ཀུན་མཁྱེན་ཕར་ཕྱིན་ལས་སྲིད་ཞི་མཉམ་ཉིད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-06 21:00:44     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

327140103195357364.jpg

    གསུམ་པ་སྐུ་གསུམ་འགྲུབ་བྱེད་ཀྱི་ལམ་ལ་ཆོས་སྐུ་འགྲུབ་བྱེད་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང༌། ལོངས་སྐུའི་རྒྱུ་ཞིང་དག་སྦྱོར་བ་དང༌། སྤྲུལ་སྐུའི་རྒྱུ་ཐབས་མཁས་སྦྱོར་བ་གསུམ། དང་པོ་ནི། རྩ་བར། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་སོགས་ཚིགས་བཅད་གཅིག་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། མདོ་ལས། ཤཱ་རིའི་བུས་རབ་འབྱོར་ལ་རྨི་ལམ་དུ་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཤེར་ཕྱིན་རྣམ་པར་འཕེལ་ལམ། རབ་འབྱོར་གྱིས་ཉིན་པར་བསྒོམ་པས་འཕེལ་ན་རྨི་ལམ་དུ་བསྒོམ་པས་ཀྱང་འཕེལ་ཏེ། ཞེས་སོགས་ཀྱིས་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཤུགས་བསྟན་དེ་ཉིད་དངོས་སུ་འཆད་པར་འདི་བྱུང༌། ས་བརྒྱད་པ་བ་ཆོས་ཅན། སྲིད་ཞི་བདེན་པར་རྣམ་པར་མི་རྟོག་པའི་རྒྱུ་མཚན་ཡོད་དེ། རྗེས་ཐོབ་ཏུ་བདེན་འཛིན་མངོན་གྱུར་སྐྱེ་བའི་གོ་སྐབས་བཅོམ་པའི་མཉམ་ཉིད་སྦྱོར་བ་ཐོབ་པའི་སེམས་དཔའ་ཡིན་པའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་ན་སྟོང་ཉིད་རྟོགས་པས་ཁྱབ་ཟེར་ན། ས་བརྒྱད་པ་པའི་རྒྱུད་ཀྱི་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་ཡེ་ཤེས་དང་གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་གཉིས་ཆོས་ཅན། སྟོང་ཉིད་རྟོགས་པར་ཐལ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་པའི་ཕྱིར། དེར་ཐལ། དག་པའི་བདག་མེད་ཕྲ་རགས་གསུམ་གང་རུང་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཡིན་ན་ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱི་ནང་ནས་ཤེས་རབ་ཀྱི་ཆ་དང༌། ཆོས་སྐུའི་ལག་རྗེས་འཇོག་བྱེད་ཡིན་དགོས་པའི་ཕྱིར། རྣམ་བཤད་ལས། དང་པོ་ཆོས་སྐུའི་ལག་རྗེས་འཇོག་བྱེད་སྲིད་དང་ཞི་བ་མཉམ་པ་ཉིད་ཀྱི་སྦྱོར་བའི། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ཀྱི་གཞལ་བྱ་སྟོང་ཉིད་མ་ཡིན་པའི་ཕྱིར། རྩ་བར། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཞེས་པའི་བདེན་གཉིས་ལ་འབྲེ་དང་བྱང་སོགས་ན་རེ། འདིའི་བདེན་གཉིས་དབུ་མ་ལ་གྲགས་པའི་སྤྲོས་པ་དང་བྲལ་མ་བྲལ་ལ་བྱེད་ཟེར་ན། དེ་མི་འཐད་པར་ཐལ། རྫས་རང་མཚན་དང་ལྡོག་པ་སྤྱི་མཚན་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་སྒོམ་ལམ་དགུའི་ཆུང་ངུ་ལའང་འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་ཚད་མེད་གསུམ་བསྟན་པ་ལྟར་རེ་རེ་ལའང་གསུམ་གསུམ་བྱས་ནས་རྫས་གཅིག་ཉིད་ལྡོག་པ་ལ་སོ་སོར་བཤད་པ་དོན་དམ་པར་དབྱེ་བ་མེད་པའི་ཕྱིར། བདག་ཉིད་ཆེན་པོ་ཁྱུང་ཆ་པ་རིག་རལ་དེ་ལྟར་བཞེད་པ་གང་ཞིག །དེ་འཕགས་སེང་གི་ཡང་དགོངས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་འཕྲེང་ལས། འདིར་བདེན་གཉིས་སུ་བཤད་པ་དེ་སྤྲོས་པ་དང་བྲལ་མ་བྲལ་དབུ་མ་ལ་གྲགས་པའམ་རྟོག་གེ་ལ་གྲགས་པའི། ནས། དེ་ཡང་བདག་ཉིད་ཆེན་པོ་ཁྱུང་གི་བཞེད་པ་ཕྱི་མ་དང་འབྲེའི་བཞེད་པ་སྔ་མར་གྲགས་ཤིང་དཔལ་ལྡན་ཆ་པ་དང་རིག་རལ་ཡང་ཕྱི་མ་བཞེད་དོ། །ཞེས་སོ། །གཉིས་པ་གྲུབ་སྟེ། རྒྱན་སྣང་ལས། ལྡོག་པ་ལ་ལྟོས་ནས་ཉེ་བར་སྐྱེད་པ་སྣ་ཚོགས་ཀྱི་རང་བཞིན་གྱི་དོན་གཅིག་ལ་རབ་ཏུ་སྦྱོར་བ་ཡིན་པ་དེ་བས་ན་དོན་དམ་པར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྐད་དུ། གསེར་འཕྲེང་ལས། སྒོམ་ལམ་གྱིས་སྐྱེད་པའི་བསོད་ནམས་སྣ་ཚོགས་པ་དེ་རྫས་གཅིག་ཉིད་ལྡོག་པ་ལ་ལྟོས་ནས་རབ་ཏུ་སྦྱར་བ་དེ་དོན་དམ་དུ་དབྱེ་བ་མེད་པའི། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་སྦྱོར་ལམ་ན་ཡོད་པར་ཐལ། སྦྱོར་ལམ་པའི་རྒྱུད་ཀྱི་སྲིད་ཞི་བདེན་སྟོང་དུ་དབྱེར་མེད་པར་རྟོགས་པའི་སྦྱོར་བ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འདིའི་སྲིད་ཞི་མཉམ་ཉིད་ཀྱི་དོན་རྗེས་ཐོབ་ཏུ་སྲིད་ཞི་སོ་སོར་བདེན་པར་འཛིན་པ་མངོན་གྱུར་སྐྱེ་བ་སྤངས་པ་ལ་བྱེད་པའི་ཕྱིར་ཏེ། ཉི་སྣང་ལས། འདི་ཕན་ཆད་མི་མཐུན་པ་དང་གཉེན་པོའི་རྣམ་པར་རྟོགས་པའི་གནས་སྐབས་ཡོངས་སུ་གཏུགས་པའི་དབང་དུ་བྱས་ནས། གཉིས་ཀ་མཉམ་པ་ཉིད་དུ་རྟོགས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ས་བརྒྱད་པའི་སྐབས་འཁོར་བ་རྨི་ལམ་ལྟ་བུ་དང་བདེན་མེད་རྟོགས་པའི་ཡེ་ཤེས་ཉིན་མོ་བསྒོམ་པ་གཉིས་དོན་དམ་པར་སོ་སོར་འཛིན་པ་ཟད་ནས་མེད་པའི་ཕྱིར། མདོ་ལས། ཤཱ་རིའི་བུ། རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོགས་པ་མེད་པའི་ཕྱིར་རོ། །ཞེས་དང༌། རྩ་བར། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། སྦྱོར་ལམ་ན་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡོད་པར་ཐལ། སྦྱོར་ལམ་དུ་མ་ཟད་ཚོགས་ལམ་ན་སྲིད་ཞི་མཉམ་ཉིད་དང༌། ཞིང་དག་སྦྱོར་བ་དང༌། ཐབས་མཁས་སྦྱོར་བ་གསུམ་ག་ཡོད་པའི་ཕྱིར། དེར་ཐལ། གསེར་འཕྲེང་ལས། ཚོགས་ལམ་ནས་བཞག་དགོས་ཏེ། འདི་གསུམ་ནི་ཆོས་རྣམས་སྤྲོས་བྲལ་དུ་སྒོམ་པ་དང་ཞིང་དག་པར་བྱེད་པ་དང་སེམས་ཅན་སྨིན་པར་བྱེད་པ་གསུམ་ཡིན་ལ་དེ་གསུམ་མི་བྱེད་ན་བྱང་སེམས་མ་ཡིན་པར་འགྱུར་བས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གསུམ་བྱང་སེམས་ཐམས་ཅད་ཀྱི་སྒོམ་ཚུལ་ཙམ་བཤད་ཅིང༌། དེ་སྒོམ་པ་ཙམ་གྱིས་ཐོབ་པས་མ་ཁྱབ་པར་བཤད་ཟིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྗེས་ཀྱི་གནས་སྐབས་སུ་ཡང་བདེན་འཛིན་སྐྱེ་བའི་གོ་སྐབས་བཅོམ་པའི་དག་སའི་ཡེ་ཤེས་དེ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད་ཟེར་ན། དམན་ལམ་སྔོན་དུ་མ་སོང་བའི་ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བདེན་འཛིན་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ལ་སྐྱེ་རུང་གི་ས་བོན་ཡོད་པའི་ཕྱིར། དེར་ཐལ། དེ་ཡོད་ཀྱང་རྐྱེན་མེད་པས་གཏན་ནས་མི་སྐྱེ་བའི་ཕྱིར། ཡང་ཁ་ཅིག་ན་རེ། རྨི་ལམ་གྱི་ཤེས་པ་ཡིན་ན་ལམ་མ་ཡིན་པས་ཁྱབ་པར་ཐལ། རྨི་ལམ་གྱི་རྟ་ཡིན་ན་རྟ་མ་ཡིན་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རྨི་ལམ་ཡིན་ན་དགེ་བ་མ་ཡིན་མི་དགོས་པའི་ཕྱིར། དེར་ཐལ། རྨི་ལམ་དུ་སྟོང་ཉིད་སྒོམ་པ་ཡོད་པའི་ཕྱིར། རྩ་བར། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ། ཞེས་གསུངས་པའི་ཕྱིར།

    ཡང་རྩོད་ལན་འདི་དག་ཁ་ཅིག་དངོས་སྨྲ་བ་དང་དབུ་མ་པའི་རྩོད་པ་དང་ལན་དུ་སྦྱོར་ཟེར། ཁ་ཅིག་དེ་བཀག་ནས་རང་རྒྱུད་པ་དང་ཐལ་འགྱུར་བའི་རྩོད་པ་དང་ལན་དུ་སྦྱོར་ཟེར་བ་དག་ལ་ཁ་ཅིག་ན་རེ། དེ་གཉིས་ཀ་མི་འཐད་པར་ཐལ། ཡུམ་རྒྱས་འབྲིང་བསྡུས་གསུམ་གའི་མདོ་ལས་དངོས་སུ་བསྟན་པའི་རྩོད་པ་དང་ལན་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འདི་ལ་གྲུབ་མཐའ་བཞི་གའི་རྩོད་པ་དང་ཕར་ལན་བཏབ་ཚུལ་སྐབས་ཡིན་པའི་ཕྱིར། དེར་ཐལ། དེ་རྩོད་མཁན་ལ་བྱེ་མདོ་སེམས་ཙམ་གསུམ་ཡོད་པ་གང་ཞིག །ལན་བྱེད་མཁན་སེམས་ཙམ་པ་དབུ་མ་རང་རྒྱུད་པ་ཐལ་འགྱུར་བ་གསུམ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། བྱེ་མདོ་གཉིས་ཀྱིས་བརྩད་ཚུལ། འགྲེལ་པ་ལས། ཇི་ལྟར་ཕྱི་རོལ་གྱི་དོན་སྨྲ་བའི་ལུགས་ལ་སྐད་ཅིག་མ་ཉིད། ནས། སྲོག་གཅོད་པ་ལ་སོགས་པ་རྣམ་པར་འཇོག་པ་དེ་བཞིན་དུ། ཞེས་དང༌། རྒྱན་སྣང་ལས། ཇི་ལྟར་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་ལུགས། ནས། ཕྱིའི་དོན་ཡོད་པར་སྨྲ་བའི་ལུགས་ལ་ཡང་རྨི་ལམ་གྱི་གནས་སྐབས་དང་འདྲའོ ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་བཤད་ལས། ཇི་ལྟར་ཕྱི་རོལ་དོན་དུ་སྨྲ་བའི་མདོ་སྡེ་པ་དང༌། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་དོན་དམ་པར་ཏེ། བློ་དོན་དམ་པ་དབང་ཤེས་མ་འཁྲུལ་བས་གཟུང་ངོར། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་སེམས་ཙམ་པས་བརྩད་ཚུལ་བསྡུ་བར་ཡང་བྱུང་ལ། ཡང་རྩ་བར། རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་པ་ལྟ་བུ་ཡིན་པའི་ཕྱིར། ཁྱབ་སྟེ། འགྲེལ་པ་གཉིས་ཀའི་དངོས་བསྟན་ལྟར་ཉན་ཐོས་སྡེ་གཉིས་ལ་སེམས་ཙམ་པས་ཀྱང་དེ་ལྟར་རྩོད་པའི་ཕྱིར་ཏེ། རྣམ་བཤད་ལས། དངོས་སུ་དབུ་མ་པ་ལ་རྩོད་པའི་རྒོལ་བ་དོན་སྨྲ་གཉིས་བཀོད་ཀྱང་སེམས་ཙམ་པས་ཀྱང་སྔར་ཇི་ལྟར་དོན་སྨྲ་པས་རྩོད་པ་ལྟར་དབུ་མ་པ་ལ་རྩོད་པས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སེམས་ཙམ་པའི་ལན་ནི། ཐེག་བསྡུས་ལས། དོན་མེད་ན་འདོད་པ་དང་མི་འདོད་པའི་ཉེ་བར་སྤྱོད་པ་ནི་ཇི་ལྟར་འགྱུར་སྙམ་དུ་སོམ་ཉི་བཟློག་པའི་ཕྱིར་རྨི་ལམ་ལྟ་བུ་ཉིད་དང༌། ཞེས་དང༌། ཤན་ཏི་པས་རྩོད་པ་དང་ལན་གསུམ་གསུམ་བྱས་པ་ལྟ་བུ་ཡིན་པའི་ཕྱིར། གསེར་འཕྲེང་ལས། ཤཱན་ཏི་པ་ནི་རྒལ་ལན་གསུམ་དུ་མཛད་དོ། །ཞེས་པ་ནས། དང་པོ་གཉིས་གཅིག་ཏུ་བསྡུས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཐལ་རང་གཉིས་ཀྱི་ལན་ནི། རྒྱན་སྣང་ལས། དེ་བས་ན་དབུ་མ་པའི་ལུགས་ཀྱིས་གཉིད་ཀྱིས་མ་ལོག་པའི་གནས་སྐབས་སུ་རྨི་ལམ་དང་འདྲ་བའི་དངོས་པོ་རྣམས་ལ། ཞེས་གསུངས་པའི་ཕྱིར། སྤྱོད་འཇུག་ལས། གལ་ཏེ་སེམས་ཅན་སྒྱུ་འདྲ་ན། །ཤི་ནས་ཇི་ལྟར་སྐྱེ་ཞེ་ན། །ཞེས་གསུངས་པ་ཡང་སྒྱུ་མ་དང་རྨི་ལམ་མ་གཏོགས་མཚུངས་པའི་ཕྱིར། གཞན་ཡང༌། གྲུབ་མཐའ་བཞིའི་བརྩད་ཚུལ་ཕལ་ཆེར་མདོའི་དོན་མ་ཡིན་པར་ཐལ། མདོ་ལས་བཤད་པའི་རྩོད་པ་དབུ་སེམས་སོགས་ཀྱི་རྩོད་ཚུལ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། སྟོན་པ་བཞུགས་དུས་ནས་གྲུབ་མཐའ་བཞིའི་གང་ཟག་ཡོད་པའི་ཕྱིར་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝ་ར་ཎཱ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ། ཞེས་གསུངས་པའི་ཕྱིར། དེའི་ཐེག་པ་ལ་བརྗོད་བྱེད་ཀྱང་ཡོད་ཅིང་ཉན་ཐོས་ལ་བྱེ་མདོ་གཉིས་གཙོ་བའི་ཕྱིར། རྣམ་བཤད་ལས། དུས་དང་པོར་རང་སྡེ་དང་གཞན་སྡེ་ཁ་ཅིག །ཅེས་སོ། །

    ཡང་ཁ་ཅིག་ན་རེ། རྨི་ལམ་དུ་སྲོག་གཅོད་པ་རྨིས་ནས་སད་དུས་ཨ་ལ་ལ་བསད་ཅེས་མངོན་ཞེན་དྲག་པོ་བྱས་ན་སྲོག་གཅོད་ཀྱི་ལས་ལམ་ཡོངས་སུ་རྫོགས་པ་ཡོད་ཟེར་ན། འོ་ན། རྨི་ལམ་གྱི་མི་བསད་པའི་ལས་ལམ་ཡོངས་སུ་རྫོགས་པ་ཡོད་པར་ཐལ། རྨི་ལམ་དུ་སེམས་ཅན་བསད་པ་རྨིས་ནས་སད་དུས་སུ་མངོན་ཞེན་གྱིས་གསོས་བཏབ་ན་ལས་ལམ་ཡོངས་སུ་རྫོགས་པར་བསྐྱེད་པ་དེའི་ཕྱིར། འདོད་མི་ནུས་ཏེ། རྨི་ལམ་གྱི་མི་མི་མ་ཡིན་པ་དང་དེ་ལ་སེམས་མེད་པའི་ཕྱིར། ཁྱབ་སྟེ། སྤྱོད་འཇུག་ལས། སྒྱུ་མའི་སྐྱེས་བུ་བསད་སོགས་ལ། །སེམས་མེད་ཕྱིར་ན་སྡིག་མེད་དེ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་ལེགས་ལྡན་སོགས་འདོད་པ་གང་ཞིག །ཟླ་བས་ཆོས་ཀྱི་སྐྱེ་མཆེད་པའི་ཀུན་བཏགས་པའི་གཟུགས་སུ་ཁས་ལེན་པའི་ཕྱིར། དང་པོ་གྲུབ་སྟེ། འཇུག་པའི་རྣམ་བཤད་ལས། སློབ་དཔོན་ལེགས་ལྡན་གྱིས། ནས། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ཡིད་ཀྱི་ཤེས་པས་གཟུང་བར་བྱ་བ་ཞིག་རྨི་ལམ་ན་ཡོད་པས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་བཤད་དེ་ཉིད་ལས། རྨི་ལམ་ན་དབང་ཤེས་ལ་ཡུལ་ལྔར་སྣང་བ་རྣམས་ནི་ཡིད་ཤེས་ཁོ་ན་ལ་སྣང་བས་ན། ཞེས་པ་ནས། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཡིན་ལ་དེ་ཡང་དེའི་གཟུགས་ལྔའི་ཀུན་བཏགས་པའི་གཟུགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྨི་ལམ་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ག་ཆོས་ཀྱི་སྐྱེ་མཆེད་པའི་དེ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། རྨི་ལམ་གྱི་མི་བསད་པ་རྨིས་པ་ལ་ངས་བསད་དོ་སྙམ་དུ་མངོན་ཞེན་དྲག་པོས་གསོས་བཏབ་པས་མི་བསད་པའི་ལས་ལམ་རྫོགས་པར་འབྱུང་བར་ཐལ། དེ་ལས་མི་བསད་པའི་ལས་ལམ་འབྱུང་བའི་ཕྱིར་ན་མ་ཁྱབ་སྟེ། རྨི་ལམ་འཁྲུལ་རྒྱུ་ཆེན་པོ་ཡིན་པས་སེམས་མི་གསལ་བ་དང་འཆོལ་བས་མི་དགེ་བ་བཅུའི་ལས་ལམ་ཡོད་ཀྱང་མ་རྫོགས་པས་དམན་པར་བྱེད་དགོས། སད་དུས་མ་འཁྲུལ་ཞིང་སེམས་གསལ་བས་དགེ་མི་དགེའི་ལས་ལམ་རྫོགས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཉི་ཤུ་པ་ལས། རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །དེས་ན་འབྲས་བུ་འདྲ་མ་ཡིན། །ཞེས་དང༌། རྒྱན་སྣང་ལས་ཀྱང། གཉིད་ནི་སེམས་འཁྲུལ་བའི་རྒྱུ་བླ་ལྷག་ཡིན་པ་ཉིད་ཀྱིས་ན་མི་གསལ་བ་དང་འཆོལ་བར་རྟོགས་པས་རྨི་ལམ་དུ་དམན་པ་ཡིན་ལ། ཞེས་སོ། །གཉིས་པ་གྲུབ་སྟེ། རྒྱན་སྣང་ལས། གཉིད་ཀྱིས་མ་ལོག་པའི་སྐབས་སུ་ནི་གཉིད་ལ་སོགས་པའི་འཁྲུལ་པའི་རྒྱུ་དང་བྲལ་བས་སེམས་གསལ་ཞིང་5མ་འཆོལ་བར་སྣང་བ་ཉིད་ཀྱིས་ན་འབྲས་བུ་ལྷག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཐེག་དམན་འཕགས་པས་སྟོང་ཉིད་མ་རྟོགས་པར་ཐལ། སྲིད་ཞི་མཉམ་ཉིད་སྐབས་སུ་ལས་སོགས་འཕེལ་འགྲིབ་མེད་པར་ཐལ་བ་སོགས་མི་འཐད་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། ཁྱབ་པར་ཐལ། འོད་སྲུང་ཆེན་པོ་ལ་སོགས་པས་གནས་ལུགས་མཐར་ཐུག་མ་རྟོགས་པའི་ཕྱིར། སྤྱོད་འཇུག་ལས། གང་དག་འོད་སྲུང་ཆེན་པོ་ལ། །སོགས་པས་གཏིང་དཔོགས་མ་གྱུར་པ། །ཞེས་གསུངས་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། ཤེར་ཕྱིན་གྱི་འཁོར་འོད་སྲུང་སོགས་ཀྱིས་མ་རྟོགས་པའི་ཚུལ་བསྟན་ནས་དྲི་བ་དང་རྩོད་པ་མཛད་པ་གདུལ་བྱའི་དོགས་པ་སེལ་བའི་ཆེད་དུ་ཡིན་པའི་ཕྱིར། རྣམ་བཤད་ལས། ཤཱ་རིའི་བུས་རབ་འབྱོར་ལ་ཀླན་ཀ་དེ་ཉིད་བཀོད་པ་ནི་བདེན་གཉིས་འགལ་བར་འཛིན་པའི་གདུལ་བྱ་རྗེས་སུ་གཟུང་བའི་ཆེད་དུ་ཐེ་ཚོམ་ཡོད་པ་ལྟར་བཅོས་ནས་མཛད་པའོ། །ཞེས་གསུངས་པའི་ཕྱིར། ཡང་རོང་ཊཱིཀ་པ་ན་རེ། རྨི་ལམ་དུ་མི་བསད་པ་རྨིས་པས་ཀྱང་སྡིག་པ་བསོག་ན་དེའི་ཚེ་དགེ་སློང་གི་སྡོམ་པ་བཏང་བ་སོགས་ཀྱང་ཡོད་པར་ཐལ་ལོ་ཟེར། རྨི་ལམ་དུ་དགེ་མི་དགེའི་ལས་གསོག་ཙམ་ཡོད་ཀྱང༌། དགེ་སློང་གི་སྡོམ་པ་གཏོང་མི་དགོས་པར་ཐལ། རྨི་ལམ་ལ་སྟོན་པས་བཅས་པ་མ་མཛད་པའི་ཕྱིར། རྟགས་ཁས་བླངས་ལ། ཁྱབ་སྟེ། སྟོན་པའི་བཅས་དབང་གིས་སྡོམ་པ་ཐོབ་གཏོང་སོ་སོར་བྱེད་པའི་ཕྱིར། དཔེར་ན། གཞོན་ནུ་བཅུ་བདུན་སྡེ་དང་ཕྱིས་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པ་བཞིན། ཇི་སྐད་དུ། འགྲེལ་ཆེན་ལས། རྨི་ལམ་ལ་སོགས་པའི་གནས་སྐབས་སུ་ཡང་ལས་དང་འབྲས་བུ་ཡོད་པར་འདོད་པ་ཡིན་པའི་ཕྱིར། དགེ་སློང་མ་ཡིན་པ་ལ་སོགས་པའི་ཉེས་པ་ཡོད་པར་མི་བརྗོད་དེ། བསླབ་པ་སྦྱིན་པ་དང་འདྲ་བར། ཞེས་གསུངས་པའི་ཕྱིར། གཞན་ཡང༌། རྨི་ལམ་ན་དགེ་མི་དགེའི་ལས་གསོག་པ་མེད་པར་ཐལ་ལོ། །དེ་ཡོད་ན་དགེ་སློང་གི་སྡོམ་པ་གཏོང་དགོས་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། རྩ་བར། རྨི་ལམ་ན་ཡང་ཆོས་རྣམས་ཀུན ཞེས་དང༌། བརྒྱད་སྟོང་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྨི་ལམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འགྲེལ་ཆེན་ལས་ཀྱང༌། རྨི་ལམ་ལ་སོགས་པའི་སྐབས་སུ་ཡང་ལས་དང་འབྲས་བུ་ཡོད་པར་འདོད་པ་ཡིན་པས། ཞེས་གསུངས་པའི་ཕྱིར། ཤིན་ཏུ་སྤྲོ་སླ།

(5) དཔར་ཐེངས་གཉིས་པ། གསལ་ཞིང་འཆོལ་བར་སྣང་བ།

    རང་ལུགས་ལ་རྗེས་ཐོབ་ཀྱི་གནས་སྐབས་སུ་ཡང་བདེན་འཛིན་མངོན་གྱུར་སྐྱེ་བའི་གོ་སྐབས་བཅོམ་པའི་ཆ་ནས་བཞག་པའི་དག་སའི་ལམ་ཤེར་ཕྱིན་དེ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད་ཡིན་ཏེ། སྲིད་ཞི་བདེན་མེད་མཉམ་པར་སྒོམ་པ་ཙམ་སོགས་དེ་མཉམ་ཉིད་ཀྱི་དོན་མིན་ལ། རྗེས་ཐོབ་ཏུ་ཡང་སྲིད་པ་དང་མྱང་འདས་སོ་སོར་བདེན་འཛིན་ཟད་པ་སྐབས་འདིའི་མཉམ་ཚུལ་ཡིན་པས་དེ་འདྲའི་བྱང་སེམས་ཀྱི་ཡེ་ཤེས་ལ་དེས་ཁྱབ་པའི་ཕྱིར། དེས་ན་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང་ཞིང་དག་སྦྱོར་བ་དང༌། ཐབས་མཁས་སྦྱོར་བ་གསུམ་འབྲས་བུའི་ལྡོག་ཆ་ནས་ཐ་དད་དུ་བཤད་པ་ཙམ་ཡིན་པའི་ཕྱིར། དཔེར་ན། བྱང་སེམས་ཀྱི་དག་སའི་ལུས་དྲན་པ་ཉེར་བཞག་ཞིང་དག་སྦྱོར་བ་གང་ཞིག །སྲིད་ཞི་མཉམ་ཉིད་སྦྱོར་བ་ཡིན་པའི་ཕྱིར། རྟགས་གཉིས་པ་སྔར་དྲན་པ་ཉེར་བཞག་གི་ཁྱད་པར་བཅུ་བཞིས་སྒྲུབ་སླ་ཞིང༌། དང་པོ་གྲུབ་སྟེ། བྱང་སེམས་ཀྱི་ལུས་དྲན་པ་ཉེར་བཞག་གིས་ཀྱང་སྣོད་བཅུད་གཉིས་སྦྱོར་བ་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱེད་པའི་ཕྱིར། ཉི་སྣང་ལས། དྲན་པ་ཉེར་བཞག་ལ་སོགས་པ་ལས་གཅིག་ཉིད་ཀྱིས་འགྲོ་བ་ཐ་དད་པ། ཞེས་པ་ནས། འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་མེད་པར་ཡོངས་སུ་རྟོགས་པའི་ཡིད་ལ་བྱེད་པས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བ། ཞེས་གསུངས་པའི་ཕྱིར། ཀླན་ཀ་བཞི་ཡོད་དེ། ལས་སོག་པ་མི་འཐད་པར་ཐལ་བ་དང༌། རྨི་ལམ་ན་ཡང་ལས་ལམ་རྫོགས་པར་ཐལ་བ་དང༌། ལུང་དང་འགལ་བར་ཐལ་བ་དང༌། ཧ་ཅང་ཐལ་བ་བཞི་ཡོད་པའི་ཕྱིར། ལན་བྱེད་ཚུལ་བརྒྱད་ཡོད་དེ། ཀུན་རྫོབ་དང་དོན་དམ་ལ་ལྟོས་པའི་ལན་གཉིས་རེ་ཡོད་པའི་ཕྱིར།

    ཀླན་ཀ་དང་པོ་ནི། ཤཱ་རིའི་བུས་ཉིན་པར་ཡང་དགེ་སྡིག་གི་ལས་སོག་པ་དང་འཕེལ་བ་མི་འཐད་པར་ཐལ། ལས་འབྲས་དོན་དམ་པར་མ་གྲུབ་པའི་ཕྱིར། དཔེར་ན་རྨི་ལམ་བཞིན། ཉི་ཁྲི་ལས། བྱང་ཆེན་རྨི་ལམ་དུ་རྣམ་ཐར་སྒོ་གསུམ་ལ་སྙོམས་པར་འཇུག་པ་ཤེར་ཕྱིན་འཕེལ་ལམ། ཞེས་དང༌། བརྒྱད་སྟོང་ལས། རབ་འབྱོར་བྱང་ཆེན་རྣམ་ཐར་སྒོ། ནས། འཕེལ་ལམ་ཞེས་བྱུང༌། ཐལ་འགྱུར་དེ་སུན་འབྱིན་ཡང་དག་མ་ཡིན་པར་ཐལ། ཀུན་རྫོབ་ཏུ་ཁྱབ་པ་མེད་ཅིང༌། དོན་དམ་དུ་འདོད་ལན་ཐེབ་པའི་ཕྱིར། དང་པོ་གྲུབ་སྟེ། ཡུམ་བར་བ་ལས། ཤཱ་རིའི་བུ་ཉིན་པར་བསྒོམ་པས་ཀྱང་རྣམ་པར་འཕེལ་ལོ། །ཞེས་དང༌། འོན་ཏེ་སད་ནས་རྣམ་པར་རྟོག་ན་ནི་དེ་ལས་སོག་པའམ་འབྲི་བར་འགྱུར་རོ། །ཞེས་དང༌། བརྒྱད་སྟོང་ལས། རབ་འབྱོར་གྱིས་གལ་ཏེ་ཉིན་པར་བསྒོམ་པས་རྣམ་པར་འཕེལ་ན་རྨི་ལམ་དུ་རྨིས་པས་ཀྱང་རྣམ་པར་འཕེལ་ལོ། །ཞེས་དང༌། སད་ནས་རྣམ་པར་རྟོག་ཅིང་བསད་པར་འདུ་ཤེས་སྐྱེད་དེ་ཨ་ལ་ལ་བསད་དོ། །ནས། ལས་སོག་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དོན་དམ་པར་འཕེལ་འགྲིབ་མེད་པའི་ཕྱིར། ཉི་ཁྲི་ལས། ཤཱ་རིའི་བུ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པ་དེ་ལྟར་ན་དེ་ལས་སོག་པའམ་འབྲི་བ་མེད་དོ། །ཞེས་དང༌། བརྒྱད་སྟོང་ལས། བཅོམ་ལྡན་འདས་ཀྱི། ནས། སོག་པ་མེད་དོ། །ཞེས་གསུངས་པའི་ཕྱིར། ཐལ་འགྱུར་གཉིས་པ་ནི། ཤཱ་རིའི་བུས། འོ་ན། རྨི་ལམ་ན་བསད་བྱ་གསོད་བྱེད་དང་སྦྱིན་བྱ་སྦྱིན་བྱེད་སོགས་ལ་བརྟེན་ནས་ལས་ལམ་ཡོངས་སུ་རྫོགས་པ་ཡོད་པར་ཐལ། སད་པ་དང་རྨི་ལམ་མཚུངས་པའི་ཕྱིར། འདོད་ན། རྨི་ལམ་དུ་མི་བསད་པ་རྨིས་པས་ཀྱང་དགེ་སློང་གི་སྡོམ་པ་གཏོང་བར་ཐལ་ལོ། །འདོད་པ་དེའི་ཕྱིར། ཉི་ཁྲི་ལས། ཉིན་པར་སྲོག་གཅོད་པ་དང༌། རྨི་ལམ་ན་སྲོག་གཅོད་པ་དེ་ལ། ནས། ཁྱོད་ཇི་སྐད་ཟེར། ཞེས་པའི་ཤུགས་ཀྱི་ཐལ་འགྱུར་ཡིན་ལ། ཞེས་དང༌། བརྒྱད་སྟོང་ལས། ཤཱ་རིའི་བུས་སྨྲས་པ། རྨི་ལམ་ན་སྲོག་གཅོད་བྱས་སོ། །ཞེས་པ་ནས། ཤཱ་རིའི་བུ་དེ་དེ་བཞིན་ཏེ། ཞེས་སོ། །ལན་ནི། རབ་འབྱོར་ཐལ་འགྱུར་དེ་སུན་འབྱིན་ཡང་དག་མ་ཡིན་པར་ཐལ། སད་རྨི་གཉིས་ལ་སྟོབས་ཆེ་ཆུང་གི་ཁྱད་པར་ཡོད་ཅིང་མངོན་ཞེན་དྲག་པོས་གསོས་བཏབ་ན་དགེ་མི་དགེའི་ལས་ལམ་དུ་འགྱུར་བ་ཡོད་པའི་ཕྱིར། དེ་ཡོད་ཀྱང་མི་བསད་པ་རྨིས་པས་སྡོམ་པ་མི་གཏོང་སྟེ། དེ་ཐོབ་གཏོང་བསླབ་པ་བཅས་དབང་ལས་བཞག་པའི་ཕྱིར། ཉི་ཁྲི་ལས། རབ་འབྱོར་ལས་ནི་དམིགས་པ་དང་བཅས་པ་ཁོ་ནར་སྐྱེ། ཞེས་དང༌། གསེར་འཕྲེང་ལས། ལན་གཉིས་པ་ནི་ཞེས་པ་ནས། དེ་ལྟར་རྩོད་ལན་དེ་གཉིས་ཀྱིས། ཞེས་སོ། །

    ཐལ་འགྱུར་གསུམ་པ་ནི། ཤཱ་རིའི་བུས་མདོ་ལས་ལས་དང་སེམས་པ་ཐམས་ཅད་དབེན་པར་གསུངས་པ་མི་འཐད་པར་ཐལ། སད་རྨི་གཉིས་ཀར་ལས་བསོག་པ་ཡོད་པའི་ཕྱིར། ཉི་ཁྲི་ལས། རབ་འབྱོར་ལས་ཐམས་ཅད་དང་སེམས་པ་ཐམས་ཅད་དབེན་པའོ། །ཞེས་གསུངས་ན། དེ་ཇི་ལྟར་དམིགས་པ་དང་བཅས་པར་སྐྱེ། ཞེས་དང༌། བརྒྱད་སྟོང་ལས། རབ་འབྱོར་འདི་ལྟར། ཞེས་པ་ནས། མི་སྐྱེ། ཞེས་སོ། །ལན་ནི་རབ་འབྱོར་གྱིས་མདོ་དང་མི་འགལ་བར་ཐལ། མདོ་ལས་གསུངས་པ་དེ་དོན་དམ་པར་མེད་པར་གསུངས་པ་ཡིན་ལ་ལས་འབྲས་ཀུན་རྫོབ་ཏུ་ཡོད་པའི་ཕྱིར། ཉི་ཁྲི་ལས། ཤཱ་རིའི་བུ་མཚན་མར་བྱས། ཞེས་པ་ནས། དམིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམིགས་པ་མེད་པར་ནི་མ་ཡིན་ནོ། །ཞེས་དང༌། བརྒྱད་སྟོང་ལས། སེམས་པ་ཡང་མཚན་མས་དབེན་པ་སྟེ། འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་སྐྱེའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དམིགས་མེད་དང་མཚན་མས་དབེན་པ་དོན་དམ་དུ་དང༌། དམིགས་བཅས་དང་འཇིག་རྟེན་གྱི་ཐ་སྙད་ནི་ཀུན་རྫོབ་ཏུ་ཡོད་པར་བཤད་པའི་ཕྱིར། ཐལ་འགྱུར་བཞི་པ་ཧ་ཅང་ཐལ་བ་ནི། ཤཱ་རིའི་བུས་རབ་འབྱོར་ལ་རྨི་ལམ་དུ་ཕྱིན་དྲུག་བསྒོམ་ཞིང་དགེ་བ་རྫོགས་བྱང་དུ་བསྔོས་ན་ཚོགས་གཉིས་ཡོངས་སུ་རྫོགས་པར་འགྱུར་བར་ཐལ། རྨི་ལམ་ན་ལས་ལམ་རྫོགས་པ་ཡོད་པའི་ཕྱིར། འདོད་ན་ཧ་ཅང་ཐལ་ཏེ། རྨི་ལམ་གྱི་ལས་ལམ་ཡང་དག་ཀུན་རྫོབ་ཏུ་ཡང་མ་གྲུབ་པའི་ཕྱིར། ཉི་ཁྲི་ལས། རབ་འབྱོར་གལ་ཏེ་བྱང་ཆེན་གྱི་སྦྱིན་པ། ནས། བླ་མེད་རྫོགས་བྱང་དུ་ཡོངས་སུ་བསྔོས་པར་འགྱུར་ཏེ། ཞེས་དང༌། བརྒྱད་སྟོང་ལས། ཤཱ་རིའི་བུས་སྨྲས་པ། ནས། སྦྱིན་པ་ཡོངས་སུ་བསྔོས་པ་ཞེས་བྱ་བའམ། ཞེས་སོ། །ལན་གཉིས་ཡོད་དེ། རབ་འབྱོར་གྱིས་དོན་གྱིས་ལན་སྔར་ཐལ་འགྱུར་གཉིས་པའི་སྐབས་སུ་བཤད་པའི་ཕྱིར་དང༌། རབ་འབྱོར་གཅིག་པུས་ལན་ཐམས་ཅད་འདེབས་ཀྱང་མི་རྫོགས་པའི་ཕྱིར། དེས་ན། ཉི་ཁྲི་ལས། བྱང་ཆེན་ཆེན་པོ་བྱམས་པ། ནས། ལན་ལྡོན་པར་འགྱུར་རོ ཞེས་དང༌། བརྒྱད་སྟོང་ལས། བྱམས་པ་འདི་མངོན་སུམ་དུ་འདུག་ན། ནས། ལན་ལྡོན་པར་འགྱུར་རོ། །ཞེས་སོ། །འདི་ལ་བྱམས་པས་ཀྱང་ལན་ལྡོན་པའི་བཏགས་དོན་བཙལ་ནས་སྲིད་ཞི་བདེན་སྟོང་དུ་དབྱེར་མེད་པའི་དོན་གྱིས་ལན་མཛད་དེ་དངོས་སུ་མི་མཛད་པ་མ་འོངས་པའི་སངས་རྒྱས་འབྱོན་པའི་དགོས་པར་གཟིགས་པའི་ཕྱིར། མདོ་ལས། བྱམས་པ་ཞེས་པའི་མིང་ལན་ལྡོན་ནམ། ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སྙམ་མོ། །ཞེས་དང༌། ལེ་བརྒྱད་མ་ལས། ཞེས་བྱ་བ་ནི་ཀླན་ཀ་བརྒྱུད་པ་ཡིན་ཏེ། ཞེས་དང༌། བརྒྱད་སྟོང་ལས། བྱམས་པ་ཞེས་བྱ་བ། སོགས་བྱུང༌། གསེར་འཕྲེང་ལས། འདི་ཉི་སྣང་ལེ་བརྒྱད་མ་རྣམ་འགྲེལ་རྣམས་ཀྱི་དགོངས་པར་སྣང་ཡང་ཊཱིཀ་བྱེད་སྔ་ཕྱི་རྣམས་ཀྱིས་མ་ཐོན། ཞེས་གསུངས་པ་ལྟར་ཡིན་པས་ཉུང་ངུས་ལེགས་པར་བཀྲལ་ཡོད་པས་བློ་ལྡན་ཡིད་ཀྱི་ནོར་བུར་ཤེས་པར་བྱའོ། །

    རྩོད་སྤོང་ལ་ཁོ་ན་རེ། ས་བརྒྱད་པ་བའི་རྒྱུད་ཀྱི་མཉམ་བཞག་ཡེ་ཤེས་ཆོས་ཅན། ཆོས་སྐུའི་ལག་རྗེས་འཇོག་བྱེད་ཡིན་པར་ཐལ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་སྐུའི་ལག་རྗེས་འཇོག་བྱེད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། གཙོ་མི་གཙོ་ཙམ་ལས་ཆོས་སྐུ་ལའང་ཚོགས་གཉིས་ཀྱི་ལག་རྗེས་དགོས། གཟུགས་སྐུ་ལ་དེ་ལྟར་དགོས་པའི་ཕྱིར་ཏེ། མཚན་དཔེ་རེ་རེ་ལ་ཕྱིན་དྲུག་གི་ལག་རྗེས་བཤད་པའི་ཕྱིར

                                                                                                                 རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།