ཀུན་མཁྱེན་ཕར་ཕྱིན་ལས་ངེས་འབྱེད་ཆ་མཐུན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-06 20:55:29     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 90826978328408125.jpg

    གཉིས་པ་ལ་དངོས་དང༌། མངོན་རྟོགས་དྲུག་གི་གོ་རིམ་ལ་ལོག་རྟོག་སྤངས་པ་གཉིས། དང་པོ་ནི། རྩ་བར། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་སོགས་ཚིགས་བཅད་གསུམ་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། འཕྲོས་ཚུལ་མདོ་ལས། བྱང་ཆེན་འཚང་རྒྱ་འདོད་པས་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་སེམས་མཉམ་པ་ཉིད་དུ་གནས་པར་བྱ། སོགས་མདོ་ཚན་བཅུ་གཉིས་ཀྱིས་སྦྱོར་ལམ་བཞི་རེ་རེ་ལ་ཆུང་འབྲིང་ཆེ་གསུམ་དང༌། དེ་དག་གི་དམིགས་རྣམ་བཤད་པ་དེ་འདིར་བཤད་དོ། །སྦྱོར་བ་སླ། མཐའ་དཔྱད་པ་ལ་བོད་ཁ་ཅིག་ན་རེ། སློབ་དཔོན་བདག་ཉིད་ཆེན་པོས་གང་ལ་སྦྱོར་བའི་ཡུལ་ལམ་རྣམ་པ་དང་བདེན་པ་དམིགས་པར་བཤད་པ་ནོར་བར་ཐལ། རྩ་བར། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད། ཅེས་དང༌། བདེན་ཤེས་པ། ཞེས་པའི་རྣམ་པ་བསྟན་པའི་ཕྱིར་ན་མ་ཁྱབ་སྟེ། སློབ་དཔོན་གྱིས་སེམས་ཅན་ཐམས་ཅད་ལ་དམིགས་པར་བཞེད་པའི་ཕྱིར། དེར་ཐལ། སེམས་ཅན་ཐམས་ཅད་ལ་སེམས་བཅུས་དྲོད་སོགས་བཞིས་དམིགས་པར་བཞེད་པའི་ཕྱིར་ཏེ། རྣམ་བཤད་ལས། ཐམས་ཅད་ཀྱིས་ཐམས་ཅད་ལ་དམིགས་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རང་གི་དྲི་ངན་བདག་ཉིད་ཆེན་པོར་བྱུག་པ་ཡིན་པའི་ཕྱིར། དེར་ཐལ། གསེར་འཕྲེང་ལས། འདིར་ཁ་ཅིག །ནས། རྩ་བའི་བདེན་ཤེས་དང་དམིགས་པ་སེམས་ཅན་ཐམས་ཅད་དོ། །ཞེས་ཟེར་བ་མི་འཐད་དེ། ཞེས་གསུངས་པའི་ཕྱིར། ཚིག་གསལ་ན་རེ། སེམས་བཅུའི་དང་པོ་སེམས་མཉམ་པ་ཉིད་ཁོ་ན་དྲོད་ཆུང་ངུའི་ས་ཡིན་ཟེར་ན། དེས་མཉམ་པ་དང་བྱམས་པའི་སེམས་ཀྱིས་དམིགས་ཤིང་རྣམ་པར་མི་འཚེ་བའི་རྣམ་པ་ཅན་མི་བསྒོམ་པར་ཐལ་ལོ། །ཁོ་ན་དེའི་ཕྱིར། འདོད་ན། རྒྱན་སྣང་ལས། དྲོད་དུ་གཏོགས་པ་ཆུང་ངུ་ནི་མཉམ་པ་དང་བྱམས་པའི་སེམས་དག་གིས་ཚེ་འདི་ཉིད་ལ་གཞན་ལ་ཐོ་འཚམས་པ་མེད་པ་ལས་སོ། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ལེ་བརྒྱད་མ་ལས། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་དང་བྱམས་པའི་སེམས་དང་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱ། ཞེས་སོགས་ཀྱི་མདོ་སྦྱར་འདུག་པའི་ཕྱིར། གསེར་འཕྲེང་ལས། ཚིག་གསལ་ལས་སེམས་དང་པོ་ཉིད་དྲོད་ཆུང་ངུ་དང༌། ཞེས་པ་ནས། དང་པོ་ནི། འགྲེལ་ཆེན་གསུམ་ག་དང་མི་མཐུན་ལ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ངེད་ཀྱི་དེ་རུང་བར་ཐལ། ཉི་སྣང་ལས། དྲོ་བར་གཏོགས་པ་ཆུང་ངུ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་པ་དང༌། དེ་ལ་དམིགས་པར་གནས་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་སྟེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སོགས་སྒྲས་བྱམས་པའི་སེམས་དང་སྙིང་རྗེའི་སེམས་ཀྱང་འདོན་པའི་ཕྱིར། དེར་ཐལ། ཉི་སྣང་སོགས་ལས་ཆུང་འབྲིང་ཆེ་གསུམ་གྱི་དམིགས་པ་སོ་སོར་བཤད་པ་དམིགས་པའི་ཕྱོགས་རེ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། ཆུང་འབྲིང་སོ་སོར་བཅད་པ་མཚོན་པ་ཙམ་ཡིན་གྱི། ཐམས་ཅད་ཀྱིས་ཐམས་ཅད་ལ་དམིགས་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སློབ་དཔོན་དྲོད་སོགས་བཞི་ལ་ཆུང་འབྲིང་ཆེ་གསུམ་མི་བཞེད་པར་ཐལ། འགྲེལ་པར་ཚིག་གསལ་ཁ་མེད་པའི་ཕྱིར་ན་མ་ཁྱབ་སྟེ། རྩ་བའི་ཚིག་དང་སྒོ་བསྟུན་ཙམ་ཡིན་པའི་ཕྱིར། གསེར་འཕྲེང་ལས། འདིར་ཆུང་འབྲིང་གསུམ་དང་སྦྱོར་བ་ལྷུར་མ་བླངས་པར་རྩ་བའི་ཚིག་གིས་ཟིན་ཚོད་བཀྲལ་ནས་བཞི་པོ་སྤྱི་ཙམ་ལ་སྦྱར་བ་དང༌། ཞེས་གསུངས་པའི་ཕྱིར། དེས་རྣམ་བཤད་ཀྱིས་རྩ་འགྲེལ་བཤད་ཚུལ་ཡང་དེར་བསྟུན་པའོ རྩ་བར་འདོད་མི་ནུས་ཏེ། ཉི་སྣང་དང་རྒྱན་སྣང་གཉིས་ཀར་སྦྱོར་ལམ་བཞི་གའི་ཆུང་འབྲིང་ཆེ་གསུམ་གྱི་དམིགས་རྣམ་སོ་སོར་བཤད་པའི་ཕྱིར་དང༌། མདོར་བསྟན་དུའང་ཉི་སྣང་དང་འགྲེལ་ཆེན་གཉིས་ལས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་དག་ཀྱང་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རེ་རེ་ཞིང་རྣམ་པ་གསུམ་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། བཟོད་ཆེན་དང་ཆོས་མཆོག་སྐད་ཅིག་མ་ཡིན་པར་ཐལ། མཛོད་ལས། ཇི་ལྟར་བཟོད་ཆེན་སྐད་ཅིག་མ། །གཅིག་ཡིན་དེ་བཞིན་ཆོས་ཀྱི་མཆོག །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རང་དོན་བྱེད་པའི་ཉན་རང་ལ་དེ་ལྟར་བཤད་ལ་འདི་ལ་གཞན་དོན་གོ་རིམ་དུ་བྱེད་པའི་སྦྱོར་བ་ཡོད་པས་བཟོད་ཆོས་གཉིས་ཀ་ལ་གསུམ་གསུམ་ཡོད་པའི་ཕྱིར་ཏེ། ཉི་སྣང་ལས། འདི་ནི་གཞན་ལ་བརྟེན་པའི་ཆུང་ངུ་དང༌། སོགས་དང༌། འགྲེལ་ཆེན་ལས། དེ་ནི་རང་དོན་གྱི་དབང་དུ་བྱས་པའི་ཡིན། ཞེས་སོ། །ཡང་ཁ་ཅིག །དྲོད་སོགས་བཅུ་གཉིས་ཀྱི་དམིགས་པ་སོ་སོ་ཁོ་ནར་བཤད་རིགས་པར་ཐལ། རྩ་བར་ཡང༌། དྲོད་ལ་བཅུར་བཤད་ཅིང༌། རྩེ་མོར་མི་དགེ་བཅུ་རང་བཞིན་གྱིས་སྤོང་བ་དང་ཕར་ཕྱིན་བཅུ་ལ་འཇུག་པ་དང༌། བཟོད་པར་བདེན་བཞི་ལ་འཇུག་པ་དང་འབྲས་བུ་བཞི་དང་རབ་དགའ་སོགས་ལ་འགོད་པ་དང༌། ཆོས་མཆོག་གིས་སེམས་ཅན་སྨིན་པ་དང་སྒྲིབ་མེད་དང༌། རབ་དགའ་སོགས་ལ་གནས་པར་བྱེད་པའི་ཕྱིར་ན་མ་ཁྱབ་སྟེ། ཆོས་མཆོག་སྐབས་སུ་སེམས་བཅུས་སེམས་ཅན་གྱི་དོན་བྱེད་པ་དང༌། བྱེད་ཚུལ་ཡང་མི་དགེ་བཅུ་སྤོང་དང་ཕར་ཕྱིན་ལ་སློབ་པ་སོགས་ཡིན་ལ། དེ་བཞིན་དུ་གཞན་ལའང་འདྲ་བའི་ཕྱིར། དེར་ཐལ། སྦྱོར་ལམ་རེ་རེའི་སྐབས་ན་སེམས་བཅུས་དམིགས་པ་དང་བདེན་བཞིའི་བླང་དོར་དང་ཕྱིན་དྲུག་ལ་རང་གཞན་འགོད་པ་སོགས་བྱེད་པའི་ཕྱིར། དེར་ཐལ། བཞི་ག་བསྡོམས་པས་རྩ་འགྲེལ་མདོ་གསུམ་གྱིས་དམིགས་རྣམ་ཚང་བར་བསྟན་པ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། གསུམ་གའི་སྐབས་སུ་སྒོམ་པར་བྱ་བའི་དམིགས་རྣམ་གྱི་དོན་ཚང་བར་བསྟན་པ་ཡིན་ནོ། །ཞེས་དང༌། ཆུང་འབྲིང་སོ་སོར་བཅད་པ་མཚོན་པ་ཙམ། ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ། གཙོ་བོར་ཐབས་ཀྱི་ཆ་ནས་ཁྱད་པར་དུ་བྱས་པའི་སེམས་དཔའི་དོན་མངོན་རྟོགས་དེ། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། འདིར་ཉན་རང་གི་དྲོད་སོགས་ཤུགས་ལ་བསྟན་ནོ། །དབྱེ་ན་བཅུ་གཉིས་ཡོད་དེ། དྲོད་སོགས་བཞི་རེ་རེ་ལ་གསུམ་གསུམ་ཡོད་པས་སོ། །འདིར་གཙོ་བོར་རྗེས་ཐོབ་དང་ཐབས་གཙོ་སྟེ། འདིར་རྗེས་ཐོབ་ཏུ་སྙིང་རྗེ་སོགས་ཀྱིས་སེམས་ཅན་གྱི་དོན་བྱེད་ཚུལ་དང་ལམ་ལ་འགོད་ཚུལ་བཤད་པའི་ཕྱིར། ཕར་ཕྱིན་ལམ་སྒྲིགས་ལས། སྐབས་དང་པོར་སྟོང་ཉིད་རྟོགས་པའི་སྦྱོར་ལམ་གྱི་རྣམ་གཞག་གཙོ་བོར་བསྟན་ཅིང༌། འདིར་རྗེས་ཀྱི་གནས་སྐབས་གཙོ་བོར་བསྟན་པ་ནི། གོང་འོག་ཀུན་བསྡོམས་པས་སྦྱོར་ལམ་ཡོངས་སུ་རྫོགས་པར་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

 

                      ཟློས་སྤོང།

    གཉིས་པ་ནི། འགྲེལ་པ་ལས། རྣམ་པ་དང་ལམ་དང་གཞི་ཐམས་ཅད། ཅེས་པ་ནས། ཤེས་པར་བྱའོ། །ཞེས་བྱུང༌། མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ། དང་པོ་ལ་ཁ་ཅིག་ན་རེ། འདི་ཟློས་སྤོང་ཁོ་ན་ཡིན་ལ། དེ་ཡང་སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་སྒོམ་པའི་ལམ་གསུམ་ལན་དྲུག་བསྟན་ཀྱང་སྐྱོན་མེད་དེ། དང་པོ་གསུམ་དུ་བཤད་པའི་སྦྱོར་མཐོང་སྒོམ་གསུམ་ལམ་མཚན་ཉིད་པ་དང༌། སྐབས་བཞི་པ་ལྔ་པ་དྲུག་པ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་པོ་བཏགས་པ་པ་ཡིན་པའི་ཕྱིར་ཏེ། སྐབས་བཞི་པར་ས་བརྒྱད་པའི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་ལ་སྦྱོར་མཐོང་སྒོམ་གསུམ་དུ་བཤད། ལྔ་པར་དགུ་པའི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་ལ་སྦྱོར་མཐོང་སྒོམ་གསུམ་གྱི་རྩེ་སྦྱོར་གསུམ་དུ་བཤད། དྲུག་པར་ས་བཅུ་པའི་སྟོད་ཀྱི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་ལ་སྦྱོར་མཐོང་སྒོམ་པའི་ལམ་གསུམ་དུ་བཤད་པའི་ཕྱིར། ཞེས་པའི་རྩོད་ཚུལ་ནི། འགྲེལ་ཆེན་ལས། མངོན་པར་རྟོགས་པ་རེ་རེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཅིའི་ཕྱིར་བརྗོད་ཅེ་ན། ཞེས་བྱུང༌། དེའི་ལན་བྱས་ཚུལ། རྣམ་བཤད་ལས། ཁ་ཅིག །གཞུང་འདི་ཟློས་པ་འབའ་ཞིག་ཏུ་བྱས་ནས། ཞེས་སོ། །འདོད་ཚུལ་དེ་ཅུང་ཟད་ཀྱང་མི་འཐད་པར་ཐལ། བཞི་པར་བཤད་ཚུལ་མི་འཐད། ལྔ་པར་བཤད་ཚུལ་ཡང་མི་འཐད། དྲུག་པའི་དེ་ཡང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་ལྟར་ན་ཚོགས་ལམ་ལས་ས་བརྒྱད་པའི་ཡེ་ཤེས་དངོས་སུ་སྐྱེ་བར་ཐལ་བ་དང༌། བཞི་པས་སྦྱོར་ལམ་པའི་ཕྱིར་མི་ལྡོག་པའི་རྟགས་མ་བཤད་པར་ཐལ་བ་སོགས་འཇུག་པའི་ཕྱིར། དེར་ཐལ། འགྲེལ་པ་ལས། ཐར་པའི་ཆ་དང་མཐུན་པའི་སྤྲོ་བ་ཅན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས། ཞེས་གསུངས་པ་གང་ཞིག །ཁྱོད་ཀྱིས་དེའི་སྦྱོར་ལམ་ས་བརྒྱད་པར་བྱས་པའི་ཕྱིར། གཞན་ཡང༌། འགྲེལ་ཆེན་ལས། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་མཚན་ཉིད་དང་བཅས་པ་བཤད་ཟིན་ཏོ། །ད་ནི་མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་བསྟན་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ། ཞེས་གསུངས་པ་མི་འཐད་པར་ཐལ། སྦྱོར་ལམ་པའི་ཕྱིར་མི་ལྡོག་པའི་རྟགས་མ་བཤད་པའི་ཕྱིར། གཞན་ཡང༌། རྩ་བར། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །ཞེས་པའི་དངོས་བསྟན་ཆོས་མཆོག་སྦྱོར་ལམ་མ་ཡིན་པར་ཐལ། བཞི་པའི་སྦྱོར་མཐོང་སྒོམ་གསུམ་དེའི་ཕྱིར། འདོད་ན། དེ་སྐད་ཅིག་མ་གསུམ་བཤད་པ་དང༌། འགྲེལ་པ་ལས། ཆོས་མངོན་པའི་མཛོད་ལས། ཇི་ལྟར་བཟོད་ཆེན་སྐད་ཅིག་མ། །གཅིག་ཡིན་དེ་བཞིན་ཆོས་ཀྱི་མཆོག །ཅེས་བྱ་བ་དེ་ནི། ནས། དེ་དང་འདི་ལ་འགལ་བ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་འགལ་སྤོང་མི་རིགས་པར་ཐལ། དེ་ལ་སྦྱོར་ལམ་མ་ཡིན་པས་ཁྱབ་པ་དེའི་ཕྱིར། རྟགས་ཁས། བྱས་པ་ལ་ཁོ་ན་རེ། ལམ་གསུམ་བཏགས་པ་བ་ཡིན་པར་ཐལ། རྩ་བར། བག་ལ་ཉལ་ཀུན་འཇོམས་པ་དང༌། །ཞེས་བག་ལ་ཉལ་འཇོམས་བྱེད་དང༌། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །ཞེས་མཁྱེན་གསུམ་གྱི་ཆོས་རྫོགས་པར་བཤད་པའི་ཕྱིར་ན་མ་ཁྱབ། འོ་ན། སྐབས་དང་པོའི་སྦྱོར་ལམ་ཡང་སྦྱོར་ལམ་མ་ཡིན་པར་ཐལ། རྩ་བར། དག་དང་དེ་དག་མཚན་མ་མེད ཅེས་དང༌། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ལུང་སྟོན་པ་དང་རློམ་པ་ཟད། །ཅེས་སོ་སྐྱེ་ལ་སྒོ་གསུམ་དག་པ་དང༌། ཞིང་དག་པ་དང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་བསྒོམ་པ་དང༌། ལུང་སྟོན་པ་དང༌། རློམ་པ་ཟད་པ་དང༌། ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་སོགས་བཤད་པའི་ཕྱིར། ཁྱབ་པ་འགྲིག མ་ཁྱབ་སྟེ། དེའི་རྒྱུ་དང༌། མོས་སྒོམ་དང་ལྐོག་ཏུ་ལུང་སྟོན་པ་སོགས་ཡིན་ཟེར་ན། ཁྱོད་ཀྱི་དེ་ཡང་དེ་དང་མཚུངས་ཞེས་སྨྲ་བའི་ལན་བྱ་རོག་གིས་མ་ཟོས་པའི་ཕྱིར། རང་ལུགས་ནི། དེ་དྲུག་ལ་ཟློས་སྐྱོན་མེད་དེ། སྐབས་དང་པོ་གསུམ་དུ་སྦྱོར་མཐོང་སྒོམ་གསུམ་བཤད་པ་ཉམས་སུ་བླང་བྱའི་དབང་དུ་བྱས། སྐབས་བར་བ་གསུམ་གྱི་སྐབས་སུ་ཉམས་སུ་ལེན་བྱེད་ཀྱི་དབང་དུ་བྱས་པས་ཀྱང་མི་འགལ། ལོག་རྟོག་གསུམ་ལྡོག་པའི་དང་པོ་གསུམ་གྱི་དགོས་པ་དང༌། རྣམ་རྫོགས་སྦྱོར་བ་སོགས་གསུམ་ས་བརྒྱད་པ་དགུ་པ་བཅུ་པའི་སྟོད་གསུམ་ཁོ་ན་ལ་རེ་རེ་སྒོམ་མམ་སྙམ་པའི་ལོག་རྟོག་དགག་ཆེད་དུ་དེར་སྦྱར་བ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། གཞུང་འདི་ལམ་གསུམ་གྱི་ཟློས་སྤོང་ལ་ཡང་ཅུང་ཟད་སྦྱར་དུ་རུང་མོད། ཅེས་དང༌། གསེར་འཕྲེང་ལས། སྤྱི་དང་སོ་སོའི་ཟློས་པ་སྤངས་པ་ཆོག་པའི་ཕྱིར་ཕྱོགས་འདི་ལ་འཕགས་པའི་རྗེས་སུ་འབྲང་བར་བྱའོ། །ཞེས་སོ། །གཉིས་པ་གྲུབ་སྟེ། རྣམ་བཤད་ལས། ཅིག་ཅར་སྐྱེ་བ་དགག་ནུས་ཏེ། སྦྱོར་མཐོང་སྒོམ་གསུམ་གྱི་གནས་སྐབས་སུ། ཞེས་སོ། །གསུམ་པ་གྲུབ་སྟེ། རྣམ་བཤད་ལས། རྣམ་རྫོགས་སྦྱོར་བ་ས་བརྒྱད་པ་འབའ་ཞིག་ཏུ་སྒོམ་གྱི། ཞེས་པ་ནས། རྩེ་སྦྱོར་ས་དགུ་པ་དང་བཅུ་པའི་སྟོད་འབའ་ཞིག་དང༌། མཐར་གྱིས་སྦྱོར་བ་ས་བཅུ་པའི་སྨད་འབའ་ཞིག་གི་སྐབས་སུ་ཅིག་ཅར་དང༌། ཞེས་གསུངས་པའི་ཕྱིར། མདོ་ལས། ལམ་ལྔ་ཚང་མ་གཅིག་བཤད་པར་འདོད་པ་ལམ་རྐྱང་བ་དང༌། སེམས་བསྐྱེད་སོགས་རེ་རེའི་སྐབས་སུ་ལམ་ལྔ་ཡང་ཡང་བཤད་པ་ལམ་ཁུག་པར་འདོད་དེ་སྡུད་འགྲེལ་ལས་སོ། །འདིར་ལམ་རྐྱང་བའི་ལོག་རྟོག་གཙོ་བོར་བཀག་པའོ། །

    དེ་ལ་ཁོ་ན་རེ། སྐབས་བར་བ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་བཏགས་པ་བ་ཡིན་པར་ཐལ། དེ་ལྟར་སློབ་དཔོན་གྱིས་སྡུད་འགྲེལ་ལས་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། སྔོན་གྱི་སློབ་དཔོན་གྱི་ལུགས་བཀོད་པ་ཙམ་ཡིན་པའི་ཕྱིར། རྣམ་བཤད་ལས། སྡུད་འགྲེལ་ལས་བཤད་པ་དེ་ཡང་སློབ་དཔོན་རང་གི་བཞེད་པ་མ་ཡིན་པར་སློབ་དཔོན་སྔ་མ་གཞན་གྱི་འདོད་པ་བཀོད་པ། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། སྡུད་འགྲེལ་ལས། ངེས་པར་འབྱེད་པའི་ཆ་ལ་སོགས་པར་བརྟགས་ནས་འདིར་བསྟན་པ་ཡིན་པར་གཟུང་བར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྦྱོར་བ་དང་པོ་གསུམ་ས་བརྒྱད་དགུ་བཅུའི་སྐབས་ཁོ་ནར་སྡུད་འགྲེལ་ལས་བཤད་པའི་ཕྱིར། སྡུད་འགྲེལ་ལས། མི་གཡོ་བ་དེའི་དབྱེ་བ་རྫོགས་པར་བསྟན་པའི་ཕྱིར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པར་བསྟན་ཏེ། ནས། ལེགས་པའི་བློ་གྲོས་ལ་སོགས་པ་ལ་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པ་ཡིན་ནོ། །དེའི་རྗེས་ཐོགས་ལ་ས་བཅུའི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི། ནས། དེ་ཉིད་བསྒོམ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ། ཞེས་གསུངས་པའི་ཕྱིར། དཀའ་གནས་ལེགས་པར་བཤད་ཡོད་དོ། །

                                                                                                                      རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  


བརྒྱུད་འགོད།