ཀུན་མཁྱེན་ཕར་ཕྱིན་ལས་ཕྱིར་མི་ལྡོག་པའི་རྟགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-06 20:58:09     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

28363811256457924.jpg 

    གསུམ་པ་མངོན་རྟོགས་ཁྱད་པར་ཅན་སྐྱེ་རིམ་ལ། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས། སྐུ་གསུམ་སྒྲུབ་བྱེད་ཀྱི་ལམ་བཤད་པ་གཉིས། དང་པོ་ལ། མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། རྩ་བར། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །སོགས་ཚིགས་བཅད་གཅིག་བྱུང༌། གཉིས་པ་ནི། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །ནས། བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་གསུམ། དང་པོ་ནི། མདོ་ལས། བྱང་ཆེན་ཕྱིར་མི་ལྡོག་པའི་རྣམ་རྟགས་མཚན་མ་དག་གང་ལགས། ཞེས་པ་ནས། དེ་ནི་གང་ཅུང་ཟད་ཙམ་ཡང་བྱུང་རྒྱལ་དུ་སྨྲ་བ་མ་ཡིན་ཏེ། ཞེས་སྤྱིར་བསྟན་པ་དང༌། མདོ་ལས། ཆོས་ཐམས་ཅད་རྣམ་པ་མེད་པ་བརྟགས་མེད་པ་མཚན་མ་མེད་པའོ། །སོགས་སྦྱོར་མཐོང་སྒོམ་གསུམ་གྱི་རྟགས་བཤད་པ་གཉིས་ལས། དང་པོ་འཆད་པར་མདོར་བསྟན་དང༌། གཉིས་པ་འཆད་པར་རྒྱས་བཤད་བྱུང༌། གཉིས་པ་ནི། སྦྱོར་མཐོང་སྒོམ་གསུམ་གྱི་བྱང་སེམས་ཐབས་མཉམ་པའི་སེམས་དང་ཆོས་ཐམས་ཅད་མཚན་མེད་དུ་རྟོགས་པའི་ཤེས་རབ་གཉིས་དང་ལྡན་པ་དེ་དག་ཆོས་ཅན། ཕྱིར་མི་ལྡོག་པའི་གང་ཟག་ཏུ་ངེས་ཏེ། བདེན་འཛིན་གྱི་རྣམ་པར་མི་རྟོག་ཅིང་ལུས་བག་ཡོད་དང་ངག་དོན་ལྡན་དང་གཞན་ལ་སྐྱོན་མི་ཚོལ་བར་ལེགས་བཤད་ཁོ་ན་ལྷུར་ལེན་གྱི་བྱང་སེམས་ཡིན་པའི་ཕྱིར། མདོ་ལས། དེ་བཞིན་ཉིད་ལ་རེ་རེ་མེད་གཉིས་སུ་མེད་གཉིས་སུ་མ་ཡིན་པ་ཡང་མེད་དེ་ཅུང་ཟད་ཅིག་ཀྱང་རྣམ་པར་རྟོག་པར་མི་བྱེད་དོ། །དེ་ནི་གང་ཅུང་ཟད་ཙམ་ཡང་བྱུང་རྒྱལ་དུ་སྨྲ་བ་མ་ཡིན་ཏེ་དོན་དང་ལྡན་པའི་ཚིག་སྨྲ་ཡི་དོན་དང་མི་ལྡན་པའི་ཚིག་སྨྲ་བ་མ་ཡིན། གཞན་གྱི་བྱས་པ་དང་མ་བྱས་པ་མི་ལྟ་ཞིང་ལེགས་པར་བརྗོད་པ་ཚོལ་བ་ཡིན་ཏེ། ནས། མི་ལྡོག་པར་རིག་པར་བྱའོ། །ཞེས་སོ 

    མཐའ་དཔྱད་པ་ལ་ཁ་ཅིག །བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཡིན་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་ཅིང་དེ་ལུས་ངག་གི་མཚན་མ་ཟེར། ཁ་ཅིག །ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་དང་སྦྱོར་ལམ་ཐོབ་མ་ཐག་གི་གཞི་མཐུན་མེད་ཟེར། ཡང་ཁ་ཅིག་རྟགས་ཀྱིས་དཔོགས་པ་རང་བཞིན་གྱི་རྟགས་ཟེར། ལ་ལ་འབྲས་རྟགས་ཟེར། མང་པོ་ཞིག་གཏན་ཚིགས་ཀྱིས་དཔོགས་པ་མེད་ཟེར་རོ། །འདི་དག་ལ་སྔ་ཕྱིའི་ལུགས་མང་ཡང་རིགས་པ་རེ་རེ་སྨྲ་ན། འོ་ན། ཐེག་ཆེན་གྱི་དྲོད་ཐོབ་མ་ཐག་གི་རྒྱུད་ཀྱི་གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་ལོག་པ་དང་མི་ཁོམ་པ་བརྒྱད་དང་བྲལ་བའི་ཆ་ཆོས་ཅན། ལུས་ངག་གང་རུང་གི་མཚན་མ་ཡིན་པར་ཐལ། སྦྱོར་ལམ་པ་དབང་རྣོན་ཕྱིར་མི་ལྡོག་པའི་རྟགས་ཉི་ཤུ་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རྩ་བར། གཟུགས་ལ་སོགས་ལས་ལྡོག་པ་དང༌། །ཐེ་ཚོམ་མི་དལ་ཟད་པ་དང༌། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ལུས་ཀྱི་མ་ཡིན་ངག་གི་ཡང་མ་ཡིན་པའི་ཕྱིར། རྟགས་གཉིས་ཀ་གྲུབ་སྟེ། གཟུགས་ལ་བདེན་པར་འཛིན་པ་ཡིད་ཀྱི་ཤེས་པ་ཡིན་པའི་ཕྱིར། ལུགས་གཉིས་པ་ལ་སྦྱོར་ལམ་དྲོད་ཀྱི་རྟགས་ཐོབ་ན་དེ་གཞན་ལ་དཔོགས་དུས་ཀྱི་རྟགས་ཡིན་དགོས་པར་ཐལ། སྦྱོར་ལམ་པ་དབང་རྣོན་དྲོད་ཐོབ་མ་ཐག་ལ་རྟགས་ཐོབ་པ་མེད་པའི་ཕྱིར། ཁྱབ་སྟེ། དྲོད་ཀྱི་རྟགས་བཅུ་གཅིག་ལ་སེམས་ཀྱང་ཡོད་པའི་ཕྱིར། མ་གྲུབ་ན། དེའི་རྒྱུད་ཀྱི་སྐྱབས་གནས་ཡང་དག་ལ་ཐེ་ཚོམ་མངོན་གྱུར་ཟད་པ་དང༌། བྱམས་པའི་ཡིད་གཉིས་ཆོས་ཅན། དྲོད་ཀྱི་རྟགས་བཅུ་གཅིག་པོ་གང་རུང་མ་ཡིན་པར་ཐལ་ལོ། །འདོད་ན། རྩ་བར། བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །ཞེས་གསུངས་པ་དང་འགལ། རྩ་བར་འདོད་ན། སྦྱོར་ལམ་རྩེ་མོ་ཐོབ་མ་ཐག་ལ་རྩེ་མོའི་རྟགས་ལྡན་པ་མེད་ཅིང༌། ཆོས་མཆོག་ཐོབ་མ་ཐག་ལ་དེའི་རྟགས་ལྡན་པ་མེད་པར་ཐལ། སྦྱོར་ལམ་ལ་དེའི་ཕྱིར། འདོད་ན། ཆོས་མཆོག་ཐོབ་མ་ཐག་གི་རྒྱུད་ཀྱི་འཁོར་གསུམ་བདེན་མེད་དུ་རྟོགས་པའི་ཡེ་ཤེས་དང༌། རྩེ་མོ་བའི་རྒྱུད་ཀྱི་སེམས་གྱ་གྱུ་མེད་པ་དང༌། བཟོད་པ་བའི་རྒྱུད་ཀྱི་བདུད་ལ་བདུད་དུ་རྟོགས་པའི་ཤེས་རབ་རྣམས་ཆོས་ཅན། རྟགས་ཉི་ཤུ་གང་རུང་མ་ཡིན་པར་ཐལ་ལོ། །དེ་དག་ཐོབ་མ་ཐག་གི་དེ་མེད་པའི་ཕྱིར། འདོད་མི་ནུས་པར་སླ། ལུགས་གསུམ་པ་དང་བཞི་པ་ལ། འོ་ན། རང་བཞིན་གྱི་རྟགས་ཡང་དག་གི་སྒོ་ནས་ཕྱིར་མི་ལྡོག་པར་རྟོགས་པ་ཞིག་མེད་པར་ཐལ། རྟགས་དེ་ལ་འབྲས་རང་གང་ཡང་མེད་པའི་ཕྱིར། འདོད་ན། མདོ་ལས། རྣམ་པ་དང་རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་གཟུང་བར་བྱ། ཞེས་པའི་གཟུང་ཚུལ་ལ་དེ་གཉིས་གང་རུང་གི་ཤེས་པ་གཅིག་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། འགྲེལ་ཆེན་ལས། གཟུང་བར་བྱའོ་ཞེས་བྱ་བ་ནི། །ནུས་པའི་རྒྱུ་ཡིས་འབྲས་སྐྱེ་བར། །རྗེས་སུ་དཔོགས་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་པའི་ཚུལ་གྱིས་དཔོགས་པར་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ལུས་ངག་གི་དེ་མི་དཔོགས་པར་ཐལ། གཡོ་ཅན་གྱི་ལུས་ངག་གི་ཐ་སྙད་དང་ནང་གི་བློ་མི་མཐུན་པའི་ཕྱིར་ན་མ་ཁྱབ་སྟེ། གཡོ་ཅན་གྱི་ལུས་སེམས་ཀྱི་འབྲེལ་བ་མ་ངེས་ཀྱང༌། ལུས་ངག་གི་ཐ་སྙད་ཅན་ལ་སེམས་དཔོགས་པ་མི་འཁྲུལ་བའི་ཕྱིར། རྒྱུད་གཞན་སྒྲུབ་པ་ལས། རང་ལུས་བློ་སྔོན་འགྲོ་བ་ཡི། །བྱ་བ་མཐོང་ནས་གཞན་ལ་དེ། །འཛིན་ཕྱིར་གལ་ཏེ་བློ་ཤེས་འགྱུར། །ཞེས་དང༌། ས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི རིགས་ནི་མཚན་མ་དག་ལས་ཤེས། །ཞེས་དང༌། ཉི་སྣང་ལས། རྟགས་ནི་རང་ལ་བརྟེན་ནས་མཚན་མས་བསྡུས་པའོ། །ཞེས་གསུངས་པའི་ཕྱིར་དང༌། འཇུག་པ་སོགས་དུ་མས་བཤད་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྦྱོར་ལམ་བཟོད་པ་བ་ལ་དེའི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་ཟེར་ན། རྩེ་མོ་ལ་ཡང་དེ་ལྟར་ཁྱབ་པར་ཐལ། བཟོད་པ་ལ་དེའི་ཕྱིར། ཁྱབ་སྟེ། སྦྱོར་ལམ་དྲོད་ཀྱི་རྟགས་བཅུ་གཅིག་ཐོབ་ལ་གཞན་མ་ཐོབ་པར་རྩེ་མོ་ཐོབ་མ་ཐག་ཆོས་ཅན། དེར་ཐལ། དེའི་ཕྱིར། དེས་མཐོང་ལམ་པ་དང་སྒོམ་ལམ་པ་ཡང་ཤེས་སོ། །ཡང་ཁ་ཅིག ། གཟུགས་སོགས་ལ་བདེན་འཛིན་མངོན་གྱུར་པ་ལྡོག་པ་སོགས་རྟགས་ཞེ་བཞི་གང་རུང་དང་ལྡན་པའི་སེམས་དཔའ་དེ། ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཟེར་ན། སངས་འཕགས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་མི་སློབ་པའི་དགེ་འདུན་ཡིན་པའི་ཕྱིར། འདོད་ན། སེམས་དཔར་ཐལ་ལོ། །མཚན་ཉིད་དེ་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཟེར་ན། དབང་རྟུལ་མཐོང་ལམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། སློབ་པ་དང་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་གཞི་མཐུན་ཡིན་པའི་ཕྱིར། དེར་ཐལ། དམན་ལམ་སྔོན་མ་སོང་གི་ཐེག་ཆེན་མཐོང་ལམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། གསེར་འཕྲེང་ལས། རྟགས་མ་ཐོབ་ཀྱང་ས་ཐོབ་ནས་ཐེག་དམན་དུ་ལྟུང་བ་ནི་མི་སྲིད་དེ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །བྱང་སེམས་ཚོགས་ལམ་པ་ལམ་གཞན་དུ་མི་འཇུག་པ་ཕྱིར་མི་ལྡོག་པའི་སློབ་པའི་དགེ་འདུན་ཡིན་ཟེར་ན། དེ་སློབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སློབ་པ་སྦྱོར་ལམ་ལས་དམན་པ་མ་བཤད་པའི་ཕྱིར། ཡང་ཁ་ཅིག་ན་རེ།.....ཤེས་རབ། རྒྱུད་བླ་མ་ལས། ཇི་སྲིད་ས་བརྒྱད་མ་ཐོབ་པ། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་ཟེར། གཞན་དག་ན་རེ། ལུང་དེ་ལང་གཤེགས་ལས་ཟེར་བ་གཉིས་ཀ་མི་འཐད་པར་ཐལ། དེ་རྒྱུད་རྡོ་རྗེ་རྩེ་མོའི་ཚིག་ཡིན་པའི་ཕྱིར། ཡང་རོང་ཊཱིཀ་པ་ན་རེ། མ་དག་ས་བདུན་སྐབས་སུ་སྦྱོར་བའི་སྒོ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་ཀྱང་བསམ་པའི་སྒོ་ནས་མ་ཐོབ་སྟེ། རང་ཉིད་འབའ་ཞིག་གི་དོན་དུ་ཐར་པ་དོན་དུ་གཉེར་བའི་བྱང་འཕགས་ཡོད་པའི་ཕྱིར། ལུང་ལས། ཇི་སྲིད་ས་བརྒྱད་མ་ཐོབ་པ། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན། ཐེག་ཆེན་སེམས་བསྐྱེད་ཉམས་པའི་བྱང་འཕགས་ཡོད་པར་ཐལ། རང་ཉིད་འབའ་ཞིག་གི་དོན་དུ་ཐར་པ་དོན་དུ་གཉེར་བའི་དེ་ཡོད་པའི་ཕྱིར། རྟགས་ཁས། ཡང་ཁ་ཅིག །སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་དེ་ཡིན་ན་གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་པ་འགགས་པས་ཁྱབ་ཟེར་ན། སྦྱོར་ལམ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་གཟུགས་ལ་བདེན་འཛིན་ལྷན་སྐྱེས་མངོན་གྱུར་རྒྱུད་ལ་ལྡན་པའི་སེམས་དཔའ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། མ་དག་ས་བདུན་གྱི་སྐབས་སུ་བདེན་འཛིན་ལྷན་སྐྱེས་མངོན་གྱུར་འཇུག་པའི་ཕྱིར། ཡང་ཁ་ཅིག །ས་དགུ་པ་བ་ཡིན་ན། སྦྱོར་མཐོང་སྒོམ་གསུམ་གྱི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་ཟེར་ན། སྦྱོར་མཐོང་གཉིས་ཀྱི་གནས་སྐབས་སུ་དེའི་རྟགས་མ་ཐོབ་པར་ས་བརྒྱད་པའི་གནས་སྐབས་སུ་ཐོབ་པའི་ས་དགུ་པ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དབང་རྣོན་གྱིས་སྦྱོར་ལམ་སྐབས་དང༌། དབང་འབྲིང་གིས་མཐོང་ལམ་སྐབས་སུ་དང༌། དབང་རྟུལ་གྱིས་ས་བརྒྱད་པའི་གནས་སྐབས་སུ་འཐོབ་པའི་ཕྱིར་ཏེ། རྣམ་བཤད་ལས། དབང་པོ་རྣོན་པོས་ནི་སྦྱོར་ལམ་དྲོད་ནས་དང༌། འབྲིང་པོས་མཐོང་ལམ་དང༌། དབང་པོ་ཇི་ལྟར་རྟུལ་ཡང་ས་བརྒྱད་པ་ནས་ཐོབ་པར་རྣམ་པར་བཞག་གོ །ཞེས་གསུངས་པའི་ཕྱིར། ཟླ་འོད་ལས། དབང་པོ་འབྲིང་ནི་ས་རབ་ཏུ་དགའ་བ་ལས་ཏེ། ནས། དབང་པོ་རྟུལ་པོ་ནི་ས་མི་གཡོ་བ་ལས་ཏེ། ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ། བསམ་སྦྱོར་གཉིས་ཀྱི་སྒོ་ནས་གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་པ་ལྡོག་པ་སོགས་རྟགས་ཞེ་བཞི་པོ་གང་རུང་ཐོབ་པའི་སེམས་དཔའ་དེ། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཚན་ཉིད། ཕྱིར་མི་ལྡོག་པའི་རྟགས་ཞེ་བཞི་ཡོད་དེ། སྦྱོར་ལམ་དྲོད་ཀྱི་བཅུ་གཅིག རྩེ་མོའི་དྲུག བཟོད་པའི་གཉིས། ཆོས་མཆོག་གི་གཅིག་སྟེ་སྦྱོར་ལམ་གྱི་ཉི་ཤུ་དང༌། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་རྟགས་བཅུ་དྲུག་དང༌། སྒོམ་ལམ་གྱི་ཕྱིར་མི་ལྡོག་པའི་རྟགས་བརྒྱད་ཡོད་པ་དེའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མཐོང་ལམ་སྐབས་ཀྱི་གཟུགས་སོགས་བདེན་འཛིན་ལོག་པ་དང༌། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་སེམས་བརྟན་པ་ནས་ཆོས་ཀྱི་དོན་དུ་སྲོག་གཏོང་བའི་ཡེ་ཤེས་ཀྱི་བར་བཅུ་དྲུག་ཡོད་པའི་ཕྱིར། རྩ་བར། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་སོ། །གསུམ་པ་གྲུབ་སྟེ། ཟབ་པ་སོགས་བརྒྱད་ཡོད་པའི་ཕྱིར། རྩ་བར། སྐྱེ་བ་དང་ནི་འགག་པ་དང༌། །ནས། ཐབས་མཁས་པ་ལ་ཟབ་པ་ཉིད། །ཅེས་གསུངས་པའི་ཕྱིར། ཕྱིར་མི་ལྡོག་པའི་རྟགས་ལ་སྦྱོར་ལམ་དྲོད་ཀྱི་བཅུ་གཅིག་པོ་རེ་རེའི་སྟེང་ལ་གསུམ་གསུམ་ཡོད་དེ། དེ་རེ་རེའི་སྟེང་གི་རྣམ་པ་ནི་གཉེན་པོའི་ཕྱོགས་སམ་ལུས་ཀྱི་རྣམ་པ་གཉིས་དང༌། རྟགས་ནི་རང་ལ་གནས་པའི་མཚན་མའམ་ངག་གི་རྟགས་གཉིས་དང༌། མཚན་མ་ནི་དེའི་ལོངས་སྤྱོད་དམ་ཉམས་སུ་ལེན་འཛིན་སོགས་ལ་བྱེད་པ་ཉི་སྣང་དང་འགྲེལ་ཆེན་ལས་བཤད་པའི་ཕྱིར།

    རྩོད་སྤོང་ལ་ཁོ་ན་རེ། ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ན། ཕྱིར་མི་ལྡོག་པའི་རྟགས་ཞེ་བཞི་གང་རུང་ཐོབ་པས་ཁྱབ་པར་ཐལ། དེ་དེའི་རྟགས་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་རྟགས་མ་ཐོབ་པའི་བྱང་འཕགས་དང༌། ཕྱིར་མི་ལྡོག་པའི་ཚོགས་ལམ་པ་ཡོད་པའི་ཕྱིར་ཏེ། ཟླ་འོད་ལས། འདིར་དབང་པོ་རབ་ཀྱི་བྱང་ཆུབ་སེམས་དཔའ་ནི་ཚོགས་ཀྱི་ས་ནས་ཀྱང༌། ཞེས་དང༌། རྣམ་བཤད་ལས། འགའ་ཞིག་རིགས་མ་ངེས་པ་ཡིན་ཡང་ཐེག་ཆེན་གྱི་ཚོགས་ལམ་ནས། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། འོ་ན་ཕྱིར་མི་ལྡོག་པའི་རྟགས་ཡིན་ན་ཞེ་བཞི་གང་རུང་ཡིན་དགོས་པར་ཐལ། དེ་ཐོབ་ན་ཞེ་བཞི་གང་རུང་ཐོབ་པས་ཁྱབ་པའི་ཕྱིར། འདོད་ན། སྦྱོར་ལམ་པའི་རྒྱུད་ཀྱི་བསམ་སྦྱོར་ཕུན་ཚོགས་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེའི་བསམ་སྦྱོར་ཕུན་སུམ་ཚོགས་པའི་རྟགས་ཀྱིས་གང་ཟག་དེ་ཕྱིར་མི་ལྡོག་པར་དཔོག་པའི་ཕྱིར། རྣམ་བཤད་ལས། ཐབས་ཤེས་ཁྱད་པར་ཅན་དེ་དག་དང་ལྡན་པའི་རྟགས་ལས། ཞེས་གསུངས་པའི་ཕྱིར། དེ་རྟགས་ཀྱི་གཙོ་བོར་དང་གཞན་ཕལ་པ་ཡིན་པའི་ཕྱིར། གསེར་འཕྲེང་ལས། ཐབས་ཤེས་རྒྱུན་ཤིན་ཏུ་བརྟན་པ་གཉིས་ནི་རྟགས་ཀྱི་གཙོ་བོ་ཡིན་ལ་གཞན་རྣམས་ཆ་ཙམ་དུ་རིག་པར་བྱའོ ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཕྱིར་མི་ལྡོག་པའི་རྟགས་ཡིན་པར་ཐལ། རྩ་བར། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གཟུགས་སོགས་འདུ་ཤེས་ལྡོག་པ་ནས་ཆོས་ཀྱི་དོན་དུ་སྲོག་གཏོང་བའི་རྗེས་ཐོབ་ཀྱི་ལུས་ངག་གི་བྱ་བ་བཅུ་དྲུག་ལ་རྒྱུ་ཤེས་བཟོད་བཅུ་དྲུག་གི་མིང་བཏགས་པ་གང་ཞིག །དེ་ལ་དགོས་པ་ཆེན་པོ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ལ་ཤེས་བཟོད་ཀྱི་མིང་གིས་བཏགས་ནས་བཤད་ཅེས་དང༌། གསེར་འཕྲེང་ལས། བཟོད་པ་དང་ཤེས་པས། ཞེས་པ་ནས། འབྲས་བུ་ལ་རྒྱུ་མིང་གིས་བཏགས་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སར་གནས་ཀྱི་ལུས་ངག་གདུལ་བྱའི་དབང་མ་གཏོགས་དུས་ཐམས་ཅད་དུ་མཉམ་བཞག་དང་འདྲ་བར་ཤེས་ཆེད་དུ་བཏགས་པའི་ཕྱིར་དང༌། སྐད་ཅིག་བཅུ་དྲུག་གིས་ཐ་སྙད་བཅུ་དྲུག་སོ་སོར་སྐྱེད་པ་ཤེས་པའི་ཆེད་ཡིན་པའི་ཕྱིར། རྒྱུད་བླ་མ་ལས། རྒྱལ་སྲས་འགྱུར་མེད་ཆོས་ཉིད་འདི། །རྟོགས་ནས་མ་རིག་ལྡོངས་རྣམས་ཀྱི། །སྐྱེ་བ་ལ་སོགས་དག་ཏུ་ནི། །མཐོང་བ་གང་ཡིན་དེ་སྨད་དོ། །དེ་ནི་འཇིག་རྟེན་ཐམས་ཅད་ལས། །འདས་ཀྱང་འཇིག་རྟེན་ལས་མ་གཡོས། །འཇིག་རྟེན་དོན་དུ་འཇིག་རྟེན་ན། །འཇིག་རྟེན་དྲི་མས་མ་གོས་སྤྱོད། །ཅེས་གསུངས་པའི་ཕྱིར། རྣམ་བཤད་ལས། སེམས་ཅན་གདུལ་བའི་དགོས་པའི་དབང་མ་གཏོགས་པར་དུས་ཐམས་ཅད་དུ་མཉམ་བཞག་གི་རྟོག་པ་དང་མཐུན་པ། ཞེས་སོ། །གསེར་འཕྲེང་ལས་ཀྱང་དེའོ། །དང་པོ་ཉེར་གཉིས་སླ།

    གསུམ་པ་སྒོམ་ལམ་ཕྱིར་མི་ལྡོག་ལ་སྒོམ་ལམ་དང་དེའི་རྟགས་བཤད་པ་གཉིས། དང་པོ་ལ་སྒོམ་ལམ་གྱི་ཁྱད་ཆོས་དང༌། ཁྱད་གཞི་སྒོམ་ལམ་དང༌། སྒོམ་ལམ་གྱི་དབྱེ་བ་གསུམ། དང་པོ་ནི། རྩ་བར། སྒོམ་པའི་ལམ་ནི་ཟབ་པ་སྟེ། སོགས་ཚིགས་བཅད་གཅིག་བྱུང༌། གཉིས་པ་ནི། རྩ་བར། ངེས་འབྱེད་ཡན་ལག་དང་མཐོང་བའི། །སོགས་ཚིགས་བཅད་གཅིག་བྱུང༌། གསུམ་པ་ལ་དགུར་ཕྱེ་བ་དང༌། དེ་ལ་རྩོད་སྤོང་གཉིས། དང་པོ་ནི། རྩ་བར། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་སོགས་ཚིགས་བཅད་གཅིག་བྱུང༌། གཉིས་པ་ལ་གྲངས་ཀྱི་རྩོད་སྤོང་དང༌། བྱེད་པའི་རྩོད་སྤོང་གཉིས། དང་པོ་ནི། རྩ་བར། གྲངས་མེད་ལ་སོགས་བསྟན་པ་རྣམས། །ཞེས་སོགས་བཞི་བྱུང༌། གཉིས་པ་ལ། དོན་ལ་ལྟོས་པའི་རྩོད་སྤོང་དང༌། ཐ་སྙད་ལ་ལྟོས་པའི་རྩོད་སྤོང་གཉིས། དང་པོ་ལ་རྩོད་པ་དང་ལན་གཉིས། དང་པོ་ནི། རྩ་བར། དངོས་པོ་བརྗོད་དུ་མེད་པ་ལ ཞེས་སོགས་ཚིགས་བཅད་གཅིག་བྱུང༌། གཉིས་པ་དེའི་ལན་ནི། རྩ་བར། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་སོགས་ཚིགས་བཅད་གཅིག་བྱུང༌། གཉིས་པ་ལ་ཐ་སྙད་པའི་རྩོད་པ་དང་ལན་གཉིས། དང་པོ་ནི། སེམས་བསྐྱེད་སྐད་ཅིག་སྔ་ཕྱི་རེ་རེ་བ་དང་ཐམས་ཅད་དུས་གཅིག་ཚོགས་པ་མ་ཡིན་པས་འཚང་རྒྱ་བ་མི་འཐད་ཅེས་པའི་རྩོད་པ་ནི། རྩ་བར། སེམས་ནི་སྔ་མས་བྱང་ཆུབ་པར། །ཞེས་རྐང་པ་གཉིས་བྱུང༌། གཉིས་པ་དེའི་ལན་ནི། མར་མེ་ལྟར་སེམས་བསྐྱེད་དེ་རེ་རེ་དང་ཚོགས་པས་མིན་ཀྱང་སྔ་མས་ཕྱི་མ་ལ་ཕན་བཏགས་པའི་སྒོ་ནས་འཚང་རྒྱའོ། །ཞེས་འཆད་པ་ནི། རྩ་བར། མར་མེ་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་བྱུང༌། གཉིས་པ་ཕྱིར་མི་ལྡོག་པའི་རྟགས་འཆད་པར། རྩ་བར། སྐྱེ་བ་དང་ནི་འགག་པ་དང༌། །ཞེས་སོགས་ཚིགས་བཅད་གཅིག་བྱུང༌

                                                                                                                     རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།