ཀུན་མཁྱེན་ཕར་ཕྱིན་ལས་སྦྱོར་བའི་སྣོད་སོགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-06 20:46:35     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 16675322714572450.jpg

                                            སྦྱོར་བའི་སྣོད།

    གཉིས་པ་བདེན་འཛིན་དངོས་སུ་འཇོམས་བྱེད་སྦྱོར་བ་བཤད་པ་ལ། རྟེན་གྱི་གང་ཟག་དང༌། སྦྱོར་བ་བཤད་པ་གཉིས། དང་པོ་ནི། རྩ་བར། སངས་རྒྱས་རྣམས་ལ་ལྷག་པར་བྱས། །སོགས་རྩ་འགྲེལ་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། ཡུམ་བར་བ་ལས། ཤེར་ཕྱིན་འདི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་ཀྱང་སྔོན་རྒྱལ་བ་ལ་བསྙེན་བཀུར་བ་བྱས་པའོ། །ཞེས་སོགས་ཀྱིས་སངས་རྒྱས་མང་པོ་ལ་བསྙེན་བཀུར་བ་དང༌། དྲིས་པ་དང༌། དེ་དུས་སྦྱིན་སོགས་ལ་སྤྱད་པ་གསུམ་གྱིས་ཤེར་ཕྱིན་གྱི་ཚིག་ཉན་པ་དང༌། བསམ་པ་དང༌། བསྒོམ་པ་གསུམ་གྱི་སྣོད་དུ་གསུངས་པའི། དང་པོ་འཆད་པར། སངས་རྒྱས་རྣམས་ལ་སོགས་ཚིགས་བཅད་གཅིག་བྱུང༌། ཕྱི་མ་གཉིས་འཆད་པར། སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །སོགས་ཚིགས་བཅད་གཅིག་བྱུང༌། སྦྱོར་བ་ནི། བྱང་སེམས་ཚོགས་ལམ་པ་དབང་རྣོན་ཆོས་ཅན། ཁྱོད་ཤེར་ཕྱིན་ལ་ཐོས་བསམ་སྒོམ་གསུམ་གྱི་སྣོད་དུ་རུང་སྟེ། སྔོན་སངས་རྒྱས་མང་པོ་ལ་བསྙེན་བཀུར་བ་དང༌། ཡུམ་དོན་དྲིས་པ་དང༌། ཕྱིན་དྲུག་ཉམས་སུ་བླངས་པ་སྐྱེ་བ་དུ་མར་བྱས་པའི་བྱང་སེམས་ཡིན་པའི་ཕྱིར།

    མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ། དང་པོ་ལ་ཁ་ཅིག་ན་རེ། བྱང་སེམས་ཡིན་ན་ཤེར་ཕྱིན་སྟོན་པའི་སྣོད་རུང་གིས་ཁྱབ་ཟེར་ན། ཉན་ཐོས་སྡེ་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། སྔར་བཤད་པའི་དམན་སྒྲིབ་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཐེག་ཆེན་ལ་སྡང་བའི་གང་ཟག་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཆོས་ལ་ཁོང་ཁྲོ་བདག་ལྟ་དང༌། །ནས། རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་གསུངས་པའི་ཕྱིར། དེས་གནས་མ་བུ་པའི་བྱང་སེམས་སོགས་ཀྱང་ཁེགས། ཡང་ཁ་ཅིག །ཤེར་ཕྱིན་ཉན་པའི་སྣོད་རུང་ལ་བསམ་སྒོམ་གྱི་སྣོད་རུང་གིས་ཁྱབ་ཟེར་ན། སྔོན་བླ་མ་དང་སངས་རྒྱས་དུ་མ་ལ་བསྙེན་བཀུར་བྱས་ལ། ཡུམ་དོན་དྲི་བ་སོགས་བྱེད་མ་མྱོང་བའི་གང་ཟག་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རྩ་བར། འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གང་ཟག་དེ་འདྲ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །ཞེས་གསུངས་པའི་ཕྱིར། མདོ་ལས་ཀྱང་དེ་གཉིས་སོ་སོར་བཤད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཕྱི་ནང་གི་བཤེས་གཉེན་གཉིས་དང་ལྡན་པའི་བྱང་སེམས་དེ། འདིར་བསྟན་སྦྱོར་བ་བསྒོམ་པའི་རྟེན་གྱི་གང་ཟག་གི་མཚན་ཉིད་ཟེར་ན། གཞུང་སྔ་མའི་བསྟན་དོན་ཕལ་པའི་སེམས་ཙམ་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། སེམས་ཙམ་པར་གྱུར་པའི་ཤེར་མདོའི་གདུལ་བྱ་ཕལ་པ་ཡོད་པའི་ཕྱིར། གཞན་ཡང༌། ཉན་ཐོས་ཚོགས་ལམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། ཉན་ཐོས་ཀྱི་སྦྱོར་བ་བསྒོམ་པའི་གང་ཟག་ཡིན་པའི་ཕྱིར། ཡང་ཁ་ཅིག །ཡུམ་ཉན་པའི་སྣོད་ཡིན་ན། དེ་ཉན་པའི་སྣོད་རུང་ཡིན་པས་ཁྱབ་ཟེར་ན། སྔོན་སངས་རྒྱས་སོགས་ལ་མ་བསྟེན་པར་གཞི་ཤེས་སྐོར་ཙམ་ཉན་པའི་ཉན་ཐོས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ཡོད་པའི་ཕྱིར། པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེའི་མཚན་ཉིད་མི་ལྡན་པའི་ཕྱིར་ཏེ། ཉི་སྣང་ལས། ཇི་སྐད་དུ་གསུངས་པའི་རྒྱུ་ལས་བཟློག་པ་མི་མོས་པ་དང་སྤོང་བར་བྱེད་པའི་རྒྱུས་ནི། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །སྦྱོར་བའི་སྣོད་རུང་ལ་དེ་གསུམ་ཀ་བྱས་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། སྦྱོར་བའི་གདུལ་བྱ་བཞི་སོ་སོར་འདྲེན་པའི་ཕྱིར། དེར་ཐལ། ཉན་པའི་སྣོད་གསུམ་དང་བསམ་སྒོམ་གྱི་སྣོད་དང་བཞི་ཡོད་པའི་ཕྱིར། ཉི་སྣང་ལས། དེ་ལ་སྦྱོར་བ་པོ་ནི་རྣམ་པ་བཞི་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་འཕྲེང་ལས། ཉན་པ། ལེན་པ། འཛིན་པ། ཚུལ་བཞིན་ཡིད་ལ་བྱེད་པའོ། །ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ། སྔོན་སངས་རྒྱས་བསྟེན་པ་དང༌། དེ་ལས་དགེ་རྩ་བསྐྲུན་པ་དང༌། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་གྱིས་ཟིན་པ་གསུམ་ཚང་བའི་སྐབས་འདིར་བསྟན་པའི་གདུལ་བྱ་དེ། སྐབས་འདིར་བསྟན་པའི་ཡུམ་ཉན་པའི་སྣོད་རུང་གང་ཟག་གི་མཚན་ཉིད། དབྱེ་ན། ལམ་ཞུགས་དང་ལམ་མ་ཞུགས་རིགས་ཅན་གསུམ་སོགས་ཡོད་དེ། འདི་ལམ་མ་ཞུགས་ནས་བཤད་པའི་ཕྱིར། ཡུམ་ལས། ཤེར་ཕྱིན་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གི་རྣ་ལམ་དུ་གྲགས་པ་དེ་དག་ཀྱང་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བ་བྱས་པའོ། །ཞེས་གཞན་འདྲ་བ་ལ། གང་གི་རྣ་ལམ་དུ་གྲགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའོ། །གང་གི་རྣ་ལམ་དུ་གྲགས་པ་དེ་དག་ཀྱང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ལམ་མ་ཞུགས་ནས་མཁྱེན་གསུམ་གྱི་རྣམ་པ་ལ་ཐོས་བསམ་སྒོམ་གསུམ་དགོས་པ་སྔར་བཤད་ཟིན་པའི་ཕྱིར། ལམ་གྱི་སྐབས་ཁོ་ནར་སྦྱོར་བ་འཁྲུལ་བ་ཆེ་ཤོས་སོ། །ཁྱད་པར་དེ་གསུམ་ལྡན་པའི་བྱང་སེམས་དེ། སྐབས་འདིའི་ཡུམ་ཉན་པའི་སྣོད་རུང་གི་བྱང་སེམས་ཀྱི་མཚན་ཉིད། འགྲེལ་པ་ལས། ཉན་པ་ལ་སོགས་པའི་སྣོད་སྦྱོར་བ་པོ། ཞེས་སོ དེ་རེ་རེ་ལ་བཞི་ཡོད་དེ། སངས་རྒྱས་ལ་བསྙེན་བཀུར་བ་དང༌། དོན་འདྲི་བ་དང༌། སྦྱིན་སོགས་བཅུ་སྤྱད་པ་དང༌། དགེ་བའི་བཤེས་གཉེན་གྱིས་བྱིན་གྱིས་བརླབས་པ་བཞིས་རིམ་པ་བཞིན་དུ། ཉན་པ་དང༌། ཚིག་འཛིན་པ་དང༌། དོན་མི་བརྗེད་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་རུང་བཞི་ཡོད་པའི་ཕྱིར་ཏེ། ཐོག་མཐའ་གཉིས་བཞི་ཀ་ལ་ཚང་དགོས་པའི་ཕྱིར་ཏེ། འགྲེལ་པ་ལས། སངས་རྒྱས་རྣམས་ལ་སྤྱིར། ཞེས་གསུངས་པའི་ཕྱིར། གསེར་འཕྲེང་ལས། སྤྱིར་ཞེས་པ་སྦྱོར་བ་པོ་ཐམས་ཅད་ལ་དེ་ཡོད་པར་སྟོན་པའོ། །ཞེས་དང༌། གསེར་འཕྲེང་ལས། བཞི་ཀ་ཡང་ཐེག་ཆེན་དགེ་བའི་བཤེས་གཉེན་གྱིས་བྱིན་གྱིས་བརླབས་པ་རྣམས་ནིའོ། །ཞེས་གསུངས་པའི་ཕྱིར། རྣམ་བཤད་ལས་ཀྱང༌། དགེ་བའི་བཤེས་གཉེན་གྱིས་བྱིན་གྱིས་རླངས་པ་འོག་མ་གསུམ་གྱི་མཐར་ཡང་སྦྱར་བར་བྱ་སྟེ། ཞེས་གསུངས་པའི་ཕྱིར། རྩོད་སྤོང་ལ་ཁོ་ན་རེ། ཡུམ་ཉན་པའི་སྣོད་རུང་ལ་བྱང་སེམས་ཀྱིས་ཁྱབ་པར་ཐལ། རྣམ་བཤད་ལས། བྱང་སེམས་ཚོགས་ལམ་པ་སོགས་གསུངས་པའི་ཕྱིར་ན་མ་ཁྱབ། མཚན་གཞི་ཡིན་ཙམ་སྟེ། ཐེག་ཆེན་གྱི་ཐོས་བསམ་སྒོམ་གསུམ་མ་བྱས་པར་བྱང་སེམས་ཀྱི་ལམ་རྒྱུད་ལ་མི་སྐྱེ་བའི་ཕྱིར།

 

                                            སྦྱོར་བ།

    གཉིས་པ་སྦྱོར་བ་ནི། རྩ་བར། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ནས། དེ་ནི་དག་པ་མཚམས་དང་བཅས། །ཞེས་བྱུང༌། འཕྲོས་སྦྱོར་བ་མཐའ་དཔྱད་པ་གསུམ། དང་པོ་ནི། ཡུམ་ལས། ཀོའུ་ཤི་ཀ་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་གཟུགས་ལ་མི་གནས། ཞེས་པ་ནས། ཚུལ་བཞིན་ཡིད་ལ་བྱེད་པ་དང་སྒོམ་པ་རྣམས་ལ་བར་ཆད་བྱ་བར་མི་ནུས་པ་ཡིན་ནོ། །ཞེས་པའི་སྦྱོར་བ་ཉི་ཤུ་གསུངས་པ་དེ་བསྟན་བཅོས་འདིར་འཆད་པར་དྲངས་མ་ཐག་རྩ་འགྲེལ་བྱུང༌། གཉིས་པ་ནི། འདིར་བསྟན་སྦྱོར་བ་ནི་ཉི་ཤུ་ཡོད་དེ། ངོ་བོའི་སྒོ་ནས་ལྔ་དང༌། རྟེན་གྱི་སྒོ་ནས་བརྒྱད། སྦྱོར་བ་རྫོགས་པའི་སྒོ་ནས་བཞི། འབྲས་བུའི་སྒོ་ནས་གཉིས་དང༌། དུས་ཀྱི་སྒོ་ནས་གཅིག་སྟེ་ཉི་ཤུ་ཡོད་པའི་ཕྱིར།

    མཐའ་དཔྱད་པ་ལ་གསུམ། དང་པོ་ལ་ཁ་ཅིག་ན་རེ། ཡུལ་ཡུལ་ཅན་གཞི་ལམ་རྣམ་གསུམ་བདེན་སྟོང་སྤྲོས་བྲལ་དུ་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་སེམས་དཔའི་རྣལ་འབྱོར་དེ། སྐབས་འདིར་གཙོ་བོར་བསྟན་པའི་སྦྱོར་བའི་མཚན་ཉིད་ཟེར་ན། འོ་ན། འདིར་བསྟན་བྱང་སེམས་ཚོགས་ལམ་ཆེན་པོ་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཞི་གནས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར་ཏེ། ཐེག་ཆེན་གྱི་སྟོང་ཉིད་རྟོགས་པའི་ལྷག་མཐོང་ཐོབ་པ་དང་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཐོབ་པ་དུས་མཉམ་པའི་ཕྱིར། ཁྱབ་སྟེ། སྟོང་ཉིད་རྟོགས་པའི་ལྷག་མཐོང་ཐོབ་པ་ལ་དེའི་ཞི་གནས་ཐོབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱ་སྟེ། །ཐོག་མར་ཞི་གནས་བཙལ་བྱ། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། རྣམ་བཤད་ལས། སྟོང་པ་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ནི་སྦྱོར་ལམ་དྲོད་མན་ཆད་ན་མེད་ལ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སོ་སྐྱེའི་ཚོགས་ལམ་ནས་ཇི་སྙེད་པའི་ལྷག་མཐོང་ཡོད། སྟོང་ཉིད་རྟོགས་པའི་ཞི་གནས་ཡོད་ཀྱང་སྟོང་ཉིད་རྟོགས་པའི་ལྷག་མཐོང་མེད་པའི་ཕྱིར། རྣམ་བཤད་ལས། ཞི་གནས་མཚན་ཉིད་པ་ལ་མཉམ་པར་བཞག་བཞིན་པའི་དུས་ཉིད་ན་སྟོང་པ་ཉིད་ལ་ཡང་དང་ཡང་དུ་དཔྱོད་པ་དང་རྩེ་གཅིག་ཏུ་འདོད་པ་ནི་ཚོགས་ལམ་ན་ཡང་ཡོད་པས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེ་འདྲ་བའི་བདེན་སྟོང་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་སྦྱོར་ལམ་ཐོབ་མྱོང་གི་སེམས་དཔའི་རྣལ་འབྱོར་དེ། འདིར་བསྟན་གཙོ་བོར་གྱུར་པའི་སྦྱོར་བའི་མཚན་ཉིད་ཟེར་ན། ཐེག་ཆེན་རིགས་ངེས་སྦྱོར་ལམ་པའི་རྒྱུད་ཀྱི་གནས་པ་བཀག་པའི་སྦྱོར་བ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། གནས་པ་བཀག་པའི་སྦྱོར་བ་སོགས་ལྷག་མཐོང་སྦྱོར་ལམ་ནས་ཐོབ་པའི་ཕྱིར། རྣམ་བཤད་དྲངས་ཟིན་ཏོ། །འདོད་མི་ནུས་ཏེ། སོ་སྐྱེའི་སྟོང་ཉིད་རྟོགས་པའི་བློ་ཡིན་པའི་ཕྱིར། བོད་སྔ་མ་རྣམས་ན་རེ། ཉི་ཤུའི་སྔ་མ་ལྔ་སྦྱོར་བའི་རང་བཞིན་དང་གནས་སྐབས་བཅུ་བཞི་ཟེར་ན། འོ་ན། སྦྱོར་བ་སྔ་མ་ལྔའི་གནས་སྐབས་བཅུ་བཞིར་ཐལ་ལོ། །ཁྱད་པར་མ་ཕྱེ་བར་གནས་སྐབས་བཅུ་བཞིར་བཤད་པའི་ཕྱིར། འདོད་ན། ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ཡང་དེ་ལྔའི་གནས་སྐབས་ལ་སྦྱོར་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྐྲག་ནས་ཤེར་ཕྱིན་སྤངས་ཏེ་ངན་སོང་དུ་ཡུན་རིང་བོར་ལྷུང་བས་ཚེགས་ཆེན་ཡུན་རིང་དུ་བཤད་པའི་ཕྱིར་ཏེ། ཉི་སྣང་ལས། ཀུན་ཏུ་སྐྲག་པས་ཟིན་པར་འགྱུར་ཏེ་དེར་ངེས་པར་ལྟུང་བས་རྟོགས་པའི་ཆོས་ཀྱི་སྣོད་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཤེར་མདོ་ལས། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནས། ཤེར་ཕྱིན་ཟབ་མོ་འདི་སྤངས་ཏེ་ལོག་པར་ལྟུང་བར་འགྱུར་བའི་ལས་ཡོད་པར་འགྱུར་བ་དེའི་ཚེགས་ཆེན་པོས་ཡུན་རིང་མོ་ཞིག་ནས། ཞེས་གསུངས་པའི་ཕྱིར། གསེར་འཕྲེང་ལས་སོ། །ཡང་ཁ་ཅིག །ཚོགས་ལམ་པ་དབང་རྣོན་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཞི་གནས་སྐབས་ཀྱི་སྐྲག་པ་ཁོ་ནར་སྦྱོར་བ་མི་འཐད་དེ། འདི་དབང་རྟུལ་དང་ཚེགས་ཆེན་པོ་གཉིས་དགོས། དབང་རྣོན་གྱིས་རྟོགས་སླ་ལ་མྱུར་བར་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་འཕྲེང་ལས། དེ་ཡང་དེ་ལ་དབང་པོ་གཉིས་སུ་བྱས་པའི་རྟུལ་པོ་འབའ་ཞིག་ལ་བྱ་སྟེ། འདི་སྦྱོར་བ་ཁྱད་པར་ཅན་གྱི་འགལ་ཟླ་སྐྲག་པ་དེ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར་དང༌། འགྲེལ་ཆེན་ལས་ཀྱང་རྒྱུ་གསུམ་མ་ཚང་བ་སྐྲག་པར་བཤད་པ་དེའི་ཕྱིར། འགྲེལ་ཆེན་ལས། རྒྱུ་གསུམ་ལས་བཟློག་པ་ནི། དགེ་བའི་རྩ་བ་ཆུང་བ་དང་ཡོངས་སུ་མི་འདྲི་བ་དང་སྔོན་སྤྱོད་པ་དང་མི་ལྡན་པ་རྣམས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ།.....ཀུ་མ་ར། དང་པོ་ལྔ་ཚོགས་ལམ་དང་བཅོ་ལྔ་སྦྱོར་ལམ་ནས་ས་བཅུ་ལ་སྦྱོར་ཟེར་ན། མི་འཐད་པར་ཐལ། ཚེགས་ཆེན་ཡུན་རིང་སྦྱོར་བ་ཐེག་ཆེན་སྦྱོར་ལམ་དང་མི་མཐུན་པའི་ཕྱིར། དེར་ཐལ། དེ་སྟོང་ཉིད་ལ་སྐྲག་ནས་སྤོང་བ་གང་ཞིག །ཐེག་ཆེན་གྱི་དྲོད་སྟོང་ཉིད་ལ་མི་སྐྲག་པ་ཆུང་ངུ་ཐོབ་པའི་ཕྱིར། དང་པོ་གྲུབ་ཟིན། གཉིས་པ་གྲུབ་སྟེ། སྦྱོར་ལམ་སྐབས་སུ་བཤད་ཟིན་པའི་ཕྱིར།

    གཞན་ཡང༌། དེ་མི་འཐད་པར་ཐལ། སྔ་མ་ལྔས་སྦྱོར་བ་སྤྱིར་སྐྱེད་ཚུལ་སྟོན། ཕྱི་མ་བཅོ་ལྔ་སྦྱོར་བའི་སྐྱེ་ཚུལ་ལ་སྦྱོར་བའི་ཕྱིར། དང་པོ་གྲུབ་སྟེ། སྦྱོར་བ་དང་པོ་གཉིས་ཀྱིས་ཡུལ་གཏན་ལ་ཕབ་པས་ཡུལ་ཅན་མཁྱེན་གསུམ་གྱི་ཡུལ་གསུམ་གྱི་ཆོས་ཉིད་རྟོགས་པའི་ཟབ་དཀའ་ཚད་མེད་ཀྱི་སྦྱོར་བ་གསུམ་འབྱུང་བའི་ཕྱིར་ཏེ། འགྲེལ་ཆེན་ལས། གནས་པ་མི་སྦྱོར་བའི་སྦྱོར་བ་ལ་མངོན་པར་བརྩོན་པ་ནི། གཟུགས་ལ་སོགས་པ་དེ་དག་གི་ཟབ་པ་ཉིད་དང༌། གཏིང་དཔག་དཀའ་བ་ཉིད་དང༌། ཚད་མེད་པ་ཉིད་རྟོགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཚེགས་ཆེན་གྱི་དེ་ཚོགས་ལམ་ན་ཡོད། ལུང་བསྟན་ཐོབ་པའི་དེ། ཕྱིར་མི་ལྡོག་པའི་དེ། ངེས་འབྱུང་གི་དེ། བར་ཆད་མེད་པའི་དེ་བཞི་སྦྱོར་ལམ་བཞིའི་གནས་སྐབས་ན་ཡོད། བྱང་ཆུབ་ཉེ་བའི་དེ་མཐོང་ལམ་ན་ཡོད། སངས་རྒྱས་མྱུར་བའི་དེ་མ་དག་ས་བདུན་ན་ཡོད། གཞན་དོན་གྱི་དེ། འཕེལ་འགྲིབ་མེད་པའི་དེ། ཆོས་ཆོས་མིན་སོགས་མི་མཐོང་བའི་དེ། བསམ་མི་ཁྱབ་ཀྱི་དེ། རྣམ་པར་མི་རྟོག་པའི་དེ་ལྔ་ས་བརྒྱད་པ་ན་ཡོད། འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱི་དེ་ས་དགུ་པ་ན་ཡོད། ཉེས་སེལ་དག་པའི་དེ་ས་བཅུ་པ་ན་ཡོད། ས་མཚམས་སྦྱོར་བ་ཚོགས་ལམ་ནས་ས་བདུན་པའི་བར་དུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་འཕྲེང་ལས། མི་སྐྲག་པ་ནི་ལུང་བསྟན་ཐོབ་པ་དང་ཚོགས་ལམ་པ་དབང་རྣོན་དང་དྲོད་ནས་ཏེ། ཞེས་དང༌། ཕྱིར་མི་ལྡོག་པ་ཉིད་དང་འདི་རྩེ་མོ་ནས་ཏེ། ཞེས་དང༌། ངེས་པར་འབྱུང་བ་དང་འདི་བཟོད་པ་ནས། ཞེས་དང༌། བར་ཆད་མེད་པ་དང་འདི་ཆོས་མཆོག་ནས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཟག་མེད་གསར་བ་ཞེས་བཤད་པའི་ཕྱིར་ཏེ། རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང༌། །ཞེས་གསུངས་པའི་ཕྱིར། གསེར་འཕྲེང་ལས། རྫོགས་པའི་བྱང་ཆུབ་ལ་ཉེ་བ་དང༌། འདི་མཐོང་ལམ་ནས་ཏེ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། མྱུར་བའི་དེ་མདོ་ལས། བུད་མེད་འདི་ནི་རིང་པོར་མི་ཐོགས་པར་བཙའ་བར་འགྱུར་རོ། །ཞེས་པ་ནས། བྱང་ཆེན་དེ་དག་རིང་པོར་མི་ཐོགས་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་ལུང་བསྟན་ས་བརྒྱད་པའི་ཡིན་པའི་ཕྱིར། རྒྱུད་བླ་མ་ལས། ས་བདུན་རྗེས་འབྲེལ་དྲི་མ་རྣམས མངལ་སྦུབས་དྲི་མ་དག་དང་མཚུངས། །མངལ་སྦུབས་དྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ཞེས་གསུངས་པའི་ཕྱིར། དེས་ན་ས་བརྒྱད་པར་གཞོན་ནུའི་སར་བཤད་པ་ཡང་དེ་ཡིན་ནོ། །ཇི་སྐད་དུ། གསེར་འཕྲེང་ལས། འདི་ས་གཉིས་པ་ནས་བདུན་པའི་བར་ཏེ། ཞེས་སོ། །རྩ་རྟགས་བཞི་པ་གྲུབ་སྟེ། གཞན་དོན་གྱི་སྦྱོར་བ་སོགས་ལྔ་ས་བརྒྱད་པ་ཡན་ཆད་གཞན་དོན་ཡོད་དུ་བཤད་པའི་ཕྱིར། རྒྱན་ལས། རྣམ་ཀུན་དོན་ཡོད་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། གསེར་འཕྲེང་ལས། དེ་ལྟར་གཞན་དོན་བྱེད་པ་འཕེལ་འགྲིབ་མེད་པར་རྟོགས་པ། ནས། དེ་རྣམས་ས་བརྒྱད་པ་ནས་ཏེ། ཞེས་གསུངས་པའི་ཕྱིར། རྩ་རྟགས་ལྔ་པ་གྲུབ་སྟེ། གསེར་འཕྲེང་ལས། རིན་པོ་ཆེ་སྦྱིན་པ་དང་འདི་ས་དང་པོ་ནས་ཡོད་ཀྱང་དགུ་པ་ནས། ཞེས་གསུངས་པའི་ཕྱིར། རྩ་རྟགས་དྲུག་པ་གྲུབ་སྟེ། གསེར་འཕྲེང་ལས། རྣམ་པར་དག་པ་དང་འདི་ས་བཅུ་པ་ནས་ཏེ། ཞེས་གསུངས་པའི་ཕྱིར། རྩ་རྟགས་བདུན་པ་གྲུབ་སྟེ། གསེར་འཕྲེང་ལས། འདི་ཚོགས་ལམ་ནས་ས་བདུན་པའི་བར་ཏེ། བརྒྱད་པ་ཡན་ཆད་ནི་དེ་ལྟར་ས་མཚམས་ཀྱིས་ཕྱེ་ནས་བྱེད་མི་དགོས་པས་སོ། །ཞེས་གསུངས་པའི་ཕྱིར། རྣམ་བཤད་ལས། སྐབས་འདིའི་ལམ་སྦྱོར་བ་དེ་ཡིན་པར་སྒྲུབ་པ་དང་ཡབ་སྲས་དགོངས་པ་གཅིག་དབྱངས་གཅིག་གོ །ཡང་ཁ་ཅིག་ན་རེ། ཚེགས་ཆེན་སྦྱོར་བ་ལ་སྟོང་ཉིད་མ་རྟོགས་པས་ཁྱབ་ཟེར་ན། སེམས་དཔའ་དབང་རྟུལ་ཚོགས་ལམ་ཆེན་པོ་བའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཞི་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། དབང་པོ་རྣོ་རྟུལ་གཉིས་ཀས་དེ་ནས་སྟོང་ཉིད་རྟོགས་པའི་ཞི་གནས་ངེས་པར་ཐོབ་པའི་ཕྱིར། རྣམ་བཤད་ལས། ཆོས་ཉིད་ལ་སྒོམ་བྱུང་གི་གསལ་སྣང་མ་ཐོབ་པས་སྐྲག་པ་ཤས་ཆེར་སྐྱེ་བའི་དབང་དུ་བྱས་པ་ནི། དུས་ཡུན་རིང་མོ་ཞིག་ནས་ཡུམ་གྱི་རྟོགས་པ་སྐྱེ་བས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །འདིའི་ལུང་བསྟན་འཐོབ་པའི་སྦྱོར་བ་ཡིན་ན་ལུང་བསྟན་ཐོབ་ཟིན་པས་ཁྱབ་ཟེར། ལ་ལ་དེ་ཡིན་ན་སངས་རྒྱས་ལས་ལུང་བསྟན་དངོས་སུ་ཐོབ་པས་ཁྱབ་ཟེར་ན། གཞན་དག་ན་རེ། དེ་གཉིས་ཀ་མི་འཐད་པར་ཐལ། འཐོབ་པ་མ་འོངས་པའི་ཚིག་ཡིན་པའི་ཕྱིར། དེར་ཐལ། དེ་སངས་རྒྱས་གཉིས་སམ་གསུམ་སོགས་ལས་མི་རིང་བར་ལུང་བསྟན་ཐོབ་པའི་དོན་ཡིན་པའི་ཕྱིར། ཉི་སྣང་ལས། ལུང་བསྟན་ཐོབ་པའི་སྦྱོར་བ་ནི། ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡིད་ལ་བྱེད་པ་རྣམས་ནི་དེ་བཞིན་གཤེགས་པ་གཅིག་གམ་གཉིས་ལས་མི་འདའ་བར་ལུང་བསྟན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ན་འདིར་མ་ཁྱབ་སྟེ། དེས་ལུང་བསྟན་ཐོབ་ཟིན་ཀྱང་རང་དུས་སངས་རྒྱས་མེད་ཀྱང་སངས་རྒྱས་དུ་མ་དང་འཕྲད་པས་ལུང་སྟོན་པའི་དོན་ཡིན་པའི་ཕྱིར། འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་གཅིག་གམ་གཉིས་སམ་གསུམ་ལས་མི་འདའ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་དེ་ཕྱིས་ལུང་བསྟན་པ་ཐོབ་པར་འགྱུར་རོ། །ཞེས་བྱ་བ་དེ་ལྟར་ནི་མ་ཡིན་གྱི། འོན་ཀྱང་དེ་རྣམས་ལས་ཞེས་བྱ་བ་ནི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར།

རང་ལུགས་ལ། གཞི་ལམ་རྣམ་གསུམ་བདེན་པའི་སྤྲོས་བྲལ་དུ་སྒོམ་པའི་ཆ་ནས་བཞག་པའི་སེམས་དཔའི་རྣལ་འབྱོར་དེ་སྐབས་འདིར་བསྟན་གྱི་སེམས་དཔའི་སྦྱོར་བའི་མཚན་ཉིད། དབྱེ་ན་ཉི་ཤུ་ཡོད། དང་པོ་ལྔ་ཚོགས་ལམ་ཆུང་ངུ་ནས་རྒྱུན་མཐའི་བར་དང༌། དྲུག་པ་ཚོགས་ལམ་ཆུང་ངུ་ནས་ཚོགས་ལམ་ཆེན་པོའི་བར་དང༌། བཅུ་བཞིའི་ས་མཚམས་རྒྱན་སྣང་ལྟར་གསེར་འཕྲེང་ལས་བཤད་པ་དེ་ཡིན་ནོ། །

    རྩོད་སྤོང་ལ་ཁོ་ན་རེ། ཁྱོད་ཀྱི་ས་མཚམས་མི་འཐད་པར་ཐལ། ཤེར་འབྱུང་གིས་སྦྱོར་ལམ་ལ་ལྔ་བཞག་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལྔའི་མི་གནས་པའི་སེམས་དཔའི་སྦྱོར་བ་ལ་ཡང་ཐོས་བྱུང་བསམ་བྱུང་སྒོམ་བྱུང་གསུམ་ཡོད་པ་དེ་བཞིན་དུ་གཞན་བཞི་ལའང་ཡོད་པའི་ཕྱིར། རྒྱས་པར་གསེར་འཕྲེང་ལྟར་རོ། །འདི་དག་ཐལ་རང་སུའི་ལུགས་ལའང་དགག་བྱའི་ཁྱད་པར་མ་གཏོགས་སྦྱོར་བ་ཉི་ཤུའི་མིང་དོན་འདི་བཞིན་དགོས་ཤིང་ཕར་ཕྱིན་སྒོམ་ཚུལ་མཐར་ཐུག་ཡིན་པས་ཅུང་ཟད་ཕྱེ་བ་ཡིན་ནོ། 

 

                                            སྦྱོར་བའི་ཡོན་ཏན།

    གཉིས་པ་ལ་སྦྱོར་བའི་ཡོན་ཏན་དང༌། དེ་བསྒོམ་པའི་གེགས་བཤད་པ་གཉིས། དང་པོ་ནི། རྩ་བར། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞི་འོ། །ཞེས་པ་རྩ་འགྲེལ་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་གསུམ། དང་པོ་ནི། ཤཱ་རིའི་བུ་ཕྱོགས་བཅུ་འཇིག་རྟེན་ཀུན་གྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་སངས་རྒྱས་ཚད་མེད་གྲངས་མེད་པ་གཅིག་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་དེ་སྙེད་ཀྱང་བྱང་ཆེན་ཤེར་ཕྱིན་འདི་འདྲི་བ་འཆང་བ་ཀློག་པ་ཁ་ཏོན་བྱེད་ཚུལ་བཞིན་ཡིད་ལ་བྱེད་བསྒོམ་པ་ལ་དགོངས་པར་མཛད་པ་ནི་ཆོས་ཉིད་ཡིན་ནོ། །ནས། ཕར་ཕྱིན་དྲུག་པོ་རྣམས་ལ་འཇུག་པ་ལས་བརྩོན་འགྲུས་ཉམས་པར་མི་འགྱུར་རོ། །ཞེས་པའི་མདོ་ཚན་བཞིས་སྦྱོར་བའི་ཡོན་ཏན་མཐའ་ཡས་བཤད་པ་རྗེ་བཙུན་གྱིས་བཅུ་བཞིར་བྱས་ཏེ་འཆད་པར་འདི་བྱུང༌། གཉིས་པ་ནི། རྣམ་རྫོགས་སྦྱོར་བ་བསྒོམ་པའི་ཡོན་ཏན་ཆོས་ཅན། བཅུ་བཞི་ཡོད་དེ། བདུད་ཀྱི་མཐུ་བཅོམ་པ་དང༌། སངས་རྒྱས་ཀྱིས་དགོངས་པ་དང༌། དེས་གཟིགས་པ་དང༌། སངས་རྒྱས་དང་ཉེ་བ་དང༌། དོན་ཆེ་བ་དང༌། ཡུལ་དཔྱད་པ་དང༌། ཡོན་ཏན་རྫོགས་པ་དང༌། སྨྲ་བའི་སྐྱེས་བུ་ཉིད་དང༌། མི་ཕྱེད་པ་ཉིད་དང༌། དགེ་རྩ་ཐུན་མོང་མ་ཡིན་པ་སྐྱེ་བ་དང༌། དམ་བཅའ་སྒྲུབ་པ་དང༌། འབྲས་བུ་རྒྱ་ཆེ་བ་དང༌། སེམས་ཅན་གྱི་དོན་བསྒྲུབ་པ་དང༌། འདོད་དོན་ངེས་པར་ཐོབ་པའི་ཡོན་ཏན་དང་བཅུ་བཞི་ཡོད་པའི་ཕྱིར།

   མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། སྦྱོར་བ་བསྒོམས་པ་ལ་བརྟེན་ནས་ཐོབ་པའི་ཡོན་ཏན་དེ། ཐེག་ཆེན་སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད་ཟེར་ན། ཉན་ཐོས་དགྲ་བཅོམ་རྒྱུད་ཀྱི་གཞི་ཤེས་སྦྱོར་བ་བསྒོམས་པ་ལས་ཐོབ་པའི་མངོན་རྟོགས་ཆོས་ཅན། ཐེག་ཆེན་གྱི་སྦྱོར་བའི་ཡོན་ཏན་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། རང་ཐོབ་བྱེད་ཐེག་དམན་གྱི་སྦྱོར་བའི་ཡོན་ཏན་ཡིན་པའི་ཕྱིར། རྩ་བར་འདོད་ན། རང་ཐོབ་བྱེད་ཀྱི་སྦྱོར་བ་བསྒོམས་པ་ལས་ཐོབ་པའི་ཡོན་ཏན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེའི་ཕྱིར། ཡང་ཁ་ཅིག་ན་རེ། ཐེག་ཆེན་གྱི་སྦྱོར་བ་བསྒོམ་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་དེ། ཐེག་ཆེན་སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད་ཟེར་ན། ཐེག་ཆེན་སྦྱོར་བ་དང་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཤེར་ཕྱིན་ཉན་བསམ་སྒོམ་གསུམ་ལ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རློབ་པ་ཆོས་ཉིད་ཡིན་པས་བདུད་ཀྱིས་མི་ཚུགས་པའི་ཕྱིར། ཉི་སྣང་ལས། བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་ནི། བདུད་བར་ཆད་བྱེད་པར་བརྩོན་པ་ལ་ཞུགས་སུ་ཟིན་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱིས་དགོངས་ཤིང་ཡོངས་སུ་བཟུང་བ་ནི་བདུད་ཀྱི་མཐུ་བཅོམ་པའི་རྒྱུ་ཡིན་པས། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་དང་དུས་མཉམ་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཐེག་ཆེན་གྱི་སྦྱོར་བ་བསྒོམ་སྟོབས་ཀྱིས་ཐོབ་པའི་སེམས་དཔའི་ཡོན་ཏན་དེ། ཐེག་ཆེན་སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད་ཟེར་ན། རྒྱན་གྱི་གདུལ་བྱའི་འཐོབ་བྱའི་རྣམ་མཁྱེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བཅུ་བཞིའི་ཡོན་ཏན་ལྔ་པ་ཡིན་པའི་ཕྱིར། དེར་ཐལ། སྦྱོར་བ་བསྒོམ་པའི་ཡོན་ཏན་དོན་ཆེ་བ་སོགས་ཀྱི་ནང་གི་འབྲས་བུ་ཆེ་བ་དེ་ཡིན་པའི་ཕྱིར། ཉི་སྣང་ལས། དོན་ཆེ་བ་ཉིད་ལ་སོགས་པའི་ཡོན་ཏན་ནི། ཞེས་དང༌། དེའི་མདོ་ལས། ཤེར་ཕྱིན་ཟབ་མོ་འདི་བྲིས་ཤིང་འཆང་བར་འགྱུར་བ་དེ་དག་ནི་དོན་ཆེ་བ་དང་འབྲས་བུ་ཆེ་བ་དང་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་བཤད་ལས། སངས་རྒྱས་4བའི་འབྲས་བུ་ཆེ་བ། ཞེས་གསུངས་པའི་ཕྱིར། ས་མཚམས་ལ་ཁ་ཅིག་ན་རེ། བཅུ་བཞིའི་དང་པོ་བཞི་སྦྱོར་ལམ་དང་ལྷག་མ་བཅུ་ས་བཅུ་ལ་འཇོག་པར་ཐལ། ཀུ་མ་ར་ཤྲིས་དེ་ལྟར་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། དང་པོ་བཞི་གཙོ་ཆེར་རུང་ཡང་བཅུའི་ས་མཚམས་ངེས་ཅན་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མོས་སྤྱོད་ཀྱི་ཚོགས་ལམ་ནའང་བཅུ་བཞི་དབང་རྣོན་ལ་ཡོད་པའི་ཕྱིར། ཚིག་གསལ་ལས། ཡོན་ཏན་འདི་དག་ནི་ལས་དང་པོ་བའི་ས་ནས་བརྩམས་ཏེ་ལྡན་མོད་ཀྱི། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྐྱོན་རྣམས་སྦྱོར་བ་མི་སྐྱེ་བའི་རྒྱུ་ཡིན་པས་ཡོན་ཏན་ཡང་སྦྱོར་བ་སྐྱེ་བའི་རྒྱུར་འདོད་ཟེར་ན་མི་འཐད་པར་ཐལ། ཡོན་ཏན་དེའི་འབྲས་བུའི་ལྡོག་པ་ནས་བཤད་དགོས་པའི་ཕྱིར། དེར་ཐལ། དེ་སྦྱོར་བ་སྒོམ་པའི་ཡོན་ཏན་ཡིན་པའི་ཕྱིར། ཉི་སྣང་ལས། སྦྱོར་བའི་ཕན་ཡོན་བཤད་ཟིན་ཏོ། །ཞེས་དང༌། གསེར་འཕྲེང་ལས། སློབ་དཔོན་ཡང་ཕན་ཡོན་དུ་བཞེད་པས་དེའི་འབྲས་བུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། བྱང་སེམས་ཚོགས་ལམ་ཆུང་ངུ་བའི་རྒྱུད་ཀྱི་སྦྱོར་བ་དང་དུས་མཉམ་པའི་དང་པོ་བཞི་ཆོས་ཅན། ཚོགས་ལམ་པའི་སྦྱོར་བ་དེའི་འབྲས་བུ་ཡིན་པར་ཐལ། སྦྱོར་བ་བསྒོམ་པའི་འབྲས་བུ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ལམ་མ་ཞུགས་ནས་ཤེར་ཕྱིན་བསྒོམ་པའི་འབྲས་བུ་ཚོགས་ལམ་ཐོབ་མ་ཐག་པ་ནས་འབྱུང་བའི་ཕྱིར། དེར་ཐལ། སློབ་ལམ་དུ་རྣམ་མཁྱེན་སྒོམ་པའི་འབྲས་བུ་རྣམ་མཁྱེན་ཐོབ་པར་ཁས་ལེན་པའི་ཕྱིར་ཏེ། སྒོམ་ཚུལ་བཞི་སོགས་བཤད་ཟིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་འདྲ་བའི་ཚོགས་ལམ་གྱི་སྦྱོར་བ་དང་དུས་མཉམ་པའི་ཕྱིར། ཁྱབ་སྟེ། འདིའི་ཕན་ཡོན་དེ་ཚོགས་ལམ་པའི་སྦྱོར་བ་བསྒོམ་པའི་ཡོན་ཏན་ཡིན་པའི་ཕྱིར། དེར་ཐལ། གསེར་འཕྲེང་ལས། དེའི་ཕྱིར་ནུས་པ་དང་ནུས་ཅན་ཡང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞུང་འདིས་བཤད་ཚུལ་ལ་རྣམ་རྟོག་མང་ཡང་མ་སྤྲོས། གསེར་འཕྲེང་ལས་སོ། །

(4) དཔར་ཐེངས་གཉིས་པ། སངས་རྒྱས་པས།

    རང་ལུགས་ལ། ཐེག་ཆེན་གྱི་སྦྱོར་བ་བསྒོམ་སྟོབས་ཀྱིས་ཐོབ་པའི་ཐེག་ཆེན་ལམ་ཞུགས་རྒྱུད་ཀྱི་ཡོན་ཏན་དེ། ཐེག་ཆེན་གྱི་སྦྱོར་བ་བསྒོམ་པའི་ཐེག་ཆེན་གྱི་ཡོན་ཏན་གྱི་མཚན་ཉིད། དབྱེ་ན་བཅུ་བཞི་ཡོད། ས་མཚམས་རིགས་ངེས་ཀྱི་ཚོགས་ལམ་ཆུང་ངུའི་དེའི་ཕན་ཡོན་བཅུ་བཞི་ནས། སངས་རྒྱས་སའི་བཅུ་བཞིའི་བར་ཡོད། རྩོད་སྤོང་ལ་ཁོ་ན་རེ། ཐེག་ཆེན་གྱི་སྦྱོར་བ་ཆོས་ཅན། ཐེག་ཆེན་སྦྱོར་བའི་ཡོན་ཏན་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཁྱོད་ཁྱོད་ཀྱི་ཡོན་ཏན་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྦྱོར་བ་བསྒོམ་པའི་ཡོན་ཏན་ཡིན་པའི་ཕྱིར། ཚིག་བསྡུས་པ་མི་ཤེས་པའི་རྨོངས་སྐད་ཡིན། ཐེག་ཆེན་བར་ཆད་མེད་ལམ་ཆོས་ཅན། ལམ་ཤེས་པར་ཐལ། ལམ་ཤེས་ཡིན་པའི་ཕྱིར་རོ། །གཞན་ཡང༌། རྣམ་མཁྱེན་ཐེག་ཆེན་སྦྱོར་བའི་ཡོན་ཏན་མ་ཡིན་པར་ཐལ། རྣམ་མཁྱེན་གྱི་ཡོན་ཏན་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྦྱོར་བ་བསྒོམ་པའི་ཡོན་ཏན་ཡིན་ཀྱང་སྦྱོར་བ་དང་ནུས་པ་ཅན་གྱི་ཡོན་ཏན་དུ་ཁས་མི་ལེན་པའི་ཕྱིར། བྱང་སེམས་སྦྱོར་ལམ་པའི་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཆོས་ཅན། དམིགས་མེད་དེ་ཁྱོད་ཀྱི་དམིགས་པར་ཐལ། ཁྱོད་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར། འཁོར་གསུམ་ཤེས་སམ། འདིའི་ཡོན་ཏན་དྲུག་པ་ཡུལ་དཔྱད་པའི་སྐབས་སུ་བསྟན་པའི་གནས་ཚད་ལ་འགྲེལ་པ་མང་པོའི་ལུགས་ཐ་དད་ཚུལ་ཤེས་དགོས་ཀྱང་ཕར་ཕྱིན་པ་སྔ་མ་དག་ལ་དབུགས་རྒྱུ་བ་མི་སྣང་བས་སྤྲོས་ན་མཁས་འདོད་དུ་འགྲོ་སྙམ་ནས་མ་བྲིས་སོ། །

 

                                                སྦྱོར་བའི་སྐྱོན།

    གཉིས་པ་ནི། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་པ་ལ། འཕྲོས་སྦྱོར་བ་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། རབ་འབྱོར་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱོན་དེ་ནི་བྱང་ཆེན་གྱི་བདུད་ལས་སུ་རིག་པར་བྱའོ། །ཞེས་པ་ནས། སངས་རྒྱས་རྣམས་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་བར་རྟག་ཏུ་རྒྱུན་མི་ཆད་པར་བསྲུང་བ་དང་སྐྱབས་པ་དང་སྦ་བར་མཛད་པར་འགྱུར། ཞེས་པའི་སྐྱོན་ཞེ་དྲུག་བཤད་པ་རྗེ་བཙུན་གྱིས་འཆད་པར་འདི་བྱུང༌། གཉིས་པ་ནི། ཐེག་ཆེན་གྱི་སྦྱོར་བའི་སྐྱོན་ཆོས་ཅན། ཞེ་དྲུག་ཡོད་དེ། སྦྱོར་བའི་འགལ་རྐྱེན་རང་ལ་བརྟེན་པ་ཉི་ཤུ། རང་གཞན་གང་རུང་ལ་བརྟེན་ནས་མཐུན་རྐྱེན་མ་ཚང་བ་ཉེར་གསུམ། འགལ་རྐྱེན་གཞན་ལ་བརྟེན་པ་གསུམ་རྣམས་ཡོད་པའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། ཐེག་ཆེན་གྱི་སྦྱོར་བ་སྐྱེ་བ་དང་གནས་པ་ལ་གེགས་བྱེད་ཀྱི་བདུད་ཀྱི་ལས་དེ། ཐེག་ཆེན་སྦྱོར་བའི་སྐྱོན་གྱི་མཚན་ཉིད་ཟེར་ན། བྱང་སེམས་ཚོགས་ལམ་པའི་སྤོབས་པ་ཧ་ཅང་མྱུར་བའི་སྦྱོར་སྐྱོན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འགྲེལ་པ་ལས། སྤོབས་པ་ཧ་ཅང་མྱུར་བ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། ཚོགས་ལམ་པ་དེའི་རྒྱུད་ལ་སྦྱོར་བ་མེད་པར་ཐལ། སྦྱོར་བ་སྐྱེ་བ་དང་གནས་པའི་གེགས་རྒྱུད་ལྡན་ཡིན་པའི་ཕྱིར། འདོད་མི་ནུས། ཡང་སྔ་མ་དང་དབང་རྟུལ་གྱིས་ཚེགས་ཆེན་པོས་ཐོབ་པ་གཉིས་རེ་རེ་ནས་ཆོས་ཅན། བདུད་ལས་ཡིན་པར་ཐལ། སྦྱོར་བ་སྐྱེ་གནས་ལ་གེགས་བྱེད་པའི་བདུད་ལས་ཡིན་པའི་ཕྱིར། རྟགས་མཚན་ཉིད་ལ་ཁས། འདིའི་སྐྱོན་ཞེ་དྲུག་ཀུན་བདུད་ལས་མ་ཡིན་པའི་ཕྱིར། དེར་ཐལ། བདུད་དངོས་ཀྱིས་བྱས་པའི་ལས་དེ་བདུད་ལས་དངོས་དང༌། དེ་ལས་གཞན་འགའ་ཞིག་འདྲ་བ་དང༌། འགའ་ཞིག་དེའི་བདུད་ལས་ཀྱི་རྒྱུ་བྱེད་པས་བདུད་ལས་སུ་བཤད་པའི་ཕྱིར། གནོད་འཇོམས་ཆུང་བ་ལས། དེ་ལ་བདུད་ཀྱི་ལས་ཞེས་བྱ་བ་ཡང་ནི་བདུད་ཉིད་ཀྱིས་བར་ཆད་བྱས་པའོ། །ཞེས་པ་ནས། དེ་དག་ཀྱང་བདུད་ཀྱི་ལས་དང་འདྲ་བའི་ཕྱིར་བདུད་ཀྱི་ལས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། །

    རང་ལུགས་ནི། བསལ་བྱ་སྐྱོན་དང༌། སེལ་བྱེད་གཉེན་པོ་གཉིས། ཐེག་ཆེན་གྱི་སྦྱོར་བ་སྐྱེ་གནས་གོང་འཕེལ་ཅི་རིགས་ལ་གེགས་བྱེད་པའི་ཆ་ནས་བདུད་ལས་སུ་བཤད་པ་དེ། སྦྱོར་བའི་སྐྱོན་གྱི་མཚན་ཉིད། དབྱེ་ན་ཞེ་དྲུག་ཡོད། ས་མཚམས་ཞེ་དྲུག་པོ་ཕལ་ཆེར་ལས་དང་པོ་བའི་ས་དང༌། སྦྱོར་ལམ་ལ་ཡོད་ཅིང༌། ཕྲ་མོ་ས་བདུན་པ་མན་ཆད་ན་ཡོད། ཐེག་ཆེན་འདོར་བ་སོགས་བདུན་ནི་ཚོགས་ལམ་མན་ཆད་ཁོ་ནར་ཡོད་དོ། །གཉིས་པ་ནི། མདོ་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་གིས་ཀྱང་ཤེར་ཕྱིན་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་འཆད་པར་དགོངས་སོ། །ཞེས་སོ། །ཟབ་མོའི་སྦྱོར་བ་པོ་ཆོས་ཅན། སྐྱོན་མང་ཡང་སྦྱོར་བ་བསྒོམ་པའི་བར་ཆད་མི་ཐུབ་སྟེ། སངས་རྒྱས་དེ་ཉིད་ཀྱིས་ནོར་བུ་གཅེས་པ་བཞིན་བསྲུངས་པའི་ཕྱིར། སྡུད་པ་ལས། རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ སྟོང་པར་གནས་དང་སེམས་ཅན་དོན་ཡོངས་མི་གཏོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་སོ། །

 

                        སྦྱོར་བའི་མཚན་ཉིད།

    གསུམ་པ་སྦྱོར་བའི་མཚན་ཉིད་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། རྩ་བར། གང་གིས་མཚོན་དེ་མཚན་ཉིད་དུ། །ཞེས་སོགས་ཚིགས་བཅད་གཅིག་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། ཡུམ་ལས། ཤེར་ཕྱིན་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བསྐྱེད་པ། ཞེས་སོགས་ཀྱིས་སྦྱོར་བའི་ཤེས་མཚན་སོགས་བཞི་བཤད་པ་རྗེ་བཙུན་གྱིས་བྱེད་སྒྲུབ་ལས་སྒྲུབ་གཉིས་ཀྱི་སྒོ་ནས་འཆད་པར་འདི་བྱུང༌། གཉིས་པ་ནི། མདོ་ལས་བཤད་པའི་ལམ་ཤེར་ཕྱིན་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཤེས་པར་བྱ་ཚུལ་བཞི་ཡོད་དེ། གང་གིས་མཚོན་པར་བྱེད་པ་ཤེས་པའི་བདག་ཉིད་ཀྱི་མཚན་ཉིད་དང༌། ཉན་རང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་མཚན་ཉིད་དང༌། གཞན་ལ་ཕན་པ་སྒྲུབ་པར་བྱེད་པའི་མཚན་ཉིད་དེ་བྱེད་སྒྲུབ་གསུམ་དང༌། དེ་གསུམ་གྱིས་མཚོན་པར་བྱ་བའི་མཚན་ཉིད་ལས་སྒྲུབ་ཀྱི་གཅིག་དང་བཞི་ཡོད་པའི་ཕྱིར། འགྲེལ་པ་ལས། མཚན་ཉིད་ནི་རྣམ་པ་བཞིར་ཤེས་པར་བྱའོ། །ཞེས་སོ། །

    མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་སྔོན་གྱི་བསྡུས་དོན་ཁ་ཅིག་ན་རེ།.....ཀུ་མ་ར། ཤེས་མཚན་ཕྱོགས་ཆོས། བྱེད་མཚན་རྗེས་ཁྱབ། ཁྱད་མཚན་ལྡོག་ཁྱབ། བཞི་པ་དཔག་བྱ་ཟེར་ན། མི་འཐད་པར་ཐལ། ཤེས་མཚན་རྟགས་སུ་བྱས་ནས་སྦྱོར་བའི་ངོ་བོ་ཉིད་ཡིན་སྒྲུབ་དང༌། ཡོད་སྒྲུབ་གང་བྱས་ཀྱང་ཁྱབ་པ་མ་ངེས་པའི་ཕྱིར། མ་གྲུབ་ན། སངས་རྒྱས་ཀྱི་ས་ན་ཤེས་མཚན་མེད་པར་ཐལ། ཤེས་མཚན་ལ་སྦྱོར་བའི་ངོ་བོ་ཉིད་ཀྱིས་ཁྱབ་པའི་ཕྱིར། མ་གྲུབ་ན། རྗེས་ལྡོག་གཉིས་གྲུབ་པར་བུད། དེ་སྒྲུབ་ཀྱི་དཔག་གཞི་ཡང་མེད་པར་ཐལ། མཁྱེན་གསུམ་མི་རུང༌། གཞན་མ་བཤད་པའི་ཕྱིར། གསེར་འཕྲེང་ལས། ཤེས་མཚན་རྟགས་སུ་བྱས་ནས། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་རུང་བར་ཐལ། ཤེས་མཚན་ལ་མི་སྲིད་རྣམ་གཅོད་དང༌། ཁྱད་མཚན་ལ་གཞན་ལྡན་རྣམ་གཅོད་དང༌། བྱེད་མཚན་ལ་མི་ལྡན་རྣམ་གཅོད་བྱས་ཆོག་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། དེ་ཙམ་གྱིས་ཚུལ་གསུམ་གྱི་དོན་མི་འགྲུབ་པའི་ཕྱིར། དཔག་གཞི་མཁྱེན་གསུམ་ལ་མི་རུང་པའི་ཕྱིར། གསེར་འཕྲེང་ལས། སློབ་ལམ་ན་རྣམ་མཁྱེན་མེད་པས་མཁྱེན་གསུམ་ཆོས་ཅན་དུ་མ་གྲུབ་པོ། །ཞེས་སོ། །ཡང་ཆེན་པོ་བསྡུས་དོན་པ་ཁ་ཅིག་དང༌།.....པྲ་ཛྙ། བོད་ཀྱི་ཆེན་པོ་ཁ་ཅིག་ན་རེ།.....ལོ། སྔར་གྱི་བདེན་བཞིའི་བཅུ་དྲུག་རྟོགས་པའི་ཀུན་མཁྱེན་གསུམ་གྱི་རྣམ་པ་གང་ཡིན་རྟོགས་པས་སྦྱོར་བ་མཚོན་པ་ཤེས་མཚན། དེ་ལ་རྣམ་དག་སྐྱེ་བ་ཁྱད་མཚན་སོགས་སུ་འདོད་ཟེར་ན། དེ་ཤིན་ཏུ་མི་འཐད་པར་ཐལ། སྔར་རྣམ་པའི་སྐབས་ཀྱི་མཁྱེན་གསུམ་དང༌། མིང་འདྲ་ཡང་དོན་གཏན་ནས་མི་འདྲ་བའི་ཕྱིར། དེར་ཐལ། སྔར་བདེན་བཞིའི་མི་རྟག་སོགས་མཁྱེན་པའི་ཆ་ནས་བཤད་ལ། འདི་ནི་དེ་བཞིན་གཤེགས་པ་འབྱུང་བ་སོགས་ཀྱི་ཡུལ་མི་འདྲ་བ་ཞེ་བརྒྱད་ལ་དེ་ལྟར་བཤད་པའི་ཕྱིར་དང༌། ཁྱད་མཚན་ཡང་ནོར་བའི་ཕྱིར། གསེར་འཕྲེང་ལས། ཡུལ་ཞེ་བརྒྱད་ལ་གསུངས་པས་དེ་གཉིས་མཁྱེན་གསུམ་གྱི་མིང་མཚུངས་ཀྱང་མཁྱེན་ལུགས་མི་འདྲ་བས། ཞེས་གསུངས་པས་ཕྱིར། ཡང་སྔོན་གྱི་ཆེན་པོ་ཁ་ཅིག་ན་རེ། མཚོན་བྱ་ཆོས་སྐུའི་རྒྱུ་ཐུན་མོང་མ་ཡིན་པའི་སྦྱོར་བ་ལ། ཁྱད་མཚན་དངོས་དང་བྱེད་མཚན་གྱིས་མཚོན་ཞིང༌། སྔ་མས་རང་དོན་སྒྲུབ་བྱེད་དང༌། ཕྱི་མས་གཞན་དོན་ཕུན་ཚོགས་སྒྲུབ་བྱེད་དུ་མཚོན་པས། དེས་ན་ཤེས་ཁྱད་བྱེད་གསུམ་གྱི་གཞུང་གིས་མཚན་ཉིད་ཁོ་ན་དང༌། ངོ་བོ་ཉིད་བཅུ་དྲུག་གི་གཞུང་གིས་མཚོན་བྱ་དང༌། ངེས་བྱེད་ཚད་མ་ལ་མཚོན་པར་ཟེར་བ་སྟོན་པར་འདོད་དེ། རྣམ་བཤད་ལས། མཚོན་བྱ་ནི་ཁྱད་མཚན་དང་བྱེད་མཚན་གྱིས་རྣམ་རྫོགས་སྦྱོར་བར་མཚོན་པ་མ་ཡིན་གྱི། ཞེས་དང༌། དེས་ཡུལ་གྱིས་ཡུལ་ཅན་འཕངས་ནས་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན། རྩ་བར། དེ་བཞིན་གཤེགས་པ་འབྱུང་བ་དང༌། །ཞེས་སོགས་ཤོ་ལོ་ཀ་བཞིས་ཤེས་པའི་མཚན་ཉིད་བཅུ་དྲུག་པ་གསུམ་གྱི་དང་པོ་གཞི་ཤེས་ཀྱི་ཤེས་མཚན་ལམ་ཤེར་ཕྱིན་བཅུ་དྲུག་བཤད་པ་མ་ཡིན་པར་ཐལ། ཤེས་ཁྱད་བྱེད་གསུམ་གྱི་མཚན་ཉིད་དོན་བརྒྱད་ཀྱི་ཡུལ་གྱིས་ཡུལ་ཅན་སྦྱོར་བའི་མཚན་ཉིད་ཤུགས་ལ་འཕངས་པའི་ཕྱིར། འདོད་ན། ཤིན་ཏུ་མི་འཐད་པར་ཐལ། རྗེ་བཙུན་གྱིས་དེ་བཤད་པ་གང་ཞིག །འཕགས་སེང་གཉིས་ཀྱིས་ཀྱང་བཤད་པའི་ཕྱིར། དང་པོ་མ་གྲུབ་ན། རྩ་བར། ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་གསུངས་པ་མི་འཐད་པར་ཐལ། དེས་དེ་དངོས་སུ་མ་བསྟན་པའི་ཕྱིར། ཁྱབ་སྟེ། དངོས་སུ་མ་ཟད་ཚིག་ལ་ཐོན་པའི་ཕྱིར། གཞན་ལའང་དེ་ལྟར་བྱ། གཉིས་པ་གྲུབ་སྟེ། ཉི་སྣང་ལས། དེ་ལ་ཤེས་པའི་མཚན་ཉིད་ནི་རེ་ཞིག་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་རྣམ་པ་བཅུ་དྲུག་ཏུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། འགྲེལ་པ་ལས་ཀྱང༌། ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་ཚུལ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་ཇི་ལྟ་བ་བཞིན་མཚོན་པས། ཞེས་གསུངས་པའི་ཕྱིར། འཁོར་གསུམ།

    གཞན་ཡང༌། རྩ་བར། སྟོང་ཉིད་མཚན་མ་མེད་བཅས་དང༌། །སོགས་ཀྱིས་ལམ་ཤེས་ཀྱི་ཤེས་མཚན་དངོས་སུ་མ་བཤད་པར་ཐལ། ཤེས་ཁྱད་བྱེད་གསུམ་གྱི་མཚན་ཉིད་དངོས་སུ་མི་སྟོན་པ་ཁོ་ནར་བཤད་པའི་ཕྱིར། འདོད་ན། རྩ་བར། ལམ་ཤེས་ཉིད་ཀྱི་སྐབས་ཀྱི་ནི། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དེས་དངོས་སུ་ཚིག་ཟིན་ལ་བཤད་པའི་ཕྱིར། འགྲེལ་པ་ལས། ཤེས་པའི་རྣམ་པའི་ཁྱད་པར་བཅུ་དྲུག་གིས་ཇི་ལྟ་བ་བཞིན་དུ་ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་དག་མཚོན་པས་ན། ཞེས་གསུངས་པའི་ཕྱིར། སྦྱོར་བ་མཚོན་ཞེས་པའི་དོན་ཡོད་པའི་ཕྱིར། ཉི་སྣང་ལས། དེ་ནི་ལམ་ཤེས་པ་ཉིད་ཀྱི་ཤེས་པའི་རྣམ་པ་བཅུ་དྲུག་གིས། ཞེས་གསུངས་པའི་ཕྱིར། གཞན་ཡང༌། རྩ་བར། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས། །སོགས་ཀྱིས་རྣམ་མཁྱེན་སྦྱོར་བའི་ཤེས་མཚན་དངོས་སུ་མ་བསྟན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འགྲེལ་པ་ལས། དེ་ལྟར་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུས་ཤེས་པའི་མཚན་ཉིད་སྤྱིའི་ངོ་བོ་ཉིད་དུ་བརྗོད་ནས། ཞེས་གསུངས་པའི་ཕྱིར། གཞན་ཡང༌། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ནས། ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་དངོས་སུ་གསུངས་པ་མི་འཐད་པར་ཐལ། སྦྱོར་བའི་ཁྱད་མཚན་དངོས་སུ་མ་བཤད་པའི་ཕྱིར། འཁོར་གསུམ། ཁྱབ་ཅིང་འདོད་མི་ནུས་ཏེ། འགྲེལ་པ་ལས། བཟོད་པ་དང་ཤེས་པའི་མཚན་ཉིད་སྐད་ཅིག་མ་བཅུ་དྲུག་གིས་ལམ་ཤེས་པ་ཉིད་ལ་སོགས་པའི་སྦྱོར་བ་དག་མཚོན་པས་ན་ཁྱད་པར་གྱི་མཚན་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འཁོར་གསུམ། ཁྱབ་སྟེ། སྦྱོར་བ་དག ཅེས་གསུངས་པའི་ཕྱིར། ཉི་སྣང་ལས། ཁྱད་པར་གྱི་མཚན་ཉིད་བརྗོད་པར་བྱ་བ་ཡིན་པས། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཁྱད་པར་གྱི་དོན་ཡང་ཉན་རང་ལས་ཁྱད་པར་འཕགས་པའི་དོན་ཡིན་པའི་ཕྱིར། ཉི་སྣང་ལས། ཁྱད་ཞུགས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཉི་སྣང་ལས། བྱེད་པའི་མཚན་ཉིད་བརྗོད་པར་བྱ་བ་ཡིན་པས། ཕན་དང་བདེ་དང་སྐྱོབ་པ་དང༌། །ཞེས་གསུངས་པ་མི་འཐད་པར་ཐལ། ཕན་དང་སོགས་ཀྱིས་སྦྱོར་བའི་བྱེད་མཚན་དངོས་སུ་མ་བཤད་པའི་ཕྱིར། མ་གྲུབ་ན་དངོས། ཁྱབ་སྟེ། རྩ་བར། ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། རྩ་བར། མཚོན་བྱ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས་གསུངས་པ་མི་འཐད་པར་ཐལ། ངོ་བོ་ཉིད་ཀྱི་སྦྱོར་བའི་མཚན་ཉིད་དངོས་སུ་མ་བཤད་པའི་ཕྱིར། ཁྱབ་སྟེ། མཚན་ཉིད་བཞིའི་བཤད་པ་བསྡོམ་ན་མཚན་ཉིད་དགུ་བཅུ་རྩ་གཅིག་བསྟན་པའི་ཕྱིར། འགྲེལ་པ་ལས། དེ་ལྟར་སྤྱིར་གཅིག་ཏུ་བསྡོམས་ན་ནི་དགུ་བཅུ་རྩ་གཅིག་ཏུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བྱེད་མཚན་དང་མཚན་གཞི་རྣམས་ཆོས་ཅན། རང་འབྲས་སངས་འཕགས་ཀྱི་གཞན་དོན་སྐྱེད་བྱེད་དུ་མཚོན་པར་ཐལ། སངས་འཕགས་ཀྱི་གཞན་དོན་ཕུན་ཚོགས་སྐྱེད་བྱེད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དེ་སྐྱེད་བྱེད་ཡིན་ཀྱང་མཚོན་ཚུལ་དེ་ལྟར་མི་མཚོན་པའི་ཕྱིར། དེར་ཐལ། དེ་ཐོག་མར་ལམ་ཤེར་ཕྱིན་དང་མཁྱེན་གསུམ་གྱི་སྦྱོར་བ་ཚད་མས་ངེས་རྗེས་སུ་དེ་རྣམ་མཁྱེན་གྱི་རྒྱུར་ངེས་པའི་ཕྱིར། དེར་ཐལ། གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་གྱི་རྣམ་དབྱེ་ངེས་ནས་འབྲས་བུ་ཤེར་ཕྱིན་ལ་ཡིད་དཔྱོད་ཀྱིས་དོན་གཉེར་ཙམ་མ་ཡིན་པར་ཚད་མས་ལམ་འབྲས་ཀྱི་ཤེར་ཕྱིན་འབྲེལ་བ་ངེས་པ་ལ་སྔོན་དུ་ལམ་ཤེར་ཕྱིན་ཚད་མས་ངེས་པ་སྔོན་དུ་འགྲོ་དགོས་པས་ལམ་ཤེར་ཕྱིན་མཚན་ཉིད་བཞིའི་སྒོ་ནས་བཤད་པའི་ཕྱིར། རྣམ་བཤད་ལས། གཞན་དོན་ཕུན་ཚོགས་སྐྱེད་བྱེད་ཡིན་ཡང་ཚུལ་དེ་ལྟར་མཚོན་པ་མིན་ཏེ། ནས། སྤྱི་དང་བྱེ་བྲག་གི་མཚན་ཉིད་འདི་དག ཅེས་སོ། །སངས་རྒྱས་ས་ན་འདིའི་ཤེས་མཚན་ཡོད་པར་ཐལ། སངས་རྒྱས་ས་ན་མཁྱེན་གསུམ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། མཁྱེན་གསུམ་གྱི་ཤེས་མཚན་ཙམ་མིན་གྱི། དེའི་སྦྱོར་བའི་ཤེས་མཚན་ཡིན་པའི་ཕྱིར། དེར་ཐལ། མཚན་ཉིད་བཞི་བཤད་པའི་དགོས་པ་དེའི་ཕྱིར། རྣམ་བཤད་ལས། ཤེས་མཚན་སངས་རྒྱས་ཀྱི་ས་ལ་བཞེད་པ་སོགས་ནི། མཚན་ཉིད་འདི་དག་གི་སྐབས་དོན་མ་རྟོགས་པས། ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། ཁྱད་མཚན་གྱིས་ཤེས་མཚན་ཞེ་དྲུག་རང་རང་གི་ལྡོག་པ་ནས་ཀྱང་ཉན་རང་གི་སྦྱོར་བ་ལས་ཁྱད་ཞུགས་པར་བསྟན་པར་ཐལ། དེས་ལམ་རྣམ་གཉིས་ཀྱི་སོ་གཉིས་རང་ལྡོག་ནས་ཀྱང་ཁྱད་ཞུགས་པར་བསྟན་པའི་ཕྱིར་ན་མ་ཁྱབ་སྟེ། གཞི་ཤེས་ཀྱི་དེ་རང་ལྡོག་གིས་ཁྱད་མ་ཞུགས་ལ་རྫས་ཀྱིས་ཁྱད་ཞུགས་པས་ན་གཞི་ཤེས་ཀྱི་དེ་མ་བསྟན་ལ་ལམ་རྣམ་གཉིས་ཀྱི་དེ་རང་ལྡོག་ནས་ཀྱང་ཁྱད་ཞུགས་པས་དངོས་སུ་བསྟན་པའི་ཕྱིར། རྣམ་བཤད་ལས། གཞི་ཤེས་སྦྱོར་བ་ཙམ་ནི་རང་གི་ལྡོག་པས་ཉན་རང་གི་སྦྱོར་བ་ལས་ཁྱད་པར་བྱེད་མི་ནུས་ཤིང༌། ཞེས་སོ། །ཡང་ཁ་ཅིག་ན་རེ། གཞི་ཤེས་ཀྱི་ཤེས་མཚན་བཅུ་དྲུག་པོ་གཞི་ཤེས་སྦྱོར་བ་མ་ཡིན་པར་ཐལ། འཇིག་རྟེན་འཇིག་མེད་ཅེས་པའི་དངོས་བསྟན་གྱི་འཇིག་རྟེན་བདེན་མེད་རྟོགས་པའི་ལམ་ཤེར་ཕྱིན་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་གཞི་ཤེས་སྦྱོར་བ་ཟིན་བྱེད་ཡིན་ལ་གཞི་ཤེས་ཀྱི་ཤེས་མཚན་མ་ཡིན་པའི་ཕྱིར། རྩ་བར་འདོད་མི་རིགས་པར་ཐལ། གཞི་ཤེས་སྦྱོར་བའི་ཤེས་མཚན་བཅུ་དྲུག་ཡོད་པའི་ཕྱིར།

    གཉིས་པ་རང་ལུགས་ལ། མཚན་གཞི། མཚོན་བྱ། མཚན་ཉིད། ཇི་ལྟར་མཚོན། ས་མཚམས་ལྔ་ལས། དང་པོ་ནི། སེམས་དཔའི་རྒྱུད་ཀྱི་ངོ་བོ་ཉིད་བཅུ་དྲུག་དང་སྦྱོར་བ་ཉི་ཤུ་ལྟ་བུ། གཉིས་པ་ནི། སྟོང་ཉིད་དམ་བདག་མེད་ཕྲ་རགས་གང་རུང་རྟོགས་པའི་ཤེས་རབ་སོགས་ཐབས་ཤེས་རྫོགས་པས་ཟིན་པའི་ཞི་ལྷག་ཟུང་འབྲེལ་གྱི་ལྡོག་ཆ་ནས་བཞག་པའི་སེམས་དཔའི་རྣལ་འབྱོར་དེ་ལམ་ཤེར་ཕྱིན་གྱི་མཚན་ཉིད། མདོ་ལས་ཤེར་ཕྱིན་ཞེས་པ་ལམ་གྱི་དེ་དང་དོན་སྟོང་ཉིད་གཙོ་བས་ཆ་བཞག་བྱས་སོ། །འདིར་སྦྱོར་བཅས་བཤད་དོ། །དབྱེ་ན་མཁྱེན་གསུམ་གྱི་རྣམ་པའི་སྒོ་ནས་བརྒྱ་དང་བདུན་ཅུ་དང༌། མཚན་ཉིད་བཞིའི་ལྡོག་ཆ་ནས་མཚན་ཉིད་གོ་གཅིག་ལྡོག་པའི་དབྱེ་བ་ཡོད། གསུམ་པ་ནི། སྤྱིར་མཚན་ཉིད་ལ་རྣམ་གྲངས་དུ་མ་ཡོད་དེ། མེའི་ཚ་བ་ལྟ་བུ་རང་གི་མཚན་ཉིད། བདག་མེད་ལྟ་བུ་སྤྱིའི་མཚན་ཉིད། དངོས་པོ་གཅིག་ལ་བྱས་མི་རྟག་དངོས་པོ་སོ་སོའི་མཚན་ཉིད་གསུམ་ལྟ་བུ་ལྡོག་ཆ་ནས་ཕྱེ་བའི་མཚན་ཉིད་དང༌། དོན་དེ་ལ་མ་ཁྱབ་ཁྱབ་ཆེས་གཉིས་གཅོད་པའི་མཚན་ཉིད་རིགས་མི་མཐུན་སེལ་བའི་མཚན་ཉིད་དང་ལོག་རྟོག་སེལ་བའི་མཚན་ཉིད་ལྟ་བུ་དུ་མ་ཡོད་པའི་ཕྱིར། དེས་ན་འདིར་ནི་རིགས་མི་མཐུན་སེལ་བའི་མཚན་ཉིད་དང༌། ལྡོག་ཆའི་མཚན་ཉིད་གཙོ་སྟེ། ལམ་ཤེར་ཕྱིན་ལ་ལྡོག་པའི་སྒོ་ནས་ཤེས་ཁྱད་བྱེད་ངོའི་མཚན་ཉིད་བཞི་བྱས་པའི་ཕྱིར། མཁྱེན་གསུམ་གྱི་དམིགས་པ་གང་རུང་ལ་དམིགས་ནས། སྦྱོར་བ་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་སོགས་གཙོ་བོར་གྱུར་པའི་འདིར་བསྟན་ཤེར་ཕྱིན་དེ་འདིར་བསྟན་ཤེས་མཚན་སྦྱོར་བའི་མཚན་ཉིད། འགྲེལ་པ་ལས། ཤེས་པའི་མཚན་ཉིད་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི། ཞེས་སོ། །དབྱེ་ན་སེམས་དཔའི་གཞི་ཤེས་སྦྱོར་བ། ལམ་ཤེས་སྦྱོར་བ། རྣམ་མཁྱེན་སྦྱོར་བ་གསུམ། གཞི་ཤེས་ཀྱི་དམིགས་པ་ལྟར་དམིགས་ནས་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་སོགས་བཅུ་དྲུག་གི་ཆ་ནས་བཞག་པའི་འདིར་བསྟན་ལམ་ཤེར་ཕྱིན་དེ་དང་པོའི་མཚན་ཉིད། དབྱེ་ན་བཅུ་དྲུག་སོགས་ཡོད། རྩ་བར། དེ་བཞིན་གཤེགས་པ་འབྱུང་བ་སོགས་བྱུང༌། ལམ་ཤེས་ཀྱི་དམིགས་པ་ལྟར་དམིགས་ནས་སྟོང་ཉིད་མཚན་མེད་ཤེས་པ་སོགས་བཅུ་དྲུག་གི་ཆ་ནས་བཞག་པའི་འདིར་བསྟན་ལམ་ཤེར་ཕྱིན་དེ་གཉིས་པའི་མཚན་ཉིད། དབྱེ་ན་བཅུ་དྲུག་སོགས་ཡོད། རྩ་བར། སྟོང་ཉིད་མཚན་མེད་སོགས་བྱུང༌། རྣམ་མཁྱེན་གྱི་དམིགས་རྣམ་ལྟར་བྱས་ནས་སངས་རྒྱས་ཉིད་ཀྱི་ཆོས་ཤེས་པ་སོགས་བཅུ་དྲུག་གི་ཆ་ནས་བཞག་པའི་ལམ་ཤེར་ཕྱིན་དེ་གསུམ་པའི་མཚན་ཉིད། དབྱེ་ན་བཅུ་དྲུག་སོགས་ཡོད། རྩ་བར། བརྗོད་དང་ཤེས་མཛད་སོགས་བྱུང༌། བསམ་མི་ཁྱབ་སོགས་ཆོས་བཅུ་དྲུག་ཅི་རིགསཀྱིས་ཐེག་དམན་ལས་ཁྱད་པར་དུ་འཕགས་པའི་ཆ་ནས་བཞག་པའི་འདིར་བསྟན་ལམ་ཤེར་ཕྱིན་དེ། འདིར་བསྟན་སེམས་དཔའི་ཁྱད་མཚན་སྦྱོར་བའི་མཚན་ཉིད། དབྱེ་ན་བཅུ་དྲུག་སོགས་ཡོད། རྩ་བར། བསམ་མི་ཁྱབ་དང་སོགས་བྱུང༌། གཞན་ལ་ཕན་བདེ་སྐྱོབ་སོགས་བྱེད་ཆོས་བཅུ་གཅིག་གི་ཆ་ནས་བཞག་པའི་ལམ་ཤེར་ཕྱིན་དེ། འདིར་བསྟན་སེམས་དཔའི་བྱེད་མཚན་སྦྱོར་བའི་མཚན་ཉིད། དབྱེ་ན་བཅུ་གཅིག་སོགས་ཡོད་དེ། རྩ་བར། ཕན་དང་བདེ་དང་སོགས་སོ། །ཤེས་ཁྱད་བྱེད་གསུམ་གྱིས་མཚོན་ནས་ལས་སྒྲུབ་ཀྱིས་བསྟན་པའི་སྦྱོར་བའི་ངོ་བོ་ཉིད་སེམས་དཔའི་ཡེ་ཤེས་དེ། འདིར་བསྟན་མཚན་གཞིའི་སྦྱོར་བའི་མཚན་ཉིད། དབྱེ་ན་གཞི་ཤེས་སྦྱོར་བ་དང་པོ་བཞི། ལམ་ཤེས་ཀྱི་ལྔ་དང༌། རྣམ་མཁྱེན་གྱི་བདུན་དང་བཅུ་དྲུག་ཡོད་པའི་ཕྱིར། རྩ་བར། ཉོན་མོངས་རྟགས་དང་སོགས་བྱུང༌། མཚོན་ཚུལ་ནི་སོ་སོ་ལ་མཚོན་སྦྱོར་རེ་བྱ་སྟེ་རྟོགས་སླ། ལྔ་པ་ས་མཚམས་ཡོད་དེ། མཚན་ཉིད་བཞི་ཀ་ཚོགས་ལམ་ནས་རྒྱུན་མཐའི་བར་ཡོད།

རྩོད་སྤོང་ལ་ཁོ་ན་རེ། སེམས་དཔའི་རྒྱུད་ཀྱི་ངོ་བོ་ཉིད་བཅུ་དྲུག་ཆོས་ཅན། ཉན་རང་སྦྱོར་བ་ལས་ཤེས་ཁྱད་བྱེད་གསུམ་གྱིས་འཕགས་པར་ཐལ། ཁྱོད་དེ་གསུམ་གྱིས་མཚོན་ནས་བཤད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། འདིའི་རྟོགས་རིགས་གང་རུང་ཉན་རང་ལ་མེད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ།

 

སྨྲས་པ།

ཐུབ་དབང་འཛུམ་པའི་འོད་ཟེར་ཕྱོགས་ཀུན་ཏུ། །

སོང་བས་ཉེར་བཀུག་རྒྱལ་སྲས་མི་མཇེད་ཁམས 

ཁྱབ་དབུས་འདས་དང་མ་འོངས་ད་ལྟར་གྱི། །

རིགས་ཅན་གསུམ་ལ་བདུད་རྩི་འགྱེད་པའང་འདི། །

    གསུང་རབ་ཡན་ལག་བཅུ་གཉིས་ལས་གཅེས་པར། །ལན་གཉིས་ལམ་གསུམ་གཏད་པས་ས་གསུམ་གྱི། །རིམས་ཀུན་ཞི་མཛད་ཟབ་མོའི་ཨ་མྲྀ་ཏའི། །གླེགས་བམ་གཟུགས་འཁྱིལ་འདི་ནི་སྐལ་བ་བཟང༌། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།

                                                                                                                རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།