ཀུན་མཁྱེན་ཕར་ཕྱིན་ལས་ཐུན་མོང་མ་ཡིན་པའི་སོ་དགུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-06 20:38:45     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 21593640619325248.jpg

 

    གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ལ་མདོར་བསྟན་དང༌། རྒྱས་བཤད་དང༌། དོན་བསྡུ་བ་གསུམ། དང་པོ་ནི། འགྲེལ་པ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཤིན་ཏུ་ཕུལ་དུ་བྱུང་བའི་ཕྱིར་ཐུན་མོང་མ་ཡིན་པའི་ལམ་གཅིག་པུ་ཁོ་ན། ཞེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། ཕར་ཕྱིན་འདི་ནི་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པའོ། །ནས། རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རོའི་བར་མདོ་བདུན་གྱིས་བཤད་པ་ཐུན་མོང་མ་ཡིན་པར་བཤད་པ་འདི་བྱུང༌། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ཆོས་ཅན། ཁྱོད་ལ་རྣམ་པ་སོ་དགུ་ཡོད་དེ། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། དེ་བཞིན་ཉིད་ཀྱི་ཤེས་རྣམ། རང་བྱུང་གི་ཤེས་རྣམ་དང༌། སངས་རྒྱས་ཉིད་ཀྱི་རྣམ་པའི་བར་ཡོད་པ་དེའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ཡིན་ན་སངས་རྒྱས་ཁོ་ནའི་རྟོགས་རིགས་སུ་གནས་པས་ཁྱབ་ཟེར་ན། འོ་ན། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་ཆོས་ཅན། སངས་རྒྱས་ཁོ་ནའི་རྟོགས་རིགས་ཡིན་པར་ཐལ། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ཡིན་པའི་ཕྱིར། དེར་ཐལ། དེ་བཞིན་ཉིད་ཀྱི་རྣམ་པ་ལ་དོན་རྣམ་དང་ཤེས་རྣམ་གཉིས་ཡོད་པས་ཤེས་རྣམ་ཡིན་པའི་ཕྱིར། རྣམ་བཤད་ལས། ཡུལ་ཅན་གྱི་དབང་དུ་བྱས་ན་སངས་རྒྱས་ཀྱི་རྒྱུད་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་བཞིན་ཉིད་ཀྱི་རྣམ་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བྱང་སེམས་ཀྱི་རྟོགས་རིགས་སུ་གནས་པའི་ཕྱིར་ཏེ། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་པའི་ཕྱིར། སངས་རྒྱས་ས་ན་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དང༌། རང་རྒྱལ་གྱི་དེ། བྱང་སེམས་ཀྱི་དེ་གསུམ་ཡོད་པའི་ཕྱིར་ཏེ། རྩ་བར། ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །འདིའི་དེ་བཞིན་ཉིད་ཀྱི་རྣམ་པ་དེ་རྣམ་མཁྱེན་གྱི་ཐུན་མོང་མ་ཡིན་པའི་རྣམ་པ་སོ་དགུའི་གཅིག་ལ་འདྲེན་ཟེར་ན། སངས་འཕགས་རྒྱུད་ཀྱི་ཆོས་ཉིད་ཆོས་ཅན། དེར་ཐལ། དེ་བཞིན་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ཆོས་ཉིད་ཆོས་ཅན། དེ་བཞིན་ཉིད་ཀྱི་རྣམ་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཁྱེན་པ་མ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། རང་གི་རིགས་འདྲ་སྔ་མ་འཕགས་པ་འོག་མའི་རྒྱུད་ལ་ཡོད་པའི་རྣམ་མཁྱེན་གྱི་རྣམ་པ་དེ། ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད། རང་གི་རིགས་འདྲ་སྔ་མ་མཚན་ཉིད་པ་འཕགས་པ་འོག་མའི་རྒྱུད་ལ་མེད་པའི་རྣམ་མཁྱེན་གྱི་རྣམ་པ་དེ། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད་དུ་འཇོག་ཟེར་ན། འོ་ན། གནས་དང་གནས་མིན་མཁྱེན་པའི་སྟོབས་ཆོས་ཅན། ཐུན་མོང་བའི་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེའི་རིགས་འདྲ་སྔ་མ་འཕགས་པ་འོག་མ་བྱང་འཕགས་ཀྱི་རྒྱུད་ལ་ཡོད་པའི་ཕྱིར་ཏེ། དེའི་ཉེར་ལེན་བྱང་འཕགས་ཀྱི་རྒྱུད་ལ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཐུན་མོང་མ་ཡིན་པའི་དེ་ཡིན་པའི་ཕྱིར། འདོད་ན། སྟོབས་བཅུ་ཐུན་མོང་མ་ཡིན་པའི་དེ་མ་ཡིན་པར་ཐལ་ལོ། །སོ་སོ་ཡང་དག་པར་རིག་པ་བཞི་ཆོས་ཅན། རང་གི་རིགས་འདྲ་སྔ་མ་མཚན་ཉིད་པ་འཕགས་པ་འོག་མའི་རྒྱུད་ལ་མེད་པར་ཐལ། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ཡིན་པའི་ཕྱིར། དེར་ཐལ། ཐུན་མོང་མ་ཡིན་པའི་རྣམ་པ་སོ་དགུ་པོ་གང་རུང་ཡིན་པའི་ཕྱིར་ཏེ། རྩ་བར། སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉི་སྣང་ལས། དེ་ལྟར་ན་གོ་རིམ་བཞིན་དུ་བཅུ་དང༌། བཞི་དང༌། བཞི་དང༌། བཅོ་བརྒྱད་དང༌། གཅིག་དང༌། གཅིག་དང༌། གཅིག་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ལ་བརྟེན་པའི་རྣམ་པ་སུམ་ཅུ་རྩ་དགུར་བཤད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་མི་འཐད་པར་ཐལ། སོ་སོ་ཡང་དག་རིག་པ་བཞི་རྗེས་སུ་མཐུན་པ་ས་དགུ་པ་ནས་ཐོབ་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བ་ལས། སོ་སོ་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་གསུངས་པའི་ཕྱིར། རྒྱན་གྱི་ཡང་ཡིན་ནོ། །

    ཡང་ཁ་ཅིག་ན་རེ། རང་གི་ངོས་སྐལ་གྱི་མི་མཐུན་ཕྱོགས་འཇོམས་པ་ལ་ལྷའི་དབང་པོའི་རྡོ་རྗེ་རིན་པོ་ཆེ་དང་ཆོས་མཚུངས་པའི་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་དེ། འདིར་བསྟན་སྟོབས་ཀྱི་མཚན་ཉིད་ཟེར་ན། སངས་འཕགས་རྒྱུད་ཀྱི་སྟོབས་བཅུ་ཆོས་ཅན། མཚན་ཉིད་དེར་ཐལ། འདིར་བསྟན་སྟོབས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན་རང་གི་ངོས་སྐལ་གྱི་མི་མཐུན་ཕྱོགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱི་ངོས་སྐལ་གྱི་མི་མཐུན་ཕྱོགས་མེད་པར་ཐལ། ཁྱོད་མི་མཐུན་ཕྱོགས་མཐའ་དག་སྤངས་ཟིན་པའི་རྣམ་མཁྱེན་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། འཁོར་གྱི་དབུས་སུ་ང་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་པས་མི་འཇིགས་པའི་ཡེ་ཤེས་མཐར་ཐུག་དེ། འདིར་བསྟན་མི་འཇིགས་པའི་མཚན་ཉིད་ཟེར་ན། སངས་འཕགས་རྒྱུད་ཀྱི་གཞི་ཤེས་སུ་གྱུར་པའི་དྲན་པ་ཉེར་བཞག་བཞི་ཆོས་ཅན། འདིར་བསྟན་མི་འཇིགས་པ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཞི་ཤེས་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། འཆད་བྱ་འཆད་བྱེད་ཀྱི་སྤོབས་པ་སོ་སོར་མ་འདྲེས་པའི་མཐར་ཐུག་པའི་མཁྱེན་པ་དེ། སོ་སོ་ཡང་དག་རིག་པའི་མཚན་ཉིད་ཟེར་ན། སངས་འཕགས་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་གཞི་ཤེས་དང༌། ཕྱི་དོན་མེད་པར་རྟོགས་པའི་གཞི་ཤེས་རེ་རེ་ནས་ཆོས་ཅན། སོ་སོ་ཡང་དག་རིག་པ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། སངས་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང༌། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པའི་ཕྱིར། འདོད་ན། ཐུན་མོང་མ་ཡིན་པའི་དེར་ཐལ་ལོ། །འདོད་མི་ནུས་ཏེ། ཐུན་མོང་གི་དེ་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱས་སའི་གཞི་ཤེས་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཆོས་འཁོར་བསྐོར་བའི་བདག་རྐྱེན་དུ་གྱུར་པའི་མཐར་ཐུག་གི་མཁྱེན་པ། རང་བྱུང་གི་རྣམ་པའི་མཚན་ཉིད་ཟེར་ན། རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། རང་བྱུང་གི་རྣམ་པ་ཡིན་པའི་ཕྱིར་ཏེ། རང་རྒྱལ་དགྲ་བཅོམ་ཡིན་པའི་ཕྱིར། མཛོད་ལས། འཁོར་ལོས་སྒྱུར་དང་རང་བྱུང་གཉིས། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས། ཡང་ཁ་ཅིག་ན་རེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་མཐར་ཐུག་པའི་མཁྱེན་པ་དེ། སངས་རྒྱས་ཉིད་ཀྱི་རྣམ་པའི་མཚན་ཉིད་ཟེར་ན། སངས་འཕགས་ཀྱི་མིག་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། སངས་རྒྱས་ཡིན་པའི་ཕྱིར། འདོད་ན། ལམ་ཡིན་པར་ཐལ་ལོ། །

    རང་ལུགས་ལ། རང་གི་སྡེ་ཚན་མཚན་ཉིད་པ་འཕགས་པ་འོག་མའི་རྒྱུད་ལ་ཡོད་པའི་ཆ་ནས་བཞག་པའི་མཐར་ཐུག་གི་མཁྱེན་པ་དེ། ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད། དཔེར་ན། སངས་འཕགས་རྒྱུད་ཀྱི་གཞི་ཤེས་སོ་བདུན་དང་ཉེར་བདུན་ལྟ་བུ། རང་གི་སྡེ་ཚན་མཚན་ཉིད་པ་འཕགས་པ་འོག་མའི་རྒྱུད་ལ་མེད་པའི་ཆ་ནས་བཞག་པའི་མཐར་ཐུག་གི་མཁྱེན་པ་དེ། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད། ཐུན་མོང་བ་དང་དེ་མ་ཡིན་པའི་དོན་རང་གི་སྡེ་ཚན་མཚན་ཉིད་པ་འཕགས་པ་འོག་མའི་རྒྱུད་ལ་ཡོད་པ་དང་མེད་པའི་ཆ་ནས་འཇོག དབྱེ་ན། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། དེ་བཞིན་ཉིད་ཀྱི་ཤེས་རྣམ། རང་བྱུང་གི་ཤེས་རྣམ། སངས་རྒྱས་ཉིད་ཀྱི་ཤེས་རྣམ་དང་སྡེ་ཚན་བདུན་ཡོད། ཆོས་ཐམས་ཅད་ཆགས་ཐོགས་མེད་པར་རྟོགས་ལ། མི་མཐུན་ཕྱོགས་ལས་རྒྱལ་ཞིང༌། དེ་དག་གིས་བརྫི་མི་ནུས་པའི་ཆ་ནས་བཞག་པའི་མཁྱེན་པ་དེ། སྟོབས་ཀྱི་མཚན་ཉིད་ཡིན་ཏེ། སྒྲ་དོན་ཡང་དེ་ཡིན་པའི་ཕྱིར་ཏེ། གསེར་འཕྲེང་ལས། དེ་དག་ཀྱང་མི་མཐུན་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་དེ་དག་གིས་མི་རྫི་བས་སྟོབས་སོ། །ཞེས་གསུངས་པའི་ཕྱིར། དབྱེ་ན། བཅུ་ཡོད་དེ། འགྲེལ་པ་ལས། དེ་ལ་གནས་དང་གནས་མིན་པ་དང༌། ནས། སྟོབས་ཀྱི་རྣམ་པ་བཅུ་དང༌། ཞེས་སོ། །

    འཁོར་གྱི་ནང་དུ་སྤངས་རྟོགས་ཀྱི་ཆོས་སྟོན་པ་ལ་མི་འཇིགས་པའི་ཆ་ནས་བཞག་པའི་མཐར་ཐུག་པའི་མཁྱེན་པ་དེ། མི་འཇིགས་པའི་རྣམ་པའི་མཚན་ཉིད། དབྱེ་ན། རང་དོན་ཕུན་ཚོགས་ཀྱི་གཉིས་དང༌། གཞན་དོན་ཕུན་ཚོགས་ཀྱི་གཉིས་དང་བཞི་ཡོད། འགྲེལ་པ་ལས། ང་ནི་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཆེས་པ་དང༌། ཞེས་སོགས་བྱུང༌། འཆད་བྱ་འཆད་བྱེད་ཀྱི་སྤོབས་པ་སོ་སོར་ཆགས་ཐོགས་མེད་པར་མངོན་སུམ་དུ་གཟིགས་པའི་ཆ་ནས་བཞག་པའི་མཐར་ཐུག་གི་ལམ་དེ། སོ་སོ་ཡང་དག་རིག་པའི་རྣམ་པའི་མཚན་ཉིད། དབྱེ་ན། ཆོས་དང༌། དོན་དང༌། ངེས་ཚིག་དང༌། སྤོབས་པ་སོ་སོ་ཡང་དག་རིག་པ་བཞི་ཡོད་དེ། འགྲེལ་པ་ལས། རྣམ་གྲངས་དང་ཆོས་ཀྱི་མཚན་ཉིད། སོགས་བྱུང༌། རང་གི་སྡེ་ཚན་མཚན་ཉིད་པ་འཕགས་པ་འོག་མ་དང་ཅུང་ཟད་ཀྱང་མ་འདྲེས་པའི་ཆ་ནས་བཞག་པའི་མཐར་ཐུག་པའི་མཁྱེན་པ་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད། དབྱེ་ན། བཅོ་བརྒྱད་ཡོད་དེ། རྟོགས་པ་མ་འདྲེས་པ་དྲུག སྤྱོད་པ་མ་འདྲེས་པ་དྲུག འཕྲིན་ལས་མ་འདྲེས་པ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་དང་བཅོ་བརྒྱད་ཡོད་པའི་ཕྱིར། འགྲེལ་པ་ལས། དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རྣམ་པ་དག་དང༌། ཞེས་གསུངས་པའི་ཕྱིར། དེ་ཁོ་ན་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པའི་ཡེ་ཤེས་དེ། དེ་བཞིན་ཉིད་ཀྱི་ཤེས་རྣམ་གྱི་མཚན་ཉིད། དངོས་བསྟན་ལ་ཡུལ་ཡུལ་ཅན་གྱི་གཉིས་ཡོད་ཀྱང་འདིར་མཁྱེན་པའི་དབང་དུ་བྱས་ཏེ། འགྲེལ་པ་ལས། སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དང༌། ཞེས་གསུངས་པའི་ཕྱིར། སློབ་དཔོན་གཞན་ལ་མ་ལྟོས་པའི་རང་བྱུང་གིས་ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཡེ་ཤེས་དེ། རང་བྱུང་གི་ཤེས་རྣམ་གྱི་མཚན་ཉིད་ཡིན་ཏེ། ལུང་ལས། ཉེར་འགྲོ་ང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་སུ་ཡང་མེད། །ཅེས་གསུངས་པའི་ཕྱིར། སྐབས་འདིའི་རང་བྱུང་ལ་གཉིས་ཡོད་དེ། ཡུལ་ཆོས་ཉིད་དང༌། ཡུལ་ཅན་ཡེ་ཤེས་གཉིས་ཡོད་པའི་ཕྱིར་ཏེ། གསེར་འཕྲེང་ལས། རང་བྱུང་ཡང་གཉིས་ཏེ། ཆོས་ཀྱི་དབྱིངས་དང༌། སྲིད་པ་ཐ་མ་བས་ཤེས་བྱ་ཐམས་ཅད་མངོན་དུ་བྱས་པའི་ཡེ་ཤེས་སོ ཞེས་གསུངས་པའི་ཕྱིར། དེ་གཉིས་ཀྱི་དང་པོ་དེ་བཞིན་ཉིད་ཀྱི་རྣམ་པ་དང་འདིར་རང་བྱུང་གི་ཡེ་ཤེས་འཛིན་དགོས་པའི་ཕྱིར་ཏེ། འགྲེལ་པ་ལས། ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་རང་བྱུང་དང༌། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་འཕྲེང་ལས། དང་པོ་ནི་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་ཡིན་པས་འདིར་གཉིས་པ་བཟུང་ངོ༌། །ཞེས་གསུངས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་རྣམ་པ་མ་ལུས་པར་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་མཐར་ཐུག་གི་མཁྱེན་པ་དེ། སངས་རྒྱས་ཉིད་ཀྱི་ཤེས་རྣམ་གྱི་མཚན་ཉིད་ཡིན་ཏེ། འགྲེལ་པ་ལས། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཉིད་ཀྱི་རྣམ་པ་གསུམ་སྟེ། ཞེས་གསུངས་པའི་ཕྱིར།

    རྩོད་སྤོང་ལ་ཁ་ཅིག །རྣམ་མཁྱེན་ཆོས་ཅན། རང་བྱུང་ཡིན་པར་ཐལ། རང་བྱུང་གི་ཡེ་ཤེས་ཡིན་པའི་ཕྱིར། འདོད་ན། འདོད་རྒྱལ་དུ་བྱུང་བར་ཐལ། རང་བྱུང་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། རང་བྱུང་གཉིས་ཡོད་པའི་ཕྱིར། ཡང་ཁོ་ན་རེ། ཆོས་ཐམས་ཅད་སངས་རྒྱས་པར་ཐལ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཡང་དག་པར་སངས་རྒྱས་ཡོད་པར་ཐལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཡོད་པའི་ཕྱིར། འདོད་ན། ཡང་དག་པར་གྲུབ་པ་ཡོད་པར་ཐལ་ལོ། །ཡང་ཁ་ཅིག་ན་རེ། སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ། སངས་འཕགས་རྒྱུད་ཀྱི་སྟོབས་བཅུ་པོ་དེ་གདུལ་བྱའི་རྒྱུད་ཀྱི་མི་མཐུན་ཕྱོགས་འཇོམས་བྱེད་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་འཇོམས་པ་ལ་ལྷའི་དབང་པོའི་རྡོ་རྗེ་དང་མཚུངས་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། སྟོབས་རྣམས་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །ཞེས་གསུངས་པའི་ཕྱིར། འགྲེལ་པ་ལས། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་རྣམ་པ་གསུམ་སྟེ། ཞེས་པའི་སྐབས་སུ་མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ལ་བྱེ་སྨྲའི་བཙུན་པ་ཆོས་སྐྱོབ་དངོས་པོ་གཞན་དུ་འགྱུར་བ་སྨྲ་བ་ཡིན་ཏེ། དེས་མྱུ་གུ་མ་འོངས་པ་ནས་ད་ལྟར་བ་དང༌། ད་ལྟར་བ་ནས་འདས་པར་འཇུག་པ་ན། མ་འོངས་པ་དང་ད་ལྟར་བའི་དངོས་པོ་འདོར་གྱི་མ་འོངས་པ་དང་ད་ལྟར་བའི་རྫས་མི་འདོར་བར་འདོད་པའི་ཕྱིར། དཔེར་ན། གསེར་གྱི་སྣོད་བཅོམ་ནས་རྒྱན་བྱེད་པ་ན་དབྱིབས་འདོར་ཀྱང་ཁ་དོག་མི་འགྱུར་བ་བཞིན་ནོ། །ཞེས་ཟེར། བཙུན་པ་དབྱངས་སྒྲོགས་ནི་མཚན་ཉིད་འགྱུར་བ་སྨྲ་བ་ཡིན་ཏེ། དེས་དུས་རེ་རེ་ཡང་དུས་གསུམ་ཀའི་མཚན་ཉིད་དང་ལྡན་ཀྱང་གང་ཤས་ཆེ་བའི་སྒོ་ནས་འཇོག་པར་འདོད་པའི་ཕྱིར། བཙུན་པ་དབྱིག་བཤེས་ནི་གནས་སྐབས་འགྱུར་བ་སྨྲ་བ་ཡིན་ཏེ། མྱུ་གུ་སོགས་དངོས་པོ་གཅིག་ཀྱང་མ་འོངས་པ་ལ་སོགས་པའི་གནས་སྐབས་སོ་སོར་ཕྱིན་པ་མ་འོངས་པ་ལ་སོགས་པར་འཇོག་པར་ཁས་ལེན་པའི་ཕྱིར། བཙུན་པ་སངས་རྒྱས་ལྷ་རང་བཞིན་གཞན་འགྱུར་སྨྲ་བ་ཡིན་ཏེ། བུད་མེད་གཅིག་ལྟོས་ས་སོ་སོ་ལ་ལྟོས་ནས་མ་དང་བུ་མོར་བརྗོད་པ་ལྟར་དངོས་པོ་གཅིག་ཀྱང་སྔ་མ་ལ་ལྟོས་ནས་མ་འོངས་པ་དང་ཕྱི་མ་ལ་ལྟོས་ནས་འདས་པར་འཇོག་ཅེས་ཁས་ལེན་པའི་ཕྱིར་ཏེ། མཛོད་ལས། རྣམ་བཞི་དངོས་དང་མཚན་ཉིད་དང༌། །གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །ཞེས་གསུངས་པ་ལྟར་རོ། །དེ་བཞི་མི་འཐད་པར་ཐལ། དང་པོ་གྲངས་ཅན་གྱི་ལུགས་དང༌། གཉིས་པ་མཚན་ཉིད་འཆོལ་བའི་སྐྱོན་དང༌། གསུམ་པ་ལ་བྱ་བ་བྱེད་མི་བྱེད་ཀྱི་གནས་སྐབས་མེད་པའི་སྐྱོན་དང༌། བཞི་པ་ལ་དུས་འཆོལ་བའི་སྐྱོན་འབྱུང་བའི་ཕྱིར། གཞན་ཡང༌། དེ་བཞི་མི་འཐད་པར་ཐལ། འདས་མ་འོངས་དུས་མྱུ་གུའི་ངོ་བོ་ཡོད་ན་མྱུ་གུ་ཞིག་པ་དང་སྐྱེ་བ་མི་འཐད་པའི་ཕྱིར། ཡང་ཁ་ཅིག་ན་རེ།.....ཚད་མངོན། སྐྱེས་ལ་འགག་པ་འདས་པའི་མཚན་ཉིད། སྐྱེ་བའི་རྒྱུ་ཡོད་ཀྱང་མ་བྱུང་བ་མ་འོངས་པའི་མཚན་ཉིད། སྐྱེས་ལ་མ་འགག་པ་ད་ལྟར་བའི་མཚན་ཉིད། དུས་གསུམ་དངོས་པོ་ཡིན་ཏེ། དངོས་པོ་ཡིན་ན་ད་ལྟར་བ་ཡིན་མི་དགོས་པའི་ཕྱིར། མ་གྲུབ་ན། འདས་པའི་དངོས་པོ་ཆོས་ཅན། ད་ལྟར་བ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། འདོད་ན། འདས་པའི་དངོས་པོ་མ་ཡིན་པར་ཐལ། ད་ལྟར་བའི་དངོས་པོ་ཡིན་པའི་ཕྱིར་སོགས་དང༌། རྒྱལ་པོ་གླང་དར་འདས་པ་དང༌། ལྷ་ལུང་དཔལ་རྡོར་གྱིས་བསད་པ་ཡིན་ཟེར། མང་བཀུར་བ་འདས་པ་དང༌། རྒྱལ་པོ་དུང་མ་འོངས་པ་ཡིན་ཏེ། རྣམ་འགྲེལ་ལས། འདས་དང་མ་འོངས་བརྗོད་བྱ་མིན། །ཞེས་པའི་འགྲེལ་པར། དཔེར་ན། རྒྱལ་པོ་ཆེན་པོ་མང་པོས་བཀུར་བ་བྱུང་བར་གྱུར་པ་དང༌། རྒྱལ་པོ་དུང་འཁོར་ལོས་སྒྱུར་བ་འབྱུང་བར་འགྱུར་རོ། །ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། མ་འོངས་པ་སྟོན་པ་ན། མངོན་པ་ལས། རྒྱུ་ཡོད་ཀྱང༌། ཞེས་གསུངས་པའི་ཕྱིར་སོགས་ལྟར་སྣང་མང་པོ་སྨྲའོ། །འོ་ན། འདས་པ་ཆོས་ཅན། འདས་པའི་འབྲས་བུ་ཡིན་པར་ཐལ། འདས་པ་དང་འབྲས་བུའི་གཞི་མཐུན་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ་ཡང་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་ཀྱི་འབྲས་བུ་མ་ཡིན་པར་ཐལ། ཁྱོད་ཁྱོད་དང་ཐ་དད་མ་ཡིན་པའི་ཕྱིར། འཁོར་གསུམ། གླང་དར་མ་ཆོས་ཅན། ཡོད་པར་ཐལ། གསད་བྱ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། མེད་པར་ཐལ། ལྷ་ལུང་དཔལ་རྡོར་གྱིས་མེད་པར་བྱས་པའི་ཕྱིར། འཁོར་གསུམ་ཁས། འཁོར་སྒྱུར་དུང་ཆོས་ཅན། འཁོར་ལོས་སྒྱུར་བ་ཡིན་པར་ཐལ། མ་འོངས་པ་དང་འཁོར་སྒྱུར་གྱི་གཞི་མཐུན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྐྱེས་པར་ཐལ། འཁོར་སྒྱུར་ཡིན་པའི་ཕྱིར། འདོད་ན། སྐྱེ་བའི་རྒྱུ་ཡོད་ཀྱང་མ་བྱུང་བ་ཡིན་པར་ཐལ། མ་འོངས་པ་ཡིན་པའི་ཕྱིར། འཁོར་གསུམ་ཁས། གཞན་ཡང༌། དུས་གསུམ་འཇོག་ཚེ་མྱུ་གུ་ལྟ་བུ་རང་གི་དུས་ལ་ལྟོས་ནས་འདས་མ་འོངས་རྩི་མི་དགོས་པར་ཐལ། དེ་དུས་ཀྱི་དགག་སྒྲུབ་བྱེད་མཁན་གྱི་བརྗོད་དུས་ལ་ལྟོས་ནས་འཇོག་པའི་ཕྱིར་ཏེ། མང་བཀུར་དང་འཁོར་སྒྱུར་དུང་འདས་མ་འོངས་སུ་འཇོག་པ་དེའི་ཕྱིར། འདོད་མི་ནུས་ཏེ། སྐལ་བཟང་མིག་འབྱེད་ལས། མྱུ་གུ་ད་ལྟར་བ་ཡིན་མིན་ནི་མྱུ་གུའི་རང་དུས་ལ་ལྟོས་ནས་རྩི་དགོས་པ་ཡིན་གྱི། དུས་ཀྱི་དགག་སྒྲུབ་བྱེད་པ་པོའི་གང་ཟག་དེའི་ངག་བརྗོད་བཞིན་པའི་དུས་ན་མྱུ་གུ་མེད་པས་མྱུ་གུ་ད་ལྟར་བ་མ་ཡིན་པར་འཇོག་པ་མིན་ཏེ། ཞེས་གསུངས་པའི་ཕྱིར། དོན་འདི་ལྟར་མ་གོ་ནས། ད་ལྟའང་སྣ་ཚོགས་སྨྲས་སོ། །

    ཡང་ཁ་ཅིག །འདས་པ་ལ་ཞིག་པ་དང་མ་འོངས་པ་ལ་མ་སྐྱེས་པས་ཁྱབ་པར་ཁས་ལེན་ཅིང་རྒྱུ་སྔར་ཡོད་དང༌། འབྲས་བུ་ཕྱིས་འབྱུང་དུ་འདོད་བཞིན་དུ་སྐད་ཅིག་སྔ་མ་རྣམས་འདས་པ་དང་སྐད་ཅིག་ཕྱི་མ་རྣམས་མ་འོངས་པར་སྨྲ་བ་ནི་ནང་འགལ་ཏེ། འོ་ན། བུམ་པ་སྐད་ཅིག་ཐོག་མཐའ་བར་གསུམ་གྱི་སྐད་ཅིག་དང་པོའི་བུམ་པ་ཆོས་ཅན། ཞིག་པ་ཡིན་པར་ཐལ། འདས་པ་ཡིན་པའི་ཕྱིར། དེར་ཐལ། བུམ་པའི་སྐད་ཅིག་སྔ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། ཁྱབ་སྟེ། དངོས་པོ་ཡིན་ན་རང་དུས་ཆ་གསུམ་ཡོད་པས་ཁྱབ་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བ་ལས། ཇི་སྲིད་སྐད་ཅིག་མཐའ་ཡོད་པ། །དེ་སྲིད་ཐོག་མཐའ་དབུས་བརྟགས་དགོས། །ཞེས་གསུངས་པའི་ཕྱིར། འདོད་ན། ཞིག་པ་མ་ཡིན་པར་ཐལ། བུམ་པ་ཡིན་པའི་ཕྱིར། རྟགས་སླ། མ་ཁྱབ་ན། དེ་ཆོས་ཅན། སྐྱེས་ལ་མ་འགག་པའི་དངོས་པོ་མ་ཡིན་པར་ཐལ། ད་ལྟར་བ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྒྱུ་ཡིན་པའི་ཕྱིར། དེར་ཐལ། བུམ་པའི་སྐད་ཅིག་གསུམ་གྱི་སྔ་མ་ཡིན་པའི་ཕྱིར། གཞན་ཡང༌། དེ་འདྲ་བའི་སྐད་ཅིག་གསུམ་པའི་བུམ་པ་ཆོས་ཅན། མ་སྐྱེས་པར་ཐལ། མ་འོངས་པ་ཡིན་པའི་ཕྱིར། དེར་ཐལ། བུམ་པ་སྔ་ཕྱི་བར་གསུམ་གྱི་ཕྱི་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། འབྲས་བུ་ཡིན་པའི་ཕྱིར། དེའི་སྐད་ཅིག་སྔ་མའི་འབྲས་བུ་ཡིན་པའི་ཕྱིར་ཏེ། དེའི་སྐད་ཅིག་ཕྱི་མ་ཡིན་པའི་ཕྱིར། ཡང་ཁ་ཅིག །སྐྱེས་ལ་འགག་པ་དེ་འདས་པའི་མཚན་ཉིད། རྒྱུ་ཡོད་ལ་མ་སྐྱེས་པ་དེ་མ་འོངས་པའི་མཚན་ཉིད། སྐྱེས་ལ་མ་འགག་པ་དེ་ད་ལྟར་བའི་མཚན་ཉིད་ཟེར་ན། འདས་པ་ཆོས་ཅན། ཁྱོད་ཡིན་ན་བྱས་པས་ཁྱབ་པར་ཐལ། ཁྱོད་ཡིན་ན་སྐྱེས་པས་ཁྱབ་པའི་ཕྱིར། འདོད་ན། བུམ་པ་ཞིག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མེད་དགག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཞིག་པ་དང་ཁྱོད་འདས་པ་མེད་དགག་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། གཞན་ཡང༌། མ་འོངས་པ་ཆོས་ཅན། ཁྱོད་ཡིན་ན་འབྲས་བུ་ཡིན་དགོས་པར་ཐལ། ཁྱོད་ཡིན་ན་ཁྱོད་ཀྱི་རྒྱུ་ཡོད་དགོས་པའི་ཕྱིར། འདོད་ན། བུམ་པ་མ་འོངས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མེད་དགག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་མ་འོངས་པ་མེད་དགག་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཡང་ཁ་ཅིག །སྔར་ཡོད་འདས་པའི་མཚན་ཉིད། ཕྱིས་འབྱུང་མ་འོངས་པའི་མཚན་ཉིད་ཟེར་ན། འོ་ན། རྒྱུ་ལ་འདས་པས་ཁྱབ་པ་དང༌། འབྲས་བུ་ལ་མ་འོངས་པས་ཁྱབ་པར་ཐལ། མཚན་ཉིད་གཉིས་འཐད་པ་གང་ཞིག །རྒྱུ་སྔར་ཡོད་དང་འབྲས་བུ་ཕྱིས་འབྱུང་ཡང་ཡིན་པ་དེའི་ཕྱིར། འདོད་ན། ད་ལྟར་བ་མི་སྲིད་པར་ཐལ། འདོད་པའི་ཕྱིར། ཡང་ཁ་ཅིག །དངོས་པོ་ཡིན་ན་ཁྱོད་ཀྱི་སྐྱེ་གནས་འཇིག་གསུམ་དུས་མཉམ་དུ་གྲུབ་པས་ཁྱབ་ཟེར་ན། མྱུ་གུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མྱུ་གུ་སྐྱེ་བའི་དུས་ཡིན་ན་དེ་འཇིག་པ་དང་གནས་པའི་དུས་ཡིན་པས་ཁྱབ་པར་ཐལ། དེ་གསུམ་དུས་གཅིག་པའི་ཕྱིར། འདོད་ན། མྱུ་གུའི་དངོས་རྒྱུའི་དུས་ཆོས་ཅན། མྱུ་གུའི་གནས་དུས་དང་འཇིག་དུས་ཡིན་པར་ཐལ། མྱུ་གུའི་སྐྱེ་བའི་དུས་ཡིན་པའི་ཕྱིར། དེར་ཐལ། རང་གི་དངོས་རྒྱུའི་དུས་དང་རང་དུས་གང་རུང་དུ་སྐྱེ། རང་དུས་སུ་མི་སྐྱེ་བའི་ཕྱིར། དང་པོ་གྲུབ་སྟེ། དེ་སྐྱེ་བའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་རང་དུས་སུ་རང་གི་རྒྱུ་མེད་པའི་ཕྱིར། རྩ་བར་འདོད་ན། མྱུ་གུའི་དངོས་རྒྱུ་ཆོས་ཅན། ཁྱོད་ཀྱི་དུས་སུ་མྱུ་གུ་ཡོད་པར་ཐལ། ཁྱོད་ཀྱི་དུས་སུ་མྱུ་གུ་གནས་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཁྱོད་ཀྱི་དུས་སུ་དེ་སྐྱེ་བཞིན་པ་ཡིན་པའི་ཕྱིར། ཁྱབ་སྟེ། འཇུག་པ་ལས། སྐྱེ་བཞིན་པ་ནི་སྐྱེ་ལ་ཕྱོགས་པས་ཡོད་མིན་ཞིང༌། །ཞེས་གསུངས་པའི་ཕྱིར།

    གཞན་ཡང་དངོས་པོ་ལ་རང་གི་སྐྱེ་གནས་འཇིག་པའི་དུས་གསུམ་ཅིག་ཅར་གྲུབ་པས་མ་ཁྱབ་པར་ཐལ། དངོས་པོ་ལ་རང་གི་སྐྱེ་གནས་འཇིག་པའི་དུས་གསུམ་རིམ་ཅན་དུ་གྲུབ་པས་ཁྱབ་པའི་ཕྱིར། དེར་ཐལ། དངོས་པོ་ལ་རང་གི་དངོས་རྒྱུའི་དུས་དེ་རང་གི་སྐྱེ་དུས་དང༌། རང་གྲུབ་པའི་དུས་དེ་རང་གི་གནས་དུས་དང༌། རང་དུས་སྐད་ཅིག་གཉིས་པའི་དུས་དེ་རང་གི་འཇིག་དུས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་རང་དུས་སྐྱེ་དུས་མ་ཡིན་པའི་ཕྱིར་ཏེ། རང་དུས་སུ་སྐྱེས་ཟིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རང་དུས་དང་རང་གི་གནས་དུས་དོན་གཅིག་པའི་ཕྱིར་ཏེ། དེ་གཉིས་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། རང་གི་འགག་དུས་དང་རང་གི་འཇིག་དུས་དོན་གཅིག་པའི་ཕྱིར་ཏེ། དེ་འཇིག་པ་ལ་མངོན་དུ་ཕྱོགས་དུས་ཐམས་ཅད་དེ་འཇིག་དུས་ལ་ཁས་ལེན་མི་རིགས་པའི་ཕྱིར། སྤྲོས་པས་ཆོག་གོ །པཎྜི་ཏ་ཁ་ཅིག་ན་རེ།.....གཡག འདུས་བྱས་ཐམས་ཅད་སྐད་ཅིག་མ་ཡིན་པས་དུས་མཐའི་སྐད་ཅིག་མ་གཅིག་ལས་མི་སྡོད་ཟེར་ན། འོ་ན། ལོ་ཆོས་ཅན། དུས་མཐའི་སྐད་ཅིག་ལས་མི་སྡོད་པར་ཐལ། སྐད་ཅིག་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། འདུས་བྱས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལོ་མ་ཡིན་པར་ཐལ། དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཟླ་བ་བཅུ་གཉིས་ཀྱིས་བཞག་པའི་བགྲང་གཞི་ཡིན་པའི་ཕྱིར། ཁྱབ་སྟེ། ལོ་དང༌། ཡོང་བགྲང་དང༌། བགྲང་གཞི་དང༌། འདོར་བྱེད་རྣམས་ལོའི་རྣམ་གྲངས་ཡིན་པའི་ཕྱིར། འཆི་མེད་མཛོད་ལས། ལོ་དང་ཡོང་བགྲང་བགྲང་གཞི་དང༌། །འགྲོ་འོང་དང་ནི་འདོར་བྱེད་དེ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མ་ཁྱབ་པར་ཐལ། ཟླ་བ་བཅུ་གཉིས་རྫོགས་མ་ཐག་དང་ལོ་གྲུབ་མ་ཐག་དུས་མཉམ་པར་ཁོ་བོས་འདོད་པའི་ཕྱིར་ན། རབ་བྱུང་གི་ཟླ་བ་དང་པོའི་ཚེས་གཅིག་གྲུབ་མ་ཐག་དང་རབ་བྱུང་གི་ལོ་གྲུབ་མ་ཐག་དུས་མི་མཉམ་པར་ཐལ། རབ་བྱུང་གི་ཟླ་བ་བཅུ་གཉིས་རྫོགས་མ་ཐག་དེ་དེ་གྲུབ་དུས་ཡིན་པའི་ཕྱིར། འདོད་ན། རབ་བྱུང་གི་ལོ་ཆོས་ཅན། རབ་བྱུང་གི་བརྩི་གཞི་ཟླ་བ་བཅུ་གཉིས་ཀྱི་ཡུན་རིང་ཐུང་ཅན་མ་ཡིན་པར་ཐལ། རབ་བྱུང་གི་ཟླ་བ་དང་པོའི་ཚེས་གཅིག་གི་དུས་ན་ཁྱོད་མ་གྲུབ་པའི་ཕྱིར། ཁྱབ་སྟེ། ལོ་དེ་གྲུབ་དུས་དང་འགག་དུས་མི་གཅིག་པའི་ཕྱིར། རྣམ་བཤད་རིགས་པའི་རྒྱ་མཚོ་ལས། ལོ་རྫོགས་པ་ལ་ཟླ་བ་བཅུ་གཉིས་རྫོགས་དགོས་ཤིང༌། དེའི་འོག་ཏུ་ལོ་དེ་མི་གནས་པས་རྒྱུན་ཐམས་ཅད་ཀྱང་རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པའི་སྐད་ཅིག་མ་ཡིན་ནོ ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ། དུས་གསུམ་དང༌། དེ་མཁྱེན་ཚུལ་ལ་དོགས་གཅོད་གཉིས། སྐྱེས་ཟིན་སླར་འགག་པའི་ཆ་དེ། འདས་པའི་མཚན་ཉིད། མཚན་གཞི་མྱུ་གུ་འདས་པ་ལྟ་བུ་སྟེ། སྐལ་བཟང་མིག་འབྱེད་ལས། རྒྱུ་ལས་སྐྱེས་ཟིན་པའི་དངོས་པོ་དེ་ཉིད་སླར་ཞིག་པ་དང༌། ཞེས་དང༌། རིགས་རྒྱན་དང་སྡེ་བདུན་རྒྱན་ལས་སོ། །ཆོས་དེའི་རྒྱུ་ཡོད་ཀྱང་ཡུལ་དུས་འགའ་ཞིག་ཏུ་མ་སྐྱེ་བའི་ཆ་དེ། མ་འོངས་པའི་མཚན་ཉིད། མཚན་གཞི་མྱུ་གུ་སྐྱེད་བྱེད་ཀྱི་རྐྱེན་མ་ཚང་བས་མ་སྐྱེས་པ་ལྟ་བུ་ཡིན་ཏེ། སྐལ་བཟང་མིག་འབྱེད་ལས། དངོས་པོ་དེ་ཉིད་ཀྱི་རྒྱུ་ཡོད་ཀྱང་ད་ལྟ་དངོས་པོ་དེ་མ་སྐྱེས་པ་དང༌། ཞེས་སོ། །སྐྱེས་པ་དང་མ་ཞིག་པའི་གཞི་མཐུན་དེ་ད་ལྟར་བའི་མཚན་ཉིད། མཚན་གཞི་མྱུ་གུ་ལྟ་བུ་ཡིན་ཏེ། སྐལ་བཟང་མིག་འབྱེད་ལས། སྐྱེས་ལ་མ་འགག་པ། ཞེས་སོ། །དུས་གསུམ་སོ་སོའི་མཚན་ཉིད་དེ་ལྟར་འདོད་པ་དང༌། འདས་མ་འོངས་གཉིས་མེད་དགག་དང༌། དངོས་མེད་དུ་འདོད་པ་ལ་མདོ་སེམས་དབུ་མ་རང་རྒྱུད་པ་གསུམ་མཐུན་པའི་ཕྱིར་ཏེ། སྐལ་བཟང་མིག་འབྱེད་ལས། དུས་གསུམ་གྱི་མཚན་ཉིད་འདི་ལྟར་དུ་འདོད་པ་དང༌། འདས་མ་འོངས་ཡིན་ན་དངོས་པོར་མེད་པས་ཁྱབ་པར་ཁས་ལེན་པ་ལ་མདོ་སྡེ་པ་དང་སེམས་ཙམ་པ་དང་དབུ་མ་རང་རྒྱུད་པ་གསུམ་ཀ་ཁྱད་པར་མེད་ཅིང༌། ཞེས་གསུངས་པའི་ཕྱིར། ད་ལྟར་གྱི་རྣམ་མཁྱེན་གྱིས་དུས་གསུམ་ཐམས་ཅད་ཅིག་ཅར་དུ་རྟོགས་ཏེ། སྐད་ཅིག་གིས་དུས་ཐམས་ཅད་ཀྱི་བྱུང་ཚུལ་མངོན་སུམ་དུ་མཁྱེན་པའི་ཕྱིར་ཏེ། འདས་པའི་བྱུང་ཚུལ་ཐམས་ཅད་ཀྱང་དུས་དེ་དང་དེར་བྱུང་ཚུལ་ད་ལྟ་སྐད་ཅིག་ལ་མཁྱེན་ཀྱང་ད་ལྟར་བྱུང་བར་མཁྱེན་པ་མ་ཡིན་ལ། དེ་བཞིན་དུ་གཞན་གཉིས་ལའང་འདྲ་བས་དུས་གསུམ་མ་འདྲེས་པར་མཁྱེན་པ་དང༌། ཅིག་ཅར་མཁྱེན་པ་གཉིས་ཀ་ཡིན་པའི་ཕྱིར་རོ། །

    རྩོད་སྤོང་ལ་ཁོ་ན་རེ། མང་བཀུར་བ་འདས་པའི་མི་ཡིན་པར་ཐལ། འདས་པའི་མི་ཡོད་པའི་ཕྱིར། དེར་ཐལ། འདས་པའི་མི་དྲན་ཚུལ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་དྲན་མཁན་དེའི་དུས་སུ་འདས་པ་དྲན་ཚུལ་ཙམ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཙམ་གྱིས་འདས་པར་མི་འཇོག་པའི་ཕྱིར། མ་གྲུབ་ན། སང་ཉིན་ཆོས་ཅན། འདས་པ་ཡིན་པར་ཐལ། གནངས་དུས་དེ་ལྟར་དྲན་པ་ཡོད་པའི་ཕྱིར་ཏེ། འཁོར་གསུམ། ཨེ་ཤེས། ཡང་ཁ་ཅིག །བུམ་པ་ཞིག་པ་ཆོས་ཅན། ཁྱོད་བུམ་པ་འདས་པར་ཐལ། ཁྱོད་བུམ་པ་ཞིག་ཆ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་ཞིག་ཆ་ཡིན་པ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་བུམ་པའི་དུས་སུ་འདས་པར་ཐལ། ཁྱོད་བུམ་པ་འདས་པ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཁྱོད་བུམ་པའི་དུས་སུ་མ་འོངས་པའི་ཕྱིར་ཏེ། ཁྱོད་བུམ་པ་ཐལ་ཟིན་དེ་ཡིན་པའི་ཕྱིར། བུམ་པའི་རྒྱུ་ཡོད་ཀྱང་རྐྱེན་དབང་གིས་དུས་དེར་མ་སྐྱེས་པའི་ཆ་ཆོས་ཅན། ཁྱོད་བུམ་པ་མ་འོངས་པ་ཡིན་པར་ཐལ། ཁྱོད་བུམ་པ་ལ་རྒྱུ་ཡོད་ཀྱང་རྐྱེན་གྱིས་དུས་དེར་བུམ་པ་མ་བྱུང་བའི་ཆ་དེ་ཡིན་པའི་ཕྱིར། རྟགས་སླ། འདོད་ན། ཁྱོད་བུམ་པའི་དུས་སུ་མ་འོངས་པར་ཐལ། ཁྱོད་བུམ་པ་མ་འོངས་པ་ཡིན་པའི་ཕྱིར་ནའང་འགལ་ཁྱབ་སྟེ། བུམ་པའི་དུས་སུ་དེ་ཐལ་ཟིན་དགོས་པའི་ཕྱིར། ཡང་ཕལ་ཆེར་གྱིས་དུས་གསུམ་གྱི་མཚན་ཉིད་སོ་སོར་འཇོག་ལ་སོ་སོའི་ཡིན་པ་མེད་ཟེར་བ་མཚོན་སྦྱོར་ཙམ་ཡང་མི་ཤེས་རྨོངས་པའི་དབང་ཕྱུག་གི་རྟགས་ཡིན་ནོ། །ཚིག་འཁྲི་མ་བྲིས་ཏེ་ཤེས་སླ། བྱུང་བྱས་ཚད་རྒྱུ་ལས་སྐྱེས་པ་ལ་བྱེད་མི་དགོས་ཏེ། གཞི་གྲུབ་ན་རྟེན་འབྱུང་ཡིན་པས་ཁྱབ་པའི་ཕྱིར་སོགས་བྱ།

    རྩ་བའི་དོན་བསྡུ་ནི། འགྲེལ་བ་ལས། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བྱེ་བྲག་གིས་གོ་རིམ་བཞིན་དུ་ཟག་པ་མེད་པ་དང༌། ཟག་པ་དང་བཅས་པ་དག་ཀྱང་ཡིན་ནོ། །ཞེས་སོགས་བྱུང༌། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། རྣམ་གྲངས་པའི་ཟག་བཅས་ཡིན་ན་ཟག་བཅས་ཡིན་པས་ཁྱབ་པ་དང༌། རྣམ་གྲངས་པའི་ཟག་མེད་ཡིན་ན་ཟག་མེད་ཡིན་པས་ཁྱབ་པའི་ཕྱིར་ཟེར་ན། དང་པོ་ལ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། ཟག་བཅས་ཡིན་པར་ཐལ། རྣམ་གྲངས་པའི་ཟག་བཅས་ཡིན་པའི་ཕྱིར། དེར་ཐལ། ཉོན་མོངས་སྤང་བྱའི་གཙོ་བོར་མི་བྱེད་པའི་བྱང་སེམས་རྒྱུད་ཀྱི་ལམ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཙོ་བོར་མི་སྤོང་བས་དེ་དང་བཅས་པར་བཤད་པའི་ཕྱིར། ཉི་སྣང་ལས། རྣམ་གྲངས་ཀྱི་ཟག་པ་དང་བཅས་པས་ཟག་པ་དང་བཅས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རིན་ཆེན་འཕྲེང་བ་ལས། འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་གསུངས་པ་དང་གནད་གཅིག་པའི་ཕྱིར། འདོད་མི་ནུས་ཏེ། བར་ཆད་མེད་ལམ་ཡིན་པའི་ཕྱིར། གཞན་ཡང༌། རྒྱུན་ཞུགས་རྒྱུད་ཀྱི་ཉོན་མོངས་སྤོང་འདོད་ཀྱི་བསམ་པ་ཆོས་ཅན། ཟག་མེད་ཡིན་པར་ཐལ། རྣམ་གྲངས་པའི་ཟག་མེད་ཡིན་པའི་ཕྱིར་ཏེ། ཉོན་སྒྲིབ་གཙོ་བོར་སྤོང་བའི་རྒྱུད་ཀྱི་ལམ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཙོ་བོར་སྤོང་བ་ལ་དེའི་ཟག་མེད་དུ་བཞག་པའི་ཕྱིར། དཔེར་ན། སོ་སྐྱེའི་རྒྱུད་ཀྱི་ཆགས་མེད་བཞིན། གསེར་འཕྲེང་ལས། ཉོན་མོངས་རྣམས་མདའི་དུག་དང་འདྲ་བར་སྤོང་བའི་ཕྱིར་ཟག་མེད་དོ། །ཞེས་འཆད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཟག་བཅས་ཡིན་པའི་ཕྱིར་ཏེ། རྟོག་པ་ཡིན་པའི་ཕྱིར། རང་ལུགས་ལ་ཉན་རང་སློབ་པའི་རྒྱུད་ཀྱི་གཞི་ཤེས་རྣམས་རྣམ་གྲངས་ཀྱི་ཟག་མེད་དང༌། བྱང་སེམས་རྒྱུད་ཀྱི་གཞི་ཤེས་རྣམ་གྲངས་ཀྱི་ཟག་བཅས་དང༌། སངས་འཕགས་རྒྱུད་ཀྱི་གཞི་ཤེས་རྣམས་རྣམ་པ་ཐམས་ཅད་དུ་ཟག་མེད་ཡིན་ནོ། །

 

སྨྲས་པ།

འཇིག་རྟེན་སྐྱེ་དགུའི་བདེ་སྐྱིད་མེ་ཏོག་ཚལ། །

རབ་ཏུ་སྣང་བར་བྱེད་དང་སྐྱེ་མཆེད་ཀྱི། །

ཉི་མ་ཐེག་གསུམ་མངོན་རྟོགས་འོད་སྤྲོས་པས། །

སྒྲིབ་གཉིས་མུན་བསལ་སྐྱེ་འཕགས་དགའ་བདེ་རྒྱས། །

     སེམས་ཀྱི་ཕུག་པ་ཆོས་མིན་ཕྱོགས་སུ་བསྟན། །འཁོར་བའི་བག་ཆགས་སྦྲུལ་གདུག་མ་མཐོང་བར གཏི་མུག་ཐིབ་པོར་གཉིད་པའི་བླུན་པོ་དག །བསམ་ན་སྙིང་རྗེ་མི་སྐྱེ་དེ་སུ་ཞིག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                              རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།