ཀུན་མཁྱེན་ཕར་ཕྱིན་ལས་རྣམ་མཁྱེན་གྱི་རྣམ་པ་མདོར་བསྟན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-01-15 11:12:26     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 147064761514854958.jpg

    གསུམ་པ་རྣམ་མཁྱེན་གྱི་རྣམ་པ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་འཆད་པར། རྩ་བར། དྲན་པ་ཉེར་བཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །ཞེས་བྱུང༌། འཕྲོས་སྦྱོར་བ་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་སངས་རྒྱས་པའི་ཕྱིར་རོ། །ཞེས་པའི་བར་གྱི་རྣམ་མཁྱེན་གྱི་རྣམ་པ་བརྒྱ་རྩ་བཅུ་ཡོད་པའི་བྱང་ཕྱོགས་སོ་བདུན་མདོ་བདུན་གྱིས། ལམ་ཤེས་ཀྱི་སོ་བཞི་མདོ་བཅུ་དྲུག་གིས། རྣམ་མཁྱེན་གྱི་སོ་དགུ་མདོ་བདུན་གྱིས་བཤད་པ་དེ་བསྟན་བཅོས་སུ་ཐོག་མཐའི་མཚམས་ཀྱི་སྒོ་ནས་གསུམ་དུ་འཆད་པར་དྲངས་མ་ཐག་པ་དང༌། སློབ་དཔོན་གྱིས་འཆད་པར། དྲན་པ་ཉེ་བར་བཞག་པ། སོགས་བྱུང༌། གསེར་འཕྲེང་ལས། རྣམ་མཁྱེན་གྱི་རྣམ་པ་སོ་བདུན་པོ་སྡེ་ཚན་རེ་རེ་ལ་རེ་རེ་སྟེ་མདོ་བདུན་དང༌། སོ་བཞི་ལ་རྣམ་ཐར་བརྒྱད་ལ་གཅིག སྙོམས་འཇུག་དགུ་ལ་གཅིག སྤོང་ལམ་ལ་གཅིག གཞན་བཅུ་གསུམ་ལ་རེ་རེ་སྟེ་བཅུ་དྲུག་དང༌། སོ་དགུ་ལ་ཐ་མ་གསུམ་ལ་རེ་རེ། གཞན་སྡེ་ཚན་བཞི་ལ་རེ་རེ་སྟེ་མདོ་བདུན་ཡོད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཡུམ་འདི་ནི་དྲན་པ། ནས། སངས་རྒྱས་པའི་ཕྱིར་རོ། །ཞེས་པའི་བར་གྱི་མདོ་ཆོས་ཅན། རྣམ་མཁྱེན་གྱི་རྣམ་པ་བརྒྱ་རྩ་བཅུ་བཤད་དེ། དེ་ལ་ཉན་ཐོས་ལ་ཡོད་པ་དང་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་དང་སྦྱོར་བ་སོ་བདུན། བྱང་སེམས་ལ་ཡོད་པ་དང་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་དང་སྦྱོར་བ་སོ་བཞི། སངས་རྒྱས་ཁོ་ནའི་ཐུན་མོང་མ་ཡིན་པའི་རྣམ་པ་དང་སྦྱོར་བ་སོ་དགུ་བཤད་པའི་ཕྱིར།

    མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ལ་རྩོད་པ་དང་ལན་གཉིས། དང་པོ་ལ། ཁ་ཅིག་རེ། གང་ཟག་གསུམ་ལ་ཡོད་པའི་ཀུན་མཁྱེན་གསུམ་དུ་བཤད་ཚུལ་དེ་མི་འཐད་པར་ཐལ། འདིའི་རྣམ་པ་རྣམ་མཁྱེན་ཁོ་ན་དང་རྟེན་ཡང་སངས་རྒྱས་ཁོ་ན་ལ་བཤད་པའི་སྐབས་ཡིན་པའི་ཕྱིར་ཞེས་རྩོད་ཚུལ། གསེར་འཕྲེང་ལས། རྩོད་པ་ནི། གལ་ཏེ། ཞེས་སོ དེའི་ལན་བོད་སྔ་མ་ཁ་ཅིག་ན་རེ། དེ་མི་འགལ་ཏེ། དངོས་སུ་སངས་རྒྱས་ཁོ་ན་ལ་ཡོད་ཅིང་རྣམ་མཁྱེན་ཡིན་ཀྱང༌། རྟེན་གསུམ་ལ་ཡོད་པ་དང༌། མཁྱེན་པ་གསུམ་དུ་ཕྱེ་བ་འཕགས་པ་ཐམས་ཅད་ཀྱི་ཡོན་ཏན་ཡར་ལྡན་དུ་བསྡུས་པས་ན། དེའི་མཁྱེན་པ་གཉིས་ལ་རྣམ་མཁྱེན་བཏགས་ཟེར། ཡང་འགྲེལ་བཤད་པ་ཁ་ཅིག་ན་རེ།.....ཆོས་བཤེས། དེ་མི་འགལ་ཏེ། སོ་བདུན་དང་སོ་བཞི་རྣམ་མཁྱེན་གྱི་རྒྱུར་བཞག་གི རྣམ་མཁྱེན་ལ་སོ་བདུན་དང་སོ་བཞི་མི་ཟེར་ཏེ། ཚིག་གསལ་ལས། གཞན་དག་ནི། ནས། རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུའི་རྣམ་པར་བཞག་གི་དངོས་སུ་ཐམས་ཅད་ཤེས་པ་དང་ལམ་ཤེས་པའི་རྣམ་པར་གོང་དུ་དྲངས་ཏེ་རྩིའོ། །ཞེས་སོ། །དེ་ལ་དང་པོ་མི་འཐད་པར་ཐལ། སངས་རྒྱས་སའི་ལམ་ཤེས་གཞི་ཤེས་བཏགས་པ་བར་མི་རུང་བའི་ཕྱིར། དེར་ཐལ། སངས་རྒྱས་ཀྱི་མཁྱེན་པ་གཞི་ཤེས་ལམ་ཤེས་མ་ལུས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཏེ། རྩ་བར། ལམ་གྱི་བདེན་པའི་རྗེས་མཐུན་པར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་རྗེས་མཐུན་དེ་ལམ་དེ་ཡིན་པ་ལ་བྱེད་དགོས་པའི་ཕྱིར་ཏེ། འགྲེལ་པ་ལས། དྲན་པ་ཉེ་བར་བཞག་པ་ནས་བཟུང་སྟེ། སངས་རྒྱས་ཀྱི་རྣམ་པའི་མཐར་ཐུག་པ་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་ལམ་ཡིན་པའི་སྒོ་ནས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་བཞིན་དུ་འཕགས་པས་ཀྱང་བཤད་པའི་ཕྱིར། ཉི་སྣང་ལས་ཀྱང༌། དེ་ལ་ལམ་གྱི་བདེན་པ་དང་རྗེས་སུ་མཐུན་པ་ནི་འདི་ཡིན་ནོ། །ལམ་ནི་གསུམ་སྟེ་ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་དང༌། ལམ་ཤེས་པ་ཉིད་ཀྱི་ལམ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མོ། །ཞེས་གསུངས་པའི་ཕྱིར། ཡང་ལུགས་གཉིས་པ་རྒྱུར་བཤད་པ་ཡང་མི་འཐད་པར་ཐལ། སྤྱིར་ཡུལ་ཡང་ཡོད་ཀྱང༌། རྣམ་མཁྱེན་གྱི་ཤེས་རྣམ་ཡང་སོ་བདུན་དང་སོ་བཞི་ལ་རྣམ་མཁྱེན་གྱི་རྣམ་པ་ཡང་ཡོད་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། གསེར་འཕྲེང་ལས། རྣམ་མཁྱེན་ནི་ཡུལ་གཞི་ལམ་རྣམ་གསུམ་དང་ཡུལ་ཅན་མཁྱེན་གསུམ་ལ་བརྟེན་པའི་རྣམ་པ་མཐའ་དག་གི་ཡུལ་ཅན་ཡིན་པས་འདིའི་རྣམ་པ་སྟོན་པ་ན་གཞི་ཤེས་དང་ལམ་ཤེས་གཉིས་ཀྱི་རྣམ་པ་ཡང་སྟོན་དགོས་ལ། ཞེས་གསུངས་པའི་ཕྱིར། ཟུར་གཉིས་པ་གྲུབ་སྟེ། རྣམ་བཤད་ལས། སངས་རྒྱས་ཀྱི་རྒྱུད་ལ་མཁྱེན་པ་གསུམ་ཡོད་པ་དེ་དང་པོར་ལམ་འོག་མ་གང་གི་གནས་སྐབས་སུ་བསྐྱེད་པ་དང༌། མཁྱེན་པ་གསུམ་དུ་འབྱེད་པའི་རྒྱུ་མཚན་སོགས་མི་ཤེས་པས། ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། འཕགས་པ་འོག་མ་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་དེ། ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད་ཟེར་ན། འོ་ན་འཕགས་པ་འོག་མ་དང་ཐུན་མོང་བའི་རྣམ་མཁྱེན་ཡོད་པར་ཐལ། དེའི་རྣམ་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། འཕགས་པ་འོག་མའི་རྣམ་མཁྱེན་ཡོད་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། རྩ་བར། སློབ་མ་ཐུན་མོང་ཆོས་རྣམས་དང༌། །ཞེས་གསུངས་པ་མི་འཐད་པར་ཐལ། བྱང་ཕྱོགས་སོ་བདུན་ཉན་ཐོས་དང་སངས་རྒྱས་ཐུན་མོང་གི་ཆོས་དང་སྟོབས་བཅུ་ཐུན་མོང་མ་ཡིན་པའི་ཆོས་མ་ཡིན་པའི་ཕྱིར་ན་མ་ཁྱབ། བྱང་ཕྱོགས་དེ་གཉིས་ཀྱི་ཐུན་མོང་གི་ཆོས་སམ་ཡོན་ཏན་མ་ཡིན་པའི་ཕྱིར་ཏེ། དེ་གཉིས་ཀྱི་ཡོན་ཏན་གྱི་གཞི་མཐུན་མེད་པའི་ཕྱིར། ཡང་ཁ་ཅིག །འདིའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གཉིས་གང་ཟག་དེའི་རྟོགས་རིགས་སྒོ་ནས་ཟེར་ན། འོ་ན། རྟེན་བྱང་སེམས་ལ་བཞག་པའི་སོ་བཞི་གང་རུང་ལ་བྱང་སེམས་ཀྱི་རྟོགས་རིགས་སུ་གནས་པས་ཁྱབ་པར་ཐལ་ལོ། །དམ་བཅའ་འཐད་པའི་ཕྱིར། འདོད་ན། གཉེན་པོའི་ལམ་རྣམ་ཐར་སྒོ་གསུམ་རྟོགས་པའི་རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་སླ། འདོད་ན། མི་རྟག་སོགས་བཅུ་དྲུག་རྟོགས་པའི་རྣམ་མཁྱེན་ཐེག་ཆེན་རྟོགས་རིགས་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། གཟུང་འཛིན་རྫས་གཞན་མེད་པར་རྟོགས་པའི་རྣམ་མཁྱེན་ཡང་ཐེག་ཆེན་རྟོགས་རིགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ས་ན་ཉན་རང་གི་རྟོགས་རིགས་མི་འཐད་པར་ཐལ་ལོ། །དེ་དག་གང་ལའང་འདོད་མི་ནུས་ཏེ། འདིར་བྱང་སེམས་ཀྱི་རྟོགས་རིགས་མིན་ཡང་རིགས་ཅན་གསུམ་རྗེས་སུ་གཟུང་བའི་ཆེད་དུ་བྱང་སེམས་ཀྱི་ལམ་ཤེས་ལ་རྟོགས་རིགས་གསུམ་ཡོད་པའི་ཕྱིར། གཞན་ཡང༌། སྐབས་འདིར་བསྟན་པའི་བྱང་ཕྱོགས་སོ་བདུན་ཉན་ཐོས་ཀྱི་རྟོགས་རིགས་ཡིན་པར་ཐལ། ཐུན་མོང་གི་དོན་དེའི་ཕྱིར། འདོད་མི་ནུས་ཏེ། སྐབས་འདིའི་དྲན་པ་ཉེར་བཞག་སོགས་ཚོགས་ལམ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཁོ་ནས་གཙོ་བོར་སྒོམ་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། བྱང་སེམས་ཀྱི་དྲན་པ་ཉེར་བཞག་ཀྱང་ཐེག་དམན་གྱི་དྲན་པ་ཉེར་བཞག་ལས་ཁྱད་པར་བཅུ་བཞིས་ལྷག་པའི་ཕྱིར། མདོ་སྡེ་རྒྱན་ལས། བློ་ལྡན་དྲན་པ་ཉེར་བཞག་པ། །སྒོམ་པ་རྣམ་པ་བཅུ་བཞི་ཡིས། །མཚུངས་པ་མེད་པའི་ཕྱིར་ན་དེ། །དེ་ལས་གཞན་ལས་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། རྣམ་བཤད་ལས། བྱང་ཕྱོགས་སོ་བདུན་རྟེན་ཐ་དད་པའི་སྒོ་ནས་མཁྱེན་པ་གསུམ་ཐ་དད་པའི་རྣམ་གཞག་བྱེད་པའི་ཚེ་ཉན་ཐོས་ཀྱི་རྟོགས་པའི་རིགས་སུ་བཞག་པར་རིགས་པ་ཡིན་ན་ཡང༌། སྐབས་འདིར་དྲན་པ་ཉེར་བཞག་དང་པོར་ཚོགས་ལམ་གྱི་གནས་སྐབས་སུ་སྒོམ་པའི་ཚུལ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཉིད་ཀྱི་བསྒོམ་པར་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཉིད་ཀྱི་དོན་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། སངས་འཕགས་ཀྱི་སྟོབས་བཅུ་བྱང་སེམས་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་ཟེར་ན། འོ་ན། དེ་བཅུ་སངས་རྒྱས་དང་བྱང་སེམས་འཕགས་པའི་བསྒོམ་བྱ་ཐུན་མོང་བ་ཡིན་པར་ཐལ། ངོ་བོའི་སྒོ་ནས་ཐུན་མོང་ཡིན་པ་འཇོག་དཀའ་བའི་ཕྱིར། འདོད་ན། དེ་བཅུ་དེ་གཉིས་ཀའི་བསྒོམ་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་ས་ན་ཉམས་ལེན་ཡོད་པར་ཐལ། དེ་ན་སྒོམ་བྱེད་པ་ཡོད་པའི་ཕྱིར།

    རང་ལུགས་ལ། རྣམ་མཁྱེན་གྱི་རྣམ་པ་བརྒྱ་རྩ་བཅུ་པོ་གང་རུང་གི་དོན་རྣམ་ལེགས་པར་ཤར་བས་དེའི་ཟློག་ཟླ་ལ་གནོད་བྱེད་ཀྱི་སེམས་དཔའི་ཡེ་ཤེས་དེ། སྐབས་འདིའི་དངོས་བསྟན་གཙོ་བོའི་གཉེན་པོའི་མཚན་ཉིད། དབྱེ་བ་བརྒྱ་དང་བཅུ་ཡོད། སྐབས་འདིར་བསྟན་པའི་བསྒོམ་བྱའི་རྣམ་མཁྱེན་ལ་བརྒྱ་དང་བཅུ་ཡོད་དེ། ཉན་ཐོས་ལ་ཡོད་པ་དང་མཐུན་པའི་དེ་སོ་བདུན་དང༌། བྱང་སེམས་ལ་ཡོད་པ་དང་མཐུན་པའི་སོ་བཞི་དང༌། ཐུན་མོང་མ་ཡིན་པ་སངས་རྒྱས་ཁོ་ན་ལ་ཡོད་པ་དང་མཐུན་པའི་སོ་དགུ་ཡོད་པའི་ཕྱིར། རང་གི་སྡེ་ཚན་མཚན་ཉིད་པ་འཕགས་པ་འོག་མའི་རྒྱུད་ལ་ཡོད་པའི་ཆ་ནས་བཞག་པའི་རྣམ་མཁྱེན་དེ། ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད་དུ་འཇོག ཐུན་མོང་བའི་དོན་ཡང་སྡེ་ཚན་མཚན་ཉིད་པ་འོག་མ་ལ་ཡོད་པ་དེ་ཡིན་པའི་ཕྱིར། དེ་ལ་ཉན་ཐོས་ལ་ཡོད་པ་དང༌། བྱང་སེམས་ལ་ཡོད་པ་གཉིས་སོ། །དེ་ལྟར་ཕྱེ་བའི་དགོས་པ་གཉིས་གཉིས་ཡོད་དེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་དེའི་རིགས་ཐོག་མར་ལམ་གང་གི་སྐབས་སུ་བསྐྱེད་པ་དང༌། རྣམ་གཞག་གི་རྟེན་སོ་སོར་ཤེས་པའི་དགོས་པ་གཉིས་ཡོད་པའི་ཕྱིར། དཔེར་ན་སངས་འཕགས་ཀྱི་བྱང་ཕྱོགས་སྡེ་ཚན་བདུན་བཞིན་ནོ། །

    རྩོད་སྤོང་ལ་ཁོ་ན་རེ། ཉན་ཐོས་དང་ཐུན་མོང་བའི་རྣམ་མཁྱེན་དང་བྱང་སེམས་དང་ཐུན་མོང་བའི་རྣམ་མཁྱེན་ཡོད་པར་ཐལ། འཕགས་པ་འོག་མ་ལ་ཡོད་པ་དང་མཐུན་པའི་ཐུན་མོང་བའི་རྣམ་མཁྱེན་ཡོད་པའི་ཕྱིར་ན་མ་ཁྱབ། སངས་འཕགས་རྒྱུད་ཀྱི་སོ་སོ་ཡང་དག་རིག་པ་བཞི་ཆོས་ཅན། ཐུན་མོང་བའི་དེ་ཡིན་པར་ཐལ། རང་གི་སྡེ་ཚན་མཚན་ཉིད་པ་བྱང་འཕགས་ལ་ཡོད་པའི་ཕྱིར། བྱང་སེམས་ས་དགུ་པ་བས་དེ་བཞི་ཐོབ་པའི་ཕྱིར། མདོ་སྡེ་རྒྱན་ལས། སོ་སོ་ཡང་དག་རིག་བློ་བཟང༌ ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རྗེས་སུ་མཐུན་པ་ལ་མིང་བཏགས་པའོ། །འོ་ན་ས་བཅུ་པ་བ་སངས་འཕགས་ཡིན་པར་ཐལ། ས་བཅུའི་ཡེ་ཤེས་སངས་རྒྱས་ཀྱི་ས་ཡིན་པའི་ཕྱིར། མངོན་རྟོགས་རྒྱན་ལས། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གི་སངས་རྒྱས་སར་གནས་པ། །ཞེས་གསུངས་པའི་ཕྱིར། འཁོར་གསུམ། གཞན་ཡང༌། སོ་སོ་ཡང་དག་རིག་པ་བཞི་ཐོབ་པ་ལ། ཆགས་ཐོགས་ཀྱི་སྒྲིབ་པ་གཉིས་སྤངས་མི་དགོས་པར་ཐལ། དེ་ས་དགུ་བ་ན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། མདོ་ལས་དེ་ལྟར་བཤད་པ་གང་ཞིག །འཕགས་པས་ཀྱང་དེ་ལྟར་བཞེད་པའི་ཕྱིར། དང་པོ་གྲུབ་སྟེ། འདིའི་མདོ་ལས། བཀའ་བསྩལ་པ། ཡེ་ཤེས་ཐམས་ཅད་ལ་ཆགས་པ་མེད་པ་དང་ཐོགས་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉི་སྣང་ལས། སོ་སོ་ཡང་དག་པར་རིག་པ་བཞིའི་ཐམས་ཅད་ལ་ཡེ་ཤེས་ཆགས་པ་མེད་པ་དང་ཐོགས་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉི་སྣང་ལས། སོ་སོ་ཡང་དག་པའི་ཡེ་ཤེས་ཀྱི་རྟོགས་པའི་རོ་མྱོང་བར་མི་བྱེད་པས་ན་ཆགས་པ་མེད་པའི་ཕྱིར་དང༌། ཤེས་བྱའི་སྒྲིབ་པ་སྤངས་པས་ཐོགས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཆགས་སྒྲིབ་ཐོགས་སྒྲིབ་ཀྱི་ངོ་བོ་དང༌། དེ་མེད་ཚུལ་དེ་ལྟར་ཡིན་ནོ། །

                                                                                                                               རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                  དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།