྡོག་པ་སོགས་ཀྱི་རྟགས་ཉི་ཤུ་ཐོབ་པའི་སེམས་དཔའ་དེ། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཟེར་ན། བྱང་སེམས་སྦྱོར་ལམ་པ་དབང་རྣོན་དྲོད་པ་བ་ཆོས་ཅན། རྟགས་ཉི་ཤུ་པོ་ཐོབ་པར་ཐལ། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྟགས་ཉི་ཤུའི་ནང་གི་གཟུགས་སོགས་ལ་ལྡོག་པ་ནས་གོས་སོགས་གཙང་བའི་བར་བཅུ་གཅིག་ལས་མ་ཐོབ་པའི་ཕྱིར། དེར་ཐལ། དྲོད་ལ་དེ་བཅུ་གཅིག་དང། རྩེ་མོ་ལ་ལུས་ལ་སྲིན་བུ་མི་འབྱུང་བ་ནས་གཞན་དོན་དུ་དམྱལ་བ་འདོད་པའི་བར་དྲུག་དང། བཟོད་པར་གཞན་གྱིས་ལོག་པར་བཀྲི་མི་བཏུབ་པ་དང། ལམ་ལྟར་བཅོས་པ་སྟོན་པའི་བདུད་ལ་བདུད་དུ་རྟོགས་པ་གཉིས་དང། ཆོས་མཆོག་ལ་སངས་རྒྱས་དགྱེས་པའི་སྤྱོད་པ་གཅིག་ཐོབ་པར་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་པ་ལས། གོས་ལ་སོགས་པ་ཡོངས་སུ་སྤྱོད་པ་གཙང་བ་ཞེས་བྱ་བ་རྣམ་པ་བཅུ་གཅིག་དང། ཞེས་སོ གཉིས་པ་གྲུབ་སྟེ། འགྲེལ་པ་ལས། འགྲོ་བ་བདག་ཉིད་ཀྱིས་བྱས་པ་ཉིད་ཀྱིས་གཞན་དོན་དུ་དམྱལ་བ་འདོད་པ་ཞེས་བྱ་བ་དྲུག་དང། ཞེས་སོ། །གསུམ་པ་གྲུབ་སྟེ། འགྲེལ་པ་ལས། བདུད་ལ་བདུད་ཉིད་དུ་རྟོགས་པ་ཞེས་བྱ་བ་རྣམ་པ་གཉིས་དང། ཞེས་སོ། །བཞི་པ་གྲུབ་སྟེ། འགྲེལ་པ་ལས། སངས་རྒྱས་དགྱེས་པ་ཞེས་བྱ་བ་རྣམ་པ་གཅིག་གིས་གོ་རིམ་བཞིན་དུ་དྲོ་བ་དང་རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་རྣམས་ལ་གནས་པའི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དང་པོར་རྟགས་བཅུ་གཅིག་དང། གཉིས་པར་བཅུ་བདུན་པ་དང། གསུམ་པར་བཅུ་དགུ་དང། བཞི་པར་རྟགས་ཉི་ཤུ་འབྱུང་བའི་ཕྱིར། ཡང་ཁ་ཅིག་ན་རེ། བྱང་སེམས་སྦྱོར་ལམ་པ་ཡིན་ན་སྦྱོར་བའི་སྒོ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་ཟེར་ན། འོ་ན། བྱང་སེམས་སྦྱོར་ལམ་པ་ཡིན་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་པར་ཐལ། དེ་ཡིན་ན་སྦྱོར་བའི་སྒོ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་པའི་ཕྱིར། རྟགས་ཁས། འཁོར་གསུམ། ཁྱབ་སྟེ། ཕྱིར་མི་ལྡོག་པའི་རྟགས་ལ་བསམ་སྦྱོར་གཉིས་ཡོད་པའི་ཕྱིར། རྩ་བར་འདོད་ན། སེམས་དཔའ་དབང་རྟུལ་གྱི་བྱང་སེམས་སྦྱོར་ལམ་པ་ཆོས་ཅན། སྦྱོར་ལམ་གྱི་གནས་སྐབས་སུ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་སེམས་དཔའ་ཡིན་པར་ཐལ། ཁྱོད་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་སྦྱོར་ལམ་པ་ཡིན་པའི་ཕྱིར། འདོད་ན། སེམས་དཔའ་དབང་རྟུལ་མ་ཡིན་པར་ཐལ། ཐེག་ཆེན་སྦྱོར་ལམ་སྐབས་སུ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་ཕྱིར། འཁོར་གསུམ། འདོད་ན། སྦྱོར་མཐོང་སྒོམ་གསུམ་དུ་བྱང་སེམས་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱིས་ཕྱིར་མི་ལྡོག་པའི་རྟགས་ཐོབ་ཚུལ་སོ་སོར་བཤད་མི་རིགས་པར་ཐལ། འདོད་པ་དེའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། རྩ་བར། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་གསུངས་པའི་ཕྱིར།

    གཉིས་པ་རང་ལུགས་ལ། རང་རྒྱུ་རྣམ་རྫོགས་སྦྱོར་བ་ལ་བརྟེན་ནས་ཐེག་ཆེན་ཚོགས་ལམ་ལས་ཁྱད་པར་དུ་གྱུར་པའི་སྐྱེ་མེད་གསུམ་གྱི་སྒོམ་པ་ལ་དབང་དུ་གྱུར་པ་ཐོབ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ་རྩེ་སྦྱོར་གྱི་མཚན་ཉིད། དབྱེ་བ་བསྡུས་ན་སྦྱོར་མཐོང་སྒོམ་གསུམ་དང་བར་ཆད་མེད་པའི་རྩེ་སྦྱོར་བཞི། འབྲིང་དུ་སྦྱོར་ལམ་རྩེ་སྦྱོར་བཞི། མཐོང་སྒོམ་བར་ཆད་མེད་པའི་རྩེ་སྦྱོར་གསུམ་དང་བདུན། རྒྱས་པར་ཕྱེ་ན་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་སྒོམ་པའི་རྩེ་སྦྱོར་བརྒྱ་དང་དོན་གསུམ་ཡོད་དེ། གསེར་འཕྲེང་ལས། དབྱེ་ན་རྩེ་མོ་བདུན་དང། ཞེས་དང། རྣམ་བཤད་ལས། དབྱེ་བ་བསྡུས་ན་བཞི་དང། རྒྱས་པར་ན་བརྒྱ་དང་བདུན་ཅུ་རྩ་གསུམ་མོ། །ཞེས་གསུངས་པའི་ཕྱིར་དང། བརྒྱ་དོན་གསུམ་ནི་རྩེ་སྦྱོར་བདུན་གའི་རེ་རེའི་སྐབས་ནའང་ཡོད་དོ། །ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་དུ་ཡོད། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་སེམས་དཔའ་དེ། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད། དབྱེ་ན་ཕྱིར་མི་ལྡོག་པའི་སྦྱོར་མཐོང་སྒོམ་གསུམ་གྱི་སློབ་པ་གསུམ་ཡོད། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་སྦྱོར་ལམ་པ་དེ། སྦྱོར་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་མཐོང་ལམ་པ་དེ། མཐོང་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་སྒོམ་ལམ་པ་དེ། སྒོམ་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད། སྦྱོར་ལམ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་སེམས་དཔའ་དེ། ཕྱིར་མི་ལྡོག་པའི་སློབ་པ་དབང་རྣོན་གྱི་དགེ་འདུན་གྱི་མཚན་ཉིད། དེ་ལ་སྦྱོར་མཐོང་སྒོམ་གསུམ་གྱི་དབང་རྣོན་ཕྱིར་མི་ལྡོག་པ་གསུམ་ཡོད། མཐོང་ལམ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་སེམས་དཔའ་དེ། ཕྱིར་མི་ལྡོག་པའི་སློབ་པ་དབང་འབྲིང་གི་དགེ་འདུན་གྱི་མཚན་ཉིད། དབྱེ་ན་གཉིས། སྒོམ་ལམ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་སེམས་དཔའ་དེ། སློབ་པ་དབང་རྟུལ་གྱི་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད། དབྱེ་ན་དག་པ་ས་གསུམ་གྱི་གསུམ་ཡོད།

    རྩོད་སྤོང་ལ་ཁོ་ན་རེ། ས་བརྒྱད་པར་ཕྱིར་མིིིི་ལྡོག་པའི་རྟགས་ཐོབ་པའི་ས་བརྒྱད་པ་བ་ཆོས་ཅན། དབང་རྟུལ་ཡིན་པར་ཐལ། དབང་རྟུལ་གྱི་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་གསུངས་པའི་ཕྱིར། ཁོ་རང་ལ། འོ་ན། དབང་རྟུལ་སངས་རྒྱས་པའི་སངས་འཕགས་ཆོས་ཅན། དབང་རྟུལ་ཡིན་པར་ཐལ། དབང་རྟུལ་སངས་རྒྱས་པའི་དེ་ཡིན་པའི་ཕྱིར། ཁྱབ་པ་འགྲིག འཁོར་གསུམ། འདོད་ན། དབང་རྟུལ་མ་ཡིན་པར་ཐལ། ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་མཁྱེན་པའི་འཕགས་པ་ཡིན་པའི་ཕྱིར། ཡང་སེམས་དཔའ་དབང་རྟུལ་དང་རྒྱུད་གཅིག་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན། དབང་རྟུལ་ཡིན་པར་ཐལ། སེམས་དཔའ་དབང་རྟུལ་དང་རྒྱུད་གཅིག་པའི་མཐོང་ལམ་པ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དབང་རྣོན་ཡིན་པའི་ཕྱིར་ཏེ། སར་གནས་ཀྱི་སེམས་དཔའ་ཡིན་པའི་ཕྱིར། ཁྱབ་སྟེ། སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱ་མཐོང་ཆོས་སྒོ་བརྒྱ་འབྱེད། སེམས་ཅན་བརྒྱ་སྨིན་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བྱེད་པའི་སེམས་དཔའ་ཡིན་པའི་ཕྱིར། མདོ་སྡེ་ས་བཅུ་པ་ལས། སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་ཅིང་སྙོམས་པར་འཇུག་པ་དང། སངས་རྒྱས་བརྒྱ་མཐོང་བ་དང། ནས། བསྐལ་པ་བརྒྱ་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རབ་ཏུ་འཇུག་པ་དང། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སེམས་འཇུག་པ་མྱུར་བུལ་གྱིས་དབང་པོ་རྣོ་རྟུལ་བྱེད་པའི་ཕྱིར། ཡང་ཁོ་ན་རེ། དགྲ་བཅོམ་པ་ཡིན་ན་རྟགས་ལ་བརྟེན་ནས་ཆོས་ཤེས་མི་དགོས་པས་ཁྱབ་པར་ཐལ། རྟགས་ལ་བརྟེན་པ་ཡིན་ན་རྟོག་གེ་བ་ཡིན་པས་ཁྱབ་པའི་ཕྱིར་ཟེར་ན། འོ་ན། བྱང་སེམས་ཚོགས་ལམ་པ་སྟོང་ཉིད་མ་རྟོགས་པའི་ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་སོང་གི་རྒྱུད་ལ་སྟོང་ཉིད་གསར་དུ་རྟོགས་པའི་ཤེས་པ་མེད་པར་ཐལ། དེ་རྗེས་དཔག་མ་ཡིན་པ་གང་ཞིག །མངོན་སུམ་ཡང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེས་རྟགས་སམ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་རྟོགས་པར་ཐལ། དེས་རྗེས་དཔག་གིས་རྟོགས་པའི་ཕྱིར། གཉིས་པ་མ་གྲུབ་ན། དེས་སྟོང་ཉིད་ལ་ཐོས་བསམ་སྒོམ་གསུམ་རིམ་གྱིས་བྱེད་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུངས་རྒྱལ་གྱི་མདོ་ལས། ཉན་ཐོས་རྣམས་ཀྱི་རྣམ་གྲོལ་སྒྲ་སྤྱིར་འགྲོ །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། དེ་འདྲ་བའི་བྱང་སེམས་ཀྱིས་དང་པོར་སྟོང་ཉིད་ཐོས་བསམ་གྱིས་རྟོགས་ནས་སྒོམ་པའི་ཞི་ལྷག་ཟུང་འབྲེལ་ཐོབ་ཚེ་སྦྱོར་ལམ་པ་དང་དེ་ནས་གཉིས་སྣང་ནུབ་པའམ་མངོན་སུམ་དུ་རྟོགས་ཚེ་ཐེག་ཆེན་གྱི་མཐོང་ལམ་ཐོབ་པའི་ཕྱིར། ཁྱབ་སྟེ། དེའི་ཚེ་རྣལ་འབྱོར་མངོན་སུམ་གྱིས་རྟོགས་ཤིང་མངོན་སུམ་གཞན་གྱིས་རྟོགས་མི་རུང་བའི་ཕྱིར། དེས་ན་ཐལ་འགྱུར་བས་འཕགས་པར་སྟོང་ཉིད་མངོན་སུམ་དུ་རྟོགས་པས་ཁྱབ་པར་འདོད་པས་དགྲ་བཅོམ་རྟོགས་པ་སྔོན་སོང་ཚོགས་ལམ་པས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་འཐད་ཀྱང། སེམས་ཙམ་པ་དང་རང་རྒྱུད་པ་ལ་དེ་ཤིན་ཏུ་དཀའ་བའི་ཕྱིར། འོན་ཀྱང་རང་གཞན་མང་པོས་སྔར་དེ་ལྟར་བྲིས་འདུག་པས། དེ་མཐུན་བྱས་ཀྱང་རང་ལུགས་འཐད་ལྡན་བྱས་པ་མིན་ནོ། །གཞན་ཡང། རྩ་བར། དངོས་པོ་ལྡན་དང་མི་ལྡན་དང། །ཞེས་ཐེག་ཆེན་འཕགས་པར་སྟོང་ཉིད་རྟོགས་པའི་བློ་རྒྱུན་མི་འཆད་པར་ལྡན་པ་དང། ཐེག་དམན་འཕགས་པར་དེ་རྒྱུན་མི་འཆད་པར་མི་ལྡན་པར་བཤད་པ་མི་འཐད་པར་ཐལ། ཐེག་དམན་འཕགས་པས་དེ་རྟོགས་པ་ཡང་བརྗེད་ནས་སླར་རྟོགས་དགོས་མེད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཐེག་ཆེན་འཕགས་པའི་རྟོགས་པ་བར་ཆད་མེད་པ་དང། ཐེག་དམན་འཕགས་པའི་རྟོགས་པ་དེ་གཅིག་ཤོས་བར་ཆད་པར་སྣང་བའི་ཕྱིར་ཏེ། དེ་ལྟར་སློབ་དཔོན་དང་རྗེ་ཡབ་སྲས་རྣམས་ཀྱིས་གསུངས་པའི་ཕྱིར། འགྲེལ་ཆེན་ལས། བར་ཆད་མེད་པ་དང་གཅིག་ཤོས་སུ་སྣང་བ་ཉིད་ཀྱིས་དངོས་པོ་མཐའ་དག་དང་ལྡན་དང་མི་ལྡན་དང། ཞེས་དང། འགྲེལ་པ་ལས་ཀྱང། བར་ཆད་མེད་པ་དང་གཅིག་ཤོས་སུ་སྣང་བ་ཉིད་ཀྱིས་དངོས་པོ་མཐའ་དག་ལྡན་དང་མི་ལྡན་པ་དང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བར་ཆད་མེད་པ་དང། གཅིག་ཤོས་གཉིས་ཀྱི་དོན་ཡོད་པའི་ཕྱིར་དང། བྱང་འཕགས་ཀྱིས་བསྐལ་ཆེན་གྲངས་མེད་དུ་བསྒོམ་ལ། ཉན་ཐོས་ཀྱིས་ཚེ་གསུམ་སོགས་ཡུན་རིང་མ་བསྒོམ་པའི་ལག་རྗེེས་སོ་སོར་ཡོད་པའི་ཕྱིར། རྣམ་བཤད་ལས། བདེན་འཛིན་གྱི་བར་ཆད་མེད་པ་དང་གཅིག་ཤོས་སུ་བར་ཆད་དང་བཅས་པར་སྣང་བ་ཉིད་ཀྱིས། ལམ་གྱི་དངོས་པོ་མཐའ་དག་རྒྱུན་མི་འཆད་དུ་ལྡན་པ་དང་མི་ལྡན་པ། ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསལ་ལ། གསེར་འཕྲེང་ལས། ཁ་ཅིག་ལམ་དེ་དག་གི་བར་ཆད་མེད་པ་དེའི་རྒྱུ་འབྲས་མཐའ་དག་རྒྱུན་ལྡན་དུ་འཇུག་ཅིང་ཡོད་ན་དེ་ལས་བཟློག་པར་འཇུག་པ་ལ་འཆད་དོ་ཞེས་གསུངས་ཤིང་མ་བཀག་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེས་མཚོན་ནས་དཀའ་གནས་སྤྲོ་བྱ་མང་ཡང་ཡི་གེ་མང་དོགས་སོ། །

                                                                                                                     རྩོམ་སྒྲིག་པ། མང་ར་བ།

                 གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།