ཀུན་མཁྱེན་ཕར་ཕྱིན་ལས་ཐར་པ་ཆ་མཐུན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-06 20:52:46     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

97058295108396316.jpg

      གཉིས་པ་ཐར་པ་ཆ་མཐུན་ནས་བཟུང་སྟེ་སྐྱེ་རིམ་ལ། གྲངས་མེད་གསུམ་གྱིས་འཚང་རྒྱ་བའི་ལམ་གྱི་ཐོག་མ་ངོས་བཟུང་བའི་སྒོ་ནས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ངོས་བཟུང་བ་དང༌། རྒྱུད་སྨིན་བྱེད་ལམ་སྐྱེ་རིམ་དང༌། མངོན་རྟོགས་ཁྱད་པར་ཅན་སྐྱེ་རིམ་བཤད་པ་གསུམ་ལས། དང་པོ་ནི། རྩ་བར། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ནས། ཤེས་པའི་ཤེས་རབ་དང་རྣམ་ལྔ། །ཞེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། ཤཱ་རིའི་བུ། བྱང་ཆེན་ཐོག་མར་སེམས་བསྐྱེད་པ་ནས་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར། ཞེས་པ་ནས། རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ། །ཞེས་པའི་མདོ་དུ་མས་ཐར་པ་ཆ་མཐུན་ཆེན་པོ་དང༌། ཆུང་འབྲིང་བསྟན་པས། དང་པོ་ཐེག་ཆེན་གྱི་ཐར་ཆ་ཡིན་པས་དངོས་སུ་དང་གཞན་གཉིས་ཤུགས་བསྟན་བྱས་ནས་འཆད་པར་དྲངས་མ་ཐག་བྱུང༌། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྔར་བཤད་པའི་སྦྱོར་བ་བརྒྱ་དོན་གསུམ་སྒོམ་ཚུལ་དང༌། ལམ་ཤེར་ཕྱིན་མཚན་ཉིད་བཞིས་བཤད་པ་ལྟར་བསྒོམ་པའི་ལམ་གྱི་ཐོག་མར་ཐེག་ཆེན་གྱི་ཐར་པ་ཆ་མཐུན་སྐྱེ་བ་དང༌། བསྐལ་ཆེན་གྲངས་མེད་གསུམ་གྱིས་འཚང་རྒྱ་བའི་ལམ་གྱི་ཐོག་མར་དུས་མཉམ་དུ་སྐྱེ་སྟེ། ཐེག་ཆེན་རིགས་ཅན་གྱིས་དད་སོགས་ལྔ་ལ་མཁས་པའི་དེ་ལྟར་བསྒོམ་པས་མྱོང་བ་ཐོན་པ་དང༌། ཚོགས་ལམ་དུ་ཞུགས་ཤིང་ཡུལ་ལྔ་ལ་མཁས་པས་ལམ་ལས་མི་ལྡོག་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་པ་ལས། འདི་ལ་ཐར་པའི་ཆ་དང་མཐུན་པ་ཡིན་པར་འདོད། ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་བཤད་ལས། ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་མངོན་པར་རྟོགས་པའི་རིགས་མཐའ་དག་ལ། ནས། ཐར་པ་ཆ་མཐུན་རྒྱུད་ལ་སྐྱེས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། མདོ་ལས་ཀྱང༌། ཤེར་ཕྱིན་དང་ཐབས་མཁས་དང་མ་བྲལ་བར་དུས་གསུམ་གྱི་སངས་རྒྱས་དང་དེ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་དེ་ཡིད་ལ་སེམས་ཀྱང་མཚན་མར་མི་བྱེད། རྣམ་ཐར་སྒོ་གསུམ་ལ་མཚན་མར་མི་བྱེད་ན། དེ་གཉིས་སུ་མི་ལྟུང་ཞིང་མ་སྨས་མ་ཉམས་པར་བླ་མེད་རྫོགས་བྱང་དུ་འཚང་རྒྱའོ། །ཞེས་གསུངས་པའི་ཕྱིར། མཐའ་དཔྱད་པ་ལ་གསུམ། དང་པོ་ལ་ཁ་ཅིག་ན་རེ། རྣམ་མཁྱེན་རང་རྒྱུད་ལ་སྒྲུབ་པར་མཁས་པའི་སེམས་དཔའི་རྒྱུད་ཀྱི་ཆོས་མངོན་རྟོགས་དེ། འདིར་བསྟན་ཐར་པ་ཆ་མཐུན་གྱི་མཚན་ཉིད་ཟེར་ན། ཐེག་དམན་དུ་ལྟུང་བར་ངེས་པའི་བྱང་སེམས་ཚོགས་ལམ་པའི་ཡེ་ཤེས་ཆོས་ཅན། དེར་ཐལ། འདིར་བསྟན་ཐེག་ཆེན་གྱི་དེ་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་པས་ཐེག་པ་གསུམ་ཀའི་ཚོགས་ལམ་བསྟན་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་དེ་དངོས་བསྟན་གཙོ་ཕལ་དང༌། ཉན་རང་གི་དེ་ཤུགས་ལ་བསྟན་པའི་ཕྱིར། དེར་ཐལ། དེས་བརྒྱ་དོན་གསུམ་གྱི་ཐར་པ་ཆ་མཐུན་བསྟན་པའི་ཕྱིར། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་སྦྱིན་པ། ནས། རྣམ་མཁྱེན་ཉིད་ཀྱི་བར་དུ་བསྒོམ་ཞིང་མཚན་མར་མི་བྱེད། ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ལེ་བརྒྱད་མ་ལས། ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་སྤྱིར་བསྟན་པའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རང་རྒྱུད་ལ་དེ་བསྐྱེད་པའི་ཐབས་མཁས་དང་བྲལ་བའི་དེ་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་ལས། དུས་གསུམ་གྱི་སངས་རྒྱས། ནས། སྨོན་པ་མེད་པའི་ཏིང་ངེ་འཛིན་ཡིད་ལ་བྱེད་ཀྱང་མཚན་མར་མི་བྱེད་དེ། བྱང་ཆེན་འདི་ནི་མ་སྣད་ཅིང་མ་སྨས་པར་བླ་མེད་རྫོགས་བྱང་དུ་འཚང་རྒྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉན་རང་དུ་ལྟུང་བ་དེ་སྣད་སྨས་ཀྱི་དོན་ཡིན་པའི་ཕྱིར། ཉི་སྣང་ལས། སྣད་པ་ནི། ཉན་ཐོས་ལ་སོགས་པའི་སར་ལྟུང་བའོ། །སྨས་པ་ནི་བྱང་ཆུབ་ཆེན་པོ་ལས་ཉམས་པ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཐེག་ཆེན་ཚོགས་ལམ་པ་དབང་པོ་རྣོ་འབྲིང་རྟུལ་གསུམ་པོ་དེ་རིམ་པ་ལྟར་ངོས་བཟུང་ཡོད་པར་ཐལ། ཐེག་ཆེན་གྱི་རིགས་ཅན་བྱང་སེམས་ཚོགས་ལམ་པ་དབང་རྣོན་དང༌། རང་རྒྱལ་གྱི་རིགས་ཅན་བྱང་སེམས་ཚོགས་ལམ་པ་དབང་འབྲིང་དང༌། ཉན་ཐོས་ཀྱི་རིགས་ཅན་བྱང་སེམས་ཚོགས་ལམ་པ་དབང་རྟུལ་ཡིན་པའི་ཕྱིར། དེར་ཐལ། འདིའི་མདོ་ལས། ཤཱ་རིའི་བུ། ཅི་ཡང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པ་བའམ། བྱང་ཆུབ་སེམས་དཔའ་རང་རྒྱལ་གྱི་ཐེག་པ་བའམ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཐེག་པ་བ་གསུམ་དུ་འདོད་དེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་བྱང་སེམས་བཏགས་པ་བ་དང༌། དད་སོགས་ཆུང་འབྲིང་གཉིས་ཉན་རང་གི་ཐེག་པ་ཆུང་འབྲིང་ཡིན་པའི་ཕྱིར། རྣམ་བཤད་ལས། དད་སོགས་ཆེན་པོ་ཐེག་པ་ཆེན་པོ་ཡིན་ལ། དད་སོགས་ཆུང་ངུ་དང་འབྲིང་ཐེག་པ་ཆུང་འབྲིང་ཡིན་གྱི་མདོའི་སྒྲས་ཟིན་ལ་ཉན་ཐོས་ལ་བྱང་ཆུབ་སེམས་དཔར་མིང་བཏགས་པ་ཙམ་ལ་བརྟེན་ནས། ཐེག་པ་ཆེན་པོའི་ཚོགས་ལམ་ལ་གནས་པའི་རིགས་ཅན་གསུམ་གྱི་དབྱེ་བ་བྱེད་པ་སོགས་ནི། ཞེས་གསུངས་པའི་ཕྱིར།

    བྱས་པ་ལ་ཁོ་ན་རེ། ཁྱབ་པ་ཡོད་པར་ཐལ། ཉི་སྣང་ལས། དེ་ལྟ་ན་འོ་ན། ཉན་ཐོས་ཀྱི་ཐེག་པ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་མེད་པ་ཉིད་ཀྱིས་མི་འདོད་པ་བྱང་ཆུབ་སེམས་དཔའ་གཅིག་ཏུ་ཐལ་བས། ཞེས་གསུངས་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། དོན་དམ་པར་བྱང་སེམས་གཅིག་པུ་ཡང་མི་འདོད་ལ། བྱང་སེམས་ཀྱི་གནས་སྐབས་ཀྱི་ཉན་རང་གི་བྱང་སེམས་དུ་མ་ཡང་མི་འདོད་པའི་ཕྱིར་ཏེ། ཉི་སྣང་ལས། བདེན་པ་དང་གནས་པའི་བྱང་ཆུབ་སེམས་དཔའ་གཅིག་དང་དུ་མར་ཁས་མི་ལེན་པས། ཞེས་གསུངས་པའི་ཕྱིར། རྩ་བར་རྣོ་རྟུལ་གཉིས་བཤད་པའི་རྟུལ་པོ་ཐེག་དམན་ཡིན་ཟེར་ན། འོ་ན། དེ་རྣོ་རྟུལ་དད་སོགས་ཡུལ་ལྔ་ལ་མཁས་པར་མཚུངས་ཀྱང་དད་བརྩོན་སོགས་ལྔ་ལ་སྐྱེ་མྱུར་བ་རྣོན་པོ་དང་སྐྱེ་བུལ་བ་རྟུལ་པོའི་དབང་གིས་རྫོགས་བྱང་ཐོབ་དཀའ་སླ་གཉིས་ཡོད་པ་མ་ཡིན་པར་ཐལ། རྟུལ་པོ་ཐེག་དམན་ལ་བྱེད་པའི་ཕྱིར། འདོད་མི་ནུས་ཏེ། འགྲེལ་པ་ལས། ཡུལ་རྣམ་པ་ལྔ་ལ་ཆེས་མཁས་པ་ཡིན་ནོ། །དེ་ལྟ་མོད་ཀྱི། ཞེས་གསུངས་པའི་ཕྱིར་དང༌། གསེར་འཕྲེང་ལས། འདིར་རྟུལ་པོ་ཐེག་དམན་གྱི་ཡིན་པར་རྒྱ་བོད་འགའ་ཞིག་བཞེད་ཀྱང་མི་འཐད་དེ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་སུ་མ་ངེས་པར་ཐལ། དེ་གཉིས་གང་རུང་མ་ཡིན་པའི་དབང་འབྲིང་ཟུར་དུ་བརྩི་དགོས་པའི་ཕྱིར། དེར་ཐལ། ཉི་སྣང་རྣམ་འགྲེལ་གྲགས་ཆ་སློབ་དཔོན་གྱི་ལེ་བརྒྱད་མར་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་བྱས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གསེར་འཕྲེང་ལས། ཉི་སྣང་རྣམ་འགྲེལ་གྲགས་ཆ་སློབ་དཔོན་རྗེས་འབྲངས་དང་བཅས་པས་ཆུང་འབྲིང་ཆེ་གསུམ་དུ་བཤད་ལ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་དབང་རྣོན་མ་ཡིན་པའི་ཐེག་ཆེན་པ་དབང་རྟུལ་དུ་འགྱུར་བའི་ཕྱིར། ཁྱབ་སྟེ། དེས་འབྲིང་པོ་ཟུར་དུ་རྩི་མི་དགོས་པར་རྟུལ་པོ་དབང་པོ་ཆེ་ཆུང་གཉིས་བྱེད་པའི་ཕྱིར། གསེར་འཕྲེང་ལས། སློབ་དཔོན་གྱི་དགོངས་པས་ཐེག་ཆེན་དབང་འབྲིང་རྟུལ་པོའི་ནང་དུ་བསྡུས་ནས་གཉིས་སུ་མཛད་པས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་རྗེ་ཡབ་སྲས་ཀྱི་བཞེད་པ་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར། རྣམ་བཤད་ལས། དད་པའི་རྗེས་འབྲངས་དང་ཆོས་ཀྱི་རྗེས་འབྲངས་གཉིས་སུ་ངེས་པར་སྟོན་པ་ཡིན་གྱི། དབང་པོ་འབྲིང་པོ་ཟུར་དུ་འཆད་པ་དང༌། རྟུལ་པོ་ཐེག་དམན་པ་ལ་སྦྱོར་བ་སོགས་ནི་གཞུང་གི་དོན་ཕྱིན་ཅི་ལོག་ཅེས་གསུངས་པའི་ཕྱིར། ཞིབ་ཆ་འདི་ཚོགས་སྦྱོར་མཐོང་སྒོམ་ལམ་གོང་འོག་ཐམས་ཅད་དུ་ཤེས་དགོས།

    རང་ལུགས་ལ། ལུས་སེམས་ཀྱི་རྟེན་གཉིས་སེམས་བསྐྱེད་དང་འདྲ། དད་སོགས་ལྔ་ལ་མཁས་པའི་ཆ་ནས་བཞག་པའི་ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་རང་བཞིན་གྱི་དབང་རྣོན་གྱི་ཆོས་མངོན་རྟོགས་དེ། འདིར་དངོས་བསྟན་གྱི་ཐེག་ཆེན་ཐར་པ་ཆ་མཐུན་གྱི་མཚན་ཉིད། ཐབས་ཤེས་ཉི་ཚེ་བའི་རང་བཞིན་གྱི་དབང་འབྲིང་གི་ཆོས་མངོན་རྟོགས་དེ། རང་རྒྱལ་གྱི་དེའི་མཚན་ཉིད། ཐབས་ཤེས་ཉི་ཚེ་བའི་རང་བཞིན་གྱི་དབང་རྟུལ་གྱི་ཆོས་མངོན་རྟོགས་དེ། ཉན་ཐོས་ཀྱི་དེའི་མཚན་ཉིད་ཡིན་ཏེ། འདི་གཉིས་ཤུགས་བསྟན་ཡིན་པའི་ཕྱིར། རྩ་བར། ཉི་ཚེ་བ་དང་སྣ་ཚོགས་ཉིད། །ཅེས་གསུངས་པའི་ཕྱིར། དབྱེ་བ་ཐོས་བསམ་གཙོ་ཆེ་ཡང་སྒོམ་བྱུང་ཡོད་དེ། ཉི་སྣང་ལས། འདི་དག་ཐམས་ཅད་ཐོས་པ་དང་བསམ་པའི་རང་བཞིན་ཡིན་པར་ཤེས་པར་བྱ་སྟེ། དེ་ཐོག་མ་ཁོ་ནར་བསྟན་པ་ལ་འཇུག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཞེས་སོ། །སྒྲ་བཤད་ཡོད་དེ། ཐར་པ་ནི་བྲལ་བ་ཡིན་ལ་དེའི་ཆ་ལ་ཕན་པས་ན་ཐར་པ་ཆ་མཐུན་ཞེས་བརྗོད་པར་འཕགས་པས་བཤད་པའི་ཕྱིར། རྒྱན་ལ་བརྟེན་ནས་ཡུལ་ལྔ་གང་རུང་དེ་དང་དེ་རྟོགས་དགོས་ཀྱི་ཐེག་ཆེན་རིགས་ཅན་དེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་མཚན་ཉིད། དབྱེ་ན་དེའི་ཆེད་དུ་བྱ་བ་དབང་པོ་རྣོ་རྟུལ་གཉིས་ཡོད། ས་མཚམས་ལམ་མ་ཞུགས་ནས་འཕགས་ལམ་བར་དུ་ཡོད་ལ། དེ་ཡན་ཆད་ནའང་གདམས་ངག་དང་རྗེས་བསྟན་གང་རུང་རེ་བྱས་ན་ཡོད་ཀྱང་གཉིས་ཀའི་དབང་དུ་བྱས་ན་མེད་པར་ཤེས་དགོས་ཏེ། མདོ་སྡེ་རྒྱན་ལས། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །ཞེས་གསུངས་པའི་ཕྱིར། ལུང་ལ་བརྟེན་པ་སོགས་ལྔ་སོ་སྐྱེ་ཁོ་ནར་བཤད་པའི་ཕྱིར། ཞིབ་ཆ་དུ་མ་ཤེས་དགོས། ཡུལ་ལྔའི་དེ་ཡོད་དེ། བདེན་པར་མེད་ཀྱང་དུས་གསུམ་གྱི་ཐེག་ཆེན་གྱི་ལམ་འབྲས་ལ་ཤེས་ནས་ཡིད་ཆེས་ཀྱི་དད་པ་རྙེད་པ་དེ་སྐབས་འདིའི་དད་པ་ལ་མཁས་ཚུལ་དང་དེས་གཞན་ལའང་འདྲ།

    རྩོད་སྤོང་ལ་ཁོ་ན་རེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་གཉིས་རྫོགས་བྱང་འཐོབ་དཀའ་སླའི་ཁྱད་པར་མེད་པར་ཐལ། གཉིས་ཀས་དེ་ཐོབ་དཀའ་བའི་ཕྱིར། དེར་ཐལ། དུས་ཀྱི་སྒོ་ནས་ཐོབ་དཀའ་བའི་ཕྱིར་ན་མ་ཁྱབ་སྟེ། དུས་རིང་ཡང་གདུལ་བྱའི་དབང་ཡིན་གྱི་མྱུར་དུ་བགྲོད་པའི་གདུལ་བྱ་ཡང་ཡོད་པའི་ཕྱིར། སངས་རྒྱས་དང་དགྲ་བཅོམ་པའི་རྫུ་འཕྲུལ་ལྟ་བུའི་ལམ་བགྲོད་པ་མྱུར་བ་གཉིས་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ལ་བྱང་འཕགས་ཀྱང་ཡོད་ཟེར་ན། འོ་ན་རྒྱན་གྱི་དོན་ཐམས་ཅད་ཚད་མས་ངེས་ཟིན་པའི་བྱང་འཕགས་ཆོས་ཅན། ཁྱོད་རྒྱན་ལ་ཆེད་དུ་བརྟེན་དགོས་ཡིན་པར་ཐལ། ཁྱོད་དེའི་ཆེད་དུ་བྱ་བའི་དེ་ཡིན་པའི་ཕྱིར། འདོད་ན། མདོ་སྡེ་རྒྱན་ལས། དོན་ཤེས་པ་ཡི་ཆོས་རྣམས་ཀུན། །གཟིངས་དང་འདྲ་བ་ཉིད་དུ་བསྟན། །ཞེས་གསུངས་པའི་གཟིངས་དང་འདྲ་ཚུལ་དེ་མེད་པར་ཐལ། དེའི་དོན་ཐམས་ཅད་ཚད་མས་ངེས་ཟིན་ཀྱང་ཆེད་དུ་བརྟེན་དགོས་པའི་ཕྱིར། གཞན་ཡང༌། དང་པོ་དེའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། སངས་མ་རྒྱས་བར་དུ་དེའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་དགོས་པར་ཐལ་ལོ། །འདོད་པའི་ཕྱིར་དང༌། དང་པོ་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་ན་རྗེས་སུ་བསྒྲུབ་བྱ་རྟོགས་ཟིན་དུས་ཀྱང་དེའི་ཕྱི་རྒོལ་ཡང་དག་ཡིན་དགོས་པར་ཐལ་བ་སོགས་མང་པོ་མཐོང་ཡང་སྒོ་བསྟན་པས་ཤེས་སླ།

                                                                                                                      རྩོམ་སྒྲིག་པ། མང་ར་བ།

                གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  

 

བརྒྱུད་འགོད།