ཀུན་མཁྱེན་ཕར་ཕྱིན་ལས་ཞིང་དག་སྦྱོར་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-06 21:03:54     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

90642434459277989.jpg

    གཉིས་པ་ཞིང་དག་སྦྱོར་བ་ནི། རྩ་བར། སེམས་ཅན་འཇིག་རྟེན། སོགས་ཚིགས་བཅད་གཅིག་བྱུང༌། གསུམ་པ་ཐབས་མཁས་སྦྱོར་བ་ནི། རྩ་བར། དགྲ་རྣམས་ལས་ནི་འདས་པ་དང༌། །སོགས་ཚིགས་བཅད་གཉིས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེར་ཕྱིན་ལ་སྤྱོད་པས་གཟུགས་སྟོང་ཞེས་བྱ་བར་བརྟགས་པར་བྱའོ། །ཞེས་པ་ནས། ཕྱིར་མི་ལྡོག་པའི་ས་གནོན་པས་ཞེས་པས་ཐབས་མཁས་སྦྱོར་བའི་ཡུལ་བཤད་པ་དེ་ཉིད་འདིར་སྦྱོར་བ་བཅུའི་སྒོ་ནས་བདུད་བཞི་ལས་རྒྱལ་བར་མཛད་པ་སྟོན་པར་འདི་བྱུང།

 

                                         ཐབས་མཁས་སྦྱོར་བ།

    གཉིས་པ་ནི། ཐབས་མཁས་སྦྱོར་བ་བཅུ་ཆོས་ཅན། ཁྱོད་ཀྱི་བྱེད་ལས་ཡོད་དེ། བདུད་བཞི་ལས་རྒྱལ་བའི་སྒོ་ནས་འབྲས་བུ་སྤྲུལ་སྐུའི་ལག་རྗེས་འཇོག་པར་བྱེད་པའི་ཕྱིར། ཡང་ཁ་ཅིག །ཐེག་དམན་གྱི་མཐོང་ལམ་ཐོབ་ནས་ལྷའི་བུའི་བདུད་བཅོམ། ཐེག་དམན་དགྲ་བཅོམ་ཐོབ་ནས་ཉོན་མོངས་པའི་བདུད་བཅོམ། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་དགྲ་བཅོམ་པས་འཆི་བདག་གི་བདུད་ཀུན་བཅོམ། ལྷག་མེད་མྱང་འདས་ཐོབ་ནས་ཕུང་པོའི་བདུད་བཅོམ་ཟེར་ན། འོ་ན། སྐབས་འདིར་ཐེག་དམན་ལྷག་མེད་མྱང་འདས་ཐོབ་པའི་དགྲ་བཅོམ་པས་བདུད་བཞི་མ་ལུས་པར་བཅོམ་པར་ཐལ། ལྷག་མེད་ཀྱི་ཚེ་ཕུང་པོའི་བདུད་བཅོམ་པ་དེའི་ཕྱིར། འདོད་ན། ཉོན་མོངས་དང་ཕུང་པོ་དང་འཆི་བདག་གི་བདུད་ཀུན་བཅོམ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སངས་རྒྱས་པར་ཐལ། བདུད་བཞི་མ་ལུས་པར་བཅོམ་པའི་ཕྱིར། འཁོར་གསུམ། ཁྱབ་སྟེ། བདུད་བཞི་མ་ལུས་པ་བཅོམ་པ་དང་སངས་རྒྱས་པ་དུས་མཉམ་པའི་ཕྱིར། ལུང་ལས། ཁྱོད་ཀྱི་བྱང་ཆུབ་པ་དང་དུས་མཉམ་པ་ཁོ་ནར་བདུད་བཞི་བཅོམ་ལགས་སམ། ཞེས་གསུངས་པའི་ཕྱིར། གསེར་འཕྲེང་ལས་ཀྱང༌། ཅིག་ཅར་བཅོམ་པར་ཤེས་པར་བྱའོ། །ཞེས་ཚིག་གསལ་ལས་བཤད་པ་ལྟར་ཁས་བླང་ངོ༌། །ཞེས་དང༌། རྣམ་བཤད་ལས། བདུད་བཞི་མ་ལུས་པར་བཅོམ་པ་ནི་སངས་རྒྱས་པ་ནའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ལས་ཉོན་གྱིས་རང་དབང་མེད་པར་འཆི་བ་བཅོམ་ན་འཆི་བདག་གི་བདུད་བཅོམ་པས་ཁྱབ་པར་ཐལ། གཉིས་ཀའི་ཆ་ལས་གྲོལ་བའི་དགྲ་བཅོམ་པས་འཆི་བདག་གི་བདུད་བཅོམ་པའི་ཕྱིར། འདོད་ན། གཉིས་ཀའི་ཆ་ལས་གྲོལ་བའི་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེས་འཆི་བདག་གི་བདུད་རགས་པ་བཅོམ་ཡང་ཟག་མེད་ཀྱི་ལས་ཀྱིས་བླངས་པའི་ཡིད་ལུས་ཀྱི་འཆི་བདག་གི་བདུད་ཕྲ་མོ་བཅོམ་པ་མ་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱས་པ་དང་འཆི་བདག་གི་བདུད་ཕྲ་མོ་བཅོམ་པ་དུས་མཉམ་པའི་ཕྱིར། གསེར་འཕྲེང་ལས། ལས་ཉོན་གྱིས་འཆི་བ་ས་དང་པོ་ནས་མེད་ཀྱང༌། ཡིད་ལུས་ཀྱི་འཆི་འཕོ་བ་སངས་རྒྱས་མ་ཐོབ་བར་དུ་མི་ལྡོག་པས། ཞེས་དང༌། རྒྱུད་བླ་མ་ལས། འཆི་མེད་ཞི་བའི་གནས་ཐོབ་པ། །འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཕུང་པོའི་བདུད་ལ་ཟག་བཅས་ཉེར་ལེན་གྱི་ཕུང་པོས་ཁྱབ་པར་ཐལ། ཐེག་དམན་ལྷག་མེད་པས་སྤངས་པའི་ཕྱིར། འདོད་མི་ནུས་ཏེ། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཙམ་གྱིས་བླངས་པའི་ཡིད་ཀྱི་རང་བཞིན་གྱི་ལུས་ཡང་ཕུང་པོའི་བདུད་ཕྲ་མོ་ཡིན་པའི་ཕྱིར། གསེར་འཕྲེང་ལས། ཕུང་པོའི་བདུད་སངས་རྒྱས་མ་ཐོབ་བར་དུ་དང༌། ཞེས་དང༌། དེའི་ཐོགས་འགྲེལ་དུ་མདོ་དྲངས་པ་ལས། ཟག་པ་མེད་པའི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་ཀུན་ཏུ་འབྱུང་བའི་ཕྱིར། དེ་འགག་པ་ཤིན་ཏུ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ། ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉོན་མོངས་ཉོན་མོངས་པའི་བདུད་ཡིན་ཀྱང་ཉོན་མོངས་ཀྱི་བདུད་ལ་ཉོན་མོངས་ཀྱིས་མ་ཁྱབ་པའི་ཕྱིར་ཏེ། དེའི་བག་ཆགས་ལ་ཡང་ཉོན་མོངས་པའི་བདུད་དུ་འཇོག་པའི་ཕྱིར། ཐོགས་འགྲེལ་དུ་དཔལ་འཕྲེང་གི་མདོ་དྲངས་པ་ལས། དེ་ལ་དགྲ་བཅོམ་པ་རང་སངས་རྒྱས་དང༌། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་མ་རིག་པའི་བག་ཆགས་ཀྱི་ས་མ་སྤངས་པས་ན་ཉོན་མོངས་པའི་དྲི་མའི་དྲི་ང་བའི་བག་ཆགས་དང་ལྡན་པའི་ཕྱིར། གཙང་བའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ་བོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། བདུད་བཞི་སྤང་བྱ་མིན་ཟེར་ན། དེ་ཡིན་པར་ཐལ། དེ་སྤངས་པའི་སངས་འཕགས་ཡོད་པའི་ཕྱིར་དང༌། དེ་སྤོང་བྱེད་ཀྱི་ལམ་བཞི་ཡོད་པའི་ཕྱིར། རྩ་བར། དགྲ་རྣམས་ལས་ནི་འདས་པ་དང༌། །ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ། དེ་བཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། གང་འཆི་བ་ཕུང་པོའི་བདུད་ཉེར་ལེན་གྱི་ཕུང་པོ་དང༌། གང་གིས་འཆི་བ་ཉོན་མོངས་ཀྱི་བདུད་རྩ་ཉེའི་ཉོན་མོངས་དང༌། འཆི་བ་གང་ཡིན་པ་འཆི་བདག་གི་བདུད་ནི་རང་དབང་མེད་པར་སྲོག་དབང་འགག་པ་དང༌། དེ་གསུམ་ལས་འདའ་བའི་གེགས་ལྷའི་བུའི་བདུད་ནི་དགའ་རབ་དབང་ཕྱུག་དང་བཞིར་བཞག་པའི་ཕྱིར། ཉེར་ལེན་གྱི་ཕུང་པོ་ཕྲ་རགས་གང་རུང་དེ། ཕུང་པོའི་བདུད་ཀྱི་མཚན་ཉིད། ཉོན་མོངས་དང་དེའི་བག་ཆགས་གང་རུང་དེ། ཉོན་མོངས་པའི་བདུད་ཀྱི་མཚན་ཉིད། ལས་ཉོན་དང་དེའི་བག་ཆགས་གང་རུང་གིས་འཆི་བའི་ཆ་དེ། འཆི་བདག་གི་བདུད་ཀྱི་མཚན་ཉིད། དེ་ལས་འདའ་བ་ལ་བར་དུ་གཅོད་པའི་འདོད་ལྷ་དང་དེའི་བྱེད་པ་ཅི་རིགས་དེ། ལྷའི་བུའི་བདུད་ཀྱི་མཚན་ཉིད། དེ་དག་རགས་པ་ལས་འདའ་ཚུལ་ཡོད་དེ། ཐེག་དམན་པ་རྣམས་མཐོང་ལམ་ནས་དང་ཐེག་ཆེན་སྦྱོར་ལམ་ནས་ལྷའི་བུའི་བདུད་ལས་འདའ། ཐེག་དམན་དགྲ་བཅོམ་ནས་ཉོན་མོངས་པའི་བདུད་ལས་འདའ། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་ནས། འཆི་བདག་གི་བདུད་ལས་འདའ། ལྷག་མེད་ཚེ་ཕུང་པོའི་བདུད་རགས་པ་ལས་འདའོ། །ཐེག་ཆེན་ས་བརྒྱད་པར་ཕུང་པོ་འཆི་བདག་ཉོན་མོངས་ཀྱི་བདུད་གསུམ་པོ་རགས་པ་ལས་འདའ་ཞིང༌། སངས་རྒྱས་པ་དང་བདུད་བཞི་མ་ལུས་པ་བཅོམ་པ་མཉམ་མོ། །

    རྩོད་སྤོང་ལ་ཁོ་ན་རེ། ལྷའི་བུའི་བདུད་ཆོས་ཅན། སྤང་བྱ་ཡིན་པར་ཐལ། བདུད་བཞི་གང་རུང་ཡིན་པའི་ཕྱིར། འདོད་ན། རྒྱུན་འཆད་པར་ཐལ། སྤང་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འཚང་རྒྱ་དགོས་པའི་ཕྱིར་ན་མ་ཁྱབ། ངན་འགྲོ་ཆོས་ཅན། རྒྱུན་མི་འཆད་པར་ཐལ། འཚང་རྒྱ་བའི་ཕྱིར། འདོད་མི་ནུས་ཏེ། རྒྱུན་འཆད་པའི་ཕྱིར། རྩ་བར། ངན་སོང་ཆད་དང་འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །ཅེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ས་དང་པོ་ནས་འཆི་བདག་གི་དང་ཕུང་པོའི་བདུད་གཉིས་བཅོམ་པར་ཐལ། ས་དང་པོ་ནས་ལས་ཉོན་གྱི་འཆི་བ་དང༌། ཉེར་ལེན་གྱི་ཕུང་པོ་སྤངས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྒྱུད་བླ་མ་ལས། འཕགས་པས་ན་དང་རྒ་བ་དང༌། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པའི་ཕྱིར།

 

སྨྲས་པ།

ཐབས་ཤེས་ལུས་རྒྱས་ཐེག་ཆེན་ས་སྲུང་སྟེང༌། །

རྣམ་རྫོགས་སྦྱོར་བའི་སྤྱན་སྟོང་རབ་བགྲད་དེ། །

གཉེན་པོ་རྩེ་བརྒྱ་གདེངས་པའི་ལྷ་དབང་འདི། །

སྒྲིབ་བཞིའི་ལྷ་མིན་འཇོམས་ཚུལ་སྔོན་མེད་རྨད། །

   སྐུ་བཞིའི་ཞལ་ནས་མངགས་པའི་མངོན་རྟོགས་ཀྱིས། །རིགས་ཅན་ས་གསུམ་དག་བྱེད་ལྷའི་མཆོད་ཡོན། །ཤེས་ཁྱད་བྱེད་མཚན་སྒྲ་སྒྲོག་མཁྱེན་གསུམ་གྱི། །སྦྱོར་བའི་རླབས་ཕྲེང་ཅན་འདིས་དྲི་ཀུན་འཁྲུད། །མངོན་མཐོའི་ཐེམ་སྐས་ལ་ཞུགས་ཐོས་བསམ་གྱི། །གོས་བཟང་མཛེས་གྱོན་ལེགས་བསྒོམ་ལྷའི་ནོར་བུའི། །སེམས་ཀྱི་གཙུག་སྐྱེས་མཛེས་པའི་རྒྱལ་སྲས་འདིས། །ཆོས་ཀྱི་དབང་ཕྱུག་གོ་ས་གནོན་ལ་བྲེལ། །རྒྱལ་བ་ཀུན་གྱི་ཡུམ་གྱུར་རྣམ་པའི་ཚོགས། །བརྒྱ་དང་དོན་གསུམ་རི་མོ་རབ་བཀྲ་བའི། །བཞི་པའི་སྐབས་ཀྱི་ལྷ་དབང་ཕོ་བྲང་དུ། །བློ་གྲོས་ཅི་དགར་རོལ་པ་བླ་ན་འབར། །

ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སྐབས་བཞི་པའི་མཐའ་དཔྱོད་བྱས་ཟིན་ཏོ།། །

བཀྲ་ཤིས། དགེའོ།།

                                                                                                            རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།