ཀུན་མཁྱེན་ཕར་ཕྱིན་ལས་ཐུན་མོང་གི་རྣམ་པ་སོ་བདུན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-01-15 11:16:26     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 168526773371505757.jpg

    གཉིས་པ་རྒྱས་བཤད་ལ། སོ་བདུན་དང༌། སོ་བཞི་བཤད་པ་དང༌། རྣམ་མཁྱེན་སོ་དགུ་བཤད་པ་གསུམ། དང་པོ་ནི། འགྲེལ་པ་ལས། དེ་ལ་ཐམས་ཅད་ཤེས་པ་ཉིད་ལ། ཞེས་སོགས་ལ། བྱང་ཕྱོགས་སོ་བདུན་གྱི་སྤྱིའི་དོན་དང༌། སོ་སོའི་རྣམ་གཞག་གཉིས། དང་པོ་ལ་དབྱེ་བ་དང༌། སྒོམ་ཚུལ་དང༌། ས་མཚམས་དང༌། རྫས་བཏགས་དང༌། སྒྲ་བཤད་དང་ལྔ། དང་པོ་ནི། སྐབས་འདིའི་ཤེས་རྣམ་ལ་བྱང་ཕྱོགས་སོ་བདུན་ཡོད་དེ། དྲན་པ་ཉེར་བཞག་བཞི་དང༌། ཡང་དག་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་ཡོད་པའི་ཕྱིར། གཉིས་པ་དེ་དག་གི་སྒོམ་ཚུལ་གྱི་གཙོ་བོ་ཡོད་དེ་ཚོགས་ལམ་ཆུང་ངུ་ན་དྲན་ཉེ་དང༌། འབྲིང་ན་ཡང་དག་སྤོང་བ་དང༌། ཆེན་པོ་ན་རྫུ་འཕྲུལ་གྱི་རྐང་པ་དང༌། དྲོད་རྩེ་གཉིས་ན་དབང་པོ་ལྔ་དང༌། བཟོད་མཆོག་གཉིས་ན་སྟོབས་ལྔ་དང༌། མཐོང་ལམ་ན་བྱང་ལག་དང༌། སྒོམ་ལམ་ན་ལམ་གྱི་ཡན་ལག་སྒོམ་པ་ཡོད་པའི་ཕྱིར། དང་པོ་གསུམ་གྲུབ་སྟེ། གསེར་འཕྲེང་ལས། ཚོགས་ལམ་ན་སྡེ་ཚན་དང་པོ་གསུམ་དང༌། ཞེས་དང༌། འཇུག་འགྲེལ་ལས། དེ་ལ་སེམས་བསྐྱེད་པ་དང་པོ་ན་དྲན་པ་ཉེར་བཞག་བསྒོམ་ལ། གཉིས་པ་ན་ཡང་དག་སྤོང་པའོ། །གསུམ་པ་ན་རྫུ་འཕྲུལ་གྱི་རྐང་པའོ། །ཞེས་གསུངས་པའི་ཕྱིར། བཞི་པ་དང་ལྔ་པ་གྲུབ་སྟེ། དབུས་མཐའ་ལས། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་གསུངས་པའི་ཕྱིར། དྲུག་པ་དང་བདུན་པ་གྲུབ་སྟེ། གཙོ་ཆེ་བས་དེ་ལྟར་བྱས་ཀྱང་གཉིས་ཀ་ན་ཡན་ལག་གཉིས་ཀ་ཡོད་པའི་ཕྱིར། གསེར་འཕྲེང་ལས། དེ་ཡང་མཐོང་ལམ་ན་བྱང་ལག་དང་སྒོམ་ལམ་ན་ལམ་གྱི་ཡན་ལག་འཇོག་པ་ནི་གཙོ་ཆེ་བ་ཡིན་གྱི་དང་པོ་ན་ཡང་ལམ་གྱི་ཡན་ལག་ཡོད་དོ། །ཞེས་གསུངས་པའི་ཕྱིར། གསུམ་པ་དེ་དག་གི་ས་མཚམས་ཡོད་དེ། སྒོམ་ཚུལ་གཙོ་བོར་བྱས་ནས་དང་པོ་གསུམ་དེ་ལྟར་བཤད་ཀྱང་སྡེ་ཚན་དང་པོ་གསུམ་ག་ཚོགས་ལམ་ཆུང་ངུ་ན་ཡོད། དབང་པོ་ལྔ་དྲོད་ནས་ཐོབ། སྟོབས་ལྔ་བཟོད་པ་ནས་ཐོབ། བྱང་ཆུབ་ཡན་ལག་དང་ལམ་ཡན་ལག་ཀྱང་མཐོང་ལམ་དང་ལྷན་དུ་ཐོབ་པའི་ཕྱིར། དང་པོ་གྲུབ་སྟེ། ཚོགས་ལམ་ཆུང་ངུ་ནས་ཞི་ལྷག་ཟུང་འབྲེལ་ཡང་ཡོད་པས། རྫུ་འཕྲུལ་གྱི་རྐང་པ་ཡོད་ན་དང་པོ་གཉིས་ལྟ་ཅི་སྨོས་པའི་ཕྱིར། མཛོད་ལས། ཞི་གནས་གྲུབ་པར་གྱུར་པ་ཡི། །དྲན་པ་ཉེར་བཞག་བསྒོམ་པར་བྱ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྫུ་འཕྲུལ་གྱི་རྐང་པའི་ས་མཚམས་ནི། རྣམ་བཤད་ལས། ཏིང་ངེ་འཛིན་འདི་དག་རྫུ་འཕྲུལ་འགྲུབ་པའི་གཞིའི་གཙོ་བོ་ཡིན་པས་རྫུ་འཕྲུལ་གྱི་རྐང་པའོ། །འདི་ཡང་ལམ་གསུམ་རིམ་པ་བཞིན་དུ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བར་ཤེས་པའི་ཆེད་དུ་ཚོགས་ལམ་ཆེན་པོ་དང་སྦྱར་ཡང་ཚོགས་ལམ་ཆུང་ངུའི་གནས་སྐབས་ནས་ཀྱང་གྲུབ་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡང་དག་སྤོང་བའི་ས་མཚམས་ཀྱང་དེ་ན་ཡོད་པའི་ཕྱིར་ཏེ། དེས་ན་ཡང་དག་སྤོང་བའི་དད་པ་དང་བརྩོན་འགྲུས་རྒྱུད་ལྡན་གྱི་ཚོགས་ལམ་ཐོབ་མ་ཐག་ཡོད་པའི་ཕྱིར། བཤེས་སྤྲིངས་ལས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །སོགས་ཀྱི་ཁྱད་པར་ཚོགས་ལམ་པ་ལ་ཡོད་པའི་ཕྱིར། ལམ་གྱི་གཙོ་བོ་རྣམ་གསུམ་ལས། དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌ ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་གསུངས་པའི་ཕྱིར། རྣམ་བཤད་ལས། ཡང་དག་སྤོང་བ་ནུས་པ་ཁྱད་པར་ཅན་རྙེད་པ་དང༌། དྲན་པ་ཉེར་བཞག་སྒོམ་པའི་འབྲས་བུ་ཤེས་པའི་ཆེད་དུ་ཚོགས་ལམ་འབྲིང་དང་སྦྱར་ཡང་མཚན་ཉིད་ཚང་བ་ཚོགས་ལམ་ཆུང་ངུ་ནས་ཀྱང་བསྐྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་དང་གསུམ་པ་སླ། རྩ་རྟགས་བཞི་པ་གྲུབ་སྟེ། མཐོང་ལམ་ཐོབ་པ་ན་བྱང་ཕྱོགས་སོ་བདུན་ཐོབ་པས་ཁྱབ་པའི་ཕྱིར། མདོ་སྡེ་རྒྱན་ལས། རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པ། །རྣམ་པ་སྣ་ཚོགས་ཐམས་ཅད་ནི། །རྟག་ཏུ་མཐོང་བའི་ལམ་དེ་དང༌། །ལྷན་ཅིག་ཏུ་ནི་ཐོབ་པར་འདོད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་འགྲེལ་པ་ལས། བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དྲན་པ་ལ་སོགས་པ་སྣ་ཚོགས་པ་ཐམས་ཅད་མཐོང་བའི་ལམ་དེ་དང་ལྷན་ཅིག་ཐོབ་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། བཞི་པ་ནི། བྱང་ཕྱོགས་སོ་བདུན་འབྱེད་པ་མིང་གི་ལྡོག་ཆས་འབྱེད་ཀྱང་རྫས་སུ་བཅུ་ཡིན་ཏེ། མཐོང་ལམ་པའི་རྒྱུད་ཀྱི་སོ་བདུན་ལ་ངག་དང༌། ལས་མཐའ་དང༌། འཚོ་བ་གསུམ་གཅིག་ཏུ་བསྡུས་པས་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཤེས་རབ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་དང༌། དགའ་བ་དང༌། རྟོག་པ་དང༌། ཚུལ་ཁྲིམས་དང༌། ཤིན་སྦྱངས་བཅུར་འདུས་པའི་ཕྱིར། མཛོད་ལས། མིང་གི་སྒོ་ནས་རྫས་སུ་བཅུ། །དད་དང་བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བསྡུ་བ་ལས་ཀྱང༌། དབང་པོ་ལྔ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ། ཞེས་པ་ནས། སྨྲས་པ། སུམ་ཅུ་རྩ་བདུན་གྱི་ལྔ་བསྡུས་ཀྱི་ལྔས་ནི་སུམ་ཅུ་རྩ་བདུན་མ་བསྡུས་སོ། །གང་དག་མ་བསྡུས་ཤེ་ན། ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། དགའ་བ་དང༌། བཏང་སྙོམས་ཏེ། དེ་ལྟར་དྲུག་པོ་དེ་དག་གམ་ཆོས་བཞི་མ་བསྡུས་སོ། །ཞེས་གསུངས་པའི་ཕྱིར། ལྔ་པ་ནི། དེ་དག་ཆོས་ཅན། བྱང་ཆུབ་ཕྱོགས་མཐུན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཟད་མི་སྐྱེ་ཤེས་པ་ནི་བྱང་ཆུབ་ཡིན་ལ་དེ་དང་མཐུན་པས་དེ་སྐད་བརྗོད་པའི་ཕྱིར། མཛོད་ལས། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་ཉིད་ཕྱིར། །སུམ་ཅུ་རྩ་བདུན་དེ་ཕྱོགས་མཐུན། །ཞེས་སོ། །

    འདིར་མཐའ་ཅུང་ཟད་དཔྱད་ན། ཁྱོད་ཀྱི་ས་མཚམས་དེ་མི་འཐད་པར་ཐལ། དྲན་ཉེ་ཚོགས་ལམ་དང༌། ཡང་དག་སྤོང་བ་དྲོད་དང༌། རྫུ་འཕྲུལ་རྐང་པ་རྩེ་མོ་དང༌། དབང་པོ་བཟོད་པ། སྟོབས་ཆོས་མཆོག འཕགས་ལམ་མཐོང་ལམ་དང༌། བྱང་ལག་སྒོམ་ལམ་ནས་འཐོབ་དགོས་པའི་ཕྱིར། མཛོད་ལས། སྡེ་ཚན་བདུན་ནི་གོ་རིམ་བཞིན ལས་ནི་དང་པོ་པ་དག་དང༌། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །སྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་བྱེ་མདོའི་ལུགས་ཙམ་བཤད་པ་ཡིན་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། མཛོད་ཀྱི་དེ་ཉན་ཐོས་ཀྱི་རྒྱུད་ལ་སྐྱེ་ཚུལ་ཡིན་པའི་ཕྱིར་ཟེར་བ་ཤིན་ཏུ་ཐ་ཆད་ཡིན་པར་ཐལ། དེ་ནི་བྱེ་སྨྲའི་ཐེག་པ་གསུམ་གའི་བྱང་ཕྱོགས་ཀྱི་སྐྱེ་ཚུལ་ཡིན་པའི་ཕྱིར་ཏེ། གསེར་འཕྲེང་ལས། ཆོས་སོ་བདུན་གང་གི་རྒྱུད་ལ་དེ་ལྟར་འདོད་དེ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་གིས། འགྲེལ་པའི་ཚིག་ཟིན་ལྟར་སྡེ་ཚན་བདུན་རིམ་ཅན་ཁོ་ན་དང་ཚོགས་ལམ་གསུམ་ལ་རིམ་གྱིས་སྐྱེ་ཟེར་ན་མི་འཐད་པར་ཐལ། དེ་ཁྱད་པར་ཅན་གྱི་སྒོམ་ཚུལ་ཙམ་ཡིན་པའི་ཕྱིར། དེར་ཐལ། ཀུན་བཏུས་དང་འགྲེལ་པ་སོགས་ཀྱི་བཤད་ཚུལ་སྒོམ་ཚུལ་ཙམ་ཡིན་པའི་ཕྱིར་ཏེ། གསེར་འཕྲེང་ལས། དེ་ལྟར་ན་ཚོགས་ལམ་ན་སྡེ་ཚན་དང་པོ་གསུམ་དང༌། དྲོད་རྩེ་ནས་དབང་པོ། བཟོད་མཆོག་ནས་སྟོབས་སྒོམ་པར་ཀུན་བཏུས་སོགས་ནས་གསུངས་པ་འདི་ནི་སྤྱིའི་རྣམ་གཞག་ཡིན་གྱི། ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཚོགས་ལམ་ཆུང་ངུ་ན་དྲན་ཉེ་རྫུ་འཕྲུལ་རྐང་པ་དང་ཡང་དག་སྤོང་བ་ཅིག་ཅར་དུ་སྒོམ་པ་མེད་པར་ཐལ། དེ་དག་ཚོགས་ལམ་གསུམ་ལ་རིམ་ཅན་ཁོ་ནར་སྐྱེད་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་བཏུས་ལས། ཡང་སྒོམ་པ་ནི་འདུན་པ་དང༌། བརྩོན་འགྲུས་དང༌། རྩོལ་བ་དང༌། སྤྲོ་བ་དང༌། མཐུན་པ་དང༌། ཕྱིར་ནུར་བ་མེད་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། བག་ཡོད་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉེས་པ་དགུའི་གཉེན་པོར་དེ་དགུ་སྒོམ་པའི་ཕྱིར། དོན་སྤྱི་ཆགས་པ་གཅིག་གིས་བལྟས་ན་ལྟད་མོ་ཡོད་དོ། །ཚིག་མི་གཅིག་པས་དོན་ཐ་དད་པར་རྫས་སུ་བཅུར་བཤད། གཞན་ཡང༌། ཚོགས་ལམ་ཆེན་པོ་ཐོབ་ནས་ཀྱང་སྡེ་ཚན་གསུམ་སྒོམ་དུས་ཅིག་ཅར་སྒོམ་པ་གཅིག་མེད་པར་ཐལ། ཚོགས་ལམ་ཆུང་ངུ་ལ་དེའི་ཕྱིར། ཁྱབ་སྟེ། ཚོགས་ལམ་ཆུང་ངུ་བ་ཡིན་ན་ཡང་དག་སྤོང་བ་བཞི་ཐོབ་པས་ཁྱབ་པའི་ཕྱིར། ཀུན་བཏུས་ལས། ངོ་བོ་ཉིད་གང་ཞེ་ན། བརྩོན་འགྲུས་སོ། །ཞེས་དང༌། སྒོམ་ཚུལ་ཡང༌། ཀུན་བཏུས་ལས། སྒོམ་པ་གང་ཞེ་ན། གང་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །རབ་ཏུ་འཇོག་གོ་ཞེས་བྱ་བ་སྟེ། ཞེས་གསུངས་པའི་ཕྱིར། དེ་ཙམ་ཡང་མ་ཐོབ་ཟེར་ན། ཚོགས་ལམ་པ་དེ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱང་དགེ་བཤེས་ཤིག་གོ །དེ་དག་དཔྱད་པའི་སྒོ་ཡིན་ནོ། །

    གཉིས་པ་སོ་སོའི་དཀའ་གནས་ཀྱི་མཐའ་དཔྱད་པ་ལ། སྡེ་ཚན་བདུན་ལས། དང་པོ་ནི། འགྲེལ་པ་ལས། དང་པོར་དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ། ཞེས་སོགས་བྱུང༌། མཐའ་དཔྱད་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། ལུས་ཚོར་སེམས་ཆོས་བཞི་ལ་དམིགས་ནས་རང་སྤྱིའི་མཚན་ཉིད་གཉིས་སུ་བརྟགས་པའི་ཏིང་ངེ་འཛིན་ཤེས་རབ་དེ། དྲན་པ་ཉེར་བཞག་གི་མཚན་ཉིད་ཟེར་ན། འོ་ན་ལུས་དྲན་པ་ཉེར་བཞག་གི་ཤེས་རབ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་ན། ཏིང་ངེ་འཛིན་ཤེས་རབ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བདག་མེད་ཡིན་པའི་ཕྱིར། ཡང་ཁ་ཅིག་གིས། དེ་ལྟར་འཛིན་པའི་ཏིང་ངེ་འཛིན་ཤེས་རབ་དང་མཚུངས་ལྡན་དང་བཅས་པ། དེའི་མཚན་ཉིད་ཟེར་ན། ལུས་དྲན་པ་ཉེ་བར་བཞག་པའི་ཤེས་རབ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རང་བཞིན་གྱི་དྲན་པ་ཉེར་བཞག་ཡིན་པའི་ཕྱིར་ཏེ། མཛོད་ལས། དྲན་པ་ཉེར་བཞག་ཤེས་རབ་བོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཤེས་རབ་དང་མཚུངས་ལྡན་ཡིན་པར་ཐལ། ཏིང་ངེ་འཛིན་ཤེས་རབ་དང་མཚུངས་ལྡན་དང་བཅས་པ་དེའི་ཕྱིར། འདོད་མི་ནུས་ཏེ། ཤེས་རབ་ཡིན་པའི་ཕྱིར། མ་ཁྱབ་ན་རྫས་མཚུངས་ཉམས་སོ། །གཞན་ཡང༌། ལུས་དྲན་པ་ཉེར་བཞག་གི་ཤེས་རབ་དང་མཚུངས་ལྡན་གྱི་ཏིང་ངེ་འཛིན་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། འབྲེལ་བའི་དྲན་པ་ཉེར་བཞག་ཡིན་པའི་ཕྱིར། དེར་ཐལ། རང་བཞིན་གྱི་དྲན་པ་ཉེར་བཞག་དང་མཚུངས་ལྡན་གྱི་སེམས་བྱུང་ཡིན་པའི་ཕྱིར་ཏེ། མཛོད་ལས། གཞན་ནི་འབྲེལ་དང་དམིགས་པ་ལས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་འབྲེལ་བའི་དྲན་པ་ཉེ་བར་བཞག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཏིང་ངེ་འཛིན་དང་མཚུངས་ལྡན་ཡིན་པར་ཐལ། ཏིང་ངེ་འཛིན་ཤེས་རབ་དང་མཚུངས་ལྡན་དང་བཅས་པ་དེའི་ཕྱིར། རྟགས་དངོས། ཡང་ཁ་ཅིག །དེ་བཞི་ལ་མཚན་ཉིད་གཉིས་སུ་བརྟགས་ནས་སྒོམ་པའི་ཏིང་ངེ་འཛིན་སོགས་སྔར་ལྟར་མཚན་ཉིད་ཟེར་ན། ཐོས་བྱུང་གི་དང༌། བསམ་བྱུང་གི་དེ་གཉིས་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཐོས་བསམ་སྒོམ་གསུམ་གའི་དྲན་པ་ཉེར་བཞག་ཡོད་པའི་ཕྱིར། མཛོད་ལས། ཤེས་རབ་ཐོས་སོགས་ལས་བྱུང་བའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ལུས་ཚོར་སེམས་ཆོས་བཞི་ལ་དམིགས་ནས་རང་སྤྱིའི་མཚན་ཉིད་གཉིས་སུ་རྟོག་པར་བྱེད་པའི་ཤེས་པ་དེ། དེའི་མཚན་ཉིད་ཟེར་ན། འོ་ན། ལམ་མ་ཞུགས་ན་དྲན་པ་ཉེར་བཞག་ཡོད་པར་ཐལ། དེ་ན་དེ་འདྲ་ཡོད་པའི་ཕྱིར། དེ་ན་དེ་ཐོབ་ཁ་མ་ཡོད་པའི་ཕྱིར། རྟགས་སླ། འདོད་མི་ནུས་ཏེ། བྱང་ཕྱོགས་སོ་བདུན་ལམ་ཡིན་པའི་ཕྱིར། གཞན་ཡང༌། ལུས་ཙམ་ལ་དམིགས་ནས་མི་གཙང་བའི་རྫས་སོ་གཉིས་ཙམ་སྒོམ་པའི་བྱང་སེམས་ཀྱི་དྲན་པ་ཉེར་བཞག་ཆོས་ཅན། དེ་བཞི་ལ་དམིགས་ནས་རང་སྤྱིའི་མཚན་ཉིད་གཉིས་སུ་རྟོག་པར་བྱེད་པའི་ཤེས་པ་ཡིན་པར་ཐལ། དྲན་པ་ཉེར་བཞག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་འདྲ་ཡོད་པའི་ཕྱིར། ཆོས་ཡང་དག་པར་སྡུད་པ་ལས། བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ལུས་འདི་ནི་རྐང་པ་དང༌། རྐང་སོར་དང༌། བྱིན་པ་དང༌། ནས། མགོ་བོའི་ཐོད་པ་འདུས་པ་ཙམ་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བསླབ་བཏུས་ལས། མི་སྡུག་པའི་སྐབས་ལས་ལུས་དྲན་པ་ཉེ་བར་བཞག་པ་བཤད་ཟིན་ཏེ། དེའི་དབྱེ་བ་བག་ཙམ་གྱིས། ཞེས་ལུང་དེ་དྲངས་པའི་ཕྱིར། འདོད་མི་ནུས་ཏེ། དམིགས་པའང་དེ་བཞི་ག་མ་དམིགས་ལ། མཚན་ཉིད་ཀྱང་གཉིས་སུ་མ་བརྟགས་པའི་ཕྱིར། དེར་ཐལ། དམིགས་པ་ལུས་ཙམ་དང་རང་གི་མཚན་ཉིད་ཙམ་ལ་བརྟགས་པའི་ཕྱིར། གཞན་ཡང༌། རང་གི་ལུས་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་སུ་བསམ་སྟེ། སེམས་ཅན་ཐམས་ཅད་ཀྱི་ལུས་སངས་རྒྱས་ཀྱི་སྐུའི་གནས་སུ་བསམ་པའི་བྱང་སེམས་ཀྱི་དྲན་པ་ཉེར་བཞག་ཆོས་ཅན། ལུས་ཚོར་སེམས་ཆོས་བཞི་ལ་དམིགས་ནས་རང་སྤྱིའི་མཚན་ཉིད་གཉིས་སུ་བརྟགས་པའི་ཤེས་རབ་ཏུ་ཐལ་ལོ། །བྱང་སེམས་ཀྱི་ལུས་དྲན་པ་ཉེར་བཞག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། གཙུག་ན་རིན་ཆེན་གྱི་མདོ་ལས། བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པ་སྒོམ་པ། བདག་གི་ལུས་སེམས་ཅན་ཐམས་ཅད་ཀྱི་ལུས་ཉེ་བར་འདོགས་ཤིང་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་སངས་རྒྱས་ཀྱི་སྐུའི་གནས་ལ་གནས་པར་བྱའོ ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དམིགས་པ་བཞི་ལ་མ་ཡིན་ལ་སྤྱིའི་མཚན་ཉིད་ཙམ་གྱིས་སྒོམ་པའི་ཕྱིར། དེས་ལུས་དྲན་པ་ཉེར་བཞག་ལའང་ཕྱིའི་ལུས་ནང་གི་ལུས་ཕྱི་ནང་གཉིས་ཀའི་ལུས་ལ་དམིགས་པས་མ་ཁྱབ་པའང་ཤེས་པར་བྱའོ། །

    གཞན་ཡང༌། བྱང་སེམས་སྦྱོར་ལམ་པའི་ལུས་བདག་མེད་དུ་རྟོགས་པའི་ལྷག་མཐོང་དུ་གྱུར་པའི་དྲན་པ་ཉེར་བཞག་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ལུས་སྤྱི་མཚན་གྱི་སྒོ་ནས་རྟོགས་པའི་དེ་ཡིན་པའི་ཕྱིར། དེ་འདྲའི་ལུས་དྲན་པ་ཉེར་བཞག་ཡོད་པའི་ཕྱིར། ཆོས་ཡང་དག་པར་སྡུད་པ་ལས། དེས་སོ་སོར་རྟོགས་པ་ན་འདི་སྙམ་དུ་སེམས་ཏེ། ལུས་འདི་ནི་ནམ་མཁའ་དང་མཚུངས་སོ་སྙམ་ནས། དེ་ལུས་ལ་ནམ་མཁའ་ལྟར་དྲན་པ་ཉེ་བར་འཇུག་གོ །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྟོང་ཉིད་རྟོགས་པའི་ལྷག་མཐོང་དུ་མ་ཟད་བསམ་བྱུང་ལ་ཡང་ཆོས་ཅན་མི་སྣང་བར་འདོད་དགོས་པའི་ཕྱིར། མདོ་ལས། དེ་ཐམས་ཅད་ནི་ནམ་མཁའ་ལྟར་མཐོང་སྟེ། དེ་ལུས་ཡོངས་སུ་ཤེས་པའི་ཕྱིར། གང་དུ་ཡང་དྲན་པ་མི་འཇུག་གོ །ཞེས་གསུངས་པའི་ཕྱིར། དེ་ལྟར་སྨྲ་བས་སྒྲ་རྟོག་གི་སེལ་འཇུག་ཀྱང་མི་ཤེས་པའོ། །གཞན་ཡང༌། བྱང་སེམས་ཀྱི་རྒྱུད་ཀྱི་ཚོར་བ་བདེན་མེད་དུ་རྟོགས་པའི་ཚོར་བ་དྲན་པ་ཉེར་བཞག་ཆོས་ཅན། དེ་བཞི་ལ་རང་སྤྱིའི་མཚན་ཉིད་དུ་རྟོགས་པར་ཐལ། དྲན་པ་ཉེར་བཞག་ཡིན་པའི་ཕྱིར། དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། འདོད་མི་ནུས། དེས་སེམས་ཆོས་གཉིས་ལའང་ཤེས་པར་བྱའོ། །

    རང་ལུགས་ལ། དྲན་པ་ཉེར་བཞག་གི་མཚན་ཉིད། དམིགས་པ། དབྱེ་བ། གྲོགས། སྒོམ་ཚུལ། འབྲས་བུ། སྒྲ་བཤད་དང་བདུན། དམིགས་པ་ལུས་ཚོར་སེམས་ཆོས་བཞི་གང་རུང་ལ་དམིགས་ནས་རང་སྤྱིའི་མཚན་ཉིད་ཅི་རིགས་སུ་བརྟགས་ཏེ་སེམས་པའི་ཤེས་རབ་ཀྱི་ཆ་ནས་བཞག་པའི་མཁྱེན་པ་དེ། དྲན་པ་ཉེར་བཞག་གི་མཚན་ཉིད། ཆ་བཞག་སྨོས་པས་རྣམ་མཁྱེན་གྱི་དེ་ཡང་སྡུད་པའི་ཕྱིར་ཏེ། ཀུན་བཏུས་ལས། ངོ་བོ་ཉིད་གང་ཞེ་ན་དྲན་པ་དང་ཤེས་རབ་བོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དམིགས་པ་བཞི་ཡོད་དེ། ཕྱི་ནང་གི་ལུས་གསུམ་དང༌། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་དང༌། རྣམ་ཤེས་ལྔ་དང༌། དེ་དག་མ་ཡིན་པའི་ཆོས་རྣམས་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ལས། དམིགས་པ་གང་ཞེ་ན། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་སོ། །ཞེས་གསུངས། གསུམ་པ་ནི། དབྱེ་ན་རྟེན་ཉན་རང་བྱང་སེམས་ཀྱི་གསུམ་དང༌། དམིགས་པའི་སྒོ་ནས་བཞི་ཡིན་ནོ། །བཞི་པ་ནི། ཤེས་རབ་དང་དྲན་པ་ཁོ་ནར་མ་ཟད་དེ། དེ་དང་མཚུངས་ལྡན་གྱི་གྲོགས་སེམས་བྱུང་དང་སེམས་ཀུན་དེར་འཇོག་པའི་ཕྱིར། ཀུན་བཏུས་ལས། གྲོགས་གང་ཞེ་ན། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཞེས་གསུངས་པའི་ཕྱིར། མཛོད་ལས་ཀྱང༌། གཙོ་བོ་སྨོས་པ་དེ་དག་ནི། །སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན། །ཞེས་གསུངས་པའི་ཕྱིར། འདི་བཞིས་བདེན་བཞི་ལ་འཇུག་སྟེ། ལུས་དྲན་པ་ཉེར་བཞག་གིས་སྡུག་བདེན་དང༌། ཚོར་བ་དྲན་པ་ཉེར་བཞག་གིས་ཀུན་འབྱུང་བདེན་པ་དང༌། སེམས་དྲན་པ་ཉེར་བཞག་གིས་འགོག་བདེན་དང༌། ཆོས་དྲན་པ་ཉེར་བཞག་གིས་ལམ་བདེན་ལ་འཇུག་པའི་ཕྱིར། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་བཞག་པ་སྒོམས། །ཞེས་གསུངས་པའི་ཕྱིར། གོ་རིམ་གྱི་རྒྱུ་མཚན་ཡོད་དེ། བྱིས་པ་རྣམས་དང་པོར་བདག་གི་གནས་དང༌། དེ་ནས་ཚོར་བ་པོ་ལ་ལོངས་སྤྱོད། དེ་ནས་སེམས་ལ་བདག་གི་དངོས་པོ་དང༌། ཆོས་ལ་ཀུན་ཉོན་དང་རྣམ་བྱང་གི་གཞིར་རྟོག་པའི་ཕྱིར། མཛོད་ལས། རིམ་ནི་ཇི་ལྟར་སྐྱེ་བ་བཞིན། །ཞེས་པ་དང་ཆ་འདྲ་བའི་ཕྱིར། ལྔ་པ་ནི། སྒོམ་ཚུལ་ཡོད་དེ། ལུས་ཚོར་སེམས་ཆོས་བཞི་རེ་རེ་ལའང་ཕྱི་དང་ནང་དང་གཉིས་ཀ་གསུམ་ཕྱེ་ནས་རྗེས་སུ་ལྟ་བ་དེ་ཡིན་པའི་ཕྱིར། ཀུན་བཏུས་ལས། སྒོམ་པ་གང་ཞེ་ན། ནང་གི་ལུས་ལ་སོགས་པ་ལ་ལུས་ལ་སོགས་པའི་རྗེས་སུ་ལྟའོ། །ནང་ན་ཇི་ལྟར་ཕྱི་དང༌། ནང་དང་ཕྱི་ལའང་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ཐུན་མོང་དང་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྒོམ་ཚུལ་གྱི་ཁྱད་པར་གསུམ་ཡོད་དེ། དམིགས་པ་ཉན་རང་གིས་རང་ལུས་སོགས་དང་བྱང་སེམས་ཀྱིས་ལུས་ཐམས་ཅད་ལ་དམིགས། རྣམ་པ་ཡིད་ལ་བྱེད་ཚུལ། ཉན་རང་གིས་མི་རྟག་སོགས་དང༌། བྱང་སེམས་ཀྱིས་རྣམ་པ་ཐམས་ཅད་དང་ཆོས་ཀྱི་མཚན་མ་དེར་མི་དམིགས་པར་སྒོམ་པ་དང༌། འབྲས་བུའི་ཁྱད་པར་ཉན་རང་གིས་སྡུག་བསྔལ་གྱི་ལུས་སོགས་བྲལ་བ་ཁོ་ན་དང༌། བྱང་སེམས་ཀྱིས་དེ་དག་དང་འབྲལ་མི་འབྲལ་གཉིས་ཀ་ཙམ་མ་ཡིན་པར་མི་གནས་པའི་མྱང་འདས་འཐོབ་པའི་ཕྱིར་དུ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་སྡེ་རྒྱན་ལས། རྟེན་དང་གཉེན་པོ་དག་དང་ནི། །དེ་བཞིན་དུ་ནི་འཇུག་པ་དང༌། །དམིགས་པ་དང་ནི་ཡིད་བྱེད་དང༌ ཐོབ་པས་སྒོམ་པ་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དམིགས་པ་སོགས་ཀྱི་དོན་ཡོད་པའི་ཕྱིར་ཏེ། དེའི་འགྲེལ་པ་ལས། དམིགས་པས་ཇི་ལྟ་བུ་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་དམིགས་པའི་ཕྱིར། ཞེས་སོ། །གཉིས་པ་གྲུབ་སྟེ། དེའི་འགྲེལ་པ་ལས། ཡིད་ལ་བྱེད་པས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པར་མི་དམིགས་པའི་ཕྱིར་རོ། །ཞེས་སོ། །གསུམ་པ་གྲུབ་སྟེ། དེའི་འགྲེལ་པ་ལས། ལུས་ལ་སོགས་པ་དང་བྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན། མི་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱད་པར་བཅུ་བཞི་ཡོད་ཀྱང་མང་དོགས་སོ། །དྲུག་པ་འབྲས་བུ་དེས་བཤད་ཟིན་པའི་ཕྱིར་རོ། །བདུན་པ་སྒྲ་བཤད་ཡོད་དེ། ཡུལ་སོ་སོར་ཕྱེ་བ་ལ་དྲན་པ་ཉེ་བར་བཞག་པའི་སྒོ་ནས་དེར་བརྗོད་པའི་ཕྱིར།

    གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། འདིར་བྱང་སེམས་ཀྱི་གཙོ་བོར་ལུས་དྲན་པ་ཉེར་བཞག་ལ་ཆོས་ཀྱི་བདག་མེད་ཀྱི་རྣམ་ཅན་ཡོད་པར་ཐལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་དེ་འཐད་པའི་ཕྱིར། འདོད་ན། དེ་སངས་རྒྱས་ཀྱི་སའི་གཞི་ཤེས་ཀྱི་སྦྱོར་བ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། རྣམ་བཤད་ལས། ཉན་ཐོས་ཀྱི་རྟོགས་རིགས་སུ་ཤེས་པར་བྱ་བ་དང༌། དེ་དང་རྗེས་སུ་མཐུན་པར་བྱང་ཆུབ་སེམས་དཔས་བསྒོམ་པས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། འདིར་བསྟན་མི་རྟག་སྡུག་བསྔལ་སྟོང་བདག་མེད་རྣམ་ཅན་གྱི་ཉེར་བཞག་ལ་དགོངས་ཀྱི་འདིར་བསྟན་ཐམས་ཅད་ལ་མ་ཡིན་པའི་ཕྱིར

    གཉིས་པ་རྩོལ་བའི་ལམ་ཡང་དག་སྤོང་བ་བཞི་ནི། འགྲེལ་པ་ལས། དེའི་འོག་ཏུ་ཞུགས་པ་ལ་བརྩོན་འགྲུས་འབྱུང་བའི་རྩོལ་བ་ལས་བྱུང་བའི་ལམ་ལ་ཞེས་སོགས་བྱུང༌། སྦྱོར་བ་དང་མཐའ་དཔྱད་པ་གཉིས། ཤེས་བྱ་ཆོས་ཅན། དྲན་པ་ཉེར་བཞག་འོག་ཏུ་ཡང་དག་སྤོང་བ་བཞི་བཤད་པའི་རྒྱུ་མཚན་ཡོད་དེ། དྲན་པ་ཉེར་བཞག་སྒོམ་པས་སྤང་གཉེན་བླང་དོར་ལ་སྤྲོ་བའི་བརྩོན་འགྲུས་འབྱུང་བའི་ཕྱིར། མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ། དང་པོ་ལ་ཁ་ཅིག་ན་རེ། སྤང་གཉེན་ལ་བླང་དོར་བྱེད་པར་སྤྲོ་བའི་བརྩོན་འགྲུས་དེ་ཡང་དག་སྤོང་བའི་མཚན་ཉིད་ཟེར་ན། མཚན་ཉིད་དེ་རྒྱུད་ལྡན་ཡིན་ན་ཡང་དག་སྤོང་བ་རྒྱུད་ལྡན་གྱི་གང་ཟག་ཡིན་དགོས་པར་ཐལ་ལོ། །དམ་བཅའ་འཐད་པའི་ཕྱིར། འདོད་ན། སྤང་གཉེན་ལ་སྤྲོ་བའི་ཉན་ཐོས་ལམ་དུ་འཇུག་ཁ་མ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡང་ཁ་ཅིག་ན་རེ། ཡང་དག་སྤོང་བ་ཡིན་ན་ཁྱོད་ཀྱི་ཉེར་ལེན་དུ་གྱུར་པའི་དྲན་པ་ཉེར་བཞག་གཅིག་སྔོན་དུ་སོང་བས་ཁྱབ་པར་ཐལ། འགྲེལ་པ་ལས། དེའི་འོག་ཏུ་ཞུགས་པ་ལ་བརྩོན་འགྲུས་འབྱུང་བས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཉེར་ལེན་བྱེད་པའི་དོན་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱིས་དྲན་པ་ཉེར་བཞག་ཤེས་རབ་དང༌། ཡང་དག་སྤོང་བ་བརྩོན་འགྲུས་སུ་འདོད་པའི་ཕྱིར། ཁྱབ་སྟེ། ཤེས་རབ་དང་དེ་གཉིས་རྫས་རྒྱུན་མི་གཅིག་པའི་ཕྱིར། གཞན་ཡང༌། ལམ་མ་ཞུགས་ན་བྱང་ཕྱོགས་སོ་བདུན་སྒོམ་པ་མེད་པར་ཐལ། དེ་སྒོམ་པའི་མྱོང་བ་ཅིག་ཅར་སྐྱེས་པ་མེད་པའི་ཕྱིར། མ་གྲུབ་ན། སྡེ་ཚན་དང་པོ་གསུམ་ལ་མྱོང་བ་ཅིག་ཅར་ཐོན་པ་ཞིག་ཡོད་པར་ཐལ་ལོ། །མ་གྲུབ་པ་དེའི་ཕྱིར། འདོད་ན། དེ་གསུམ་ཅིག་ཅར་སྐྱེས་པ་ཡོད་པར་ཐལ། འདོད་པའི་ཕྱིར།

    གཉིས་པ་རང་ལུགས་ལ། སྤང་གཉེན་གྱི་བླང་དོར་ལ་སྤྲོ་བའི་བརྩོན་འགྲུས་ཀྱི་ཆ་ནས་བཞག་པའི་མཁྱེན་པ་དེ། ཡང་དག་སྤོང་བའི་མཚན་ཉིད་ཡིན་ཏེ། མཛོད་ལས། བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །ཞེས་དང༌། ཀུན་བཏུས་ལས་ཀྱང༌། ངོ་བོ་ཉིད་གང་ཞེ་ན་བརྩོན་འགྲུས་སོ། །ཞེས་གསུངས་པའི་ཕྱིར། ཆ་བཞག་གི་རྒྱུ་མཚན་ཡོད་དེ། གྲོགས་ཡང་དག་སྤོང་བ་ལྟ་བུ་སྡུད་པའི་ཆེད་ཡིན་པའི་ཕྱིར། ཀུན་བཏུས་ལས། གྲོགས་གང་ཞེ་ན། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཞེས་གསུངས་པའི་ཕྱིར། དབྱེ་ན་བཞི་ཡོད་དེ། མི་དགེ་བ་སྐྱེས་པ་སྤོང་བའི་དེ། མ་སྐྱེས་པ་མི་སྐྱེད་པའི་དེ་དང༌། དགེ་བ་སྐྱེས་པ་སྤེལ་བའི་དེ་དང༌། མ་སྐྱེས་པ་སྐྱེད་པའི་ཡང་དག་སྤོང་བ་བཞི་ཡོད་པའི་ཕྱིར། འགྲེལ་པ་ལས། རྩོལ་བ་ལས་བྱུང་བའི་ལམ་ལ་མི་དགེ་བ་དང་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དག་གོ་རིམ་བཞིན་དུ་ཡང་དག་པར་སྤོང་བ་དང༌། མི་སྐྱེད་པ་དང༌། སྤེལ་བ་དང༌། སྐྱེད་པའི་རྒྱུའི་བརྩོན་འགྲུས་ཡང་དག་པར་སྤོང་བའི་རྣམ་པ་བཞིའོ། །ཞེས་གསུངས་པའི་ཕྱིར། ས་མཚམས་ཚོགས་ལམ་ཆུང་ངུ་ན་ཡོད། སྒོམ་ཚུལ་ཡོད་དེ། རྒྱུ་འདུན་པ་དང༌། གཉེན་པོ་འབད་པ་ཞི་གནས་དང་རབ་འཛིན་དང་བཏང་སྙོམས་སྒོམ་པའི་སྒོ་ནས་ཡིན་པའི་ཕྱིར། མདོ་ལས། འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཇོག་གོ །ཞེས་བཞི་ཀ་ལ་གསུངས་པའི་ཕྱིར།

    གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། དེ་ལ་ཆ་བཞག་མི་འཐད་པར་ཐལ། དེ་ལ་བརྩོན་འགྲུས་ཀྱིས་ཁྱབ་པའི་ཕྱིར་ཏེ། ཀུན་བཏུས་ལས་ངོ་བོ་ཉིད་གང་ཞེ་ན། བརྩོན་འགྲུས་སོ ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ངོ་བོ་ཉིད་ཀྱི་ཡང་དག་སྤོང་བ་ངོས་བཟུང་བ་ཡིན་པའི་ཕྱིར། འདོད་ན། དེ་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། གྲོགས་ཡང་དག་སྤོང་བ་དང་འབྲེལ་བའི་ཡང་དག་སྤོང་བ་ཡོད་པའི་ཕྱིར།

    གསུམ་པ་ནི། འགྲེལ་པ་ལས། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ལ་འདུན་པ་དང༌། ནས། རྫུ་འཕྲུལ་གྱི་རྐང་པའི་རྣམ་པ་བཞིའོ། །ཞེས་བྱུང༌། སྦྱོར་བ་དང་མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་རྫུ་འཕྲུལ་གྱི་རྐང་པ་བཞི་འཆད་པའི་རྒྱུ་མཚན་ཡོད་དེ། སྤང་གཉེན་ལ་བླང་དོར་བྱེད་པའི་བརྩོན་འགྲུས་ཀྱི་འབྲས་བུ་ཤིན་སྦྱངས་ཀྱིས་སེམས་ལས་སུ་རུང་བར་བྱེད་པའི་ཕྱིར། མཐའ་དཔྱད་ལ་གསུམ་ལས། དང་པོ་ལ་ཁོ་ན་རེ། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་དེ། རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད་ཟེར་ན། ལམ་མ་ཞུགས་གང་ཟག་གི་རྒྱུད་ཀྱི་ཞི་གནས་སྒྲུབ་དུས་ཀྱི་དེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ལམ་ཡིན་པར་ཐལ་ལོ། །ཡང་ཁ་ཅིག །ཉེས་པ་ལྔའི་གཉེན་པོར་སྤོང་པའི་འདུ་བྱེད་བརྒྱད་དང་ལྡན་པའི་མཁྱེན་པ་དེ་དེའི་མཚན་ཉིད་ཟེར་ན། སངས་འཕགས་རྒྱུད་ཀྱི་རྫུ་འཕྲུལ་གྱི་རྐང་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་སླ། འདོད་ན། སངས་རྒྱས་ཀྱི་ས་ན་ཉེས་པ་ལྔ་སྤོང་པའི་འདུ་བྱེད་བརྒྱད་ཡོད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ན་སྒོམ་མེད་པའི་ཕྱིར། གཞན་ཡང༌། ཉེས་པ་ལྔ་དང་བྲལ་བའི་ཚེ་ཡང་འདུ་བྱེད་བརྒྱད་ཀ་སྒོམ་དགོས་པར་ཐལ། རྫུ་འཕྲུལ་གྱི་རྐང་པ་ལ་འདུ་བྱེད་བརྒྱད་དང་ལྡན་པས་ཁྱབ་པའི་ཕྱིར། འཁོར་གསུམ། ཚིག་སྤྱི་ཙམ་མོ། །འདོད་ན། དེའི་བྱིང་རྒོད་ཀྱི་གཉེན་པོ་འདུ་བྱེད་པ་དགོས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དབུས་མཐའ་ལས། ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་དང༌། ལམ་རིམ་ལས། སེམས་མཉམ་པ་ཉིད་དུ་འཇུག་པར་འགྱུར་བའི་ཚེ་འདུ་བྱེད་པའམ་རྩོལ་ན་སྐྱོན་ཡིན་པས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྒོམ་རིམ་ཕྱི་མ་གཉིས་ལས། གལ་ཏེ་སེམས་མཉམ་པར་ཞུགས་པ་ལ་རྩོལ་བ་བྱས་ན་དེའི་ཚེ་རྣམ་པར་གཡེང་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །སྤྲུལ་བསྒྱུར་སྣ་ཚོགས་བྱེད་པའི་རང་གི་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དེ། རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད་ཟེར་ན། ཕྱི་རོལ་པའི་རྒྱུད་ཀྱི་རྫུ་འཕྲུལ་གྱིས་མ་ངེས།

    གཉིས་པ་རང་ལུགས་ལ། ཏིང་ངེ་འཛིན་གྱི་བྱ་བ་རྣམས་སྒྲུབ་པའི་ཡུལ་ལ་དམིགས་པའི་ཏིང་ངེ་འཛིན་དོན་གཉིས་སོགས་ཀྱི་འབྱོར་བའི་གནས་བྱེད་པའི་ཆ་ནས་བཞག་པའི་མཁྱེན་པ་དེ། རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད་ཡིན། ཀུན་བཏུས་ལས། ངོ་བོ་ཉིད་གང་ཞེ་ན། ཏིང་ངེ་འཛིན་ཏོ། །ཞེས་གསུངས་པའི་ཕྱིར། འདིའི་རྫུ་འཕྲུལ་འབྱོར་བ་དང༌། རྐང་པ་གནས་དང་འགྲོ་བྱེད་ལ་བཤད་དགོས་པའི་ཕྱིར། དབུས་མཐའ་ལས། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་བར་འགྱུར། །ཞེས་གསུངས་པའི་ཕྱིར། དེའི་གནས་དང་འབྱོར་བའི་སྐད་དོད་གཅིག་ཡོད་པའི་ཕྱིར་ཏེ། རྀ་དྷི་པཱ་ད་ཞེས་པའི་རྀ་དྷི་རྫུ་འཕྲུལ་ལམ་འབྱོར་བ་སོགས་དང༌། པཱ་ད་གནས་སམ་རྐང་པ་སོགས་ལ་འཇུག་པའི་ཕྱིར། སྒྲ་བཤད་དེ་ཡིན་ནོ། །ཆ་བཞག་གིས་ངོ་བོ་ཉིད་ཀྱི་རྫུ་འཕྲུལ་གྱི་རྐང་པ་མ་ཡིན་པའི་གྲོགས་ཀྱི་དེ་ཡང་སྡུད་དགོས་པའི་ཕྱིར་ཏེ། ཀུན་བཏུས་ལས། གྲོགས་གང་ཞེ་ན། འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། དཔྱོད་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང༌། སེམས་ལས་བྱུང་པའི་ཆོས་རྣམས་སོ། །ཞེས་གསུངས་པའི་ཕྱིར། དབྱེ་ན་བཞི་ཡོད་དེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང༌། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང༌། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང་བཞི་ཡོད་པའི་ཕྱིར། སོ་སོའི་མཚན་ཉིད་སླ། སྒོམ་ཚུལ་གཉིས་ཡོད་དེ། སྒྲིབ་པ་སྦྱངས་དུས་ཉེས་པ་ལྔའི་གཉེན་པོར་འདུ་བྱེད་བརྒྱད་ཀྱིས་སྒོམ་ཡང༌། དེ་ཐོབ་ཟིན་སྒོམ་རེས་ཀྱིས་འདུ་བྱེད་བརྒྱད་བསྟེན་མི་དགོས་པའི་ཕྱིར། ཉི་སྣང་ལས། དེ་ལྟར་སྒྲིབ་པ་ཡོངས་སུ་སྦྱངས་པ་ནི་འདུན་པ་ལ་སོགས་པའི་སྒོ་ནས། ཞེས་གསུངས་པའི་ཕྱིར། སྒྲིབ་པ་སྦྱངས་དུས་དམིགས་ཀྱིས་བསལ་བའི་ཕྱིར།

    རྩོད་སྤོང་ལ་ཁོ་ན་རེ། ཐེག་ཆེན་ལའང་དེ་ཙམ་ཡིན་པར་ཐལ། ཐུན་མོང་བ་ལ་དེའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། མདོ་སྡེ་རྒྱན་ལས། བསམ་གཏན་ཕ་རོལ་ཕྱིན་བརྟེན་ནས། །ཞེས་སོགས་དང༌། དེའི་འགྲེལ་པ་ལས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། དཔྱོད་པའི་ཏིང་ངེ་འཛིན་གྱི་དབྱེ་བས་རབ་ཏུ་ཕྱེ་བ་རྣམ་པ་བཞིའོ་ཐབས་ཀྱང་རྣམ་པ་བཞི་ཁོ་ནའོ། །མངོན་པར་སྒྲུབ་པ་རྣམ་པ་དྲུག་གོ །ཞེས་གསུངས་པའི་ཕྱིར། ཐབས་འདུ་བྱེད་བརྒྱད་བཞིར་བསྡུས་པ་ཀུན་བཏུས་ལྟར་དང༌། མངོན་པར་སྒྲུབ་པ་དྲུག་ནི། མདོ་སྡེ་རྒྱན་ལས། མཐོང་བ་དང་ནི་གདམས་ངག་དང༌། །གནས་པས་རྣམ་པར་རྩེ་བ་དང༌། །སྨོན་ལམ་དང་ནི་དབང་དག་དང༌། །ཆོས་ཐོབ་པ་ནི་སྒྲུབ་པའི་ཕྱིར ཞེས་གསུངས་པའི་ཕྱིར།

    བཞི་པ། མངོན་པར་རྟོགས་པའི་སྦྱོར་བའི་ལམ་ནི། འགྲེལ་པ་ལས། མངོན་པར་རྟོགས་པར་སྦྱོར་བའི་ལམ་ལ་དྲོ་བ་དང་རྩེ་མོའི་ངོ་བོ་ཉིད་དད་པ་དང༌། ཞེས་སོགས་བྱུང༌། སྦྱོར་བ་དང་མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་དད་སོགས་དབང་པོ་ལྔ་འཆད་པའི་རྒྱུ་མཚན་ཡོད་དེ། ཏིང་ངེ་འཛིན་གྱིས་སེམས་སྦྱངས་པས་བདེན་བཞི་ལ་ཡིད་ཆེས་ཀྱི་དད་པ་མི་མཐུན་ཕྱོགས་ཀྱིས་མི་རྫི་བའི་དབང་པོ་ལྔ་འབྱུང་བའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། རང་འབྲས་འཕགས་ལམ་སྐྱེད་པ་ལ་རང་དབང་དུ་གྱུར་པའི་མཁྱེན་པ་དེ། བྱང་ཕྱོགས་སོ་བདུན་ནང་ཚན་གྱི་དབང་པོའི་མཚན་ཉིད་ཟེར་ན། གཙོ་སེམས་སུ་གྱུར་པའི་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། གྲོགས་རྣམ་བྱང་གི་དབང་པོ་ཡིན་པའི་ཕྱིར། དེར་ཐལ། དབང་པོ་ལྔ་གང་རུང་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གཞན་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ལས། གྲོགས་གང་ཞེ་ན། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཉན་ཐོས་སྦྱོར་ལམ་པ་དེ་འཕགས་ལམ་སྐྱེད་པ་ལ་རང་དབང་ཅན་གྱི་གང་ཟག་ཡིན་པར་ཐལ། དེའི་ལམ་དེ་དེ་སྐྱེད་པ་ལ་རང་དབང་ཅན་གྱི་ལམ་ཡིན་པའི་ཕྱིར། འདོད་ན། རྩ་བར། གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །འདོད་པའི་ཕྱིར། ཡང་ཁ་ཅིག་གིས། འདིའི་རྣམ་བྱང་དབང་པོ་ལ་སེམས་བྱུང་དགོས་ཟེར་བ་དང༌། ཡང་ཁ་ཅིག །ངོ་བོ་ཉིད་ཀྱི་དབང་པོ་ལ་ཡང་སེམས་དང་སེམས་བྱུང་གཞན་འདོད་ཟེར་ན། དང་པོ་དེ་ཁེགས་ལ་ཕྱི་མ་ཡང་མི་འཐད་པར་ཐལ། ངོ་བོ་ཉིད་ཀྱི་རྣམ་བྱང་དབང་པོ་ལ་སེམས་བྱུང་ལྔར་ངེས་པའི་ཕྱིར། ཀུན་བཏུས་ལས། ངོ་བོ་ཉིད་གང་ཞེ་ན། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་བོ། །ཞེས་གསུངས་པའི་ཕྱིར། སོ་བདུན་རྫས་བཅུར་ངེས་པ་དེའི་ཕྱིར། ཡང་ཁ་ཅིག །ལམ་མ་ཞུགས་ན་དད་སོགས་དབང་པོ་ལྔ་ཡོད་པར་ཐལ། དེ་ན་དད་པ་དང་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་ལྔ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དབང་པོར་འཇོག་པ་ལ་ཉོན་མོངས་གནོན་ཅིང་ལམ་ལ་དབང་བྱེད་པ་དགོས་པའི་ཕྱིར། མཛོད་ལས། རྣམ་པར་བྱང་ལ་དབང་བྱེད་ཕྱིར། །དད་སོགས་དབང་པོ་ལྔར་འདོད་དོ། །ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ། རང་ཡུལ་བདེན་པ་ལ་ཡིད་ཆེས་སོགས་ཀྱིས་དབང་བྱེད་པའི་དད་སོགས་ལྔ་གཙོ་བོར་གྱུར་པའི་ཆ་ནས་བཞག་པའི་མཁྱེན་པ་དེ། བྱང་ཕྱོགས་ནང་ཚན་གྱི་དབང་པོའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ལས། དབང་པོ་རྣམས་ཀྱི་དམིགས་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་པོ་རྣམས་སོ། །ཞེས་གསུངས་པའི་ཕྱིར། དབྱེ་ན་ལྔ་སྟེ། ཀུན་བཏུས་ལས། ངོ་བོ་ཉིད་གང་ཞེ་ན། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་བོ། །ཞེས་གསུངས་པའི་ཕྱིར། སྒོམ་ཚུལ་ཡོད་དེ། བདེན་པ་རྣམས་ལ་ཡིད་ཆེས་པའི་དད་པ་བསྐྱེད་ནས་བརྩོན་པ་དང་དྲན་པ་དང་ཏིང་ངེ་འཛིན་འབྱུང་ཞིང་སྒོམ་པའི་གོ་རིམ་ཡང་དེ་ཡིན་ནོ། །སྒྲ་དོན་ཡོད་དེ། འཕགས་ལམ་འགྲུབ་པའི་བདག་པོར་གྱུར་པས་ན་དབང་པོ་ཞེས་བརྗོད་པའི་ཕྱིར། འགྲེལ་ཆེན་ལས། འཕགས་ལམ་འགྲུབ་པའི་བདག་པོར་གྱུར་པས་ཞེས་སོ། །

    རྩོད་སྤོང་ལ་ཁོ་ན་རེ། ལམ་མ་ཞུགས་ན་དད་པ་མི་ལྡོག་པ་མེད་པར་ཐལ། དེ་ན་དད་པའི་དབང་པོ་མེད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་རིགས་ངེས་དབང་རྣོན་ལམ་ལ་འཇུག་ཁ་མའི་རྒྱུད་ཀྱི་དེ་ཡོད་པའི་ཕྱིར་ཏེ། རྩ་བར། སངས་རྒྱས་སོགས་དམིགས་དད་པ་དང༌། །ཞེས་གསུངས་པའི་ཕྱིར། དེ་ལ་ལམ་ཞུགས་ཀྱིས་མ་ཁྱབ་པའི་ཕྱིར།

    ལྔ་པ་ནི། འགྲེལ་པ་ལས། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ལ་བཟོད་པ་དང་ཆོས་མཆོག་གི་ངོ་བོ་ཉིད་དད་པ་དང༌། ཞེས་སོགས་བྱུང༌། སྦྱོར་བ་ནི་ཤེས་བྱ་ཆོས་ཅན། དེའི་འོག་ཏུ་མངོན་རྟོགས་དང་འབྲེལ་བའི་ལམ་སྟོབས་ལྔ་བཤད་པའི་རྒྱུ་མཚན་ཡོད་དེ། དྲོད་རྩེའི་དད་སོགས་ལས་བཟོད་མཆོག་གི་སྟོབས་ལྔ་འབྱུང་བའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། དད་སོགས་ཀྱི་དབང་པོ་ཡིན་ན། དད་སོགས་ཀྱི་སྟོབས་ཡིན་པས་ཁྱབ་ཟེར་ན། དྲོད་རྩེའི་གནས་སྐབས་ཀྱི་དད་སོགས་ཆོས་ཅན། སྟོབས་ཡིན་པར་ཐལ། དད་སོགས་ཀྱི་དབང་པོ་ཡིན་པའི་ཕྱིར། འདོད་ན། རྗེས་ཐོབ་ཏུ་ཡང་མི་མཐུན་ཕྱོགས་མ་དད་པ་སོགས་མི་འབྱུང་བར་ཐལ། སྟོབས་ཡིན་པའི་ཕྱིར། ཁྱབ་སྟེ། དད་སོགས་དབང་པོ་ལྔའི་མཉམ་བཞག་ཏུ་མ་དད་པ་སོགས་མི་འབྱུང་ཡང་རྗེས་ཐོབ་ཏུ་འབྱུང་བས་སྤེལ་མ་དང་སྟོབས་ཀྱི་དུས་མཉམ་རྗེས་གང་དུ་མི་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་ཆེན་ལས། མ་དད་པ་ལ་སོགས་པའི་མི་མཐུན་ཕྱོགས་དང༌། དད་པ་ལ་སོགས་པའི་གཉེན་པོ་གཉིས་སུ་འདྲེས་པར་འབྱུང་བ་ནི་དབང་པོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་ཆེན་ལས། མི་མཐུན་པའི་ཕྱོགས་ཀྱིས་མ་འདྲེས་པར་གཉེན་པོ་འབའ་ཞིག་འབྱུང་བ་ནི་སྟོབས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་འདི་ལ་འཁྲུལ་ནས་དད་དབང་ལ་དེ་འདྲ་བས་ཁྱབ་ཟེར་ན། སྦྱོར་ལམ་བཟོད་པ་བའི་སྟོང་ཉིད་ལ་ཡིད་ཆེས་ཆོས་ཅན། དེ་འདྲ་བར་ཐལ། དད་པའི་དབང་པོ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དད་པའི་སྟོབས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེའི་རྒྱུད་ཀྱི་ཡང་དབང་པོ་ཡིན་ལ་སྟོབས་མ་ཡིན་པ་ཡོད་པས་སྐྱོན་མེད་ཟེར་ན། དེ་འདྲ་ཡོད་ཀྱང་དེ་མི་འཐད་པར་ཐལ། དེའི་རྒྱུད་ཀྱི་དེ་གཉིས་མི་འགལ་བའི་ཕྱིར། གཞན་ཡང༌། སངས་འཕགས་ཀྱི་རྒྱུད་ཀྱི་དད་དབང་འཕེན་ནོ། །འདི་ནི་རྒྱ་གར་པཎྜི་ཏའི་རྩོད་ཚུལ་ལོ། །

    རང་ལུགས་ལ་རང་གི་མི་མཐུན་ཕྱོགས་མངོན་གྱུར་པ་བཅོམ་པའི་ཆ་ནས་བཞག་པའི་བཟོད་པ་ཡན་ཆད་ཀྱི་དད་སོགས་གང་རུང་གི་མཁྱེན་པ་དེ། བྱང་ཕྱོགས་ཀྱི་སྟོབས་ཀྱི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ལས། དབང་པོ་རྣམས་ཇི་ལྟ་བར་སྟོབས་རྣམས་ལའང་དེ་བཞིན་ནོ ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ལས། འདི་ནི་བྱེ་བྲག་ཡིན་ཏེ། མི་མཐུན་པའི་ཕྱོགས་ངེས་པར་སྲབ་པས་མི་རྫི་བའི་ཕྱིར་སྟོབས་རྣམས་སོ། །ཞེས་གསུངས་པའི་ཕྱིར། དབྱེ་བ་ནི་ལྔ་ཡོད། སོ་སོའི་ངོ་བོ་ཡོད་དེ། བྱང་ཆུབ་ལ་དད་པ་སོགས་ཡིན་པའི་ཕྱིར། རྒྱན་གྱི་འགྲེལ་པ་ལས། དད་པའི་དབང་པོའི་གཞི་ནི་བྱང་ཆུབ་སྟེ་དམིགས་པ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཀྱི་དབང་པོའི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །དྲན་པའི་དབང་པོའི་ནི་ཐེག་པ་ཆེན་པོས་བསྡུས་པའི་ཐོས་པའོ། །ཏིང་ངེ་འཛིན་གྱི་དབང་པོའི་ནི་ཞི་གནས་སོ། །ཤེས་རབ་ཀྱི་དབང་པོའི་གཞི་ནི་ལྷག་མཐོང་ངོ༌། །ཞེས་གསུངས་པའི་ཕྱིར། སྒོམ་ཚུལ་འདྲ། སྟོབས་ཞེས་བྱ་སྟེ། གཉེན་པོ་སྟོབས་དང་ལྡན་པས་མི་མཐུན་ཕྱོགས་མངོན་དུ་གྱུར་པ་མི་འབྱུང་བའི་ཕྱིར་ཏེ། དབུས་མཐའ་ལས། མི་མཐུན་ཕྱོགས་ནི་སྲབ་པའི་ཕྱིར། །སྟོབས་ལྡན་འབྲས་བུ་ཕྱི་མ་ཡིན། །ཞེས་གསུངས་པའི་ཕྱིར།

    དྲུག་པ་ནི། འགྲེལ་པ་ལས། མངོན་པར་རྟོགས་པའི་ལམ་ལ་དྲན་པ་དང༌། ཞེས་སོགས་བྱུང༌། སྦྱོར་བ་ནི། ཤེས་བྱ་ཆོས་ཅན། སྟོབས་ཀྱི་རྗེས་སུ་མངོན་རྟོགས་ཀྱི་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་བཤད་པའི་རྒྱུ་མཚན་ཡོད་དེ། དྲོད་སོགས་ཀྱིས་བདེན་བཞི་རྟོགས་ཤིང་སྒོམ་པས་མཐོང་ལམ་གྱི་ངོ་བོར་གྱུར་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་འབྱུང་བའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། བདེན་བཞིའི་གནས་ལུགས་མཐར་ཐུག་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དེ། བྱང་ཆུབ་ཡན་ལག་གི་མཚན་ཉིད་ཟེར་ན། ཉན་ཐོས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བདེན་བཞིའི་སྟོང་ཉིད་རྟོགས་པའི་དེ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། གཞན་ཡང་ཉན་ཐོས་དང་བྱང་སེམས་མཐོང་ལམ་རྗེས་ཐོབ་པའི་རྒྱུད་ཀྱི་རྟོག་པར་གྱུར་པའི་ལམ་རྣམས་ཆོས་ཅན། དེར་ཐལ། བྱང་ཆུབ་ཡན་ལག་ཡིན་པའི་ཕྱིར། དེ་འདྲ་བའི་འཇིག་རྟེན་པའི་བྱང་ཆུབ་ཡན་ལག་ཡོད་པའི་ཕྱིར་ཏེ། བསྡུ་བ་ལས། འཇིག་རྟེན་པའི་བྱང་ཆུབ་ཀྱི་ཡན་ལག་དྲན་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་ཀྱི་ཡན་ལག་ཡིན་པས་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་པར་ལྟ་བར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདས་ལམ་གྱི་དྲན་སོགས་རྟོག་བྲལ་དང༌། འཇིག་རྟེན་པའི་དྲན་སོགས་རྟོག་པ་གཉིས་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། བྱང་ཆུབ་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་མཁྱེན་པ་དེ་དེའི་མཚན་ཉིད་ཟེར་ན། ཉན་ཐོས་ཀྱི་ཚོགས་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་བྱེད་ཀྱི་ཐབས་ཡིན་པའི་ཕྱིར། འདོད་ན། འཕགས་ལམ་དུ་ཐལ་ལོ། །ཡང་ཁ་ཅིག །དེ་ཡིན་ན་གནས་སྐབས་དང་མཐར་ཐུག་གང་རུང་གི་བྱང་ཆུབ་ཀྱི་རྒྱུ་ཡིན་པས་ཁྱབ་ཟེར་ན། མཐོང་ལམ་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། གནས་སྐབས་དང་མཐར་ཐུག་གི་བྱང་ཆུབ་རྟག་པ་ཡིན་པའི་ཕྱིར། ས་སྡེ་ལས། བྱང་ཆུབ་ནི་གཉིས་ཏེ། སྤངས་པ་དང༌། རྟོགས་པའོ། །ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ། དེ་ཉིད་མངོན་སུམ་དུ་རྟོགས་པས་ཟིན་པའི་དྲན་སོགས་བདུན་གྱིས་བསྡུས་པའི་མཐོང་ལམ་ཡན་ཆད་ཀྱི་མངོན་རྟོགས་དེ། ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཡན་ལག་གི་མཚན་ཉིད་ཡིན་ཏེ། མདོ་སྡེ་རྒྱན་ལས། སར་ཞུགས་པ་ལ་བྱང་ཆུབ་ཀྱི། །ཡན་ལག་རྣམ་པར་བཞག་པ་བརྗོད། །ཆོས་རྣམས་དང་ནི་སེམས་ཅན་ཀུན། །མཉམ་པ་ཉིད་དུ་རྟོགས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོད་དེ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཆོས་རབ་ཏུ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག ཤིན་སྦྱངས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོད་པའི་ཕྱིར། ཤེས་རབ་ནི་རང་བཞིན་གྱི་ཡན་ལག དྲན་པ་གནས་ཀྱི་དང༌། བརྩོན་འགྲུས་ངེས་འབྱུང་གི་དང༌། དགའ་བ་ཕན་ཡོན་གྱི་ཡན་ལག་དང༌། ཤིན་སྦྱངས་ཏིང་ངེ་འཛིན་བཏང་སྙོམས་གསུམ་ཉོན་མོངས་མེད་པའི་ཡན་ལག་ཡིན་པའི་ཕྱིར། དབུས་མཐའ་ལས། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན རྣམ་གསུམ་ཉོན་མོངས་མེད་ཡན་ལག །ཅེས་གསུངས་པའི་ཕྱིར། དེ་བདུན་གྱིས་རྒྱལ་སྲིད་བདུན་ལྟར་སྒྲུབ་པར་བྱེད་དེ། དྲན་པས་རྒྱལ་བྱེད་འཁོར་ལོ་ལྟ་བུ་དང༌། ཤེས་རབ་ཀྱིས་མཚན་འཛིན་གཞོམ་པ་གླང་པོ་ལྟ་བུ་དང༌། བརྩོན་པས་ཆོས་སྣང་ནོར་བུ་ལྟ་བུ་དང༌། དགའ་བས་ས་ལམ་བགྲོད་མྱུར་རྟ་མཆོག་ལྟ་བུ་དང༌། ཤིན་སྦྱངས་ཀྱིས་བདེ་བ་བཙུན་མོ་ལྟ་བུ། ཏིང་ངེ་འཛིན་གྱིས་འབྱོར་ཀུན་སྐྱེད་པ་ཁྱིམ་བདག་ལྟ་བུ། བཏང་སྙོམས་ཀྱིས་འདོར་ལེན་བློན་པོ་ལྟར་བྱེད་པའི་ཕྱིར་ཏེ། རྒྱན་ལས། རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། །ཞེས་གསུངས་པའི་ཕྱིར། སྒྲ་བཤད་ཡོད་དེ། ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་ཡན་ལག་སྟེ། རྒྱུ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར། དབུས་མཐའི་འགྲེལ་བཤད་ལས། མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལ་དྲན་པ་ལ་སོགས་པ་བདུན་ནི་བྱང་ཆུབ་དང་མཐུན་པའི་ཕྱིར་དེའི་ཡན་ལག་རྣམས་སོ། །ཞེས་གསུངས་པའི་ཕྱིར།

    བདུན་པ་ནི། འགྲེལ་པ་ལས། རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ལ་ཡང་དག་པའི་ལྟ་བ་དང༌། ཞེས་སོགས་བྱུང༌། སྦྱོར་བ་ནི་དེའི་འོག་ཏུ་ངེས་འབྱིན་གྱི་ལམ་འཆད་པའི་རྒྱུ་མཚན་ཡོད་དེ། མཐོང་ལམ་དུ་ཡན་ལག་བདུན་སྒོམ་པ་ལས་སྒོམ་ལམ་གྱི་ངོ་བོར་གྱུར་པའི་འཕགས་ལམ་ཡན་ལག་བརྒྱད་འབྱུང་བའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། བདེན་བཞིའི་གནས་ལུགས་མངོན་སུམ་དུ་མཐོང་ཟིན་སྒོམ་པར་བྱེད་པའི་འཕགས་རྒྱུད་ཀྱི་མཁྱེན་པ་དེ། འཕགས་ལམ་ཡན་ལག་གི་མཚན་ཉིད་ཟེར་ན། ཉན་ཐོས་ཀྱི་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འཕགས་ལམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བདེན་བཞིའི་གནས་ལུགས་རགས་པ་མངོན་སུམ་དུ་གསར་རྟོགས་ཡིན་པའི་ཕྱིར། གཞན་ཡང༌། འཕགས་ལམ་ཡན་ལག་ལ་རྟོག་པར་གྱུར་པའི་དེ་དང་རྟོག་མེད་ཀྱི་དེ་གཉིས་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། བྱང་ཆུབ་ཡན་ལག་ལ་འཇིག་རྟེན་པའི་བྱང་ཆུབ་ཡན་ལག་རྟོག་པར་གྱུར་པའི་ལམ་དང་འདས་ལམ་རྟོག་བྲལ་གྱི་ལམ་གཉིས་ཡོད་པ་བཞིན་དུ་འདིར་ཡང་ཡོད་པའི་ཕྱིར། དེར་ཐལ། བསྡུ་བ་ལས། ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་གྱི་ཡན་ལག་རྣམས་ཀྱང་གང་དག་འཇིག་རྟེན་པ་ཡིན་པ་དེ་དག་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །གང་དག་འཇིག་རྟེན་ལས་འདས་པ་དེ་དག་ནི་ཡང་དག་པའི་ཤེས་པ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། འགྲེལ་པ་ལས་ལམ་གྱི་ཡན་ལག་སྒོམ་ལམ་ལ་སྦྱར་བ་མི་འཐད་པར་ཐལ། མཐོང་ལམ་ན་ལམ་གྱི་ཡན་ལག་བརྒྱད་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། ཡན་ལག་བརྒྱད་པོ་དེ་མཐོང་ལམ་དུ་བློ་བརྟན་གྱིས་ཀྱང་བཞག་པའི་ཕྱིར། གསེར་འཕྲེང་ལས། དེ་ལྟ་ན་ཡང་མཐོང་ལམ་དུ་བཞག་པ་མི་འགལ་ཏེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དབྱིག་གཉེན་གྱིས་ཀྱང་དེ་ལྟར་བཤད་པའི་ཕྱིར་ཏེ། དབུས་མཐའི་འགྲེལ་པ་ལས། ཡང་དག་པའི་ལྟ་བ་ནི་སྒོམ་པའི་ལམ་གྱི་ཚེ་མཐོང་བའི་ལམ་ལ་ཡོངས་སུ་གཅོད་པའི་ཡན་ལག་སྟེ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག།།སྒོམ་སྤང་དག་པར་བྱ་བའི་ཕྱིར་ངེས་པར་འབྱིན་པའི་སྒོམ་ལམ་དེ། ལམ་གྱི་ཡན་ལག་དེའི་མཚན་ཉིད་ཟེར་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འཕགས་ལམ་ཡིན་པའི་ཕྱིར། འདོད་མི་ནུས། འདི་ལ་དཔྱད་རྒྱུ་མང་ཡང་ཡི་གེ་མང་དོགས་སོ། །

    རང་ལུགས་ལ། རང་འབྲས་འཕགས་ལམ་བསྐྱེད་པའི་ཆ་ནས་བཞག་པའི་མཁྱེན་པ་དེ། འཕགས་ལམ་ཡན་ལག་གི་མཚན་ཉིད། དབྱེ་ན་ལམ་གྱི་ཡན་ལག་བརྒྱད་ཡོད་དེ། སློབ་པའི་དབང་དུ་བྱས་ན་མཉམ་བཞག་ཏུ་ཆོས་ཉིད་རྟོགས་པ་རྗེས་ཐོབ་ཏུ་དཔྱོད་པའི་ཡང་དག་པའི་ལྟ་བ་དང༌། དེ་དང་མདོ་དོན་གཞན་ལ་སྟོན་བྱེད་ཀྱི་རྟོག་པ་དང༌། རྫུན་སོགས་དག་པའི་ངག་དང༌། ལུས་ཀྱི་ལས་དག་པའི་ལས་ཀྱི་མཐའ་དང༌། ལུས་ཀྱི་ཚུལ་འཆོས་ངག་གི་ཁ་གསག་དག་པའི་ཡང་དག་འཚོ་བ་དང༌། སྒོམ་སྤང་སྤངས་པའི་རྩོལ་བ་དང༌། ཞི་གནས་ཀྱི་རྒྱུ་མཚན་གསུམ་མི་བརྗེད་པའི་དྲན་པ་དང༌། མངོན་ཤེས་སོགས་སྒྲུབ་པའི་ཏིང་ངེ་འཛིན་དང་བརྒྱད་ཡོད་པའི་ཕྱིར་ཏེ། ཀུན་བཏུས་ལས། ངོ་བོ་ཉིད་གང་ཞེ་ན། ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཞེས་གསུངས་པའི་ཕྱིར། བསྡུས་ན་བཞི་ཡོད་དེ། ལྟ་བ་ནི་ཡོངས་སུ་གཅོད་བྱེད་དང༌། ཡང་དག་པའི་རྟོག་པ་གོ་བྱེད་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང་འཚོ་བ་གསུམ་གཞན་ཡིད་ཆེས་པའི་ཡན་ལག་དང༌། ལྷག་མ་གསུམ་གཉེན་པོའི་ཡན་ལག་དང་བཞིར་འདུ་བའི་ཕྱིར། དབུས་མཐའ་ལས། ཡོངས་སུ་གཅོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ཞེས་གསུངས་པའི་ཕྱིར། སྒྲ་བཤད་ཡོད་དེ། འཕགས་པའི་ལམ་གྱི་གཞིར་གྱུར་པས་དེ་ལྟར་བརྗོད་པའི་ཕྱིར།

    རྩོད་སྤོང་ལ་ཁོ་ན་རེ། ཕྱི་མ་གསུམ་ལ་ཉོན་མོངས་སྤོང་བྱེད་ཀྱི་སློབ་ལམ་གྱིས་ཁྱབ་པར་ཐལ། དེ་གསུམ་རིམ་བཞིན་དུ་ཉོན་མོངས་དང༌། ཉེ་ཉོན་བྱིང་རྒོད་དང༌། དབང་གི་མི་མཐུན་ཕྱོགས་གསུམ་སྤོང་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར། དབུས་མཐའ་ལས། ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། །མི་མཐུན་ཕྱོགས་ཀྱི་གཉེན་པོ་འོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བྱང་སེམས་ཀྱི་དེའི་དབང་དུ་བྱས་པའི་ཕྱིར། རྒྱན་འགྲེལ་ལས། ཡང་དག་པའི་རྩོལ་བ་ལ་སོགས་པ་ནི་གོ་རིམ་བཞིན་དུ་ཤེས་བྱའི་སྒྲིབ་པ་དང༌། ལམ་གྱི་སྒྲིབ་པ་དང༌། ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པའི་གཉེན་པོར་སྒོམ་པ་སྟེ། ཡུན་རིང་པོར་མི་སྐྱོ་བར་ཤེས་བྱའི་སྒྲིབ་པའི་གཉེན་པོར་སྒོམ་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། འདི་གཞི་ཤེས་སྐབས་ཡིན་པས། འགྲེལ་པ་ལས་ཀྱང་ཐུན་མོང་ཙམ་བཤད་ཀྱང་བྱང་སེམས་ཀྱི་བྱང་ཕྱོགས་ཐུན་མོང་མ་ཡིན་པ་ཤེས་ཆེད་དུ་མདོ་དང་རྒྱན་གྱི་དོན་ཅུང་ཟད་བྲིས་ཏེ་རྒྱས་པར་ཤེས་སོ། །

 

སྨྲས་པ།

ཐེག་གསུམ་བྱང་ཆུབ་ཕྱོགས་མཐུན་འདབ་བརྒྱའི་ཚལ། །

ཐོས་བསམ་འོད་སྟོང་ཤར་བས་རབ་བཞད་པའི 

ལེགས་བཤད་དྲི་བསུང་ས་གསུམ་ཡོངས་ཁྱབ་པའི། །

མངོན་པར་རྟོགས་པ་མ་འདྲེས་རི་མོ་བཀྲ། །

ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                               རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།