ཀུན་མཁྱེན་ཕར་ཕྱིན་ལས་བྱང་སེམས་དང་ཐུན་མོང་བའི་སོ་བཞི།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-01-15 11:22:36     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 222654797547263026.jpg

    གཉིས་པ་བྱང་སེམས་ལ་ཡོད་པ་དང་མཐུན་པའི་ལམ་ལ་གཉེན་པོའི་ལམ་དང༌། སྤྲུལ་པའི་ལམ་དང༌། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་དང༌། འདས་ལམ་དང༌། སྤོང་བའི་ལམ་དང༌། སངས་རྒྱས་ཀྱི་ལམ་དང་དྲུག་ལས། དང་པོ་ནི། འགྲེལ་པ་ལས། ལམ་ཤེས་པ་ཉིད་ལ་གཉེན་པོའི་ལམ། ལྟ་བས་བྱས་པའི་གཉེན་པོ། སོགས་བྱུང༌། འཕྲོས་སྦྱོར་བ་མཐའ་དཔྱད་པ་གསུམ་ལས། དང་པོ་ནི། ཡུམ་བར་བ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་ཀྱིས་རྣམ་ཐར་སྒོ་གསུམ་བཤད་པ་ལས། རྩ་བར། སུམ་ཅུ་བཞི། །ཞེས་པའི་དང་པོ་གསུམ་འགྲེལ་པ་འདིར་འཆད་པར་དྲངས་མ་ཐག་བྱུང༌། སྐབས་དེའི་གཉེན་པོའི་ལམ་ཆོས་ཅན། ཁྱོད་ལ་རྣམ་ཐར་སྒོ་གསུམ་ཡོད་དེ། སྡུག་བདེན་གྱི་སྟོང་བདག་མེད་རྟོགས་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། འགོག་ལམ་གྱི་རྣམ་པ་བརྒྱད་མངོན་སུམ་དུ་རྟོགས་པའི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང༌། སྡུག་བདེན་གྱི་མི་རྟག་དང་སྡུག་བསྔལ་དང༌། ཀུན་འབྱུང་བདེན་པའི་ངོ་བོ་བཞི་མངོན་སུམ་དུ་རྟོགས་པའི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་གསུམ་ཡོད་པའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། རྣམ་ཐར་བཤད་ཚུལ་དེ་ཁོ་ནས་ཁྱབ་པར་ཐལ། འགྲེལ་པ་དང་ཤེར་མདོ་ལས་དེ་ལྟར་བཤད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སྟོང་པའི་དོན་དེ་གང་ཞིག །མཚན་མེད་ཀྱི་དོན་ཡང་དེ་ལྟར་ཡིན། སྨོན་མེད་ཀྱི་དོན་ཡང་དེ་ལྟར་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཡུམ་བར་མ་ལས། ལྟ་བས་བྱས་པའི་རྣམ་པ་དམིགས་སུ་མེད་པ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བདག་དང་བདག་གིར་ལྟ་བའི་ཡུལ་མེད་པ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས་ཀྱང༌། དེ་ལ་སྟོང་པ་དང་བདག་མེད་པའི་རྣམ་པ་གཉིས་ཀྱིས་ནི་རྣམ་པར་ཤར་བའི་སྒོ་སྟོང་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། ཡུམ་བར་མ་ལས། རྣམ་པར་རྟོག་པ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལྟ་བའི་རྒྱུ་ཚུལ་མིན་གྱི་མཚན་འཛིན་དེ་བསལ་བ་འགོག་པའི་རྣམ་པ་བཞི་དང་དེ་སེལ་བྱེད་ལམ་གྱི་རྣམ་པ་བཞི་སྟེ་བརྒྱད་བཤད་པའི་ཕྱིར་དང༌། ཉི་སྣང་ལས། འགོག་པ་དང་ལམ་གྱི་རྣམ་པ་རྣམས་ཀྱིས་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཁམས་གསུམ་ལ་རྨོངས་པའི་གཉེན་པོར་བཤད་པའི་ཕྱིར། ཡུམ་བར་མ་ལས། སྨོན་ལམ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉི་སྣང་ལས། མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་གཉིས་དང༌། ཀུན་འབྱུང་གི་བདེན་པའི་རྣམ་པ་བཞི་པོ་རྣམས་ཀྱིས་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གསེར་འཕྲེང་ལས་སྒོ་གསུམ་ལ་འཇོག་ཚུལ་དུ་མ་ཞིག་བཤད་ཀྱང་འདི་ནི་ཀུན་བཏུས་ལས་གསུངས་པའི་རྗེས་སུ་འབྲངས་ནས། ཉི་སྣང་དུ་བཤད་པ་ལྟར་སློབ་དཔོན་གྱིས་ཀྱང་བཀོད་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་ལ་བཤད་ཚུལ་དུ་མ་ཡོད་དེ། སྟོང་ཉིད་སོགས་གསུམ་བཤད་པ་དེར་ཐོས་བསམ་སྒོམ་གསུམ་ཡོད་པ་གང་ཞིག །ཏིང་ངེ་འཛིན་གྱི་སྒྲས་བཤད་པ་དེར་སྒོམ་བྱུང་ཁོ་ནས་ཁྱབ་ལ། རྣམ་ཐར་ཙམ་གྱི་སྒྲས་བསྟན་པ་དེར་འདས་ལམ་ཁོ་ན་ལ་བཤད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། བསྡུ་བ་ལས། གང་དུ་སྟོང་པ་ཉིད་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པར་བྱེ་བྲག་མེད་པར་བསྟན་པ་དེར་ནི་དེ་དག་ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བ་ཉིད་ཡིན་པར་བལྟའོ། །ཞེས་གསུངས་པའི་ཕྱིར། བྱེ་བྲག་མེད་པ་ནི་ཁྱད་པར་མ་སྦྱར་བའི་དོན་ཏོ། །གཉིས་པ་གྲུབ་སྟེ། བསྡུ་བ་ལས། གང་དུ་ཏིང་ངེ་འཛིན་གྱི་སྒྲ་ཁོ་ནར་གསུངས་པ་དེར་ནི་དེ་དག་སྒོམ་པ་ལས་བྱུང་བ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བར་བྱའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། བསྡུ་བ་ལས། གང་དུ་དེ་དག་རྣམ་པར་ཐར་པའི་སྒོའི་སྒྲར་གསུངས་པ་དེར་ནི། དེ་དག་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བར་བྱའོ། །གསུངས་པའི་ཕྱིར།

    རང་ལུགས་བཤད་ཟིན་ཀུན་བཏུས་ལྟར་ཡིན་ཏེ། མདོ་དང་འཕགས་སེང་གིས་དེ་ལྟར་བཤད་པའི་ཕྱིར། སྐབས་འདིའི་རྣམ་ཐར་སྒོ་གསུམ་ལ་ཐོས་བསམ་སྒོམ་གསུམ་ག་ཡོད་དེ། མདོ་ལས་སྟོང་ཉིད་མཚན་མེད་སྨོན་མེད་ཙམ་ལས་ཏིང་ངེ་འཛིན་དང་རྣམ་ཐར་གྱི་སྒྲས་མ་བཤད་པའི་ཕྱིར། ཁྱབ་པ་གཏན་ལ་དབབ་པ་བསྡུ་བའི་ལུང་དེས་སོ། །

    རྩོད་སྤོང་ལ་ཁོ་ན་རེ། ཐེག་ཆེན་གྱི་རྣམ་ཐར་སྒོ་གསུམ་གྱི་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་གང་ཟག་གི་བདག་མེད་ཀྱི་རྣམ་ཅན་གྱིས་ཁྱབ་པར་ཐལ། འགྲེལ་པའི་ལུང་དེའི་ཕྱིར་ན་མ་ཁྱབ་སྟེ། ཐེག་དམན་དང་ཐུན་མོང་གི་སྒོ་གསུམ་གྱི་སྟོང་ཉིད་ཀྱི་དབང་དུ་བྱས་པའི་ཕྱིར། འདོད་མི་ནུས་ཏེ། སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་བདག་མེད་གཉིས་ཀའི་ཏིང་ངེ་འཛིན་ཡོད་པའི་ཕྱིར། རྒྱན་ལས། ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །བདག་མེད་རྣམ་པ་གཉིས་པོ་དང༌ ཞེས་གསུངས་པའི་ཕྱིར། དེའི་འགྲེལ་པ་ལས། སྟོང་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ནི་གང་ཟག་དང༌། ཆོས་ལ་བདག་མེད་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེར་ཐལ། བྱང་སེམས་ཀྱི་རྣམ་ཐར་དང་པོས་བདག་མེད་གཉིས་ཤེས་པར་བྱེད། སྨོན་མེད་ཀྱིས་བདག་འཛིན་གཅིག་སྤོང༌། མཚན་མེད་ཀྱིས་བདག་འཛིན་གཉིས་སྤངས་པ་མངོན་དུ་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱན་འགྲེལ་ལས། སྟོང་ཉིད་གང་ཟག་དང་ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱན་འགྲེལ་ལས། སྨོན་པ་མེད་པ་ནི། དེ་དག་ལ་བདག་ཏུ་འཛིན་པའི་རྟེན་སྤོང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་ཅིང༌། དེ་སྐད་དུ་རྒྱན་ལས། ཡོངས་སུ་ཤེས་དང་སྤངས་པ་དང༌། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས། །ཞེས་གསུངས་པའི་ཕྱིར།

    གཉིས་པ་ནི། འགྲེལ་པ་ལས། སྤྲུལ་པའི་ལམ་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིགས་པ་དང་བཤིགས་པའི་ཕྱིར། ཞེས་སོགས་བྱུང༌། འདིར་འཕྲོས་སྦྱོར་སྤྱི་གསུམ་ལས། དང་པོ་འཕྲོས་ནི། ཡུམ་བར་བ་ལས། ཤེར་ཕྱིན་འདི་ནི་རྣམ་པར་ཐར་པ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བཤད་པའི་རྣམ་ཐར་དང་པོ་གསུམ་འཆད་པར། སྤྲུལ་པའི་ལམ་ལ། ཞེས་པ་ནས། རྣམ་པ་གསུམ་མོ། །ཞེས་དང༌། ཕྱི་མ་ལྔ་འཆད་པར། འགྲེལ་པ་ལས། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ལ། ཞེས་པ་ནས། དེ་ལྟར་ན་རྣམ་པ་ལྔའོ། །ཞེས་བྱུང༌། གཉིས་པ་ནི། རྣམ་ཐར་བརྒྱད་ཆོས་ཅན། ཁྱོད་ལ་སྤྲུལ་བའི་ལམ་དང༌། མཐོང་ཆོས་བདེར་གནས་ཀྱི་ལམ་གཉིས་ཡོད་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང༌། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་དང༌། སྡུག་པའི་རྣམ་ཐར་གསུམ་དང་པོ་དང༌། གཟུགས་མེད་དངོས་གཞིའི་རྣམ་ཐར་བཞི་དང་ཚོར་འདུ་རགས་པ་འགོག་པའི་རྣམ་ཐར་གཅིག་སྟེ་རྣམ་ཐར་ཕྱི་མ་ལྔ་གཉིས་པ་དེ་ཡིན་པའི་ཕྱིར། གསུམ་པ་སྤྱི་དོན་དང་མཐའ་དཔྱད་པ་གཉིས། དང་པོ་ནི། སྤྱི་དོན་ཡོད་དེ། རྟེན་དང༌། སེམས་རྟེན་དང༌། ཡུལ། སྐྱེ་ཚུལ། ངེས་ཚིག དགོས་པ་དྲུག་ཡོད་པའི་ཕྱིར། རྟེན་གྱི་གང་ཟག་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ཡན་ཆད་དང༌། ཐེག་དམན་གྱི་ཕྱིར་མི་འོང་ལུས་མངོན་བྱེད་དང༌། དགྲ་བཅོམ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱིས་བྱེད་པའི་ཕྱིར་ཏེ། མཛོད་ལས། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལ་སྐྱེ། །ཞེས་སོ། །གཉིས་པ་ཡོད་དེ། མཛོད་ལས་བསམ་གཏན་དང་པོ་གཉིས་ན་བཤད་ཀྱང༌། ཀུན་བཏུས་ལྟར་བསམ་གཏན་བཞི་པ་ལ་བརྟེན་པའི་ཕྱིར། ཀུན་བཏུས་ལས། ཡོན་ཏན་འདི་དག་ཇི་ལྟར་མངོན་པར་སྒྲུབ་ཅེ་ན། ཞེས་དང༌། དེའི་ལན་དུ། ཀུན་བཏུས་ལས། ཡོན་ཏན་ལྷག་མ་ནི་ཉན་ཐོས་སམ་བྱང་ཆུབ་སེམས་དཔའམ་དེ་བཞིན་གཤེགས་པ་ཡང་རུང་སྟེ་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་མངོན་པར་སྒྲུབ་བོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཡུལ་ཡོད་དེ། གཟུགས་ཆེ་ཆུང་བཟང་ངན་སོགས་གང་འདོད་ཀྱི་དུ་མ་ཡོད་པའི་ཕྱིར། བཞི་པ་རྣམ་ཐར་གསུམ་གྱིས་སྤྲུལ་ཚུལ་ཡོད་དེ། སེམས་རྟེན་བསམ་གཟུགས་གང་རུང་ལ་བརྟེན་ནས་རྣལ་འབྱོར་པ་རང་ལ་གཟུགས་ཀྱི་འདུ་ཤེས་བཞག་ནས་ཕྱི་རོལ་ཏུ་གཟུགས་ཆེ་ཆུང་བཟང་ངན་གང་འདོད་སྤྲུལ་པའི་ཏིང་ངེ་འཛིན་དང་ཤེས་རབ་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང༌། སེམས་རྟེན་དེས་རྣལ་འབྱོར་བ་རང་ལ་མིང་བཞིའི་ཕུང་པོ་བཞིའི་འདུ་ཤེས་ཀྱིས་ཕྱི་རོལ་ཏུ་གཟུགས་ཇི་འདོད་སྤྲུལ་པའི་ཏིང་ངེ་འཛིན་དང་ཤེས་རབ་དེ། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་དང༌། སེམས་རྟེན་དེས་གཟུགས་སྡུག་པ་ཡིད་འོང་སྤྲུལ་པ་ལ་དགའ། མི་སྡུག་པ་ཡིད་མི་འོང་ལ་སྤྲུལ་པར་མི་དགའ་བའི་གཉེན་པོར་གཟུགས་སྡུག་མི་སྡུག་ཕན་ཚུན་ལྟོས་བཅས་དང༌། བདག་གཅིག་པར་གོམས་པར་བྱས་ཏེ། ལྟོས་མེད་ཀྱི་འདུ་ཤེས་དང་ངོ་བོ་ཉིད་ཀྱིས་ཐ་དད་པའི་འདུ་ཤེས་གཉིས་བསལ་ནས་མཐར་གཟུགས་ཐམས་ཅད་སྡུག་པ་ཡིད་འོང་དུ་མོས་པའི་ཏིང་ངེ་འཛིན་ཤེས་རབ་དེ་གཟུགས་སྡུག་པའི་རྣམ་ཐར་ཡིན་པའི་ཕྱིར། འཕགས་པ་རྣམས་འདི་དང་འགོག་པའི་རྣམ་ཐར་གཉིས་ལ་ལན་མང་གནས་པས་འདི་གཉིས་སྟོན་པ་ན། མདོ་ལས། ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་གནས་སོ། །ཞེས་གསུངས་ལ་གཞན་ལ་མ་གསུངས་པའི་ཕྱིར། རྣམ་ཐར་ཕྱི་མ་ལྔའི་མངོན་དུ་བྱེད་ཚུལ་ཡོད་དེ། རྟེན་རྣམ་ཐར་དང་པོ་ཐོབ་ཅིང་སེམས་རྟེན་དང་ཡུལ་འདྲ་ཞིང་ལྟ་ཚུལ་རྣལ་འབྱོར་བ་རང་ལ་གཟུགས་ཅན་མ་ཡིན་པ་ནམ་མཁའི་མིང་བཞིའི་འདུ་ཤེས་བཞག་སྟེ་མོས་པའི་ཏིང་ངེ་འཛིན་དང་ཤེས་རབ་གཟུགས་མེད་པའི་དངོས་གཞི་དང༌། ཚོར་འདུ་རགས་པ་ཉེ་བར་ཞི་བའི་འགོག་པ་དེ་དེ་ཡིན་པའི་ཕྱིར། ལྔ་པ་ངེས་ཚིག་ཡོད་དེ། ལུས་ཀྱི་འབྱུང་བ་ཆ་སྙོམས་པའམ་སེམས་སེམས་བྱུང་ཆ་མཉམ་དུ་བྱེད་པས་ན་སྙོམས་འཇུག་དང༌། རང་སའི་ཀུན་དཀྲིས་དང་མ་འདྲེས་པའི་ཆ་ནས་རྣམ་ཐར་དུ་འཇོག་དགོས་པའི་ཕྱིར། མཛོད་འགྲེལ་ལས་སོ། །

གཉིས་པ་མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། རྣམ་ཐར་དང་པོ་གསུམ་མིའི་ལུས་རྟེན་ཁོ་ན་ལ་སྐྱེ་ཟེར་ན། མི་འཐད་པར་ཐལ། ཉན་ཐོས་དེ་ལྟར་ཡིན་ཡང་བྱང་སེམས་ཀྱིས་གཟུགས་དང་འདོད་ལྷའི་ལུས་རྟེན་ལ་ཡང་རུང་བའི་ཕྱིར་ཏེ། གསེར་འཕྲེང་ལས། བྱང་སེམས་ཀྱིས་ནི་གཟུགས་དང་འདོད་ལྷའི་རྟེན་ལ་ཡང་སྒོམ་ནུས་སམ་སྙམ་མོ། །ཞེས་གསུངས་པའི་ཕྱིར།

    བཞི་པ་འདས་ལམ་ནི། འགྲེལ་པར། འཇིག་རྟེན་ལས་འདས་པའི་ལམ་ལ་བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པ་དག་སྟེ་དགུའོ། །ཞེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ་ལས། དང་པོ་ནི། ཡུམ་ལས། ཤེར་ཕྱིན་འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་ཕ་རོལ་ཏུ་ཕྱིན་པའོ ཞེས་གསུངས། འགྲེལ་པ་ལས་འཆད་པར་འདི་བྱུང༌། ཤེས་བྱ་ཆོས་ཅན། འཇིག་རྟེན་ལས་འདས་པའི་ལམ་ལ་མཐར་གནས་སྙོམས་འཇུག་དགུ་ཡོད་དེ། འདས་ལམ་གྱི་ངོ་བོར་གྱུར་པའི་བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག་བརྒྱད་དང་འགོག་པའི་སྙོམས་འཇུག་སྟེ་དགུ་ཡོད་པའི་ཕྱིར་ཏེ། འདས་ལམ་གྱི་ངོ་བོར་གྱུར་པའི་རྣམ་ཐར་བརྒྱད་ཡོད་ཅིང༌། འགོག་སྙོམས་འཕགས་ལམ་གྱིས་ཐོབ་ཅིང་སྙོམས་འཇུག་གི་ཡུལ་ཡིན་པའི་ཕྱིར། སྒྲ་དོན་ཡོད་དེ། སྙོམས་པར་འཇུག་ཚེ་སྔ་མ་སྔ་མ་ལ་སྙོམས་པར་འཇུག་སྟེ། མཐར་གྱིས་ཏེ་རིམ་གྱིས་འཇུག་པ་དང་ཐོབ་ཚུལ་དེ་ལྟར་དགོས་པས་དེ་ལྟར་བརྗོད་པའི་ཕྱིར། མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག.....བོ་དོང༌། སངས་འཕགས་འགོག་སྙོམས་ལ་མི་འཇུག་ཟེར་ན། རྩ་བར། སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པ་མི་འཐད་པར་ཐལ། སངས་འཕགས་སྙོམས་འཇུག་དགུ་ལ་མི་འཇུག་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། མདོ་དུ་མས་དེ་ལྟར་སྙོམས་པར་འཇུག་ཚུལ་བཤད་པའི་ཕྱིར། མདོ་མ་མཐོང་བར་ཟད་དོ། །ཁ་ཅིག་ན་རེ། འགོག་སྙོམས་ལྡན་མིན་དུ་འདོད་བཞིན་དུ་འགོག་སྙོམས་དང་འགོག་པའི་རྣམ་ཐར་དོན་གཅིག་ཟེར་ན། འོ་ན། འགོག་པའི་རྣམ་ཐར་ལ་ལམ་གྱིས་ཁྱབ་ཅིང༌། འགོག་སྙོམས་ལ་ལམ་མ་ཡིན་པས་ཁྱབ་པ་མི་འཐད་པར་ཐལ་ལོ། །ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། རྣམ་བཤད་ལས། རྣམ་ཐར་བརྒྱད་ནི་བྱང་སེམས་འཕགས་པ་རྣམས་ཀྱིས་འདས་ལམ་གྱི་ངོ་བོར་བསྐྱེད་ནུས་པ་དང༌། འགོག་སྙོམས་འདས་ལམ་གྱི་སྟོབས་ཀྱིས་ཐོབ་པས་འཇིག་རྟེན་ལས་འདས་པའི་ལམ་དུ་བཞག་གོ །ཞེས་གསུངས་པའི་ཕྱིར་ན་འདིར་མ་ཁྱབ། ཡང་ཁ་ཅིག །གཟུགས་མེད་ཀྱི་རྟེན་ལ་འགོག་སྙོམས་གསར་སྐྱེ་ཡོད་ཟེར་ན། འོ་ན། མཛོད་ལས། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོ་མིའི་ནང་དུ། །ཞེས་བཤད་པ་མི་འཐད་པར་ཐལ། དེ་གསར་སྐྱེ་ལ་མིའི་རྟེན་ཅན་གྱིས་མ་ཁྱབ་པའི་ཕྱིར། རྟགས་སོང༌། དེར་ཐལ། གཟུགས་མེད་རྟེན་ལ་གསར་སྐྱེ་ཡོད་པའི་ཕྱིར། ཡང་ཁ་ཅིག །དེ་སྒོམ་པའི་རྟེན་ལ་མིས་ཁྱབ་ཟེར་ན། མཛོད་རང་འགྲེལ་ལས། འགོག་པའི་སྙོམས་པར་འཇུག་པ་ནི་དང་པོར་མི་དག་གི་ནང་དུ་སྙོམས་པར་འཇུག་གོ །ཕྱིས་སུ་ཉམས་པ་གཟུགས་ཀྱི་ཁམས་སུ་སྙོམས་པར་འཇུག་པར་བྱེད་དོ། །ཞེས་གསུངས་པ་མི་འཐད་པར་ཐལ། དེ་སྒོམ་པའི་རྟེན་ལ་མིས་ཁྱབ་པའི་ཕྱིར། རྟགས་ཁས། ཡང་ཁ་ཅིག །འགོག་པའི་སྙོམས་འཇུག་ལ་ཏིང་ངེ་འཛིན་གཅིག་མེད་ཟེར་ན། སངས་རྒྱས་ཀྱི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡེ་ཤེས་ཆོས་སྐུ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྙོམས་འཇུག་དགུའི་འགོག་པའི་སྙོམས་འཇུག་ལ་སེམས་ཕྲ་མོ་གཅིག་ཡོད་པས་ཡེ་ཤེས་ཆོས་སྐུར་བཤད་པའི་ཕྱིར་ཏེ། སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་ལས། འགོག་པ་ལ་སྙོམས་པར་འཇུག་པའི་ཚེ་སེམས་མེད་པར་མི་འཐད་ལ། ཡེ་ཤེས་ལས་གཞན་ཡང་ཡོད་པར་མི་འཐད་པའི་རིགས་པ་དག་གིས་དེའི་ཚེ་ཡེ་ཤེས་ཡོད་པར་གྲུབ་ཅིང༌། ཞེས་གསུངས་པའི་ཕྱིར། འགྲེལ་པ་ལས་ཀྱང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་གནས་གྱུར་པས་གྱུར་པ་ཐམས་ཅད་ཀྱང་ཆོས་ཀྱི་སྐུར་མངོན་པར་བརྗོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཐམས་ཅད་དང་ཆོས་ཀྱི་སྐུའི་དོན་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། རྒྱལ་ཚབ་དེ་ལ་འདས་ལམ་གྱི་ངོ་བོར་གྱུར་པ་མི་བཞེད་པའི་ཕྱིར་ཏེ། རྣམ་བཤད་ལས། འགོག་སྙོམས་འདས་ལམ་གྱི་སྟོབས་ཀྱིས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་འདས་ལམ་སྟོབས་ཀྱིས་ཐོབ་པར་བཤད་ཙམ་དང༌། སྙོམས་འཇུག་གི་ཡུལ་སེམས་མེད་ལྡན་མིན་ལ་ཡང་དགོངས་པའི་ཕྱིར། དེར་ཐལ། འདས་ལམ་གྱི་ངོ་བོར་གྱུར་པའི་འགོག་པའི་སྙོམས་འཇུག་དང་དགུ་ཡོད་པའི་ཕྱིར་ཏེ། རྣམ་བཤད་ལས། འཇིག་རྟེན་ལས་འདས་པའི་ལམ་གྱི་ངོ་བོར་གྱུར་པའི་བསམ་གཏན་བཞི་དང༌། གཟུགས་མེད་བཞི་དང་འགོག་པའི་སྙོམས་པར་འཇུག་པ་དག་སྟེ་དགུ་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་དེ་ལ་ཁོ་ན་རེ། ཟླ་གྲགས་ལྟར་ན་དེ་ཆོས་ཉིད་ལ་མཉམ་པར་བཞག་པའི་ཡེ་ཤེས་ཁྱད་པར་བ་དང༌། འཕགས་སེང་གཉིས་ཚོར་འདུ་རགས་པ་བཀག་པའི་ལྡན་མིན་ལ་མི་བཞེད་པར་ཐལ། དེའི་སྙོམས་འཇུག་སྙོམས་འཇུག་ཡིན་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། རྣམ་བཤད་ལས། འགོག་པའི་སྙོམས་འཇུག་ཤིང་རྟ་ཆེན་པོ་གཞན་གྱིས་མདོ་སྡེ་ས་བཅུ་པའི་དོན་དུ་མཛད་ནས་ཆོས་ཉིད་ལ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་ཁྱད་པར་བ་གཅིག་ལ་མཛད་ལ། འདིར་ནི་སློབ་དཔོན་དང་འཕགས་པ་གཉིས་ཀས་ཚོགས་དྲུག་འཁོར་དང་བཅས་པ་རགས་པ་བཀག་པའི་ལྡན་མིན་འདུ་བྱེད་ཀྱི་ཁྱད་པར་ལ་བཞེད་པར་གསལ་གྱི། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ཡུལ་ཚོར་འདུ་རགས་པ་འགོག་པའམ། ཡུལ་དེ་རགས་པ་བཀག་པའི་འགོག་སྙོམས་བཏགས་པ་ཙམ་ལ་དགོངས་པའི་ཕྱིར་ཏེ། ཐལ་འགྱུར་བས་ས་བཅུ་པའི་དོན་དུ་བྱས་ནས་ཡུལ་ཆོས་ཉིད་ཀྱི་འགོག་པ་ཚོར་འདུ་རགས་པ་བཀག་པའི་ཡེ་ཤེས་དང༌། སློབ་དཔོན་དང་འཕགས་པས་གཞི་ཡིད་ཀྱི་རྣམ་ཤེས་ཀྱི་སྟེང་དུ་ཚོར་འདུ་རགས་པ་བཀག་པའི་ལྡན་མིན་གྱི་ངོ་བོར་བསྐྱེད་པའི་སྙོམས་འཇུག་གི་ཏིང་ངེ་འཛིན་ལ་བཞེད་ཅེས་པའི་དོན་ཡིན་པའི་ཕྱིར་ཏེ། སྡེ་བདུན་རྒྱན་ལས། འགོག་པ་ལ་སྙོམས་པར་འཇུག་བཞིན་པའི་སྐྱེས་བུའི་རྒྱུད་ལ་ཡིད་ཀྱི་རྣམ་པར་ཤེས་པ་མི་གསལ་བའི་ཆ་དེ་ཤིན་ཏུ་ཕྲ་བའི་ཚུལ་གྱིས་འཇུག་པ་ཅུང་ཞིག་གདོན་མི་ཟ་བར་ཁས་བླངས་པར་བྱ་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་རྗེ་རིན་པོ་ཆེས་བཞེད་པ་སྲས་མཆོག་ཟླ་བྲལ་གཉིས་ལ་བསྩལ་པ་དེ་བཀོད་པ་ཡིན་པའི་ཕྱིར་ཏེ། གསེར་འཕྲེང་ལས་མི་གསལ་བ་ཚོར་འདུ་རགས་པ་བཀག་པའི་སེམས་ཕྲ་མོར་བཤད་པ་ལྟར་རྣམ་བཤད་ཀྱང་བཞེད་པའི་ཕྱིར། དེར་ཐལ། འགོག་པའི་རྣམ་ཐར་ལ་དེ་ལྟར་ཡིན་པའི་ཕྱིར། འགྲེལ་པ་ལས། ཞི་བར་གནས་པའི་ལམ་གྱི་རང་བཞིན་ལ་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པ་གཅིག་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚོར་བ་བཀག་ན་སེམས་མེད་ཀྱང༌། ཚོར་འདུ་རགས་པ་བཀག་པའི་སྙོམས་འཇུག་ཡིན་པས་སེམས་དང་ཤེས་པ་ཡོད་པའི་ཕྱིར། རྣམ་བཤད་ལས། ཚོར་བ་དང་འདུ་ཤེས་རགས་པ་ཞི་བས་ཞི་བར་གནས་པའི་ལམ་གྱི་རང་བཞིན་ལ་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་གཅིག་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་ཞེས་པ་ལས་རགས་པ་མ་སྦྱར་ཡང་དོན་རགས་པ་ཡིན་པའི་ཕྱིར་དང༌། འདི་ཡང་འགོག་པའི་སྙོམས་འཇུག་དང་རྣམ་ཐར་གཉིས་ཀ་ཡིན་པའི་ཕྱིར། འཁོར་གསུམ། དེ་ཤེས་སམ། སློབ་དཔོན་དང་འཕགས་པས་སྙོམས་འཇུག་དགུའི་འགོག་པའི་སྐབས་སུ་ཁྱད་པར་མ་བཤད་པའི་རྒྱུ་མཚན་གཅིག་མེད་པར་ཐལ། རྣམ་ཐར་དུས་སུ་བཤད་ཟིན་པའི་རྒྱུ་མཚན་གྱིས་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་ཚོར་འདུ་རགས་པ་མི་སྦྱོར་བ་ཚོར་འདུ་བཀག་པར་འདོད་པའི་ཕྱིར། ཁྱབ་སྟེ། ཚོར་འདུ་དང་སེམས་གཏན་མེད་ལུང་རིགས་དུ་མས་མི་རུང་བས་རགས་པ་སྦྱར་བའི་ཕྱིར། སྡེ་བདུན་རྒྱན་ལས། ཀུན་གཞི་ཁས་ལེན་པ་དག་གིས་ཀྱང་དེའི་ཚེ་ཉོན་ཡིད་ཡོད་པར་མི་འདོད་ལ། སྒོ་ལྔའི་རྣམ་ཤེས་དང་ཡིད་ཤེས་རགས་པ་འཁོར་བཅས་མ་ལུས་པར་བཀག་པའི་ཕྱིར། དེའི་ཚེ་ཤེས་པ་གཏན་མེད་པ་མི་འཐད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། མི་འཐད་པའི་རྒྱུ་མཚན་ལུང་རིགས་ལྔ་སོགས་ཀྱིས་སོ། །

    གཞན་ཡང༌། ཉི་སྣང་ལས། ཞི་བར་གནས་པའི་ལམ་ནི་འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱའོ། །ཞེས་གསུངས་པ་མི་འཐད་པར་ཐལ། དེ་འཕགས་ལམ་མ་ཡིན་པའི་ཕྱིར། ཁྱབ་སྟེ། འདི་ཞི་བ་དང་རྣམ་ཐར་གྱི་སྒྲས་བསྟན་པ་འཕགས་ལམ་དུ་ཤེས་པའི་ཆེད་ཡིན་པའི་ཕྱིར་ཏེ། བསྡུ་བ་ལས། གང་དུ་དེ་དག་རྣམ་པར་ཐར་པའི་སྒོའི་སྒྲར་གསུངས་པ་དེར་ནི་དེ་དག་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བར་བྱའོ། །ཞེས་གསུངས་པའི་ཕྱིར། རྟེན་སྟོན་པ་ན་རྣམ་བཤད་ལས། འདི་ལ་ཉན་རང་འཕགས་པ་དག་ཀྱང༌། ཞེས་གསུངས་པའི་ཕྱིར། དེས་ན་སྤྲོས་པས་ཆོག་གོ །ཡང་ཁ་ཅིག །ཀུན་གཞིའི་སྟེང་དུ་ཚོགས་དྲུག་འཁོར་བཅས་བཀག་པ་ལ་འདོད་པ་མི་འཐད་པར་ཐལ། སྐབས་འདིར་ཀུན་གཞི་མི་འདོད་པའི་ཕྱིར། འགྲེལ་ཆེན་དུ་ལང་གཤེགས་ཀྱི་ལུང༌། རྣམ་པར་ཐར་པ་བརྒྱད་ཉིད་དང༌། ཞེས་དྲངས་ཙམ་མ་གཏོགས་ཀུན་གཞི་དང་ཉོན་ཡིད་ཀྱི་བཤད་པ་མེད་པའི་ཕྱིར། ཁྱབ་སྟེ། འཕགས་སེང་དང་སྡེ་བདུན་སྐབས་སུ་ཀུན་གཞི་འདོད་པ་མུན་མདའ་ཡིན་པའི་ཕྱིར། ཞི་འཚོས་ཀྱང༌། དབུ་མ་རྒྱན་རང་འགྲེལ་ལས། དེ་དག་གིས་ནི་གང་སྔ་ཕྱི་མེད་པར་སེམས་གཉིས་འབྱུང་བ་འདི་ནི་གནས་མེད་དོ། །ནས། ལུང་དང་འགལ་བ་བཟློག་དཀའོ། །ཞེས་དང༌། རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཅར་མཐོང་བ་མེད། །ཅེས་གསུངས་པའི་ཕྱིར། སྡེ་བདུན་རྒྱན་ལས། སྡེ་བདུན་གྱི་སྐབས་སུ་ཀུན་གཞི་ཁས་ལེན་པར་འདོད་པ་དེ་དག་ནི་རང་ཉིད་མ་རིག་པའི་དམུས་ལོང་ཞེས་སོ། །འཕགས་ཡུལ་དུ་འདོད་ཚུལ་གསུམ་ཡོད་དེ། ཁ་ཅིག་སོ་སོར་བརྟགས་འགོག་གི་ངོ་བོ་སེམས་དང་སེམས་བྱུང་བཀག་ཙམ་ལ་འདོད། ཁ་ཅིག་སེམས་དང་ལྡན་པ་མ་ཡིན་པ་ལ་འདོད། ཁ་ཅིག་རྟེན་གྱི་སེམས་དང་སེམས་ལས་བྱུང་བ་འགོག་པའི་གནས་སྐབས་དང་གསུམ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཐེག་བསྡུས་ཀྱི་འགྲེལ་པ་དོན་གསང་ལས། ཁ་ཅིག་སོ་སོར་བརྟགས་པའི་འགོག་པའི་ཁྱད་པར་གྱི་རང་གི་ངོ་བོ་སེམས་དང་སེམས་ལས་བྱུང་བ་མི་སྐྱེ་བ་ཙམ་ཁོ་ན་ཡིན་པར་འདོད། ཅེས་གསུངས་པའི་ཕྱིར། འདི་ཐལ་འགྱུར་བས་ས་དྲུག་པར་འདོད་པའི་ཡུལ་དང་འགྲིག གཉིས་པ་གྲུབ་སྟེ། དོན་གསང་ལས། ཁ་ཅིག་སེམས་དང་ལྡན་པ་མ་ཡིན་པའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དོན་གསང་ལས། ཁ་ཅིག་རྟེན་གྱི་སེམས་དང་སེམས་ལས་བྱུང་བ་འགོག་པའི་གནས་སྐབས་དང༌། ཞེས་གསུངས་པའི་ཕྱིར། དེ་གསུམ་མི་འཐད་པར་ཐལ། དང་པོ་ཡང་མི་འཐད། གཉིས་པ་ཡང་མི་འཐད། གསུམ་པ་ཡང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་ཐར་བརྒྱད་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། འགོག་པའི་རྣམ་ཐར་དང་འགོག་པའི་སྙོམས་འཇུག་གི་གོ་དོན་འདྲ་བའི་ཕྱིར། དོན་གསང་ལས། རྣམ་པར་ཐར་པ་བརྒྱད་དང་ལྡན་པ་ཞེས་བྱ་བ་སྣང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ལས་འདུ་བྱེད་ཀྱི་ཕུང་པོར་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། སྒྲུབ་བྱེད་སྔ་ཕྱི་བསྡོམས་པས་རྣམ་ཐར་ཡིན་པས་ལམ་ཡིན་པའི་ཕྱིར། ལྡན་མིན་ཡང་ཁེགས་པས་ལོག་རྟོག་སྔ་མ་གཉིས་བསལ་བའི་ཕྱིར། དོན་གསང་ལས། དེ་ལ་འདུ་བྱེད་ཀྱི་ཕུང་པོ་ཞེས་སྨོས་པའི་ཕྱིར་དང་ལྡན་པ་མིན་པ་རྣམས་ཀྱང་བསལ་བའི་ཕྱིར། ཡོངས་སུ་རྟོག་པ་དང་པོ་དང་གཉིས་པ་སྤངས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དོན་གསང་ལས། རྟོགས་པ་གཞན་གཉིས་ལས་ཀྱང༌། ཞེས་གསུངས་པའི་ཕྱིར། འདིས་ནི་འགོག་པའི་སྙོམས་འཇུག་འགོག་པའི་རྣམ་ཐར་དང་འགལ་བར་འདོད་པ་བསལ་བ་ཡིན་ནོ། །ཐོད་རྒལ་གྱི་ཏིང་ངེ་འཛིན་མེད་པར་ཐལ། དེའི་ནང་གི་འགོག་སྙོམས་ལ་ཞུགས་པའི་ཏིང་ངེ་འཛིན་དེ་ཏིང་ངེ་འཛིན་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། དགག་གཞི་ཡིད་ཀྱི་རྣམ་ཤེས་ཀྱི་སྟེང་དུ་དགག་བྱ་ཚོགས་དྲུག་རགས་པ་འཁོར་བཅས་བཀག་པའི་ལྡན་མིན་དེ་དེའི་མཚན་ཉིད་ཟེར་ན། འོ་ན་འགོག་པའི་སྙོམས་འཇུག་གི་དུས་སུ་སེམས་རགས་པ་མེད་ཀྱང་ཕྲ་བ་ཡོད་པར་ཐལ། དེའི་དུས་སུ་འགོག་པའི་སྙོམས་འཇུག་ཡོད་པའི་ཕྱིར། འདོད་ན། ལྡན་མིན་དུ་འདོད་པ་འབྲེལ་མེད་དོ 

    གཞན་ཡང༌། འདུ་ཤེས་མེད་པའི་སྙོམས་འཇུག་ཆོས་ཅན། འགོག་པའི་སྙོམས་འཇུག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། ཁྱོད་ཀྱིས་དེ་དོན་གསང་གིས་གསུམ་པ་བཀག་པ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་ན་འཕགས་པ་རྣམས་འདུ་ཤེས་མེད་པ་གཡང་ས་དང་འགོག་པ་ལ་ཞི་བར་ལྟ་བ་མི་རུང་བའི་ཕྱིར། དོན་གསང་ལས། སྙོམས་པར་འཇུག་པ་གཉིས་ཀ་ལ་ཡང་སེམས་དང་སེམས་ལས་བྱུང་བ་ཉེ་བར་ཞི་བ་ཁྱད་པར་མེད་པའི་ཕྱིར། ཇི་ལྟར་འདིར་འགྱུར་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཇི་ལྟར་འདིར་འགྱུར་ཞེས་པ་གཡང་ས་དང༌། ཞི་བར་ཇི་ལྟར་ལྟ་ཞེས་པའི་དོན་ཡིན་པའི་ཕྱིར། གཞན་ཡང༌། འགོག་པའི་སྙོམས་འཇུག་གི་དུས་སུ་སེམས་ཡོད་པར་ཐལ། དེ་ཡོད་པར་མདོ་ལས་བཤད་པའི་ཕྱིར། མཆོད་སྦྱིན་མས་ཞུས་པ་ལས། དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་དེའི་རྣམ་པར་ཤེས་པ་དེ་ལུས་ལས་འདས་པ་ལགས་སམ་ལུས་དང་མ་བྲལ་བ་ལགས། ཞེས་ཞུས་པའི་ལན་དུ། མདོ་ལས། དེའི་རྣམ་པར་ཤེས་པ་ལུས་དང་མ་བྲལ་བའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཀུན་གཞི་འདོད་པས་འདི་ཀུན་གཞིའི་ཤེས་བྱེད་དང་མི་འདོད་པས་ཀྱང་དེའི་ཚེ་འཇུག་ཤེས་རགས་པ་མེད་ཀྱང་ཤེས་པ་ཕྲ་བ་ཡོད་པར་འདོད་པའི་ཕྱིར། མཛོད་ལས། ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སེམས་ཕྲ་མོ་ཡང་མེད་ན་ལུང་དང་འགལ་བ་དང༌། སེམས་ཅན་དུ་མི་རུང་བ་དང༌། ཤི་ལུས་སུ་ཐལ་བ་དང༌། གྲུབ་མཐས་གང་ཟག་ངོས་འཛིན་དང་འགལ་བའི་སྐྱོན་སོགས་ཡོད་པའི་ཕྱིར། སྡེ་བདུན་རྒྱན་ལས། ཤེས་པ་མེད་པར་མི་འཐད་པའི་རྒྱུ་མཚན་ཅི་ཞེ་ན། འགོག་པ་ལ་སྙོམས་པར་འཇུག་པའི་རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ཞེས་བྱ་བའི་མདོ་དང་འགལ་བའི་ཕྱིར་དང༌། སེམས་ཅན་མ་ཡིན་པར་ཐལ་བའི་ཕྱིར་དང༌། ཞེས་པ་ནས། སྙོམས་པར་འཇུག་པ་པོའི་ལུས་རུལ་བ་ལ་སོགས་པར་ཐལ་བའི་ཕྱིར་དང༌། སྐྱེས་བུ་ཡིན་ན་ཕུང་པོ་བཞིའམ་ལྔའི་ཚོགས་པ་ཡིན་པར་འདོད་པའི་གྲུབ་མཐའ་དང་འགལ་བའི་ཕྱིར་དང༌། ཞེས་གསུངས་པའི་ཕྱིར་དང༌། མདོ་སེམས་ཐལ་རང་ཀུན་གྱིས་དྲངས་པའི་མདོ་ལས་ཀྱང༌། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་ལྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་འགོག་པའི་སྙོམས་འཇུག་གི་ཚེ་ཤེས་པ་ཡོད་པར་ཐལ། དེའི་ཚེ་ཤེས་པ་ཡོད་པར་ཐེག་ཆེན་གྱི་མདོ་ལས་ཀྱང་བཤད། ཐེག་དམན་གྱི་མདོ་ལས་ཀྱང་བཤད། ཤེར་མདོ་ལས་ཀྱང་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་འགོག་པའི་ཏིང་ངེ་འཛིན་ལ་གནས་ནས་ཚོར་བ་གསུམ་དང༌། འདུ་ཤེས་གསུམ་ཡོངས་སུ་གཅོད་དེ། མངོན་པར་འདུ་བྱེད་པ་དང༌། གཡོ་བའི་སེམས་ཀྱིས་སྤྱོད་པ་མེད་པར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚོར་འདུ་རགས་པ་གསུམ་གཅོད་པར་བཤད་པའི་ཕྱིར། རྣམ་ཐར་བཞིན་ནོ། །གཉིས་པ་གྲུབ་སྟེ། ལུང་ལས། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ་ཉེ་བར་སྒྲུབ་སྟེ་གནས་སོ། །ཞེས་གསུངས་པའི་ཕྱིར། རྣམ་ཐར་ལའང་དེ་ལྟར་བཤད་པའི་ཕྱིར་ཏེ། དེ་གཉིས་ལ་སེམས་ཡོད་མེད་ཀྱི་ཁྱད་པར་མེད་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་གཉིས་ལ་ཁྱད་པར་མེད་པའི་ཕྱིར་ཏེ། ཡུམ་ལས། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ་ཉེ་བར་སྒྲུབ་སྟེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་དེ། ཞེས་དང༌། ཡང་ཤེར་མདོ་ལས། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་པ་སྟེ། འདི་དག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། དེ་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདུ་ཤེས་ཕྲ་མོ་དེ་ཡང་བཀག་པ་ན་དམིགས་པ་མེད་པས་སེམས་འགག་ནས་མི་འབྱུང་བའི་ཕྱིར་ཏེ། ཉན་ས་ལས། འདུ་ཤེས་མེད་མིན་སྐྱེ་མཆེད་ལས་སེམས་སྐྱོད་པར་བྱེད་ཅིང༌། དེའི་སེམས་དེ་དེ་ལས་བསྐྱོད་པ་ན་དམིགས་པ་མི་རྙེད་དོ། །མ་རྙེད་ན་འགག་ཅིང་འབྱུང་བར་མི་འགྱུར་རོ། །ཞེས་དང༌། སྤྱོད་འཇུག་ལས། འགག་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་གསུངས་པའི་ཕྱིར་ན་ལུང་དེ་གཉིས་ཀྱི་ཚིག་ཟིན་དེ་ལྟར་སྣང་མོད་ཀྱང་ཤིན་ཏུ་མ་ཁྱབ་སྟེ། སེམས་སྔ་མའི་དམིགས་པ་བོར་བས་སེམས་སྔ་མ་དེ་འགག་ནས་སེམས་སྟེང་དུ་ཚོར་འདུ་རགས་པའི་འགོག་པའི་སྙོམས་འཇུག་ལ་འཇུག་པ་ཙམ་གྱི་དོན་ཡིན་པའི་ཕྱིར། དེར་ཐལ། སྡེ་བདུན་རྒྱན་ལས། འོ་ན། ཡིད་ཤེས་ཡོད་ན་ཚོར་བ་དང་འདུ་ཤེས་ཡོད་དགོས་ལ། ཞེས་པ་ནས། ཚོར་འདུ་རགས་པ་མ་ལུས་པ་བཀག་པ་ཡིན་ཅིང༌། རགས་པ་ངས་ཀྱང་མི་འདོད་ལ་མི་གསལ་བ་ཙམ་ཡང་མེད་དགོས་ན་ཀུན་གཞི་དེའི་ཚེ་ཡོད་པར་སྨྲ་བ་དག་ལ་ཡང་སྐྱོན་འབྱུང་སྟེ། ཞེས་གསུངས་པའི་ཕྱིར། ལེགས་བཤད་ཡིན་ནོ། །ཤེས་པར་གྱིས། དེས་ན་སྙོམས་འཇུག་ལས་ལངས་མ་ཐག་པའི་སེམས་ཀྱི་ཉེར་ལེན་འཐད་ཅིང༌། མེད་ན་དེའི་དངོས་ཀྱི་ཉེར་ལེན་མི་རུང་བའི་ཕྱིར་ཏེ། སྙོམས་པར་འཇུག་ཁ་མའི་སེམས་དང་དེའི་བར་དངོས་པོ་གཞན་ལོ་དང་བསྐལ་པ་སོགས་ཀྱིས་ཆོད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། རྣམ་ཤེས་མིན་པས་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ལྟ་བུ་དུ་མ་ཡོད་པའི་ཕྱིར་ཏེ། སྡེ་བདུན་རྒྱན་ལས། སྙོམས་འཇུག་ལས་ལངས་མ་ཐག་པའི་ཤེས་པ་སྐད་ཅིག་དང་པོ་དེའི་དངོས་ཀྱི་ཉེར་ལེན་ཡོད་མེད། ཅེས་སོགས་དང༌། དེ་ཉིད་ལས། དེས་ན་སྙོམས་འཇུག་ལས་ལྡང་ཁའི་ཡིད་ཤེས་སྐད་ཅིག་ཐ་མ་དེ། ལངས་མ་ཐག་པའི་ཤེས་པ་སྐད་ཅིག་དང་པོའི་ཉེར་ལེན་དང་དེ་མ་ཐག་རྐྱེན་ཡིན་པར་གྲུབ་པས། ཞེས་གསུངས་པའི་ཕྱིར། དཔྱད་པ་རྫོགས་པར་གནང་འདུག་པས་ལེགས་པར་དཔྱད་པར་གོ་ནས་བྲིས་སོ། །ཡང་ཁ་ཅིག །བྱང་སེམས་དེ་ལ་ཞག་བདུན་ལས་ལྷག་སྙོམས་པར་མི་འཇུག་སྟེ། གཞན་དོན་དོར་བར་འགྱུར་བའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། གཞན་དོན་དུ་དེ་ལས་རིང་བར་ཞུགས་པའི་རྟོགས་བརྗོད་དུ་མ་ཡོད་པའི་ཕྱིར་ཏེ། སྙིང་རྗེ་པད་དཀར་ལས། སྐྱེ་བ་གཅིག་གིས་ཐོག་པའི་བྱང་སེམས་འགོག་པ་ལ་སྙོམས་པར་ཞུགས་པས་སེམས་ཀྱིས་བར་གྱི་བསྐལ་པ་བཅུ་པོ་འདི་དག་འདའ་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །འགོག་སྙོམས་སེམས་མེད་དང༌། དེ་སྐྱེད་བྱེད་སྲིད་རྩེའི་སེམས་ཁོ་ན་དེའི་སེམས་རྟེན་ཟེར། ཡང་ཁ་ཅིག །འགོག་པའི་རྣམ་ཐར་གྱི་སེམས་རྟེན་ཡོད་ལ་འགོག་སྙོམས་ལ་སེམས་རྟེན་དུས་ཀུན་ཏུ་མེད་ཟེར། དེ་གཉིས་ཀ་མི་འཐད་པར་ཐལ། དེ་སེམས་རྟེན་ཐོག་མར་སྲིད་རྩེའི་སེམས་དང་རྗེས་སུ་ཟག་མེད་ས་དགུའི་སེམས་རྟེན་བྱས་ནས་ཀྱང་སྙོམས་པར་འཇུག་པ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མཛོད་ལས། ཕྲ་བ་ཕྲ་བའི་མཇུག་ཐོགས་སུ ཞེས་དང༌། མདོ་ལས། འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ། ཞེས་གསུངས་པའི་ཕྱིར། གསེར་འཕྲེང་ལས་ཀྱང༌། སྲིད་རྩེའི་སེམས་དེ་ཤིན་ཏུ་ཕྲ་བས། ནས། མངོན་པ་བ་རྣམས་འདོད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དམིགས་པའི་སྐབས་ཀྱི་ཡུམ་ལས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་གོ །ནས། དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་པ་ཡོད་དོ། །ཞེས་གསུངས་པའི་ཕྱིར། མདོ་ལས་ཀྱང༌། མཉམ་པར་མ་བཞག་པའི་སེམས་ལས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །ཞེས་དང༌། གསེར་འཕྲེང་ལས། འོན་ཀྱང་ཡུམ་གྱི་མདོར་ས་དགུ་གའི་སེམས་ལ་བརྟེན་པར་བཤད་པས་སྔ་མ་ནི་རྩོམ་པ་དང་པོའི་ཚེ་ལ་འདོད་དགོས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཚོར་འདུ་ཕྲ་བའང་འགོག་པ་མི་འཐད་པར་ཐལ། དེ་རགས་པ་འགོག་རྒྱུའི་དགག་བྱ་ཡིན་པའི་ཕྱིར། གསེར་འཕྲེང་ལས། ཚོར་འདུ་སོགས་ཀྱི་རྒྱུ་བ་རགས་པ་མི་དབེན་པར་མཐོང་ནས། ཞེས་དང༌། རྣམ་བཤད་ལས་ཀྱང༌། ཚོར་བ་དང་འདུ་ཤེས་རགས་པ་ཞི་བས་ཞི་བར་གནས་པའི་ལམ་གྱི། ཞེས་གསུངས་པའི་ཕྱིར།

    གཉིས་པ་རང་ལུགས་ལ། འགོག་པའི་སྙོམས་འཇུག་གི་ཁྱད་པར་བདུན་ཡོད་དེ། རྟེན་གང་ཟག་དང༌། སེམས་རྟེན་དང༌། ཡིད་བྱེད་གང་གིས། དགག་བྱ་གང་འགོག་པ་དང༌། ངོ་བོ་དང༌། དུས་ཇི་ཙམ་དང༌། ཁམས་གང་དུ་བྱེད་པ་བདུན་ཡོད་པའི་ཕྱིར། དང་པོ་བཞིའི་སྙོམས་པར་འཇུག་པ་སོགས་བཤད་ཟིན་པ་དེའི་ཕྱིར། ངོ་བོ་འདོད་ཚུལ་དུ་མ་ཡོད་དེ། ཐལ་འགྱུར་བ་དག་གིས་མདོ་སྡེ་ས་བཅུ་པར་བརྟེན་ནས་ཆོས་ཉིད་ལ་ཚོར་འདུ་རགས་པ་བཀག་པའི་ཟག་མེད་ཀྱི་ཡེ་ཤེས་གཅིག་ལ་འདོད། འཕགས་སེང་གཉིས་འགོག་པ་ཚོར་འདུ་རགས་པ་ཞི་བའི་མཉམ་བཞག་ལ་འགོག་པའི་རྣམ་ཐར་དུ་འདོད་པ་ལྟར་སྙོམས་འཇུག་ཀྱང་རུང་ལ། ཡུལ་ལྡན་མིན་ཡང་བཞེད། མདོ་སེམས་གཉིས་དེ་དུས་སེམས་ཡོད་ཀྱང་འགོག་སྙོམས་ནི་འཇུག་ཤེས་ཀྱི་ཚོར་འདུ་རགས་པ་བཀག་པའི་ལྡན་མིན་དུ་ས་སྡེ་དང་སྡོམ་གཉིས་སུ་བཤད་པ་ཡིན་པའི་ཕྱིར་ཏེ། ལྷག་མ་བཤད་ཟིན་པ་དེའི་ཕྱིར།

    རྩོད་སྤོང་ལ་ཁོ་ན་རེ། ཐེག་ཆེན་གྱི་ས་དང་པོ་ནས་འགོག་པ་ལ་སྙོམས་པར་འཇུག་པ་མི་འཐད་པར་ཐལ། དེ་ས་དྲུག་པ་མ་ཐོབ་བར་དུ་མི་ནུས་པའི་ཕྱིར་ཏེ། འཇུག་པ་ལས། ཤེས་རབ་གནས་པའི་འགོག་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འགོག་པའི་སྙོམས་འཇུག་དུས་ཐུང་ངུ་གཅིག་ལ་དགོངས་པའི་ཕྱིར་ཏེ། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ས་དྲུག་པ་ཡན་ཆད་དུ་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ངེད་ཀྱི་དམ་བཅའ་འཐད་པར་ཐལ། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་ལ་དེ་ལྟར་ངེས་པའི་ཕྱིར་ཏེ། རྣམ་བཤད་ལས། འདི་དམན་ལམ་སྔོན་དུ་མ་སོང་བ་ལ་ནི་ས་དྲུག་པ་ཡན་ཆད་དུ་ཐོབ། ཅེས་དང༌། ཀུན་བཏུས་དར་ཊཱིཀ་ལས། དམན་ལམ་སྔོན་དུ་མ་སོང་བའི་ཐེག་པ་ཆེན་པོ་པ་ས་དྲུག་པ་ནས་སྙོམས་པར་འཇུག ཅེས་གསུངས་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། ཡུལ་ཅན་ཁྱད་པར་བ་ཡུན་ཐུང་ངུའི་སྙོམས་པར་འཇུག་པ་ལ་དགོངས་པའི་ཕྱིར་ཏེ། ས་བཅུ་པའི་མདོ་ལས། ས་དྲུག་པ་ཡན་ཆད་དུ་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ་ས་བདུན་པར་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐད་ཅིག་དང་སྐད་ཅིག་ལ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ཐེག་ཆེན་གྱིས་ཞག་བདུན་ལས་ལྷག་འགོག་པར་སྙོམས་པར་འཇུག་པ་མི་འཐད་པར་ཐལ། དེ་ལས་ལྷག་ཞུགས་ན་གཞན་དོན་རྒྱུན་ཆད་འགྲོ་བའི་ཕྱིར། དེར་ཐལ། མདོ་ཉི་མའི་སྙིང་པོ་ལས། ཞག་བདུན་ལས་ལྷག་པར་འགོག་པ་ལ་སྙོམས་པར་འཇུག་ན་བྱང་ཆུབ་སེམས་དཔའ་སྤྱོད་པ་ལས་དམན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཉན་རང་ལྟར་རང་དོན་དུ་ཞི་བདེས་ཞུགས་ན་བྱང་སེམས་ཀྱི་སྤྱོད་པ་དམན་པ་སྟེ་བྲལ་བར་འགྱུར། ཞེས་པའི་དོན་ཡིན་པའི་ཕྱིར། མདོ་སྡུད་པས་ཤེས་སོ། །ཡང་ཁ་ཅིག །དེ་ལྡན་མིན་ཡིན་པར་ཐལ། མཛོད་དང་ཀུན་བཏུས་སུ་ལྡན་མིན་དུ་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། གྲུབ་མཐའ་དང་ཁུངས་གཏན་མི་གཅིག་པའི་ཕྱིར། ཞེས་སྨྲའོ། །

ལྔ་པ་ནི། འགྲེལ་པ་ལས། སྤོང་པའི་ལམ་ལ་སོགས་བྱུང༌། ཤེས་བྱ་ཆོས་ཅན། སྤོང་བའི་ལམ་ལ་བཞི་ཡོད་དེ། ཆོས་བཟོད་བར་ཆད་མེད་ལམ་གྱི་ཤེས་རྣམ་བདེན་བཞིའི་སྒོ་ནས་བཞི་ཡོད་པའི་ཕྱིར། དྲུག་པ་ནི། འགྲེལ་པ་ལས། སངས་རྒྱས་ཉིད་ཀྱི་ལམ་ལ་སོགས་བྱུང༌། ཤེས་བྱ་ཆོས་ཅན། སངས་རྒྱས་ཁོ་ནར་བགྲོད་པའི་ལམ་ལ་བཅུ་ཡོད་དེ། དེ་འདྲ་སྦྱིན་སོགས་ཕར་ཕྱིན་བཅུ་ཡོད་པའི་ཕྱིར།

 

སྨྲས་པ།

མ་དུལ་ཚེར་དང་ཉོན་མོངས་དྲི་ངན་བྲལ། །

ལྷག་བསམ་དག་པའི་རིན་ཆེན་ས་རྡོལ་ནས། །

རྨད་བྱུང་སྲིད་ཞིའི་འདོད་དགུ་ཀུན་སྟེར་བའི། །

ལམ་ཤེས་རྣམ་སད་ཡོངས་འདུའི་ལྗོན་ཤིང་མཚར། །

    ལེགས་བཤད་རང་རང་བློ་མཐུན་རིན་ཆེན་གྱི། །སྣ་ཚོགས་རྒྱན་འཕྱངས་ཁེངས་བྲལ་འདུད་པའི་ཤིང༌། །རིན་ཆེན་ཀུན་ལས་གྲུབ་ཀྱང་མཉེན་ལྕུག་ཅན། །འཇིག་རྟེན་དོན་གྲུབ་སྒྲུབ་བྱེད་བླ་ན་འབར། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                                          རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།